མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲི་བ་ཐུང་ཐུང་དྲིས། བསམ་ཚུལ་ཉུང་ཉུང་ཤོད།

བོད་ཀྱི་དུས་བབ།
༢༠༡༠/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

རིག་འབྱུང་དོན་གྲུབ་བཀྲ་ཤིས། ཨ་རི།

བོད་ཕྱི་ལོགས་སུ་ཡོད་པའི་བོད་རིགས་གསར་འགོད་པ་ཚོའི་ཁྲོད་ན། ཤེས་ཡོན་གྱི་སྒང་ནས་ཆེད་ལས་གསར་འགོད་པ་ཧ་ཅང་ཉུང་ཉུང་ཡིན། འོན་ཀྱང་། ཉམས་མྱོང་གི་སྒང་ནས་ཆེད་ལས་གསར་འགོད་པ་ཆགས་བསྡད་པ་གང་འཚམས་ཡོད། བོད་པའི་གསར་འགོད་པ་ཚོའི་ཆེད་ལས་དེ་ཆེད་ལས་ཀྱི་ངོ་བོའི་སྒང་ན་འདུག་གི་མེད། བོད་པའི་གསར་འགོད་པ་ཚོའི་ཁྲོད་ན། གསར་འགྱུར་སྤེལ་དུས་གནས་ཚུལ་དང་བསམ་ཚུལ་བསྲེས་བསྲེས་གཏོང་མཁན། བདེན་པ་དང་བསམ་ཚུལ་མཉམ་བསྲེས་བྱེད་མཁན་སོགས་ཀྱང་ཡོད། ད་དུང་། བཅར་འདྲི་བྱེད་སྐབས་དྲི་བ་མི་གསལ་བ་དང་དྲི་བ་རིང་བ། དྲི་བ་འདྲི་མཁན་རང་གིས་བཤད་འདོད་པ་ཞིག་དྲི་བ་འདྲི་ཡུལ་ལ་བཤད་དུ་འཇུག་ཆེད་སྐོར་བཤད་རིང་པོ་རྒྱག་པ། དྲི་ཚིག་བསྐྱར་ཟློས་བྱེད་པ། ཐ་ན། སྐད་ཆ་རིང་པོ་ཞིག་མ་བཤད་ན། དྲི་བ་གཏོང་མི་ཤེས་བའི་གོམས་གཤིས་ངན་པ་ཞིག་ཡོད། གོམས་གཤིས་ངན་པ་འདི་ན་ཚ་ཡང་རེད། ན་ཚ་འདིའི་རྐྱེན་པས། མཚམས་ལན་རེར་གསར་འགོད་པ་རང་ཉིད་དྲི་བ་གཏོང་མཁན་མིན་པར་དྲི་ལན་རྒྱག་མཁན་གྱི་སར་ལངས་ནས་བསམ་ཚུལ་བཤད་གི་ཡོད། གནད་དོན་འདི་དག་གི་ཐད་ལ་།
ངེད་ཀྱིས་ཚིག་འགའ་ཞུ་གི་ཡིན། རྩོམ་ཐུང་འདི་གང་ཟག་སྒེར་ལ་དམིགས་པ་ཞིག་མིན། རྩོམ་ཐུང་འདི་གསར་འགོད་པ་སྒེར་པ་ཞིག་དཔེ་མཚོན་དུ་བཞག་ནས་བོད་རིགས་གསར་འགོད་པ་གཞན་པ་ཚོར་བྲིས་བ་ཞིག་ཡིན།
ངེད་ཀྱི་བསམ་ཚུལ་བཤད་ས་དེ། ཀུན་གླེང་གསར་འགོད་པ་རྣམ་རྒྱལ་ཤཱསྟི་ལགས་ཀྱི་བཅར་འདྲིའི་སྐོར་ལ་ཡིན། ཕྱི་ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན། ཀུན་གླེང་གསར་འགོད་པ་
རྣམ་རྒྱལ་ཤཱསྟི་ལགས་ནས་ཟམ་གདོང་རིན་པོ་ཆེར་གནང་བའི་བཅར་འདྲི་དེ་ཡིན། བཅར་འདྲིའི་དུས་ཡུན་ཁྱོན་བསྡོམས་སྐར་མ་༣༧དང་སྐར་ཆ་༢ཙམ་རེད། དུས་ཡུན་དེའི་ནང་དྲི་བ་བཅུ་གཅིག་བཏང་ཡོད། དྲི་བ་གཅིག་ལ་གནས་ཚུལ་གྱི་ཁུངས་མེད་པར་ཚོད་དཔག་བརྒྱབ་འདུག དྲི་བ་གཅིག་དེ་གནས་ཚུལ་ནོར་ནས་བཏང་འདུག དྲི་བ་གསུམ་ལ་དྲི་བའི་བཟོ་འདྲ་ཞིག་འདུག དྲི་བ་དྲུག་དྲི་བ་ཐད་གཏོང་མ་བྱས་པར། སྒེར་གྱི་བསམ་ཚུལ་དང་སྐད་ཆ་རིང་པོ་བཤད་ནས་རྫོགས་པར་བྱས་ཡོད། དེ་ཚོ་རེ་རེ་བཞིན་འདི་རུ་འགོད་འདོད་བྱུང་། གཅིག་བྱས་ན། བོད་རིགས་གསར་འགོད་པ་གཞན་དག་ཚོར་ཡང་བསམ་བློ་གཏོང་གཞི་ཞིག་རྙེད་སྲིད། བསམ་བློ་ཞིག་འཁོར་སྲིད།

རྣམ་རྒྱལ་ཤཱསྟི་ལགས་ཀྱིས་ཟམ་གདོང་རིན་པོ་ཆེར་བཏང་བའི་དྲི་བ་དང་པོ།

“རིན་པོ་ཆེ། ད་ཕྱི་ལོ་༢༠༠༨ལོའི་ནང་ལ་ལྷ་ས་ནས་མར་ཞི་བའི་ལས་འགུལ་ངོ་རྒོལ་འགོ་བཙུགས་ཡོད་པ་རེད། དེའི་རྗེས་ལ་བོད་ས་ཡོངས་རྫོགས་ལ་ཞི་བའི་ལས་འགུལ་ངོ་རྒོལ་འགོ་བཙུགས་ནས་། ད་ལྟ་ཡང་ཕལ་ཆེར་བོད་ཀྱི་ས་ཆ་ག་ས་གང་ལ་ལས་འགུལ་ཁ་མ་འཐོར་བ་བཅས་ནས་ཡོང་བསྡད་ཡོད་པ་རེད་འདུག ལས་འགུལ་འདི་ཚོ་བརྒྱུད་ནས་ད་གང་ལྟར་གཞིས་བྱེས་གཉིས་ལ་གནས་བའི་བོད་མིའི་དབར་ལ་འབྲེལ་བ་ཟེར་གོ་རེད། ད་འབྲེལ་ལམ་ཤུགས་ཉེ་རུ་ཕྱིན་པ་དང་དེ་འདྲའི་ཆ་རྐྱེན་གང་ལ་གང་འཚམ་བྱུང་ཡོད་པ་རེད། ཡིན་ན་ཡང་། རྒྱ་ནག་གཞུང་གིས་བོད་ནང་ལ་དྲག་གནོན་གྱི་སྲིད་ཇུས་དེ་ད་ལྟ་ཡང་སྔར་ལས་རྩུབ་ཏུ་རྩུབ་ཏུ་བཏང་ཡ་གི་གནས་སྟངས་ཤིག་ཆགས་བསྡད་ཡོད་དེས་ཙམ་ནས། ཏན་ཏན་བོད་ནང་ལ་བཞུགས་མཁན་གྱི་བོད་མི་རེད། དེ་ག་ནང་བཞིན་། བཙན་བྱོལ་ལ་བཞུགས་མཁན་གྱི་བོད་མི་ཚོ་ལ་གདོང་ལེན་བྱེད་དགོས་བའི་གནད་དོན་དེ་འདྲ་ཏན་ཏན་ཡོད་སྲིད་པ་རེད། བྱས་ཙང་། རིན་པོ་ཆེའི་དགོངས་པ་ལ་གནད་དོན་དེ་ཚོ་བརྒྱུད་ནས་གཞིས་བྱེས་གཉིས་སུ་གནས་བའི་བོད་མི་ཚོ་ལ་གནད་དོན་འདྲ་བོ་དེ་ག་རེ་གཟིགས་ཀྱི་ཡོད་ན། རིན་པོ་ཆེ”
གོང་གི་འདི་ཕྱི་ལོ་༢༠༠༨ལོའི་ཚུན་གྱི་བོད་ཕྱི་ནང་གི་གནས་སྟངས་ཟམ་གདོང་རིན་པོ་ཆེར་ངོ་སྤྲོད་རེད་དམ་ཡང་ན་དྲི་བ་རེད། ངོ་སྤྲོད་ལྟ་བུ་ཞིག་མཉམ་སྦྱར་མ་བྱས་ན། དྲི་བ་གཏོང་སྲོལ་མེད་པ་རེད་དམ། སྐད་ཆ་རིང་པོ་ཞིག་མ་བཤད་པར་དྲི་བ་ཐུང་ཐུང་ཞིག་གཏོང་མི་ཤེས་བ་འདི་ཅི་རེད།
དྲི་བ་འདིའི་མདོ་དོན་ནི་རྒྱ་ནག་གཞུང་གི་སྲིད་ཇུས་དེར་ད་ལྟའི་བོད་གཞིས་བྱེས་གཉིས་སུ་བཞུགས་མཁན་བོད་མི་ཚོས་གདོང་ལེན་གསར་བ་ག་རེ་བྱེད་དགོས་ཀྱི་འདུག་གམ་ཟེར་བ་འདི་ལྟ་བུ་ཞིག་རེད། འོན་ཀྱང་། སྐད་ཆ་རིང་པོ་ཞིག་མ་བཤད་ན་དྲི་བ་གཏོང་མི་ཤེས་བའི་དཀའ་ངལ་དེ་ག་རེ་རེད་དམ།

རྣམ་རྒྱལ་ཤཱསྟི་ལགས་ཀྱིས་ཟམ་གདོང་རིན་པོ་ཆེར་བཏང་བའི་དྲི་བ་གསུམ་པ།

“ཡིན་ན་ཡང་། རིན་པོ་ཆེ། ད་ས་གནས་མི་མང་གི་རེ་འདོད་རེད། ལྷག་པར་དུ་གནས་ཚུལ་ཐོན་ཡ་བྱས་བ་ཡིན་ན། སྐྱེ་རྒུ་མདོའི་ས་ཁུལ་གྱི་མི་མང་ངོས་ནས་རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་གྱི་མཚན་ཐོག་ལ་སྙན་ཞུ་ཕུལ་བ་རེད། དེ་ཚོའི་ཐོག་ལ་རེད། དེ་ག་ནང་བཞིན་སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་ལ་ཡིན་ན་ཡང། ས་གནས་སུ་ཞབས་བཅགས་རྒྱུའི་དགོངས་གཞི་གནང་བཞུགས་ཡོད་པ་རེད། ད་ལྟའི་ཆ་ལ་གཞུང་འབྲེལ་གྱི་ངོས་ནས་སྐྱབས་མགོན་རིན་པོ་ཆེ་ཕ་གིར་ཆིབས་བསྒྱུར་གནང་ཡ་གི་ གནད་དོན་ཐོག་ལ་གསལ་ཁ་འདྲ་བོ་ཞིག་ཕལ་ཆེར་མེད་པའི་བཟོ་འདྲ་བོའི་གནས་སྟངས་དེ་འདྲ་ཞིག་ཆགས་བསྡད་འདུག བྱས་དེས་ཙམ་ལ། སྐྱབས་མགོན་རིན་པོ་ཆེ་ཕ་གིར་ཆིབས་བསྒྱུར་གནང་རྒྱུའི་གནད་དོན་དེའི་ཐོག་ལ་བཙན་བྱོལ་བོད་གཞུང་གི་ངོས་ནས་རེད། དེ་ག་ནང་བཞིན་འདི་བ་ནས་ཕར་ཕྱག་ལས་ཀྱི་རིམ་པ་ག་འདྲ་ཞིག་གནང་ཡོད་ན། ད་ལྟའི་ཆ་ལ་ཕེབས་ཐུབ་ཡ་གི་གནས་སྟངས་ཆགས་ཡོད་རེད་དམ་མ་རེད།”
གདོང་ལེན་གྱི་སྐད་ཆ་ནས་༧གོང་ས་མཆོག་ཆིབས་བསྒྱུར་གྱི་གནད་དོན་སྒང་ལ་མཆོངས།
དྲི་བ་གཏོང་མཁན་གྱིས་ཡང་བསྐྱར་སྔོན་གླེང་ལྟ་བུའི་རིམ་པ་ཞིག་སྔོན་ལ་བཞག དྲི་བ་ངོ་མ་དེ་རྗེས་ལ་བཏང་།
དྲི་བ་རྡོག་རྡོག་ནི་༧གོང་ས་མཆོག་སྐྱེ་རྒུ་མདོར་ཕེབས་ཐུབ་མིན་གྱི་གནས་སྟངས་ག་འདྲ་ཆགས་ཡོད་དམ་ཟེར་བ་འདི་ཡིན་པ་འདྲ། དྲི་བ་གཏོང་མཁན་གྱིས་དྲི་བ་མ་བཏང་པར་ཕྱོགས་གཉིས་ཀྱི་གནས་སྟངས་ངོ་སྤྲོད་བྱས། ད་དུང་དེས་ག་ལ་ཚད། གནས་སྟངས་ཇི་འདྲ་ཞིག་ཆགས་ཡོད་དེ་ཡང་སོ་སོའི་བསམ་ཚུལ་གྱི་ཁོངས་སུ་བཅུག ཆིབས་བསྒྱུར་གྱི་གནད་དོན་ཐོག་ཁ་གསལ་མི་འདུག་ལབ་ནས་སོ་སོས་བརྗོད། དེ་འདྲ་ཡིན་ན། བསྐྱར་དུ་སྐད་ཆ་ནར་ནར་འདྲ་བཤད་ནས་དྲི་བ་གཏོང་དགོས་འདུག་གམ།

རྣམ་རྒྱལ་ཤཱསྟི་ལགས་ནས་ཟམ་གདོང་རིན་པོ་ཆེར་བཏང་བའི་དྲི་བ་ལྔ་པ།

“དེ་ནས་བཀའ་བློན་ཁྲི་བ་རིན་པོ་ཆེ། བོད་རྒྱ་གཉིས་ཀྱི་བར་ལ་འབྲེལ་མོལ་བརྒྱུད་ནས་གྲོས་མོལ་ཐེངས་དགུ་བ་དེ་གནང་ཟིན་པ་རེད། དེའི་གོང་ལ་སྐུ་ཚབ་རྣམས་པས་བོད་ས་ཡོངས་ལ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ཡོང་ཡ་གི་དགོངས་འཆར་ཡིག་ཆ་ཅིག་གནང་ཡོད་པ་རེད། དེ་ག་ནང་བཞིན། དེའི་རྗེས་ལ་གསལ་བཤད་ཕྱག་བྲིས་ཤིག་ཀྱང་གནང་ཡོད་པ་རེད།
ཡིན་ན་ཡང་། སྐྱབས་མགོན་རིན་པོ་ཆེས་ཡང་ཡང་བཀའ་སློབ་གནང་ཡ་ལ། གང་ལྟར། དབུ་མའི་ཐབས་ལམ་བརྒྱུད་ནས་བོད་རྒྱ་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་འགྱུར་བ་མེད་ཞེས་བཀའ་གནང་འདུག དེ་ག་ནང་བཞིན། བཀའ་ཤག་གི་གསུང་བཤད་རིམ་པའི་ནང་ལ་ཡང་འདིའི་ཐོག་ལ་གསལ་བོ་བྱས་ནས་བཀའ་གནང་འདུག ཐབས་ལམ་འདི་བརྒྱུད་ནས་རྒྱུན་འཁྱོངས་གནང་ཡ་ལ་ཐུགས་རེ་གནང་ཡ་དང་། ཐུགས་སྤོབས་སྐྱེས་གནང་ཡ་གི་རྒྱུ་མཚན་གཙོ་བོ་དེ་ག་རེ་གཟིགས་གནང་གི་ཡོད་ན།”
དྲི་བ་འདོན་མཁན་དེ། བོད་མིའི་གདོང་ལེན་གྱི་སྐད་ཆ་ནས་སྐྱེ་རྒུ་མདོའི་ཆིབས་བསྒྱུར་གྱི་གནད་དོན་སྒང་ལ་མཆོངས། དེ་ནས་ཡང་མ་བསྡད་པར་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་སྒང་ལ་མཆོངས། མཆོངས་སྟངས་དེ་ཡང་ཇི་འདྲའི་ཁྱད་མཚར་ཞིག ད་དྲི་བ་གཏོང་མཁན་གྱི་ངོས་ནས་དྲི་བ་གཏོང་མཚམས་བཞག་ནས། སྒེར་གྱི་བསམ་ཚུལ་ཚང་མ་རིན་པོ་ཆེའི་མདུན་ལ་སྤུངས་ན་དགའ་ས་རེད། རྒྱུ་མཚན། དྲི་བ་གཏོང་མཁན་གྱིས་ངོས་ནས། འདས་བའི་བོད་རྒྱ་འབྲེལ་མོལ་གྱི་བྱུང་རིམ་ཡང་ངོ་སྤྲོད་གནང་སོང་། ༧གོང་ས་མཆོག་གི་དགོངས་གཞི་གང་ཡིན་པ་དེ་ཡང་བརྗོད་ཁུལ་བྱས་སོང་། བཀའ་ཤག་གི་གསུང་བཤད་ཁག་ཀྱང་གསལ་འདོན་བྱས་སོང་། ད་སྐད་ཆ་ཉ་རེ་ཉོག་རེ་མང་པོ་ཞིག་བཤད་ནས་དྲི་བ་བཏང་ན་ཡང་།
ཟམ་གདོང་རིན་པོ་ཆེ་ལ་བཀའ་ཤག་ལས་ལྷག་པའི་སྐད་ཆ་བཤད་རྒྱུ་ཡོད་དམ།

རྣམ་རྒྱལ་ཤཱསྟི་ལགས་ནས་ཟམ་གདོང་རིན་པོ་ཆེར་བཏང་བའི་དྲི་བ་བརྒྱད་པ།

“ལགས་སོ་རིན་པོ་ཆེ། དེ་ནས་ད་བོད་མི་ཚོ་བཙན་བྱོལ་ལ་གནས་ནས་མི་ལོ་ལྔ་བཅུ་ཕྱིན་པ་རེད། ལོ་ལྔ་བཅུའི་རིང་ལ་བོད་མིའི་ཆོས་དང་རིག་གཞུང་། གང་ལྟར་ངོ་བོ་དང་བཅས་བ་སྲུང་སྐྱོབ་བྱེད་ཐུབ་ཡ་གི་རྨང་གཞི་གཙོ་བོ་དེ་སྐྱབས་མགོན་རིན་པོ་ཆེ་ལྔ་བཅུ་ང་དགུ་ལོར་བཙན་བྱོལ་ལ་ཆིབས་བསྒྱུར་གནང་མ་ཐག་ཏུ། སློབ་གྲ་ཁག་གསར་འཛུགས་གནང་ཡ་དང་དེ་ག་ནང་བཞིན།
གཞིས་ཆགས་ཁག་གསར་འཛུགས་གནང་ཡ་དང་། ད་དེ་འདྲའི་སྲིད་ཇུས་ཕུགས་རྒྱང་རིང་པོའི་སྲིད་ཇུས་ཤིག་བྱུང་བ་ལ་བརྟེན་ནས། ད་ལྟ་བར་དུ་ཚགས་ཚུད་པ་ཞིག་གནས་སྟངས་ཆགས་བསྡད་ཡོད་པ་རེད། ད་ཡིན་ན་ཡང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་བསྡད་ཡ་གི་དུས་ཚོད་ཞིག་ཤར་ཡོང་དུས། ད་བར་དུ་བོད་པའི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བཤད་ཐུབ་པ་ནང་བཞིན། མ་འོངས་བའི་ལོ་བཅུ་། བཅོ་ལྔ་། ཉི་ཤུ་ཞིག་བོད་པའི་དཀའ་རྙོག་དེ་མ་སེལ་བར་ལྷག་པ་ཡིན་ན། དེའི་གནས་སྟངས་དེ་ག་བ་ཆགས་ཡོང་བསམ་པའི་མང་པོ་ཞིག་གིས་དེའི་ཐོག་ལ་སེམས་ཁྲལ་དེ་འདྲ་ཡོང་བསྡད་གི་འདུག དེ་འདྲ་ཡིན་ཙང་། བཀའ་ཤག་ནས་དེ་འདྲའི་གནས་སྟངས་ཤིག་གཟིགས་གནང་གི་ཡོད་དམ། ཡང་ན་འགྱུར་བ་ཕྱིན་པ་དེའི་ཐོག་ནས་ཐབས་ལམ་གསར་བ་དང་དགོངས་པ་གསར་བ་དེ་འདྲ་གཟིགས་གནང་གི་ཡོད་ན།” ཉན་མཚམས་འདིར་སླེབས་དུས། ངེད་ལ་བསམ་ཚུལ་ཁྱད་མཚར་ཞིག་བྱུང་། དྲི་བ་གཏོང་མཁན་གྱིས་ཀུན་གླེང་བལྟ་ཉན་བྱེད་མཁན་ཚོར་རང་ཉིད་ཀྱི་ཤེས་རྒྱ་ངོམས་ཀྱི་ཡོད་པ་རེད་དམ། ཡང་ན་ཀུན་གླེང་བལྟ་ཉན་བྱེད་མཁན་དང་ཟམ་གདོང་རིན་པོ་ཆེར་ལོ་རྒྱུས་ངོ་སྤྲོད་གནང་གི་ཡོད་པ་རེད་དམ། དེ་མིན་ན། ངོ་སྤྲོད་ལྟ་བུའི་སྐད་ཆ་རིང་པོ་དེ་འདྲ་མ་བཤད་ན་དྲི་བ་གཏོང་ཐབས་མེད་པ་རེད་དམ། དྲི་བ་གཏོང་ས་འགག་ནས་ཡོད་པ་རེད་དམ།
འདི་གཏོང་མི་ཤེས་བའི་དྲི་བ་ཞིག་ཨེ་ཡིན་དྲན། དྲི་བ་དངོས་ནི། བོད་རྒྱའི་དཀའ་རྙོག་འདི་མུ་མཐུད་དུ་ལྷག་པ་ཡིན་ན། དེ་ལ་བཀའ་ཤག་ནས་ཐབས་ལམ་གསར་བ་དང་དགོངས་པ་གསར་བ་ཡོད་མེད་ཀྱི་སྐོར་རེད། འོན་ཀྱང་། དྲི་བ་གཏོང་མཁན་གྱིས་། འགྲེལ་བཤད་རིང་པོ་ཞིག་མ་བརྒྱབ་པར་དྲི་བ་གཏོང་གི་མེད། འདི་ཡ་མཚན་རེད།

རྣམ་རྒྱལ་ཤཱསྟི་ལགས་ནས་ཟམ་གདོང་རིན་པོ་ཆེར་བཏང་བའི་དྲི་བ་དགུ་པ།

“རིན་པོ་ཆེ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་བཀའ་བློན་ཁྲི་བའི་འོས་བསྡུའི་གནད་དོན་དང་འབྲེལ་བའི་སྐོར་ལ་འུར་ལངས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས། རྩ་བའི་བཀའ་བློན་ཁྲི་བའི་འོས་ཆོས་དེ་ག་རེ་ཡིན་པ་དེ་བཅའ་ཁྲིམས་ནང་ལ་གསལ་བོ་གལས་ཡོད་པ་རེད་དེ། ཡིན་ན་ཡང་། རིན་པོ་ཆེས་འདས་བའི་ལོ་བཅུ་ལ་ཉེ་བ་བཀའ་བློན་ཁྲི་བའི་ཐུགས་འགན་བཞེས་པ་དང་། དེ་ག་ནང་བཞིན། དེའི་གོང་ལ་སྤྱི་འཐུས་ཚོགས་གཙོའི་ཐུགས་འགན་བཞེས་མྱོང་དུས་ཙམ་པ། བཙན་བྱོལ་གཞུང་གི་འཛིན་སྐྱོང་དང་ཁྲིམས་བཟོའི་ལས་དོན་ཐོག་ལ་ཐུགས་ཉམས་མྱོང་ཆེན་པོ་ཡོད་པ་རེད། དེ་ཚོ་ལ་ཕར་ཕྱིར་བལྟས་བྱས་བ་ཡིན་ན། ད་མ་འོངས་པའི་བཀའ་བློན་ཁྲི་བ་དེ་བཅའ་ཁྲིམས་ནང་གསལ་བའི་ཆ་རྐྱེན་ཙམ་མ་ཡིན་པར་ད་ལྟའི་བོད་མིའི་གནས་སྟངས་། བོད་ཀྱི་འཐབ་རྩོད་ཀྱི་གནས་སྟངས། དེ་ཚོ་གཙོ་བོ་གཞི་བརྩར་བཞག་པ་ཡིན་ན། བཀའ་བློན་ཁྲི་བ་དེའི་འོས་ཆོས་དེ་བསམ་བློ་གཏོང་དུས་ཙམ་ལ། བོད་མི་ཚོའི་ངོས་ནས་བསམ་བློ་ག་འདྲའི་ཞིག་གི་ཐོགལ་བཏང་ནས་མི་དེ་འདེམས་སྒྲིག་བྱེད་དགོས་ཡོད་ན།”

དེ་ཕྱིར་འཁོར་ནས་རྩིས་བརྒྱབ་ན། དྲི་བ་གཏོང་མཁན་འདིའི་དྲི་བ་རེ་རེའི་བརྒྱ་ཆ་བརྒྱད་ཅུ་དེ་སྒེར་གྱི་བསམ་ཚུལ་དང་ངོ་སྤྲོད་ཀྱི་སྐད་ཆ་རིང་པོ་དེ་འདྲ་རེད། དྲི་བ་དངོས་ཀྱིས་བརྒྱ་ཆ་ཉི་ཤུ་ཙམ་ཡང་ཟིན་ཡོད་མེད་བཤད་དཀའ་བ་འདུག སྐད་ཆ་རིང་པོ་རེ་མ་བཤད་ན་དྲི་བ་གཏོང་མི་ཤེས་བའི་དཀའ་ངལ་འདི་ག་རེ་རེད་དམ། ངོ་སྤྲོད་ལྟ་བུའི་སྔོན་གླེང་རེ་མེད་ན་དྲི་བ་གཏོང་མི་ཤེས་བའི་དཀའ་ངལ་འདི་ག་རེ་རེད་དམ།
རང་ཉིད་སྒེར་གྱི་བསམ་ཚུལ་རིང་པོ་དེ་འདྲ་མ་བཤད་ན་དྲི་བ་གཏོང་མི་ཤེས་བ་འདི་ག་རེ་རེད་དམ།
འོ་ན། བོད་ཀྱི་གསར་འགོད་པ་ཚོར། སྐད་ཆ་རིང་པོ་ཞིག་མ་བཤད་ན་དྲི་བ་གཏོང་མི་ཤེས་བའི་གོམས་གཤིས་ངན་པ་ཞིག་ཡོད་པ་རེད་དམ།
ཡང་ན། རང་གིས་གང་ཤེས་བ་དང་མཁྱེན་པ་དེ་ཚོ་སྔོན་ལ་བཤད། དྲི་བ་དངོས་དེ་དེའི་རྗེས་ལ་འཇོག་པ་འདི་བོད་ཀྱི་གསར་འགོད་པ་ཚོའི་ལེགས་བྱང་རེད་དམ།
དྲི་བ་ཐུང་ཐུང་དྲིས། བསམ་ཚུལ་ཉུང་ཉུང་ཤོད། སྐུ་མཁྱེན།
ཀུན་གླེང་གི་འབྲེལ་ཐག་དེ་འདི་ན་འདུག
http://www1.voanews.com/tibetan-english/video-audio/

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

གཏམ་གླེང་དམར་རྗེན་མ།

ཆུ་ཚོད་ ༡༥ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

༢༠༢༥/༠༥/༢༡
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

༢༠༢༥/༠༥/༢༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

༢༠༢༥/༠༥/༢༡

མཆན། 26

  1. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ༢༩༽ མདོ་ལྷ་ཁམས་པ་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༣༡ གི་ཆུ་ཚོད་ ༡༨ སྐར་མ་ ༣༠
    དྲི་བ་ཉུང་ཉུང་དང་། བསམ་ཚུལ་ཐུང་ཙམ་ཤོད་རོགས་གནང་ཟེར་ནས་ཨ་རི་རླུང་འཕྲིན་ཁང་གི་ཀུན་གླེང་ལས་རིམ་གཙོ་སྐྱོང་བས་མི་མང་ལ་འབོལ་བསྐུལ་ཞུས་དང་ཞུ་བཞིན་པ་ག་དུས་ཡིན་ན་ཡང་གོ་རྒྱུ་འདུག
    ཡིན་ན་ཡང་། ད་རེས་མི་མང་གིས་ཁ་ཕར་ལོག་ནས་དྲི་བ་ཐུང་ཐུང་གི་འབོད་བསྐུལ་འདི་ཞུས་བ་ཞིག་རེད།
    དེ་གལ་ཆེན་པོ་རེད། དེ་ཧ་ཅང་གལ་ཆེན་པོ་རེད། དྲི་བ་ཐུང་ཙམ་དྲིས་ནས་དྲི་ལན་རིང་ཙམ་འདེབས་རྒྱུ་ཡོད་ཞིག་བཟོ་དགོས་གི་རེད། དེ་ནི་ཧ་ཅང་གལ་ཆེན་པོ་རེད། དེར་གསར་འགོད་པ་ཡོངས་ཀྱིས་དོ་སྣང་བྱེད་དགོས་པའི་གནད་དོན་ཞིག་རེད། ཡིན་ན་ཡང་།
    ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལས་རིམ་འདི་ནི་བོད་ཀྱི་ཆོས་སྲིད་རིག་གནས་དང་བཅས་པའི་གལ་གནད་ཆེ་བའི་རྩ་དོན་བགྲོ་གླེང་བྱེད་སའི་མཛོད་ཁང་ལྟ་བུ་ཞིག་ཏུ་སོང་བས། ལས་རིམ་འདིར་དོ་སྣང་ཡོད་པའི་རྒྱ་ཆེའི་བོད་མི་མང་བོ་ཞིག་ལ་ཕན་པ་ཆེན་པོ་ཡོད་པ་ཞིག་ཡིན།
    ཁྱེད་ཅག་གིས་ཁོང་ཚོར་ལེགས་བཅོས་ཉེས་འགོག་གི་འབོད་པ་དང་བསྐུལ་མ་བྱེད་འོས་ན་ཡང་། མ་རུང་གུས་མེད་ཀྱི་ཚིག་མཚོན་གང་དྲན་དྲན་དུ་འདེབས་མི་རུང་ཡ། མཁྱེན་ལྡན་དྲ་གྲོགས་རྣམ་པ།

    ༣༡༽ བོད་ཀྱི་བུ་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༣༡ གི་ཆུ་ཚོད་ ༡༩ སྐར་མ་ ༠༢
    གསར་འགོད་པས་དྲི་བ་མ་དྲིས་གོང་དཔྱད་གླེང་བྱེད་རྒྱུའི་གནས་དོན་སྒང་འགྲེལ་བཤད་གང་མཚམས་རྒྱག་དགོས་རྒྱུའང་གལ་ཆེན་པོ་རེད།

    ཀུན་གླེང་ལྟ་བུར་མཚོན་ན། བཙལ་བྱོལ་ནང་གི་བོད་པ་ཙམ་ཟད། བོད་ནང་ནའང་ཉན་མཁན་མང་པོ་ཡོད་པས། ཕྱི་ལོགས་ཀྱི་བོད་པ་ཚོས་བགྲོ་གླེང་གི་བརྗོད་གཞི་གང་མཚམས་ངེས་ཀྱིན་ཡོད་ནའང་། བོད་ནང་གི་བོད་མི་ཚོར་བགྲོ་གླེང་དངོས་གཞིའི་སྔོན་དུ་འགྲེལ་བརྗོད་དམ་ངོ་སྤྲོད་ཅིག་ཏན་ཏན་དགོས་གི་ཡོད་ཙང་། ཀུན་གླེང་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ཀྱི་གསར་འགོད་པས་སྐབས་སུ་སྐབས་སུ་དྲི་བ་དངོས་ཀྱི་སྒང་མ་སླེབས་སྔོན་འགྲེལ་བརྗོད་གང་མང་བྱེད་ཀྱིན་པའང་ངོམ་སོ་བྱེད་པ་དང་མཁས་ཉམས་སྟོན་པ་མི་ཡིན་པར། བོད་ནང་གི་གསར་འགྱུར་ཉན་མཁན་རྣམས་ལ་བསམས་ཤིང་དམིགས་པ་ཡིན་པ་མ་རེད་དམ།
    ༣༤༽ རིག་འབྱུང་དོན་གྲུབ་བཀྲ་ཤིས་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༣༡ གི་ཆུ་ཚོད་ ༡༩ སྐར་མ་ ༣༥
    བོད་ཀྱི་བུ་ཡི་བསམ་ཚུལ་ལ་ལན་འདི་ཡིན།
    དང་པོ།
    གལ་སྲིད་བཅར་འདྲིའི་བརྗོད་གཞི་དེ་བོད་ནང་གི་རྒྱ་ཆེའི་མི་མང་ལ་དམིགས་ཀྱི་ཡོད་ན། གསར་འགོད་པས་བོད་ནང་གི་མི་མང་ལ་དམིགས་ནས་དྲི་བ་གཏོང་དགོས་རེད།
    གསར་འགོད་པས་བོད་ནང་གི་མི་མང་ལ་དམིགས་པའི་དྲི་བ་གྲ་སྒྲིག་བྱེད་དགོས་རེད། དེ་གཉིས་ཐུབ་ན། གང་ལ་དམིགས་པ་དེས་གོ་ཐུབ་རྒྱུའི་རེ་བ་ཡོད་རེད།
    དྲི་ལན་གནང་མཁན་གྱིས་ལན་ཁ་གསལ་སྐྱོན་གི་མེད་ན། དམིགས་སའི་གནད་དོན་རང་གི་སྒང་ལ་དྲི་བ་བཏང་ཆོག་གི་རེད། དྲི་ལན་བར་གཅོད་བྱས་ནས་བསྐྱར་དུ་དྲི་བ་བཏང་ཆོག་གི་རེད། གང་ལྟར། དྲི་བ་གཏོང་མཁན་གྱི་བསམ་ཚུལ་གལ་ཆེན་པོ་མ་རེད། དྲི་ལན་གནང་མཁན་གྱི་བསམ་ཚུལ་གལ་ཆེན་པོ་རེད། འདི་གཉིས་མ་ནོར་བ་བྱེད་དགོས།

    གཉིས།
    གལ་སྲིད་འདྲི་བྱའི་གནད་དོན་དེ་བོད་ནང་གི་མི་མང་གིས་མཁྱེན་གི་མེད་ན། དེ་ལ་འགྲེལ་བརྗོད་དྲི་བ་གཏོང་མཁན་གྱིས་བྱེད་དགོས་མ་རེད། དྲི་ལན་གནང་མཁན་ལ་བྱེད་འཇུག་དགོས་རེད། དཔེར་ན། བོད་རྒྱ་འབྲེལ་མོལ་ཟེར་བ་འདི་བོད་ནང་གི་ཉན་མཁན་རྣམས་ལ་གསར་བ་ཡིན་ན། དྲི་བ་གཏོང་མཁན་གསར་འགོད་པས། དྲི་ལན་གནང་མཁན་ལ། བོད་རྒྱ་འབྲེལ་མོལ་ལབ་ན་ག་རེ་རེད་ཞེས་དྲི་བའི་ངོ་བོར་བཟོས་ནས་བཏང་ཆོག་གི་རེད། དེའི་འགྲེལ་བཤད་དེ་དྲི་ལན་གནང་མཁན་གྱི་རྩ་ནས་ཡོང་གི་རེད།

    གསུམ་།
    དྲི་བ་གཏོང་མཁན་གསར་འགོད་པའི་ལས་འགན་གཙོ་བོ་དེ་དྲི་བ་གྲ་སྒྲིག་བྱེད་རྒྱུ་དེ་རེད། ཉན་མཁན་རྣམ་པའི་སླད་དུ་དྲི་བ་བཟོ་རྒྱུ་དེ་རེད།
    སྐད་ཆ་རིང་པོ་བཤད་པ་དང་སྒེར་གྱི་བསམ་ཚུལ་བཤད་སྟངས་དེ་དྲི་བ་གཏོང་མཁན་གྱི་ལས་ཀ་མ་རེད།

    Reply
  2. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ༢༦༽ མདའ་ཚན་པ་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༣༡ གི་ཆུ་ཚོད་ ༡༧ སྐར་མ་ ༥༣
    ཁྱེད་ཚོས་གང་གསུང་པར་རྒྱབ་སྐྱོར་ཡོད། གསར་འགོད་པའི་སློབ་སྦྱོང་དང་གསར་འགོད་པའི་ཆ་རྐྱེན་ཆ་ཚང་མ་ལོན་ན་ཡང་། བོད་ཡིག་ཡག་པོ་མི་ཤེས་པའི་ཐོག་བོད་ཀྱི་ས་ཁོངས་སོ་སོའི་སྐད་ཀྱང་ཁྱོན་ནས་མི་ཤེས་མཁན་དེ་ཚོ་གད་རྙིགས་རང་རེད། ཨ་རི་དང་ཨེ་ཤ་ཡའི་རླུང་འཕྲིན་གཉིས་ཀྱི་ནང་། བོད་ཡིག་ཡག་པོ་མེད་པ་དང་ཆོལ་ཁ་གཅིག་གི་སྐད་མ་གཏོགས་མི་ཤེས་མཁན་མི་ག་ཚོད་འདུག ཁྱོད་ཚོས་མཛུབ་མོས་ཅིག་བགྲོངས་དང་།
    རྩ་བའི་བོད་ཡིག་ཡག་པོ་ཡོད་པའི་ཐོག ཆོལ་ཁ་གསུམ་གྱི་སྐད་བཤད་མ་ཤེས་ཀྱང་གོ་ཐུབ་མཁན་ཞིག་ངེས་པར་དགོས་པར་མཐོང་། དེ་མིན་ཆོལ་ཁ་རེ་རེར་མི་ག་ཚོད་དགོས་ཀྱི་འདུག ཆོལ་ཁ་གསུམ་གྱི་སྐད་ཤེས་མཁན་རྐྱང་རྐྱང་ཡིན་ན། མི་ཉུང་ཉུང་ཞིག་གིས་ལས་གཞི་རྒྱ་ཆེན་པོ་ཞིག་བྱེད་ཐུབ་གི་རེད་སྙམ།
    ད་ལྟའི་ཆར། དབྱིན་ཡིག་དང་རྒྱ་ཡིག་གི་ཐོག ཆོལ་ཁ་གསུམ་གྱི་སྐད་མིན་ནའང་། ཆོལ་ཁ་གཉིས་ཀྱི་སྐད་བཤད་མཁན་མང་པོ་ཡོད་པ་རེད་འདོད། སྐད་ལ་བལྟས་ཏེ་ལས་མི་འཚོལ་བ་མ་གཏོགས་ཆོལ་ཁ་ལ་བལྟས་ཏེ་ལས་མི་འཚོལ་བ་ནི། དབྱེ་འབྱེད་རེད། འདིར་མཚོན་ན་དེ་རིགས་ཁྲིམས་མཐུན་མ་རེད།

    ༢༧༽ མདའ་ཚན་པ་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༣༡ གི་ཆུ་ཚོད་ ༡༨ སྐར་མ་ ༡༠
    རིག་འབྱུང་གིས་བཤད་པ་དེ་ཚོ་དངོས་གནས་བདེན་པ་རེད་ད། སྐོར་བ་རྒྱབ་རྒྱབ་ནས་དྲི་བ་གང་རིང་རིང་ཞིག་དྲིས་ཡོང་མཁན་དེ་ཚོས་ཁ་གདངས་པ་དང་ང་མགོ་ན་གི་འདུག
    ཕར་ཕྱོགས་ཀྱིས་ལན་འདེབས་རྒྱུ་ཡིན་པ་དེ་ཚོ། ཁོ་རང་གིས་དྲི་བ་གཏོང་སྐབས། རྒྱ་བཤད་རྒྱས་བཤད་མང་པོ་ཞིག་བྱས་ནས། མཐའ་མཇུག ལན་འདེབས་མཁན་ནས། རེད། ཁྱེད་རང་གི་གསུང་པ་ནང་བཞིན་རེད་ཟེར་ནས་ཞེ་དྲག་ཐལ་བ་དང་གསར་པ་དེ་འདྲ་མང་པོ་བཤད་རྒྱུ་ལྷག་མི་འདུག་ཀྱང་། ལན་འདེབས་མཁན་ནས་ཀྱང་། ཨུ་ཚུགས་རྒྱབ་ནས་ད་རུང་སྐྱར་ཟློས་ཡང་ཟློས་མང་པོ་ཞིག་བྱེད་གི་མི་འདུག་གམ།
    ང་ཡིན་ན། རྡོག་རྡོག་བྱས་ནས། ཁྱེད་རང་གི་དྲི་བ་དེར་ང་ལ་ལན་མེད། ག་རེ་རེད་ཟེར་ན། ཁྱེད་རང་གིས་དྲི་བ་གཏོང་སྐབས། ཁྱེད་རང་གིས་ལན་རྒྱབ་པ་དེ་ག་རང་ཡིན། དེ་ལས་ལྷག་པ་ང་ལ་ཅང་བཤད་རྒྱུ་མེད་ཟེར་ས་རེད། དེ་འདྲ་མ་རེད་དམ་གྲོགས་པོ་ཚོ།

    Reply
  3. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ༡༣༽ རང་བཙན་ལྡེའུ་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༣༡ གི་ཆུ་ཚོད་ ༣ སྐར་མ་ ༡༦
    རིག་འབྱུང་ལགས་ཀྱི་བསམ་ཆར་དེ་དངོས་ནས་བདེན་པ་རེད་ བརྒྱ་ཆ་བརྒྱ་མོས་མཐུན་ཡོད་ འོན་ཀྱང་བསམ་ཆར་དེ་ཆུའི་ནང་དྲི་མ་བཏང་བ་བཞིན་ སྤུ་ལུག་ སྤུ་ལུག་ ཟེར་ནས་ཡལ་འགྲོ་རྒྱུ་ལས་ ལེགས་སྤེལ་ཉེས་འགོག་ཡོང་ཆེད་དོ་ཁུར་དང་ལེན་བྱས་ཨེ་ཡོང་བསམ་ ༼ གསན་ཁན་རྣམས་ནས་ང་ཚོའི་ལས་རིམ་ཁག་ལ་དགོངས་ཆར་ཡོད་ན་ཐད་ཀར་ཁ་པར་འམ་ཡང་ན་ང་ཚོའི་ཁ་སྤྱངས་ཐོག་དགོངས་ཚུལ་ལྷུག་པོ་གནང་རོགས་ ༽ཞེས་་སྤྱིར་བཏང་འདྲ་ཆགས་ཆགས་སམ་ འགྲོ་ལུགས་ལྟར་ཟེར་ཙམ་ཞིག་ལས་ དངོས་འབྲེལ་སྐྱོན་ཆའི་བསམ་ཆར་བཏོན་ན་ངོས་ལེན་བྱེད་ཀྱི་མིན་འདུག་ དཔེ་ན་ ལོ་ངོ་འགའ་ཤས་གོང་ བཙན་བྱོལ་བོད་གཞུང་གི་བཀལ་བློན་ མཁས་དབང་གཟམ་གདོང་རིན་པོ་ཆེ་མཆོག་ནས་ གཏམ་གླེང་ཞལ་པར་གྱི་ ཁྱེད་རང་ཚོའི་སྙིང་གཏམ་ཇི་ཡོད་གསུངས་གསལ་གྱི་ལས་རིམ་ཟེར་བ་དེར་ ལེགས་བཅོས་ཆེད་དགོངས་ཚུལ་གསུངས་གསལ་༼སྙིང་གཏམ་ ཞེས་པ་མི་སྨྱོན་པ་ཡིན་ན་མ་གཏོགས་གཞན་ལ་བཤོད་ཡ་མ་རེད༽
    དེས་ན་ སྙིང་གཏམ་ཇི་ཡོད་གསུངས་གསལ་ ཟེར་བ་དེ་ཅུང་འགྲིགས་མིན་བསྐོར་གསུངས་མྱོང་ཡོད་ཀྱང་ ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་མཁས་དབང་དཔལ་ལྡན་བཀའ་བློན་མཆོག་གི་དགོངས་ཚུལ་ཡན་ལ་བདག་མེད་ཡ་མེད་བཞག་སྟེ་ད་བར་ལེགས་ཆའི་འགྱུར་བ་གང་ཡང་བཏང་ཡོདམ་རེད་
    དེ་བཞིན་ཀུན་གླེང་ལས་རིང་གཙོ་སྐྱོངས་བ་ལགས་ནས་ཁ་པར་གཏོན་མཁན་མི་རེ་ངོ་རེར་ ཁྱེད་རང་ཚོས་དྲི་བ་ཡོད་ན་རེད་ བསམ་ཚུལ་ཡོན་ན་རེད་ ཐུང་གཙམ་གསལ་པོ་ཞིག་གསུངས་རོགས་གནང་ ཟེར་ཞིང་ འགའ་རེས་དེ་གསལ་པོ་མ་གོ་དུས་སླར་ཡང་བསྐྱར་ཟློས་དྱེད་དགོས་པ་སོགས་ལས་རིམ་གྱི་དུས་ཡུན་ཐུང་བའི་ཁར་དུས་ཡུན་སྐར་ཆ་མང་པོ་འཕྲོ་བརླག་འགྲོ་བཞིན་སྟབས་ ལས་རིམ་གཙོ་སྐྱོངས་ལགས་རང་ཉིད་ཀྱི་དྲི་བ་དེ་དག་ བསྐྱར་ཟློས་མེད་པ་ ཐུང་ཙམ་ གསལ་པོ་ དོན་དང་མཐུན་པ་ཞིག་བྱུང་ན་ དུས་ཡུན་བེད་སྤྱོད་བཏང་འཛིན་ལའང་ཕན་ལ་ རླུང་འཕྲིན་ཉན་ཁན་རྣམས་ནས་ཀྱང་ གཙོ་སྐྱོང་བ་གཅིག་གི་བཀའ་ཆོས་བལྟ་བུའི་དྲི་བ་རིང་པོར་ཉན་པའི་ཚབ་ལ་དྲི་བ་དྲི་སའི་སྐུ་མགྲོན་རྒྱ་ཆེ་མང་ཚོགས་ཀྱི་བསམ་ཚུལ་གང་མང་ཤེས་རྟོགས་ཐུབ་པར་དེ་ཕན་ཐོག་་ཆེ་གི་ཡ་་།

    ༢༢༽ ལོ་ལོན་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༣༡ གི་ཆུ་ཚོད་ ༡༣ སྐར་མ་ ༥༣
    ཕྱི་བསྡོད་བོད་ཀྱི་གསར་ལམ་ཁག་ལ་ཉན་ཐེང་རེར་རིགས་འབྱུང་ལེགས་ཀྱི་དགོང་ཚུལ་དེ་སེམས་ལ་ཐེང་རེར་འཁོར་། ཡིན་ན་ཡང་། གཞི་ནས་མེད་པ་ལས་ཡོད་པ་དང་། ཡོད་པ་དེ་ཡར་རྒྱས་སུ་འགྲོ་བས་རེ་བ་ཞིག་གིས་བསམ་ཚུལ་དེར་ཕྱིར་མ་བཏོན་པར་བསྒུགས། དེ་རིང་འདིར་སྐུ་ཞབས་རིགས་འབྱུང་ལེགས་ཀྱིས་གནད་དོན་དེ་རྗེན་པར་བཏོན་པར་མ་ཚད་དྲ་གྲོགས་རྣམས་ཀྱིས་ཀྱང་དེར་དགོང་ཚུལ་འཐུགས་པོ་ཞིག་གནང་ཡོད་པས་ངས་ཀྱང་ཁ་སྣོན་ཞིག་རྒྱག།

    བསམ་ཚུལ་དང་པོ།
    ཕྱི་བསྡོད་བོད་ཀྱི་གསར་འགོད་པ་ཞིག་ཡིན་ན། ངེས་བར་དུ་བོད་ཆོ་ག་གསུམ་ཀྱིས་སྐད་དེ་ཚུར་བཤད་མི་ཐུབས་ན་ཡང་། ཕར་བཤད་པ་དེ་ཚོ་ཆ་ཚང་གོ་ཐུབ་པ་ཞིག་ངེས་བར་དུ་དགོས། དེ་ལྟར་མི་འཇོན་ན་། ཁ་པར་ལས་དགོང་ཚུལ་གསུང་སྐབས་ཁ་པར་གཏོང་མཁན་དེས་དྲི་བ་དེ་ཆོ་གསུམ་སྐད་གང་གི་ཐོག་ནས་དྲི་རྒྱུ་ཡིན་པ་དང་། དེ་གོ་མཁན་ཞིག་གི་ཉན་རྒྱུ་ལས་། ཐེང་མང་པོར་ཨམ་སྐད་ཐོགས་ནས་དྲིས་བས་དྲི་བ་མང་པོར་དབུ་སྐད་ཐོགས་གསར་འགོད་པས་བཤད་སྐབས་ནང་དོན་གོ་ལྡོག་བྱས་བ་ཐེང་མང་བྱུང་། དེ་ཡག་པོ་མི་འདུག།

    བསམ་ཚུལ་གཉིས་པ།
    གསར་འགྱུར་བཤད་སྐབས་དང་དྲི་བ་འདོན་སྐབས་བོད་སྐད་བོད་གཙང་་མ་ཞིག་གི་ཐོག་འདུག་དགོས་པ་ལས་། སྐད་རིགས་གཞན་པས་འབྲེལ་བཤད་རྒྱབ་པ་དེ་ཡག་པོ་མི་འདུག།

    བསམ་ཚུལ་གསུམ་པ།
    ཕྱི་བསྡོད་བོད་ཀྱི་གསར་ལམ་ཁག་དེ་བོད་རྒྱ་ཆེ་མི་མང་གི་གོ་རྟོགས་དང་། གནས་ཚུལ་ཤེས་རྟོག་ཡོང་རྒྱར་དམིག་ནས་བཙུག་པ་ཞིག་ཡིན་པས་། གསར་ལམ་ཁག་གི་བརྗོད་གཞི་གཙོ་བོ་དེ་བོད་དོན་དང་འབྲེལ་བ་ཡོད་པ་ཞིག་ཡིན་རྒྱུ་ལས་། ཝ་ཤིང་གྲོང་གིས་གནམ་གཤེས་གནས་ཚུལ་སོགས་བོད་དོན་དང་འབྲེལ་བ་མེད་པ་ཁག་བཤད་ནས། དུས་ཚོད་ཉུང་ཉུང་ཞིག་ལས་མེད་པ་དེ་ཡང་ཆུད་ཟོས་སུ་བཏང་ན་། དེ་ཡག་པོ་མི་འདུག།

    བསམ་ཚུལ་བཞི་བ་།
    བོད་ཀྱི་གསར་འགོད་པར་བཏོན་པས་་བསམ་ཚུལ་འདི་དག་ལ་བཟང་ཕྱོགས་གི་གོ་བ་ཞིག་བླང་ནས་མཐུན་ཕྱོགས་ནས་འགྱུར་ཞིག་མགོ་བརྩོམས་རྒྱུ་ལས་། མི་བུ་རེ་ཟུང་བ་ཞིགས་ཕན་ཚུན་མ་དགའ་བ་དང་ཕྲགས་དོག་གིས་གཏམ་དུ་གོ་བ་མི་ལེན་པར་རེ་བ་དྭངས་མོ་ཞིག་བཅང་ཡོད་། ལོ་འགའི་སྔོན་དེར་ཨ་རིས་གྲོས་ཚོགས་ལས་ང་ཚོ་བོད་ཀྱི་གསར་ཁང་དེ་དག་གིས་སྔོན་འགྲོའི་མ་དངུལ་དེ་ཉུང་རུ་གཏོང་རྒྱུ་ཡིན་པས་གནས་ཚུལ་ཞིག་ཐོས་ནས་ང་རང་ཉིད་ཀྱི་ས་གནས་འདིར་ཡོད་བྱང་ཀ་ལི་ཕོ་ཉའི་ནང་གི་བོད་རིགས་རྣམས་ཀྱིས་སར་ནས་མཚན་རྟགས་འདུ་འགོད་ཀྱིས་ལྕམ་རྣམས་སྲས་ཕོ་ལྷ་སྲས་དང་། འདས་བོ་སྐུ་ཞབས་ཁྲོམ་ལམ་འགྲོད་ཚང་སོགས་ཀྱི་ལས་ཁུང་སུ་བཏང་ནས་ “གསར་ཁང་གི་སྔོན་འགྲོའི་འཆར་དངུལ་ཉུང་རུ་མ་གཏོང་རོགས་། གསར་ཁང་འདི་ནི་བོད་ཕྱི་ནང་གཉིས་ཀྱི་འགྲིན་པ་ལྟ་བུ་ཞིག་ཆགས་ཡོད་”ཞེས་འབོད་སྐུལ་བྱས་། འགྲིན་པ་དེ་ཕྲ་རུ་སོང་བ་འམ་། ཡང་ན་འགག་ན་ཡག་པོ་མི་འདུག།

    ༢༣༽ གཞོན་ནུ་ཟླ་མེད་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༣༡ གི་ཆུ་ཚོད་ ༡༥ སྐར་མ་ ༤༠
    རིགས་འབྱུང་གི་བསམ་ཚུལ་དེ་གསར་ཁང་འགན་འཛིན་པས་ཤེས་དགོས་ངེས་ཞིག་རེད། གོང་དུ་ཅིག་གི་བཤད་པ་བཞིན་དུ་སྔོན་མ་གསར་འགོད་པ་སོགས་བོད་དོན་སྐོར་གྱི་གསར་ལམ་ཨ་རིའི་གཞུང་གིས་ཉུང་འཕྲིལ་བྱེད་པའི་རྒྱུ་རྐྱེན་ཡང་འདི་འདྲ་ལོས་ཡིན། འོན་ཀྱང་ང་ཚོ་ས་གནས་སོ་སོར་ཡོད་པའི་བོད་རིགས་སྤྱི་མཐུན་དང་དེ་འབྲེལ་ཨ་རིའི་སྒེར་གྱི་ཚོགས་པ་མང་པོས་སྙན་ཞུ་ཕུལ་བ་ལ་རྟེན་ནས་རྒྱུན་འཁྱོངས་ཐུབ་པ་བྱུང་བ་རེད། དེ་ནི་བོད་སྤྱི་བ་ལ་མཚོན་ན་དགའ་འོས་པ་ཞིག་རེད། འོན་ཀྱང་གསར་འགོད་པ་རེ་ཟུང་གིས་ག་དུས་ཡིན་ན་ཡང་རང་གི་བསམ་ཚུལ་བཤད་བསྡད་ནས་གནས་ཚུལ་ངོ་མ་དེ་འཚོལ་བའི་ཐབས་ཤེས་མི་བྱེད། ངས་ཤེས་པ་ཞིག་ལ་ཕྱོགས་བསྐྱོད་གསར་འགོད་པ་དེ་ཚོ་སླེབས་ན། ས་གནས་དེ་གར་རྒྱུས་ཡོད་པ་ཚོར་སྐད་ཆ་མི་འདྲི་བར་ས་གནས་དེར་རང་གི་ངོ་ཤེས་ཚོར་ཐུག་ཕྲད་ཀྱི་དུས་ཚོད་རྫོགས་རྗེས། གསར་འགྱུར་བཤད་སྐབས། རང་གིས་བཅོས་ནས་ཅིག་བཤད་ཀྱི་རེད། སྐོར་ལོག་རྐྱང་རྐྱབ་བཤད་བསྡད་ཀྱི་རེད།
    ཡང་བསམ་བློ་གཞན་ཞིག་བཏང་ན་མི་ཚང་མ་འཚོ་བའི་ཆེད་དུ་རེད། རང་ཉིད་འཚོ་དགོས་ན་རང་ཉིད་ཀྱིས་མི་ཤེས་ན་ཡང་ཤེས་མདོགས་མང་པོ་སྟོན་དགོས་པ་རེད། དེའི་རྐྱེན་གྱིས་གནས་ཚུལ་ནང་ལ་བསམ་ཚུལ་དཀྲུགས་པ་ལོས་ཡིན་སྙམ། དཔེར་ན་གསར་འགོད་པ་བསྡུ་བའི་བརྡ་ཐོ་ནང་དུ་ཡང་གནས་ཚུལ་ཡོང་རྫོགས་མཁྱེན་རྟོགས་ཐུབ་མཁན་དགོས་ཟེར་ཡོད་པ་རེད། ཤེས་ཡོན་གྱི་ཆ་རྐྱེན་ཡོད་པ་རེད། བསམ་ཚུལ་ཅུང་ཟད་མ་བཤད་དུས་མི་ཤེས་པ་ལྟ་བུར་གོ་ནས་ལས་གནས་ནས་གཏན་ཕུད་བྱེད་རྒྱུའི་ཉེན་ཁ་ཡང་ཡོད་ཀྱི་རེད། དེ་འེ་རེད་ལགས། རིགས་འབྱུང་། གསར་འགོད་པའི་སྒྲིགས་གཞི་བཟོས་པ་དེ་ཡག་པོ་ཞིག་འདུག གོང་གི་འདི་དག་སྟངས་འཛིན་བྱེད་མཁན་གྱིས་ཤེས་དགོས་པ་རེད་དེ། སྟངས་འཛིན་བྱེད་མཁན་དེ་བོང་བུ་ལྟ་བུ་ཞིག་ཡིན་ལས་ཆེ། ཡང་བསྐྱར་ཨ་རི་གཞུང་ནས་དུས་ཚོད་ཉུང་འཕྲིལ་མི་བྱེད་པའི་སྨོན་ལམ་འདེབས་ཡ།

    Reply
  4. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    རླུང་འཕྲིན་དང་ཀུན་གླེང་སོགས་ཨམ་སྐད་ཡིན་ན་ཡག་པོ་རེད། ཨ་མདོ་བ་ལ་བསློབས་གསོལ་མང་ཙམ་ཐོབ་ཀྱི་རེད། ང་ཚོ་ཀྱང་ཨམ་སྐད་སྦྱོང་། ཟུར་སྐད་ཕལ་བ་ཞིག་སྤྱིར་སྐད་ལ་སྦྱོར་ཐུབ་ན་གང་འདྲ་ཡོངས་བ་ལྟོད་དོ། མ་རེད་དམ།

    Reply
  5. ལྷ་ལུང་ says:
    ལོ་ 15 སྔོན།

    ད་དུང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ ཁམས་སྐད་སྡེ་ཚན་གྱི་གསར་འགོད་པ་ སྨར་ཁམས་བློ་བཟང་ཆོས་འཕེལ་ལྟ་བུ་ཡིན་ན་ བོད་ཡིག་ དག་སུམ་རྟགས་རྩ་བ་ཉིད་ནས་བེད་སྤྱོད་བཏང་གི་མེད་

    Reply
  6. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    དྲ་གྲོགས་འགས་ཨམ་སྐད་གོ་མི་གོའི་སྐད་ཆ་ཞིག་དྲུད་ནས་ཡོང་འདུག འདི་ལ་སྐད་ཆ་ཐུང་ཐུང་ཞིག་ཞུ་གི་ཡིན།
    ཀུན་གླེང་གི་གསར་འགྱུར་དང་བགྲོ་གླེང་དེ་བོད་ནང་གི་རྒྱ་ཆེའི་མི་མང་ལ་དམིགས་ཀྱི་ཡོད་ན། ཨམ་སྐད་ཧ་ཅང་གལ་ཆེན་པོ་རེད། ཨ་མདོའི་ལུང་པ་ན་ཀུན་གླེང་ལ་ཉན་མཁན་མང་པོ་ཡོད་རེད།
    དེ་ཙམ་ཡིན།

    Reply
  7. མཐོ་སྒང་བུ་ says:
    ལོ་ 15 སྔོན།

    དེ་སྔ་ཡང་དངོས་ཤུགས་རྒྱུད་གསུམ་ནས་བསམ་འཆར་མང་པོ་བྱུང་སོང་། ག་ཚོད་བཤད་ཀྱང་སྟོང་པ་རེད། ཁོ་ཚོས་སྔར་བཞིན་བཤད་ཀྱིན་ང་ཚོས་ད་བཞིན་ཉན་རྒྱུ་ལས་ཐབས་ཞན་མེད་དོ།

    Reply
  8. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    རིག་འབྱུང་གིས་དངོས་ཡོད་གནས་ཚུལ་ཁག་ཅིག་རྣག་ཐོག་གཙག་འཁེལ་དང་ནོར་སྐྱོན་ཐེར་འདོན་ཡག་པོ་གནང་འདུག རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་ཡོད། ངས་ཀྱང་ནམ་རྒྱུན་ནས་ཀུན་གླེང་ཚང་ལ་འདི་འདྲ་ཞིག་བཤད་དགོས་དྲན་བསྡད་ཡོད། ད་ལན་ཁྱེད་ཀྱིས་མི་དམངས་ཀྱི་ངོ་ཚབ་བྱས་ནས་གལ་གནད་ཅན་གྱི་གནས་ཚུལ་འདི་རིགས་རྦས་གསང་མེད་པར་བློ་ཁོག་ཆེན་པོས་མདུན་བཤད་ཐུབ་པར་ངོ་མ་བཀྲིན་ཆེ། ངས་ཀྱང་ཁྱེད་ལ་དཔུང་རོགས་ཀྱིས་ཚུལ་དུ་གནས་ཚུལ་འགའ་བརྗོད་འདོད། སྤྱིར་བཏང་ཀུན་གླེང་ཚང་གིས་གསར་འགོད་པའི་ལས་དོན་ཨོའོ་ཙམ་གནང་བཞིན་པར་ཚོར། འོན་ཀྱང་དྲི་བ་བཀོད་འདོམས་པ་རྡོ་རྗེ་དབང་ཕྱུག་ལྟ་བུ་དྲི་བ་གནད་ལ་ཕིགས་པ་དང་གསལ་པོ། གང་ཉུང་ཉུང་དང་ལྗིད་ཁུག་ཚ་པོ་འདྲ་ཞིག་བཏང་ཐུབ་ཅིང༌། སྐད་གདངས་ཀྱང་དབུས་སྐད་དང་འདྲ་མཚུངས་ཡིན་པ་ལ་ཁམས་དང་པོ་དང་རྫིག་ཉམས་ཆེ་བས་ཁོང་ནི་ཀུང་གླེང་ཚང་གི་དྲི་བ་བཀོད་འདོམས་པའྀ་ལས་དོན་གཉེར་མཁན་འོས་འཚམས་ཆེ་ཤོས་སུ་མཐོང༌། དེ་བཞིན་པ་སངས་དབྱངས་སྐྱིད་ཀྱང་གཞན་དག་ལ་ལྟོས་ཏེ་ཨོའོ་ཙམ་རེད། འོན་ཀྱང་བྱང་ཆུབ་སྒྲོལ་མ་དང་པད་མ་རྡོ་རྗེ་གཉིས་ནི་དྲི་བ་བཀོད་འདོམས་པ་བྱེད་འོས་སུ་མ་མཐོང༌། བྱང་ཆུབ་སྒྲོལ་མ་ལྟ་བུ་ཆ་མཚོན་ན། དྲི་བ་བཀོད་སྟངས་མི་ཤེས་པ། དྲི་བ་རྫོགས་པའི་རྣམ་འགྱུར་མངོན་སླ་བ། གནད་ལ་མ་ཕིགས་པ། འཚུབ་ཆ་ཆེ་བས་ལེན་པོ་མེད་པ་དང༌། པད་མ་རྡོ་རྗེ་ནི། ཨམ་སྐད་ཀྱིས་ནང་དོན་སྒྲིབ་པ་བྱེད་པ། དྲི་བ་བཀོད་སྟངས་མི་ཤེས་པ། ཁ་ནང་དུ་རྡོ་ཞིག་ཡོད་པ་ལྟ་བུའི་རྣམ་འགྱུར་ཞན་ཅིང་མདོག་མི་ལེགས་པ་བཅས་ཡོད་སྟབས་ཁོང་གཉིས་ཀུན་གླེང་ཚང་གི་གསར་འགྱུར་རྩོམ་སྒྲིག་པ་དང་ཡིག་ཆ་བསྡུ་རོབ་ཙམ་གྱི་ལས་དོན་གཉེར་ཆོག་པ་ལས་དྲི་བ་བཀོད་འདོམས་པའི་ལས་ཞབས་འོས་པོ་མི་འདུག འདི་ལ་འགྱུར་བ་ཞིག་གཏོང་ན་ཅི་མ་རུང་སྙམ་མཁན་ང་ཙམ་མིན་པར་གང་མང་ཡོད་སྟབས་དགོངས་པ་ཞིག་བཞེས་ཡོང་བའི་རེ་བ་ཡོད། ཤ་ཚའི་ཁ་ལ་གཏམ་སྙན་མེད་ཅེས་བོད་གནའ་མི་རྒན་པོའི་གཏམ་ལ་ཡོད་པ་ལྟར་དགོངས་འགལ་བྱུང་ཚེ་འཐོལ་ལོ་བཤགས་སོ།།

    Reply
  9. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    དངོས་གནས་བཤད་ན། གནས་ཚུལ་འདིའི་རིགས་ལ་ང་ཚོས་བགྲོ་གླེང་བྱེད་པ་ལས་གསར་འགོད་པ་ཚོ་ཡོང་ནས་བགྲོ་གླེང་དང་བསམ་ཚུལ་བཤད་དགོས་རེད།
    གསར་འགོད་པ་ནང་ཁུལ་ལ་བསམ་ཚུལ་བརྗེ་རེས་དང་ལེགས་ཆ་ལེན་རེས་བྱེད་དགོས་རེད། འོན་ཀྱང་། དེ་འདྲའི་བསམ་བློ་འཁོར་གི་ཡོད་མེད་མི་ཤེས།

    Reply
  10. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ངེད་ཀྱིས་རྩོམ་ཐུང་འདིའི་ཁོངས་སུ། དྲི་བ་གཅིག་ཚོད་དཔག་གི་སྐད་ཆ་རེད་ལབ་ཡོད། དྲི་བ་གཅིག་གནས་ཚུལ་ནོར་བ་རེད་ལབ་ཡོད།
    དེ་ནི། ཚོད་དཔག་གི་སྐད་ཆ་དེ་དབུ་མའི་ལམ་ལ་ངོ་རྒོལ་དང་རང་བཙན་གྱི་བསམ་ཚུལ་འཛིན་མཁན་གྱི་བརྒྱ་ཆ་ཧ་ཅང་མཐོ་བོ་ཡོད་པའི་སྐོར་དེ་རེད།
    གནས་ཚུལ་ནོར་བ་དེ་ནི། ཟམ་གདོང་རིན་པོ་ཆེ་བསྐྱར་དུ་བཀའ་ཁྲིའི་འོས་ཁོངས་སུ་འཇོག་དགོས་བའི་གྲོས་ཆོད་ཟེར་བའི་སྐད་ཆ་དེ་རེད། དེ་གནས་ཚུལ་ནོར་བ་རེད་ལ་བདེན་པ་ཡང་མ་རེད། བདེན་པ་མིན་པ་དེ་ཟམ་གདོང་རིན་པོ་ཆེས་ཐད་ཀར་གསལ་བཤད་གནང་སོང་། གོང་གི་ནོར་འཁྲུལ་འདི་གཉིས་ཀ་ཡོང་རྐྱེན་ཡང་ཕུགས་དེད་ན། སྒེར་གྱི་བསམ་ཚུལ་བཤད་རྒྱུ་མང་དྲགས་པའི་དབང་གིས་རེད་འདོད། སྐད་ཆ་རིང་པོ་དེ་འདྲ་བཤད་ནས་མ་བསྡད་པར་ཐད་ཀར་དྲི་བ་བཏང་ན། གནས་ཚུལ་ནོར་བ་དང་བསམ་ཚུལ་ཁུངས་མེད་་དེ་འདྲ་བཤད་དགོས་ཐུག་གི་མ་རེད་འདོད། འདི་ལ་ཡང་བསམ་བློ་གཏོང་རྒྱུ་ཞིག་འདུག་དྲན།

    Reply
  11. གངང་ཅན་པ་ཡིན་ཕྱིར། says:
    ལོ་ 15 སྔོན།

    གུས་པའི་བསམ་ཚུལ་ཞིག་ཞུ་རྒྱུ་ལ་ཨ་རིའི་རླུང་འཕྲིན་དང་ཨེ་ཤེ་ཡ་རླུང་འཕྲིན་དེ་བཞིན་ནོཝེ་རླུང་འཕྲིན་སོགས་མང་པོ་འདུག་ཀྱང་བོད་སྤྱི་པའི་དོན་ནི་འགྲུབ་གི་མི་འདུག ང་ཡི་མཐོང་སྣང་ལ་ཆོས་ལུགས་གཅིག་དང་ཆོལ་ཁ་གཅིག་གི་མི་ལ་གོ་སྐབས་ཡོད་པ་འདྲ་པོ་བྱུང་། དེ་བཞིན་དྲི་བ་གཏོང་མཁན་ཡག་པོ་གང་ཟག་ལ་མི་ལྟ་བ་ཚིག་རྡོག་རྡོག་གསུང་ཐུབ་མཁན་རྡོ་རྗེ་ཚེ་བརྟན་ལྟ་བུ་ཡིན་ཚེ་དྲི་བ་འགོད་ས་དེ་མི་བཅོས་མ་ཞིག་ཡིན་པ་འདྲ་པོ་འདུག ཡང་དྲི་བ་འགོད་མཁན་དེ་སྐྱོ་བོ་ཞིག་ཁེབས་དུས་ལ་དྲི་བ་འགོད་ས་དེ་མི་ཆེན་དང་བླ་ཆེན་སོགས་ཡིན་པ་འདྲ་པོ་འདུག དེ་ནི་བོད་རླུང་རྟ་ཆགས་པའི་རང་རྟགས་ཡིན་སྲིད། ལས་བྱེད་འཕོ་འགྱུར་ནི་མི་གཏོང་། དགོང་པ་ནི་མི་ཞུ། ས་མིག་སྟོང་པ་ནི་མེད། ད་བྱ་ཐབས་ཟད།།

    Reply
  12. བསྟན་ནོར། says:
    ལོ་ 15 སྔོན།

    རྒད་པོ་དེའི་སྐད་ཆར་རྦད་དེ་ཉོབ་སོང་།

    Reply
  13. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    བཟོད་པ་ལྷ་རྩེར་ཞུ་རྒྱུར།
    དང་པོ།
    ངེད་ཀྱིས་འདི་རུ། དྲི་བ་གཏོང་མཁན་དེས་བསམ་ཚུལ་ཉུང་ཉུང་བཤད། དྲི་བ་ཐུང་ཐུང་དྲིས་ན་དགེ་ཕན་ཆེ་བ་ཡོད་རེད་ཟེར་གི་ཡོད།
    དྲི་བ་གཏོང་མཁན་དེས་དྲི་བ་བཏང་ན། དྲི་ལན་གནང་མཁན་དེས་ལན་རྒྱག་གི་རེད། མི་མང་གི་རྨོངས་པ་དེ་ཡང་དྲི་ལན་གནང་མཁན་གྱི་ཕྱོགས་ནས་སེལ་རྒྱུའི་རེ་བ་བསྟེན་དགོས་རེད་དྲན།
    གཉིས་།
    ན་ཚ་འདི་གསར་འགོད་པ་གཅིག་པ་མ་ཡིན་པར་མི་མང་ལ་ཡང་ཡོད་ན། གསར་འགོད་པ་ཚོས་ན་ཚ་འདི་ཉུང་དུ་གཏོང་དགོས་རེད་མ་གཏོགས། མང་དུ་བཏང་ན་དེ་མི་མང་གི་ན་ཚ་དེའི་ཁ་སྣོན་ལྟ་བུ་ཆགས་འགྲོ་གི་རེད། ན་ཚ་ཁ་སྣོན་བྱས་ན་ན་ཚ་སྡུག་ཏུ་འགྲོ་གི་རེད།
    གསུམ་།
    གོང་གི་དྲི་བ་གཏོང་མཁན་གྱིས་དྲི་བ་དེ་ཚོར་དཔྱད་ཞིབ་བྱས་ན། དྲི་བ་གཏོང་མཁན་གྱིས། སྒེར་གྱི་བསམ་ཚུལ་བཤད་རྒྱུ་གཙོ་འདོན་བྱས་འདུག་མ་གཏོགས་དྲི་བ་གཏོང་རྒྱུ་གཙོར་འདོན་བྱས་མི་འདུག སྒེར་གྱི་བསམ་ཚུལ་གཙོ་བོ་དང་དྲི་བ་ཕལ་བར་བཞག་འདུག དེར་བརྟེན། བསམ་ཚུལ་འདི་བྲིས་བ་ཡིན། དེ་ཙམ་ཡིན།

    Reply
  14. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ཁྱེད་ཚོས་བསམ་ཚུལ་གནང་བར་བཀའ་དྲིན་ཆེ། ངེད་ཀྱིས་གོང་དུ་ཞུས་བ་བཞིན། རྩོམ་ཐུང་འདི་གང་ཟག་སྒེར་ལ་དམིགས་པ་ཞིག་མིན།
    རྩོམ་ཐུང་འདིར་སྒེར་ལ་དམིགས་པའི་བརྣབ་སེམས་དང་གནོད་སེམས། ལོག་ལྟ་སོགས་མེད། དེས་ན། ྐློག་མཁན་ཚོས་ཀྱང་གང་ཟག་སྒེར་བ་དང་ཚོགས་པ་ལ་སྡིགས་པ་དང་དམོད་པ་སོགས་མ་བྱེད་རོགས།

    Reply
  15. yontne says:
    ལོ་ 15 སྔོན།

    རིག་བྱུང་དོན་བཀྲ་ལགས། ཐོག་མར་ངས་ཁྱེད་ལ་མཚམས་འདྲི་ཞུ་བ་དང་སྦྲགས་སྐུ་ཉིད་ཀྱི་གསུངས་པའི་གནད་དོན་དེ་དང་དེ་འབྲེལ་སྐོར་ལ་མདོ་ཙམ་བརྗོད་པར་འདོད། ཉེ་ཆར་ཀུན་གླེང་ལེ་ཚན་གྱི་བཅར་དྲིའི་གཙོ་སྐྱོང་བ་རྣམ་རྒྱལ་ལགས་ཀྱི་བཀའ་བློན་ཁྲི་བ་ལགས་སུ་བཅར་དྲི་བྱེད་སྟངས་དེས་ང་ལའང་ཉོབ་སྣང་གི་ཚོར་བ་ཞིག་སྤྲད་སོང་ལ་ཁོང་གི་དྲི་བ་ཕལ་མོ་ཆེ་ནི་ནམ་ཀུན་གྱི་སྐད་རྙིང་པ་རྐྱང་རེད། དེ་ནི་གནད་དོན་གཅིག་ཡིན། ཕྱོགས་གཞན་ཞིག་ནས་ཀུན་གླེང་བཅར་དྲིའི་ལེ་ཚན་གཙོ་སྐྱོང་བ་པ་སངས་དབྱངས་སྐྱིད་ལགས་དང་། པདྨ་རྡོ་རྗེ་ལགས། བྱང་ཆུབ་སྒྲོལ་མ་ལགས་སོགས་ལའང་བསམ་འཆར་ཡོད། རྩ་བའི་ཆ་ནས་གསར་འགོད་པ་ཞིག་ཡིན་ན་སྨྱུག་རྩལ་དགོས་པ་ཙམ་དུ་མ་ཟད་སྤྱི་ཚོགས་ཀྱི་ཉམས་མྱོང་སོགས་དགོས་པ་མ་ཟད་ལྷག་པར་དུ་བཅར་དྲིའི་ལེ་ཚན་གཙོ་སྐྱོང་བ་ཞིག་གིས་ངོས་ནས་བརྗོད་ན་ཐོས་རྒྱ་ཆེན་པོ་དང་རིག་པ་རྐྱེན་པོའང་དགོས་རྒྱུ་དེ་ཧ་ཅང་གི་གལ་གནད་ཅན་ཞིག་རེད། འོན་ཀྱང་གོང་ཞུས་གཙོ་སྐྱོང་བ་རྣམས་ལ་ཆ་རྐྱེན་་དེ་རིགས་མེད་པ་མ་ཟད་གནད་ལ་འཁེལ་བའི་དྲི་བའང་ཡག་པོ་ཞིག་གཏོང་ཤེས་ཀྱི་མི་འདུག རྒྱུ་མཚན་དེའི་དབང་གིས་བརྙན་འཔྲིན་ལེ་ཚན་དེར་གཟིགས་མཁན་མི་ཉུང་བ་ཞིག་གིས་གོང་ཞུས་གཙོ་སྐྱོང་བ་དེ་དག་གི་ལེ་ཚན་གཙོ་སྐྱོང་བྱེད་པ་མཐོང་སྐབས་ལམ་སེང་་་་ད་ཡང་དེ་རིང་གི་ལེ་ཚན་ལ་ཆོ་ཡོད་པ་མ་རེད་་་ཅེས་ཉོབ་སྣང་གི་རྣམ་འགྱུར་དང་འགྲོགས་ཏེ་བརྗོད་ཀྱི་ཡོད། གོང་ཞུས་ལེ་ཚན་གཙོ་སྐྱོང་བ་རྣམས་ལ་ཡི་མི་ཚིམས་པའི་བསམ་ཚུལ་འདོན་མཁན་ང་གཅིག་པོ་མ་རེད། དེས་ན་ཁོ་བོའི་བསམ་ཚུལ་ལ་པ་སངས་དབྱངས་སྐྱིད་ལགས་དང་པདྨ་རྡོ་རྗེ་ལགས་གཉིས་ཀྱི་ཚབ་ཏུ་འཔྲིན་ལས་ཆོས་སྒྲོལ་ལགས་བསྐོ་བཞག་བྱས་ན་ཕན་འབྲས་ཆེ་བ་ཡོད་པའི་ཚོར་སྣང་ཞིག་ཁོ་མོས་དཔྱད་གླེང་ལེ་ཚན་གཙོ་སྐྱོང་བྱེད་སྐབས་ང་ལ་རང་བཞིན་གྱི་སྤྲད་ཀྱི་འདུག དེ་ནི་ང་སྒེར་གྱི་བསམ་ཚུལ་ཡིན། གལ་ཏ་ཕྲན་གྱི་བསམ་ཚུལ་གྱིས་གཞན་ལ་ཕོག་ཐུག་ཕྱིན་ཡོད་ན་དགོངས་འགལ་མེད་པ་ཞུ། ཡོན་ཏན་གྱིས་།

    Reply
  16. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དོན་གྲུབ་བཀྲ་ཤིས་ལགས། ད་ལན་བསམ་ཚུལ་ཡག་པོ་གསུངས་འདུག་པས་དགའ་བསུ་ཡོད། དྲི་བ་གཏོང་མ་ཤེས་ན་དྲི་བ་གཏོང་མཁན་གྱིས་དུས་ཚོད་རྫོགས་འཇུག་གི་རེད།

    Reply
  17. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ངས་བསམ་ཚུལ་དེ་གོང་གི་ལས་རིམ་དང་འབྲེལ་བ་གང་ཡང་མེད་པའི་བསམ་ཚུལ་ཞིག་འབྲི་འདོད་པས་དགོངས་འགལ་མེད་ཞུ།

    བང་ཆེན་ཚང་གི་དྲྭ་རྒྱ་ཐོག་མང་གཙོ་ཚོགས་པས་སྟོན་པའི་བཀའ་བློན་འོས་དམིགས་གཉིས་ལ་འོས་བླུགས་སྒམ་ཞིག་བཞག་འདུག དེ་ནི་སྤྱི་པའི་གསང་གཅོད་དང་གཅིག་པ་གཅིག་ཀྱང་ཞིག་རེད་འདུག་དྲྭ་གྲོགས་རྣམས་ནས་ཉམ་ཞིབ་ཐེངས་ཞིག་གནང་དང༌། ངས་དེ་ག་འདྲ་ཞིག་ཡིན་ནམ་སྙམ་ནས་ཚོད་ལྟ་ཐེངས་ཁ་ཤས་བྱས་པ་ཡིན། འོན་ཀྱང་ཐེངས་མ་ག་ཚོད་འོས་བླུགས་ཀྱང་འོས་གྲངས་ཇེ་ཐོར་འགྲོ་བཞིན་འདུག། ཁྱོད་ནས་འདོད་མོས་ཡོད་པའི་འོས་དམིགས་དེར་ཁྱོད་ནས་ཉིན་རེ་འོས་རེ་བླུགས་དང་འོས་ཐོབ་རྒྱུ་རང་རེད་འདུག དངོས་ཡིན།

    Reply
  18. གནམ་ལྕགས། says:
    ལོ་ 15 སྔོན།

    རིག་འབྱུང་བས་རྣོ་ངར་ལྡན་པའི་བསམ་ཚུལ་ཞིག་བཤད་སོང་། དུས་དང་རྣམ་པ་ཀུན་ཏུ་རྒྱབ་སྐྱོར་ཡོད། གོང་གི་བསམ་ཚུལ་འདིའི་ནང་གི་སྐྱོན་གྱི་དཔེ་མཚོན་ཡག་ཤོས་དེ་ཨ་རིའི་རླུང་འཕྲིན་ཁང་གི་བྱང་ཆུབ་སྒྲོལ་མ་དང་ཨེ་ཤ་ཡ་རླུང་འཕྲིན་ཁང་གི་དཔལ་ལྡན་རྒྱལ་གཉིས་ཡིན། ཁོང་གཉིས་ཀྱིས་ཕར་འདྲ་སའི་ཁ་ནང་གི་སྐད་ཆ་འཕྲོག་ནས་བཤད་པ་དང་། དྲི་བ་དག་གནས་སྐབས་ཀྱི་གནད་དོན་ལས་བརྒལ་བ། ད་དུང་བར་བར་ནས་བསམ་ཚུལ་ཡིན་ནམ་དྲི་བ་ཡིན་མགོ་མི་ཚེས་པའི་དུས་ཚོད་བརླག་བྱེད་ཀྱི་གཏམ་རིང་འཐེན་པ། རྡོག་རྡོག་གསར་འགོད་པའི་ཁྱད་ཆོས་སྤུ་ཙམ་མེད་པ་དེའོ།།
    འདི་ནི་བཙན་བྱོལ་ཁྲོད་ཀྱི་གསར་འགོད་པ་དག་ལ་སློབ་ཁྲིད་ཅིག་ཆགས་པའི་རེ་བ་ཡོད།

    Reply
  19. འོས་ལངས། says:
    ལོ་ 15 སྔོན།

    གནས་ཚུལ་དེ་ཙམ་གྱིས་ག་ལ་ཚད། བོད་ཀྱི་གསར་འགོད་པ་མང་པོའི་ཤེས་ཡོན་གྱི་ཆུ་ཚད་ཧ་ཅང་དམའ་བའི་སྟབས་ཀྱིས་སྐབས་བསྟུན་དགོས་ངེས་ཅན་དང་། ཁུངས་ལྡན་གྱི་གནས་ཚུལ་མང་པོ་ལ་གསར་འགོད་པ་ཁོ་ཚོ་ཡང་རྒྱུས་ལོན་གསལ་པོ་ཆགས་ཐུབ་ཀྱི་མི་འདུག དེར་བརྟེན་ཁོ་ཚོས་བསྒྲགས་འགོད་བྱས་པའི་གསར་འགྱུར་གྱི་གནས་ཚུལ་མང་པོའི་མགོ་མཇུག་མི་མཐུན་པ་དང་། གོ་རིམ་མི་མཐུན་པ། གསལ་ཆ་མི་ཆེ་བ། འབྲེལ་མི་ཆགས་པ། བསྐྱར་ཟློས་དང་ལད་ཟློས་མང་བ། ཡིག་ནོར་དང་འགོད་ནོར་ཤོར་ཐལ་ཆེ་བ། ཁུངས་ལྡན་དང་ཆ་འཇོག་འཕེར་བའི་དཔང་རྟགས་ཉུང་བ་སོགས་ཀྱི་ཞན་ཆ་རྒྱུན་ལྡན་དུ་ཡོང་གི་ཡོད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རིའི་རླུང་འཕྲིན་ཁང་གཉིས་ལ་མཚོན་ན། རང་དབང་དང་ཆ་རྐྱེན་འཛོམས་པའི་ཁྱད་པར་འཕགས་ཆོས་ནི་གཞན་ལས་མང་ན་ཡང་། དེ་གའི་ལས་བྱེད་གསར་འགོད་པ་མི་ཉུང་བ་ཞིག་གི་རྒྱུ་སྤུས་དབང་གིས་བོད་འབྲེལ་གྱི་གལ་ཆེའི་ལས་དོན་མང་པོ་ཞིག་ཐད་དོན་སྨིན་གྱི་ཕན་དགེ་འདྲེན་ཐུབ་ཀྱི་མི་འདུག ལྷག་པར་དུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་ཡིག་དྲ་རྒྱའི་ནང་གི་གསར་འགྱུར་འགོད་སྟངས་དང་ཡིག་ནོར་དེ་དག་ནི་ངོ་ཚ་གཞི་དང་སེམས་པ་སྐྱོ་གཞི་ཞིག་རེད། མ་གཞི་ནས་དེ་ནི་བོད་དོན་ཐད་ཤ་ཚ་བསམ་ཤེས་མེད་པའི་ང་ཕོད་འཇིགས་མེད་ཀྱིས་ཆེད་བསྐྲུན་གོ་སྐབས་གཞན་ཞིག་མིན་ནམ་བསམ་ཡོང་།

    Reply
  20. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    དྲྭ་གྲོགས་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ཀྱི་དགོངས་ཚུལ་ལ་བསམ་ཚུལ་ཞིག་བྲི་འདོད། ང་ཚོའི་སྤྱི་ཚོགས་ནང་དྲི་བ་ཐུང་ཐུང་དང་། བསམ་ཚུལ་ཉུང་ཉུང་ཤོད་རྒྱུའི་གོམས་གཤིས་འཇགས་པར་ད་དུང་མི་ལོ་གང་མཚམས་འགོར་སྲིད། དེ་ནི་གསར་འགོད་པ་གཅིག་པུར་འཕོག་པའི་ནད་ཚ་ཞིག་ནི་ག་ལ་ཡིན། དེ་ལྟར་ངོས་འཛིན་གནང་བ་ཡིན་ན་ནོར་འཁྲུལ་ཆེན་པོ་རེད། དངོས་གནས་དེ་ནད་ཚ་ཞིག་རེད། ང་ཚོའི་སྤྱི་ཚོགས་ཡོངས་ལ་འཕོག་པའི་ནད་ཚ་ཞིག་རེད། གསར་འགོད་པས་གསར་འགྱུར་དང་དྲི་བ་དྲི་ལན་ཚང་མ་རྒྱ་ཆེའི་མི་མང་གི་ཆེད་དུ་ཡིན་ལའང་གཙོ་བོ་རྒྱ་ཆེའི་མི་མང་གི་གོ་ཤེས་བྱ་ཐུབ་པ་ཞིག་ཡོངས་བར་ངེས་པར་འབད་བརྩོན་བྱ་དགོས། ང་ཚོའི་སྤྱི་ཚོགས་ནང་རྒྱ་ཆེའི་མི་མང་དག་ནི་སྲིད་དོན་ལ་ཤིན་ཏུ་རྨོངས་པས་དྲི་བ་ཐུང་ཐུང་དང་བསམ་ཚུལ་ཉུང་ཉུང་ཞིག་གི་མི་མང་གིས་གོ་མི་ཐུབ་ལགས་དྲི་བ་འདྲི་ཡུལ་དག་གི་ཡང་གོ་ཐུབ་མིན་ཤེས་དཀའ་བས་གསར་འགོད་པ་རྣམས་ཀྱི་དྲི་བ་དག་རང་བཞིན་གྱི་རིང་པོ་ཆགས་པ་ཞིག་ལས་རིང་པོ་བཏང་བ་མ་རེད་མཉམ།

    Reply
  21. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    དྲྭ་གྲོགས་རིག་འབྱུ་དོན་གྲུབ་བཀྲ་ཤིས་ལགས་ཀྱི་དགོངས་ཚུལ་ལ་བསམ་ཚུལ་ཞིག་བྲི་འདོད། ང་ཚོའི་སྤྱི་ཚོགས་ནང་དྲི་བ་ཐུང་ཐུང་དང་། བསམ་ཚུལ་ཉུང་ཉུང་ཤོད་རྒྱུའི་གོམས་གཤིས་འཇགས་པར་ད་དུང་མི་ལོ་གང་མཚམས་འགོར་སྲིད། དེ་ནི་གསར་འགོད་པ་གཅིག་པུར་འཕོག་པའི་ནད་ཚ་ཞིག་ནི་ག་ལ་ཡིན། དེ་ལྟར་ངོས་འཛིན་གནང་བ་ཡིན་ན་ནོར་འཁྲུལ་ཆེན་པོ་རེད། དངོས་གནས་དེ་ནད་ཚ་ཞིག་རེད། ང་ཚོའི་སྤྱི་ཚོགས་ཡོངས་ལ་འཕོག་པའི་ནད་ཚ་ཞིག་རེད། གསར་འགོད་པས་གསར་འགྱུར་དང་དྲི་བ་དྲི་ལན་ཚང་མ་རྒྱ་ཆེའི་མི་མང་གི་ཆེད་དུ་ཡིན་ལའང་གཙོ་བོ་རྒྱ་ཆེའི་མི་མང་གི་གོ་ཤེས་བྱ་ཐུབ་པ་ཞིག་ཡོངས་བར་ངེས་པར་འབད་བརྩོན་བྱ་དགོས། ང་ཚོའི་སྤྱི་ཚོགས་ནང་རྒྱ་ཆེའི་མི་མང་དག་ནི་སྲིད་དོན་ལ་ཤིན་ཏུ་རྨོངས་པས་དྲི་བ་ཐུང་ཐུང་དང་བསམ་ཚུལ་ཉུང་ཉུང་ཞིག་གིས་མི་མང་གོ་མི་ཐུབ་ལགས་དྲི་བ་འདྲི་ཡུལ་དག་གི་ཡང་གོ་ཐུབ་མིན་ཤེས་དཀའ་བས་གསར་འགོད་པ་རྣམས་ཀྱི་དྲི་བ་དག་རང་བཞིན་གྱི་རིང་པོ་ཆགས་པ་ཞིག་ལས་རིང་པོ་བཏང་བ་མ་རེད་མཉམ།

    Reply
  22. བསྟན་ནོར། says:
    ལོ་ 15 སྔོན།

    ༥༽ མགོ་རུལ་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༣༠ གི་ཆུ་ཚོད་ ༢༠ སྐར་མ་ ༤༧
    ལེགས་ལ་འགྲེལ་བཤད་ཅིག་ཡོད་ཡོད་པ་རེད། བྱང་ལ་འགྲེལ་བཤད་ཅི་ཡང་མི་འདུག ཟམ་གདོང་བླ་མ་དེ་ཚིག་ལ་མཁས་པ་ཞིག་ཡིན་ས་མ་རེད། ལེགས་ནི་མེ་ཏོག་ལེགས་པོའམ་སྙིང་རྗེ་བོ་ཞིག་ཅེས་པ་དང་། བྱང་ནི་མེ་ཏོག་དེ་ལུང་པ་ཁ་བྱང་བསྟན་ཞིག་ཏུ་སྐྱེས་འདུག་ཅེས་པ་མིན་ནམ། དེ་ཡིན་ན་ནི་དགེ་འདུན་ཆོས་འཕེལ་གྱི་མི་ཚེའི་སྡོམ་ཚིག་ཅིག་རེད། མིན་ན་ནི་ལེགས་ཀྱིས་མཐུན་ཕྱོགས་ཤིག་སྟོན་པ་དང་། བྱང་གིས་མི་མཐུན་ཕྱོགས་ཤིག་སྟོན་གི་ཡོད་པ་མིན་འགྲོ དེ་མིན་ལེགས་བྱང་གོ་རྒྱུ་ཅང་མི་འདུག XXXདེས་ཝར་ན་ནས་འདི་མོ་གོ་རྒྱུ་མེད་པའི་ཐ་སྙད་གསར་བཟོ་བྱེད་རྒྱུ་མང་དྲགས་ནས་ཝར་ན་ནས་སློབ་དཔོན་དང་ངེས་སྟོན་པའི་ལག་ཁྱེར་རྫིག་པོ་བླངས་ཡོད་པའི་ཤེས་ཡོན་ཅན་ཉི་ཚེ་བ་དེ་དག་གི་ཁྲོད་དུ་བོད་རྩོམ་སྙན་པོ་ཚིག་བཞི་ཞིག་འབྲི་ཐུབ་མཁན་ཡང་དཀོན་པོ་ཆགས་པ་མིན་འགྲོ

    Reply
  23. བསྟན་ནོར། says:
    ལོ་ 15 སྔོན།

    ཨ་རིའི་རླུང་འཕྲིན་་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ད་དུང་་སྐུ་དྲག་གི་ཁྱིམ་ཚང་ཁ་ཤས་ཀྱིས་ཉར་བསྡད་ན་གསར་འགོད་པ་ཡག་པོ་རྙེད་གི་མ་རེད།

    Reply
  24. མདོ་ཁང་བསྟན་འཛིན་ཡོན་ཏན། says:
    ལོ་ 15 སྔོན།

    གསར་འགོད་པ་ཞིག་ལ་མཁོ་བའི་རྨང་གཞིའི་ཆ་རྐྱེན་བཞི་གཤམ་གསལ།
    དྲི་བ་གཏོང་ཤེས་དགོས།
    བསམ་ཚུལ་བཤད་ཤེས་དགོས།
    གནས་ཚུལ་བསྒྲིགས་ཤེས་དགོས།
    གསར་འགྱུར་སྤེལ་ཤེས་དགོས།

    Reply
  25. རི་བོང། says:
    ལོ་ 15 སྔོན།

    དངོས་གནས་བདེན་པ་རེད། སྔོན་མ་ཞིག་ལ་ས་གནས་འདིར་སྤྱི་མཐུས་གཉིས་གསལ་བསྒྲགས་གལ་ཆེན་ཞིག་གནང་སར་ཕེབས་སོང་། དེ་དུས་འདི་ནས་བླ་རྒན་ཞིག་གི་དྲི་བ་དང་བསམ་ཚུལ་སྦྲག་མ་ཞིག་གིས་ཆུ་ཚོད་ཕྱེད་ཀ་ལྷག་བཀག་སོང་བས་ཞེ་དྲག་ཉོབ་སོང་། ཁྱེད་ཀྱིས་དེ་རིང་བཤད་དུས་ངས་ཏག་ཏག་དེ་དྲན་སོང་། མི་དེའི་རིགས་ནི། དྲི་བ་གཏོང་མ་ཤེས་པའི་བཟོ་འདྲ། ཤེས་ཚད་ངོམས་སོ་བྱེད་ཀྱིན་ཡོད་པའི་བཟོ་འདྲ་ཞིག་ཏན་ཏན་མཐོང་གི་འདུག ག་རེ་ཡིན་མི་ཤེས།

    Reply
  26. མདོ་ཁང་བསྟན་འཛིན་ཡོན་ཏན། says:
    ལོ་ 15 སྔོན།

    སྐུ་ངོ་རྣམ་རྒྱལ་དགུང་ལོ་བགྲེས་པོ་ཡིན་ཙང་སྐད་ཆ་མང་པོ་བཤད་རྒྱུ་དགའ་བོ་ཡོད་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese