མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱིར་འབུད་ཟེར་བ་མེད་པར་བཟོ་དགོས་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༦/༣༠
Share on FacebookShare on TwitterShare on EmailShare on Whatsapp

 

ཐེངས་འདིར་མ་སུ་རིར་སློབ་མ་བཅུ་ཕྱིར་འབུད་དང་དེའི་ཐག་གཅོད་བྱེད་སྟངས་ཐད། མི་སྣ་སྐོར་ཞིག་ལ་སྐད་ཆ་དྲིས་སྐབས། སློབ་གྲྭའི་སྒྲིག་འཛུགས་དང་འགལ་ན་ཐག་གཅོད་གང་འདྲ་བྱས་ཀྱང་ཆོག་མོད། ཕྱིར་འབུད་ཟེར་བ་འདི་ངེས་པར་དུ་མེད་པར་བཟོ་དགོས་ཀྱི་འདུག་ལ། ཕྲུ་གུའི་མདུན་ལམ་གཏན་ནས་བརླག་རུང་གི་མི་འདུག་ཟེར།

འདི་གའི་གསར་འགོད་པས་ཕྱི་ཚེས་ ༢༨ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ལས་རོགས་འཇམ་དཔལ་སྨོན་ལམ་ལགས་སུ། ཐེངས་འདིར་མ་སུ་རིར་སློབ་མ་བཅུ་ཕྱིར་འབུད་བཏང་བ་དང་དེའི་ཐག་གཅོད་བྱེད་སྟངས་ཐད་ཁོང་སྒེར་གྱི་ལྟ་ཚུལ་ཅི་ཡིན་སྐད་ཆ་དྲིས་པར་གསུངས་དོན། སྤྱིར་བཏང་སློབ་གྲྭ་ཞིག་གི་ནང་དུ་གནད་དོན་བྱུང་དུས་ཐག་གཅོད་བྱེད་དགོས་པ་རེད། ཡིན་ནའང་། ཐེངས་འདིར་ཐག་གཅོད་བྱེད་སྐབས་སློབ་གྲྭ་ནས་ཕྱིར་འབུད་བཏང་བར་མ་ཟད། བལ་ཡུལ་དུ་བསྐྱལ་ཏེ་ཕྱིར་བོད་དུ་གཏོང་རྩིས་རེད་ཟེར་བས། ཐག་གཅོད་བྱེད་སྟངས་དེ་ཧ་ཅང་གི་ཚད་མཐོ་དྲགས་འདུག་ཅེས་དང་། ཡང་ཁོང་ལ་ཐེངས་འདིར་ཕྲུ་གུ་དེ་ཚོ་མཉམ་དུ་ཁྱིམ་ཚང་གི་ཕ་ཚབ་མ་ཚབ་གཉིས་ཀྱང་ཕྱིར་འབུད་བཏང་ཡོད། སློབ་གསོའི་སྡེ་ཁག་ཅིག་གི་ངོས་ནས་ཕ་ཚབ་མ་ཚབ་ལས་ཀྱང་དགེ་རྒན་དང་ལས་བྱེད་ཀྱི་སློབ་གསོའི་སྤུས་ཀ་གནད་འགག་ཏུ་མཐོང་བས། ཁྱེད་ལ་འདིའི་ཐད་ནས་དགོངས་ཚུལ་ཅི་ཡོད་ཅེས་དྲིས་པར། ཁོང་གིས་གསུངས་དོན། ཕ་ཚབ་མ་ཚབ་དེ་གཉིས་ཕྱིར་འབུད་བྱེད་དོན་ཁྱིམ་ཚང་དང་ཐད་ཀར་འབྲེལ་བ་ཡོད་སྟབས་ཁོང་གཉིས་ཕྱིར་འབུད་བཏང་བ་རེད།  ཡིན་ནའང་། གནས་ཚུལ་འདི་རྒྱུན་རིང་བོའི་གནས་ཚུལ་ཞིག་ཡིན་སྟབས། ཕ་ཚབ་མ་ཚབ་གཅིག་པུ་མིན་པར་སློབ་གྲྭའི་ནང་གི་དགེ་རྒན་དང་འབྲེལ་ཡོད་ལས་བྱེད་ཡོངས་ལ་འགན་ཡོད་པ་གསལ་བོ་རེད་ཅེས་གསུངས།

བོད་ཀྱི་རྩོད་རྙོག་འདུམ་འགྲིག་ལྟེ་གནས་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་ལགས་ཀྱིས། སློབ་ཕྲུག་ཅིག་གི་ངོས་ནས་ནོར་འཁྲུལ་ཡོང་གི་རེད་མོད། ནོར་འཁྲུལ་དེ་ཡོ་བསྲང་བྱེད་དགོས་པ་ལས་ཕྱིར་འབུད་གཏོང་བ་ནི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་མ་རེད། དཔེར་ན། ཐེངས་འདིར་ཕྱིར་འབུད་བཏང་བའི་སློབ་ཕྲུག་འདི་ཚོ་དང་ཐོག་ནས་ལམ་ནོར་དུ་ཕྱིན་ཡོད་སྟབས། ལམ་ནོར་ལྡོག་ཤེས་དང་ཐག་གཅོད་ལེགས་པོ་བྱེད་དགོས་པ་ལས་སློབ་གྲྭ་ནས་ཕྱིར་འབུད་བཏང་བ་དེས། ཁོང་ཚོའི་མི་ཚེ་གང་བོར་ལམ་ནོར་དུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་ལྟ་བུ་རེད། དེར་བརྟེན་སློབ་གྲྭ་ནས་ཕྱིར་འབུད་གཏོང་བ་དང་ཉེས་རྡུང་གཏོང་བ་སོགས་བྱེད་མི་དགོས་པར། མིའི་རྣམ་དཔྱོད་བེད་སྤྱོད་བཏང་སྟེ་ཁོང་ཚོའི་ནོར་འཁྲུལ་ཡོ་བསྲང་བྱེད་པ་དང་། མི་ཚེར་ཕན་ཐོགས་འབྱུང་རྒྱུར་ཐབས་ལམ་སྣ་ཚོགས་ཡོད་རྒྱུ་རེད་དྲན་ཡོད་ཅེས་གསུངས།  ཡང་ཁོང་གིས་ཐེངས་འདིར་བྱུང་བའི་གནད་དོན་འདིའི་རྩ་བ་ཏན་ཏན་སློབ་གསོ་དང་ལམ་སྟོན་གྱིས་མ་འདང་བར་བྱུང་བ་རེད། དཔེར་ན་གནད་དོན་འདི་ཉིན་གཅིག་གི་སྐད་ཆ་མ་རེད། ལོ་གཉིས་ཀྱི་སྐད་ཆ་རེད། ལོ་གཉིས་ཀྱི་སྐད་ཆ་ཡིན་ན་ལོ་དང་པོའི་ནང་དུ་ག་རེ་བྱས་ནས་ཐག་གཅོད་མ་བྱུང་བ་རེད། སྐབས་དེར་ཐག་གཅོད་བྱུང་ཡོད་ཚེ་མང་ན་སློབ་ཕྲུག་གཉིས་དང་གསུམ་ཡིན་སྲིད། ཡིན་ནའང་། འཛིན་སྐྱོང་གི་ངོས་ནས་ནོར་འཁྲུལ་གཅིག་ཀྱང་མེད་པ་ལྟར་ནོར་འཁྲུལ་ཚང་མ་ཕྲུ་གུ་ཚོའི་མགོར་དེད་ན་སློབ་གྲྭའི་སྒྲིག་འཛུགས་དེ་སྐྱོ་རུ་འགྲོ་བ་ལས་བཟང་དུ་འགྲོ་གི་མ་རེད་ལ། སྤྱི་ཚོགས་ཀྱི་གནས་སྟངས་ཀྱང་འདི་ལྟ་བུའི་སྟེང་ནས་ཡར་རྒྱས་འགྲོ་གི་མ་རེད་ཅེས་གསུངས།

གྷོ་པལ་པུར་བོད་ཁྱིམ་དུ་ལོ་དགུའི་རིང་དགེ་རྒན་གྱི་ཕྱག་ལས་གནང་མྱོང་བའི་དགེ་རྒན་ཟུར་བ་འོད་ཟེར་ལགས་ཀྱིས་གསུངས་དོན། སྤྱིར་བཏང་ཕྲུ་གུ་དེ་ཚོ་སྒྲིག་གཞི་དང་འགལ་ཡོད་པ་བདེན་པ་རེད་མོད། ངས་བལྟས་ན་སློབ་ཕྲུག་ཚོ་སློབ་གྲྭའི་སྒྲིག་འཛུགས་དང་འགལ་བར་ཧང་སང་གི་མི་འདུག འཛིན་སྐྱོང་དང་དགེ་རྒན་གྱི་ངོས་ནས་སློབ་ཕྲུག་ཅིག་གིས་ནོར་འཁྲུལ་བཟོས་སྐབས་དེ་མེད་པ་བཟོ་དགོས་པ་དེ་འགན་ཆགས་ཡོད་པ་ལས། སློབ་མ་དེ་ཚོར་དང་ཐོག་ནས་ནོར་འཁྲུལ་མེད་པའི་དབང་དུ་བཏང་ཚེ་དགེ་རྒན་ལས་བྱེད་ཀྱི་རྒྱབ་སྐྱོར་བྱེད་དགོས་པའི་ངེས་པ་དེ་ཙམ་མེད། དེར་བརྟེན་ཐེངས་འདིའི་ཐག་གཅོད་བྱེད་སྟངས་འདི་བྱེད་ཐལ་ཅུང་ཆེན་པོ་ཤོར་འདུག ལྷག་པར་དུ་གནད་དོན་འདིའི་འབྱུང་རྐྱེན་ངོ་མ་དེ་བུ་མོ་གཅིག་དེར་ཐུག་འདུག བུ་མོ་དེ་ཕྱིར་འབུད་གཏོང་བ་དང་ཡང་ན་སློབ་གྲྭ་གཞན་ཞིག་ལ་བརྗེ་སྤོར་བྱས་ན་འགྲིག་གི་འདུག་ལ། བྱེད་ཐབས་སྣ་ཚོགས་ཡོད་པས་སློབ་ཕྲུག་གི་ཉེས་པ་གཙང་སེལ་བྱེད་པར་བརྩོན་པ་དང་། དེ་མིན་གྱི་སློབ་ཕྲུག་གཞན་རྣམས་ལ་བྱས་ཉེས་ཀྱི་ལྕི་ཡང་ལྟར་ཐག་གཅོད་བྱས་ན་འགྲིག་འདུག ང་ཚོས་ད་ལྟའི་གནས་སྐབས་འདིར་ཕྲུ་གུ་གཅིག་གི་མི་ཚེ་འཕྲོ་བརླག་ཏུ་བཏང་ནའང་། དེ་ཧ་ཅང་གི་ཕངས་པོ་རེད་ཅེས་གསུངས།

ད་ལྟ་མཐོ་རིམ་སློབ་གྲྭར་འགྲིམ་བཞིན་པའི་མཐོ་རིམ་སློབ་མ་འབྲོང་བུ་ཟླ་བ་ལགས་ཀྱིས། ངས་སྤྱིར་བཏང་ནས་ཕྱིར་འབུད་ཟེར་བའི་གནད་དོན་འདི་འགྲིག་མེད་པ་ཞིག་ཏུ་མཐོང་གི་ཡོད། ནམ་རྒྱུན་བཤད་བསྡད་པ་ལྟར་གཞོན་སྐྱེས་ཚང་མར་བོད་ནང་དུ་སློབ་སྦྱོང་གི་གོ་སྐབས་དེ་ཙམ་རག་གི་མེད་པས། བོད་གཞིས་ཀྱི་ཕ་མ་མང་བོས་རང་གི་བྱིས་པ་ཚོ་བཙན་བྱོལ་དུ་བཏང་ན། མདུན་ལམ་དང་ཡར་རྒྱས་ཤིག་འགྲོ་གི་རེད་བསམ་གི་ཡོད། དེ་ལྟར་བཙན་བྱོལ་ལ་རེ་བ་ཞིག་བཅངས་ནས་བཏང་ཡོང་དུས་ང་ཚོས་ཀྱང་དེ་ལ་བསྟུན་ཏེ། སྒྲིག་འགལ་གང་ཞིག་བྱུང་བར་བརྟེན་ནས་ཕྱིར་འབུད་གཏོང་བ་འདི་འགྲིག་གི་མི་འདུག འདི་ནི་སློབ་གསོའི་གནས་ཚུལ་དམའ་བ་དང་སྐྱོ་བོ་ཡིན་པའི་རྟགས་གསལ་བོ་རེད་ཟེར།

རྩོམ་པ་པོ་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ལོ་རྒྱུས་རྩོམ་སྒྲིག་པ་ལྷ་ཆབ་སྦྱིན་པ་ལགས་ཀྱིས། ངས་ཉེ་ཆར་གནས་ཚུལ་འདི་ཐོག་མར་བོད་ཀྱི་དུས་བབ་དྲ་རྒྱ་བརྒྱུད་ནས་ཤེས་རྟོགས་བྱུང་། སྐབས་དེར་མཆན་ཅི་ཞིག་བརྒྱབས་ཡོད་ཟེར་ན། སློབ་མ་ཕྱིར་འབུད་གཏོང་བ་ལས་སློབ་སྤྱི་ཕྱིར་འབུད་གཏོང་དགོས་ཀྱིན་འདུག སློབ་སྤྱིས་མ་འཇོན་པ་མ་གཏོགས་བོད་ཁྱིམ་སློབ་གྲྭ་གཞན་ཁག་ནའང་། སློབ་མ་མང་བོ་འདུག སྡེ་ཁག་མང་བོ་འདུག ཡིན་ནའང་། སློབ་གྲྭ་གཞན་ཁག་ཏུ་འདི་ལྟ་བུའི་གནས་ཚུལ་ཅིའི་ཕྱིར་འབྱུང་གི་མེད་པ་རེད་དམ། དེ་ཐད་ཀར་དུ་བདག་སྐྱོང་བྱེད་མཁན་དང་ཁྲིམས་དང་སྒྲིག་གཞི་ལག་བསྟར་བྱེད་མཁན་གྱིས་མ་འཇོན་པ་ལས། སློབ་མ་གཅིག་པུའི་ནོར་འཁྲུལ་རེད་ཅེས། སློབ་མ་གཅིག་པུར་ཁྲིམས་ཆད་བཅད་ན་འགྲིག་གི་མི་འདུག་ཟེར་ནས་བྲིས་ཡོད་ཅེས་གསུངས།

གནད་དོན་འདིའི་ཐད་དུ་བོད་ཀྱི་དུས་བབ་དྲ་ཐོག་ཏུ་རཱ་ལོ་འབོད་པས་རྩོམ་ཡིག་ཅིག་སྤེལ་ཏེ། རྒྱལ་སྤྱིའི་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ལྟར་ན། བྱིས་པ་ལ་རྒྱལ་མཚམས་མེད་ལ། ཁོང་ཚོ་གང་དུ་འགྲོ་ན་རང་དབང་ཡིན་སྟབས། བོད་རིགས་བྱིས་པ་ཚོ་ཕྱིར་རང་གི་ཕ་མའི་འགྲམ་དུ་ལོག་བཅུག་པ་འདི་རྒྱལ་སྤྱིའི་ཁྲིམས་ཐོག་ནས་འགྲིག་བསྡད་ཡོད། ཅེས་དང་། གལ་སྲིད་ཐེངས་འདིར་བོད་གཞུང་གིས་བྱིས་པ་དེ་ཚོ་ཕྱིར་རང་རང་གི་ཕ་མའི་འགྲམ་དང་སོ་སོའི་ཕ་ཡུལ་ལ་ལམ་འཇུག་བྱས་པ་དེ་རྒྱ་ལག་ཏུ་རྩིས་སྤྲོད་བྱས་པར་ངོས་འཛིན་བྱ་རྒྱུ་ཡིན་ཚེ། བོད་གཞུང་གིས་བོད་རིགས་ཚོ་རྒྱ་ནག་གི་ལག་ལ་རྩིས་སྤྲོད་བྱས་པར་གྲངས་ཀ་མེད། བོད་གཞུང་གིས་བོད་ནས་ཡོང་བའི་གཞོན་སྐྱེས་ཚང་མ་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད། དཔེར་ན། གསོག་སྒར་སློབ་གྲྭའི་སློབ་མ་དང་འཛིན་གྲྭ་ཁུངས་མ་འཁྱོལ་མཁན་བོད་ཁྱིམ་གྱི་བྱིས་པ་ཚང་མ་ཕྱིར་བོད་དུ་ལོག་དགོས་པའི་སྲིད་བྱུས་བཟུང་ཡོད་པར་མ་ཟད། ད་བར་དུ་བོད་གཞུང་གིས་བྱིས་པ་དེ་དག་ལ་སོ་སོའི་ཕ་ཡུལ་བར་དུ་འདང་ངེས་པའི་ལམ་གྲོན་ཡང་སྤྲོད་ཀྱི་ཡོད། འདི་དག་ཀྱང་བཤད་ཕྱོགས་བརྗེ་ན་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་ཡིན་པས་ཁྱབ་དགོས་པ་རེད། ཅེས་སྤྱི་ཚོགས་ནང་ཐེངས་འདིར་འཛིན་སྐྱོང་བཀའ་ཤག་གིས་སློབ་ཕྲུག་འདི་ཚོ་ཕྱིར་རྒྱ་ལག་ཏུ་བཞག་སྐོར་བསམ་ཚུལ་མང་བོ་ཡོད་པར་གསལ་འགྲེལ་མཛད་ཡོད།

དེ་བཞིན་བོད་ཀྱི་དུས་བབ་དྲ་ངོས་སུ་སྤོབས་པ་མཐའ་ཡས་ལགས་ཀྱིས་ཀྱང་། ཐེངས་འདིར་མ་སུ་རིའི་སྒྲིག་འགལ་སློབ་ཕྲུག་ཕྱིར་འབུད་བཏང་བ་དེར་རྒྱབ་རྩ་བྱེད་མཁན་འདི་འདྲ་མང་པོ་ཞིག་ཡིད་པ་དེ་ཡ་མཚན་དགོས་པ་ཞིག་རེད། ཚོགས་པ་སྒྲིག་འཛུགས་གང་ཡིན་ན་ཡང་ཕྱིར་འབུད་བྱེད་འོས་པའི་སྒྲིག་གཞི་ཞིག་དང་འགལ་ན་ཕྱིར་འབུད་བྱེད་པ་དེ་རྒྱུན་ལྡན་རེད། དེ་ཧ་ལས་དགོས་པ་ཞིག་མ་རེད། བཙན་བྱོལ་ནང་ནས་ཚོགས་པ་སྒྲིག་འཛུགས་གང་རུང་ནས་ཕྱིར་ཐོན་ཚེ་བོད་དུ་འགྲོ་མཁན་ཚོར་ལམ་གྲོན་ཁ་གསབ་ཞིག་ཀྱང་སྣེ་ལེན་ཁང་བརྒྱུད་ནས་ཐོབ་ཀྱིན་ཡོད་པ་རེད། དེ་ཡང་ང་ཚོའི་ཚོགས་པ་སྒྲིག་འཛུགས་ཚོའི་བཀའ་དྲིན་ཡིན་པ་ལས་སློབ་གྲྭ་གཞན་ནས་སྒྲིག་འགལ་མཁན་ཕྱིར་ཕུད་སྐབས་ལམ་གྲོན་སྟེར་མཁན་ཞིག་དཀོན་པོ་རེད། བོད་དུ་འགྲོ་མཁན་ཡིན་རུང་མིན་རུང་ཁེ་བཟང་ལ་བསམ་ནས་ལམ་གྲོན་དེ་ལེན་མཁན་མང་པོ་རེད། ཅེས་ཁོང་རྣམ་གཉིས་ཀྱིས་མང་ཚོགས་ཀྱི་སྐད་ཆ་ཙམ་ཡིན་པར། གནད་དོན་འདིའི་ཕྱོགས་ངོས་གཞན་ནས་ཀྱང་གླེང་སློང་གནང་ཡོད།
གང་ལྟར་ཐེངས་འདིར་མ་སུ་རི་བོད་ཁྱིམ་སློབ་གྲྭར་བྱུང་བའི་གནད་དོན་འདིའི་ཐད་དུ་ལྟ་ཚུལ་མི་མཐུན་པ་ཁག་ཅིག་ཡོང་བཞིན་པ་ནི། སྤྱི་ཡོངས་ནས་སྒྲིག་ཁྲིམས་འོག་ཏུ་ཡོད་ཀྱང་བུ་བུ་མོ་མང་ས་ནས་ཕན་ཚུན་ལ་ལུས་འབྲེལ་བྱེད་པ་ལྟ་བུ་ཡོང་གི་རེད་ཅེས་པ་དང་། འདི་ལྟ་བུའི་གནད་དོན་རིགས་ཚབས་ཆེན་རེད། སློབ་མ་སྤྱི་བྱིངས་ཀྱི་གནས་སྟངས་ལ་གཞིག་སྟེ་ཐག་གཅོད་ནན་པོ་བྱེད་དགོས་ཞེས་པ། ཡང་སློབ་གྲྭ་གཞན་ཁག་ན་དེ་ལྟ་བུའི་གནད་དོན་མང་བོ་འབྱུང་གི་མི་འདུག་པས་འདི་སློབ་གསོས་མ་འདང་བའི་སྐྱོན་རེད་ལྟ་བུ་སྤྱི་ཡོངས་ཀྱི་སྐད་ཆ་བཤད་མཁན་དང་། ཡང་ཐེངས་འདིའི་ཐག་གཅོད་བྱེད་སྟངས་སྐོར་ལ། སློབ་མར་ཉེས་པ་ལྕི་ཡང་གི་གོ་རིམ་ལྟར་ཐག་གཅོད་དགོས་ནའང་སློབ་མ་དེ་དག་གི་མདུན་ལམ་ཆེད་སློབ་གྲྭ་ནས་ཕུད་ཉན་གི་མ་རེད་ཅེས་དང་། ཉེས་པ་ལྕི་ཡང་གི་གོ་རིམ་ལྟར་རེ་ཟུང་ཕུད་ན་འགྲིག་ཀྱང་། ཚང་མ་ཕུད་པ་འགྲིག་མི་འདུག་ཟེར་བ་དང་། སློབ་གྲྭ་ནས་ཕུད་པ་འགྲིག་ཀྱང་བོད་དུ་སྐྱེལ་རྩིས་བྱས་པ་འགྲིག་མི་འདུག་ལྟ་བུ་དག་ཡིན།

འདིའི་ཐད་དུ་ད་ལྟ་བཀའ་ཤག་གིས་གནང་སྟངས་ལ་བལྟས་ན། ཐེངས་འདིའི་ཐག་གཅོད་རང་བཞིན་འགལ་འཛོལ་ཤོར་ཡོད་ཐོག གོམ་གང་ཕྱིར་ནུར་གྱིས་གོམ་པ་གསར་པ་ཞིག་སྤོ་རྒྱུ་ཡིན་གསུངས་ཡོད་སྟབས། ད་ནི་མང་ཚོགས་ཀྱིས་བཀའ་ཤག་གིས་གོམ་པ་གསར་པ་དེ་ཇི་ལྟར་སྤོ་མིན་ལ་ལྟ་རྒྱུ་དེ་རེད།

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

ཆུ་ཚོད་ ༣ སྔོན་ལ།
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

ཆུ་ཚོད་ ༥ སྔོན་ལ།
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

ཆུ་ཚོད་ ༧ སྔོན་ལ།
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

༢༠༢༥/༡༡/༠༤

མཆན། 26

  1. གངས་ཅན། says:
    ལོ་ 15 སྔོན།

    དྷ་སྟེང་བོད་ཁྱིམ་གྱི་ཕྱིར་འབུད་ཅེས་པའི་ཚིག་བརྗོད་དེ་སྒྲིག་གཞི་ལས་ཕྱིར་འཐེན་བྱས་པའི་རྐྱེན་གྱིས་དེང་སང་སུ་ཇ་དང་དེ་འདྲ་ན་སློབ་ཕྲུག་དེ་ཚོ་ཡར་མར་འཁྱམས་ནས་འཛིན་སྐྱོང་གི་སྐད་ཤོར་གྱི་ཡོད་པའི་གནས་ཚུལ་གོ་ཐོས་འདུག བཙན་བྱོལ་གྱི་གནས་སྟངས་ལ་ལྟོས་ནས་འཇམ་རྩུབ་གཉིས་ཀྱི་སྒྲིག་གཞི་དགོས་པ་གལ་ཆེན་པོ་རེད།

    Reply
  2. ལྷུན་གྲུབ། says:
    ལོ་ 15 སྔོན།

    རྟ་ནག་སྐལ་བཟང་ལུང་རིགས་ཟེར་བ་དེས་ག་རེ་བཤད་པ་རེད་། དེ་ནི་སྙོ་གཏམ་འདྲ་པོ་འདུག། མ་སུ་རིའི་སློབ་གྲ་དེ་ནི་བོད་ཀྱི་རབ་བྱུང་པའིདགོན་པ་བཞིན་མདོ་དང་འདུལ་བ་ཉམས་སུ་ལེན་ས་འདྲ་བོ་དང་ སློབ་ཕྲུག་ཚོ་མདོ་དང་འདུལ་བ་ཉམས་སུ་ལེན་མཁན་འདྲ་བོ་བཤད་འདུག། འདི་དག་ནི་སྐབས་སུ་མ་འབྲེལ་བའི་བསམ་ཚུལ་རེད།

    ཡང་ཁོང་གིས་། སློབ་ཕྲུག་གནས་བྱུང་གཏོང་བའི་སྐོར་འདི་ནི་གནས་ཚུལ་ཆུང་ཆུང་རེད་ཟེར། ངས་བསམ་པར་འདི་ནི་གནས་ཚུལ་ཆུང་ཆུང་ཞིག་གཏན་ནས་མིན་། གང་ཡིན་ཞེ་ན་། ལོ་ཚད་ཅོ་བརྒྱད་མ་ལོང་པའི་ཕྲུག་གུ་ལ་ཁྲིམས་ཆད་བཏང་བ་དང་། ཁྲིམས་ཆད་དེ་ཡང་ཕྲུག་གུ་སློབ་གྲ་ནས་ཕྱིར་ཕུད་པ་མ་ཚད་བཙན་བྱོལ་སྤྱི་ཚོགས་ནས་ཕྱིར་འཕུད་ཐོག་བཀའ་ཤག་དང་ཤེས་རིགས་ལས་ཁུངས་དེ་བཞིན་མ་སུ་རིའི་སློབ་གྲ་ནས་ཐག་བཅད་ཟིན་པ་ཡོངས་གྲགས་རེད། དེ་ལྟར་མི་ན་ཕྲུག་གུ་ཚོ་བལ་ཡུལ་བར་དུ་ག་རེ་
    བྱས་ནས་ཕུད་པ་རེད། དེ་ཕྱིར་འདི་ནི་གནས་ཚུལ་ཆུང་ཆུང་མིན་པར་འདོད།

    གཞན་ཡང་ང་ཚོས་རྒྱ་ནག་ལ་ལོ་ཚད་མ་ལོང་པའི་བྱིས་པ་ལ་ཁྲིམས་བཅད་མི་རུང་ཞེས་ལོ་ངོ་མང་པོའི་རིང་སྐད་འབོད་བྱས་པ་དེ་ལ་བསམ་བློ་ཞིག་གཏང་རོགས།

    Reply
  3. འབའ་ཐང་གི་བུ། says:
    ལོ་ 15 སྔོན།

    ཉམས་མྱོང་དང་ཤེས་ཡོན་ཅན་རྣམས་ཀྱིས་མ་སུ་རི་སློབ་གྲྭའི་དོན་རྐྱེན་སྐོར་ཇི་ལྟར་ནན་བཤད་གནང་བ་དེ་དག་ལ་གཡག་ཞྭ་རས་རྩྭ་བཟའ་མཁན་རྭ་ལོ་དང་སྤོབས་པ་མཐའ་ཡས་གཉིས་ཀྱིས་གང་གཟབ་གཟབ་ངང་ཐེངས་འགའ་ཞིག་བཀླགས་ཏེ་མི་རིང་བར་ཉོམ་ཆུང་ལ་རྒྱབ་སྐྱོར་དང་བདེན་པར་རྒྱབ་ལངས་ཐུབ་པའི་རེ་བ་ཡོད། གཞན་ཞུ་རྒྱུ་གང་ཡང་མེད། གང་བཤད་དགོས་ཚད་ནི་བཤད་ཟིན་པ་ཡིན། རྡོ་སེམས་ངོ་བོ་གཅིག་པའི་མི་རྣམས་ལ་བཤད་ཀྱང་འབྲས་མེད་ཡིན་པ་ཤེས་ནས་ཐལ།

    Reply
  4. རྟ་ནག་སྐལ་བཟང་ལུང་རིགས། says:
    ལོ་ 15 སྔོན།

    སློབ་དབྱུང་བཏང་བ་འགྲིག་འདུག། སློབ་རྭ་ལ་དེ་འོས་ཀྱི་སྒྲིག་གཞི་ཡོད་པས་འགྲོ་བ་མིའི་ཐོབ་ཐང་སྨྲ་བརྗོད་རང་དབང་གླེང་ས་མེད།

    Reply
  5. རྟ་ནག་སྐལ་བཟང་ལུང་རིགས། says:
    ལོ་ 15 སྔོན།

    ཉེ་ཆར་སློབ་རྭ་ག་གེ་མོ་ཞིག་ཏུ་འཁྲིག་སྲེད་ཀྱི་དོན་རྐྱེན་ཕལ་བ་ཞིག་བྱུང་བ་ལ་བརྟེན་ནས་ཤེས་ཡོན་གྱི་སྡེ་རུ་བསྙད་པའི་བཙན་བྱོལ་རྩོམ་འབྲི་བ་དང་།གསར་འགྱུར་ལས་རིགས་པ་རྣམས་ཀྱིས་ཀྱང་ཆུང་ཆུང་ཆེན་པོ་དང་།ཆེན་པོ་ཤིན་ཏུ་ཆེན་པོའི་ངོ་བོར་སྦྱར། སྦྱར་ནས་འབྱོར་མ་འབྱོར་གང་ལྟར་ཡང་། བྱུང་བ་ཕྲན་བུ་དེ་དོན་རྐྱེན་གླིང་ལ་གྲགས་པ་ཞིག་ཏུ་བསྒྱུར་ཅི་ཐུབ་བྱས། དེ་ལྟར་ཡིན་འོས་ཏེ།ཁོ་ཚོར་གནད་དོན་ཆེན་པོ་ཞིག་གླེང་བའི་ཤེས་རབ་ཀྱིས་དབུལ་ལ།རྣམ་དཔྱོད་ཀྱིས་ཕོངས་པས་ག་དུས་ཡིན་ནའང་ས་སྙི་སའི་གྲོ་མ་རྐོ་བ་རེད།
    ༢
    སྤྱིར་དེང་དུས་བོད་ཀྱི་ཡི་གེ་བ་དག་དང་།སྒོས་སུ་བཙན་བྱོལ་རྩོམ་འབྲི་བཏགས་པ་བ་རྣམས་ནི་གཞལ་བྱའི་གནས་གང་ལའང་འཇལ་བྱེད་ཤེས་རབ་ཀྱི་སོ་ཁ་ཤིན་ཏུ་རབ་ཏུ་རྟུལ་བ་དང་རྡུགས་པའི་རྣམ་པ་ཅན་ཡིན་པས། དུས་རྣམ་ཀུན་ཏུ་རང་སྐྱོན་འཆབ་པ། གཞན་སྐྱོན་བསྔོགས་པ།ཁ་ཟེར་གཏོང་བ།བསམ་བཞིན་དུ་གླགས་འཚོལ་བ།ཉེས་ལ་ཆགས་པ།རིང་ལ་སྡང་བ་སོགས་སྤྱིར་བཏང་གི་མི་དཀྱུས་མ་ཞིག་ལའང་ཡོད་མི་འོས་པའི་བསམ་བློ་བཙོག་པོ་དེས་བྱང་ཁོག་བརླམས་ནས་ཡོད།
    ༣
    དེ་བས་ཐེངས་འདིའི་འཁྲུག་སྲེད་ཀྱི་ཉེར་ལེན་ལས་སློབ་དབྱུང་བཏང་བའི་དོན་རྐྱེན་ཆུང་ཆུང་འདི་ཡང་ཤིན་ཏུ་ནས་ཆེན་པོ་ཞིག་ཡིན་པའི་ཟོལ་དུ་སྦྱར་ནས། དགོས་མེད་མཁོ་མེད་ཀྱི་གླེང་རྙོག་རྫོབ་པོ་དག་དྲ་ངོས་དག་ཡོངས་སུ་ཁེངས་པར་བྱས། མི་བུ་གང་ཞིག་ཚོགས་སྡེ་ག་གེ་མོ་ཞིག་གི་ཚོགས་མིར་གྱུར་ཚར་རྗེས་ཚོགས་མི་བྱིངས་ཀྱིས་འགན་ལེན་བྱས་པའི་ཀུན་སྤྱོད་སྒྲིག་གཞི་དང་འགལ་ན་ཀུན་སྤྱོད་བརྡབ་བཤིག་གི་ཉེས་པ་བཀལ་ལོས་ཆོག། བཀལ་ན་འོས་ཤིང་འཚམས་པ་ཞིག་རེད།
    ༤
    འགྲོ་བ་ཀུན་པོའི་རང་རྒྱུད་ན་གཉུག་མར་གནས་པའི་འདོད་སྲེད་ཀྱི་སེམས་བྱུང་དེ་དགག་ན་འགོག་མི་ཐུབ་པ་ཞིག་ཡིན་པ་ནི་སུ་ཡིས་བསྙོན་ནུས་ཏེ་མི་ནུས་སོ།།འགོག་མི་ཐུབ་པ་རྒྱུ་མཚན་དུ་བྱས་ནས་ཀུན་སྤྱོད་ཀྱི་བསྲུང་བྱ་དག་རྩིས་མེད་དུ་གཏང་དགོས་ན།ཀུན་སྤྱོད་གཙོ་བོར་སྟོན་པའི་འདུལ་བའི་གླེང་འབུམ་ཆེན་མོའང་མཁོ་མེད་རེད་ལ།རུང་བ་ཐོག་ཏུ་འཁྱོལ་བ་དང་མ་རུངས་པ་ཚོད་འཛིན་པའི་ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་ཡང་དགོས་མེད་རེད།
    ༥
    ནུབ་ཕྱོགས་པའི་ཆགས་སྲེད་རིག་གནས་དང་།གངས་ཅན་པའི་ཀུན་སྤྱོད་རིག་གནས་གཉིས་ལ་དུས་རྣམ་ཀུན་ཏུ་མཚུངས་ཆོས་རྩ་བ་ནས་མི་འདུག་པས། ང་ཚོས་ང་ཚོར་ཡོད་པའི་ཀུན་སྤྱོད་རིག་གནས་ཀྱི་མཛེས་པ་མ་བརླགས་ན་ཡག་པོ་རེད། སློབ་རྭ་ནི་མིའི་ཀུན་སྤྱོད་དང་ཤེས་རབ་བཙོ་སྦྱང་བྱེད་ས་ཡིན་དགོས་པ་དང་།ལྷག་པར་ཀུན་སྤྱོད་སྣེ་ཁྲིད་ཀྱི་སྟོན་པ་༸གོང་ས་མི་ཡི་དབང་བོས་དབུ་ཁྲིད་པའི་སློབ་རྭ་ཞིག་ཡིན་ན་ངེས་པར་དུ་དེ་ལྟར་ཡིན་འོས།
    ༦
    འཁྲིག་སྲེད་བརྟེན་པ་ནི་ལུས་ཀྱི་ཀུན་སྤྱོད་དང་འབྲེལ་ཅིང་།མི་གསོད་པ་བཞིན་གྱི་འགོག་འོས་ཀུན་སྤྱོད་ཀྱི་ཁོངས་སུ་མི་གཏོགས་ནའང་།འཁྲིག་སྲེད་ཀྱི་ལས་བགྱི་བ་ལ་ཡུལ་དང་དུས་དང་གནས་ལ་བལྟ་དགོས་པ་ནི་གངས་ཅན་པའི་ཀུན་སྤྱོད་རིག་གནས་ཁོ་ན་ལ་དངའ་བའི་ཁྱད་ཆོས་ཤིག་ཡིན་པས་ནུབ་ཕྱོགས་པའི་ཆགས་སྲེད་རིག་གནས་ཀྱིས་རྒྱས་འགེབས་མ་བྱས་ན་ཤིན་ཏུ་ནས་བཟང་སྙམ།
    ༧
    གསར་འགྱུར་རྩོམ་འབྲི་བ་ཁ་ཤས་ཀྱིས་ཐེངས་འདིའི་འཁྲུག་སྲེད་དོན་རྐྱེན་ལ་བརྩེ་དུང་གི་ཐ་སྙད་སྦྱར་ནས་གླེང་འདུག་ནའང་། འདི་ནི་སྲེད་པ་ལས་བརྩེ་བ་ཞེས་པ་ཡེ་ནས་མི་འཇུག་པས།འདོད་སྲེད་མངོན་གྱུར་པའི་སྒོ་འགོག་པ་ནི་བོད་པ་ཚང་གི་མི་ཆོས་ཀུན་སྤྱོད་རིག་གནས་ཀྱི་ངོས་ནས་བལྟས་ན་འོས་ཤིང་འཚམས་པ་ཞིག་ཏུ་ཁོ་བོས་འདོད།དེ་བས།ཐེངས་འདིར་སློབ་དབྱུང་བཏང་བ་ནི་ཀུན་སྤྱོད་དག་ཐེར་བྱས་ཡིན་པས་ལས་ཀ་བྱས་སྟངས་དེ་འགྲིག་འདུག་ཅེས་ཁོ་བོས་སྨྲ།
    ༨
    སློབ་རྭ་འདི་གཅིག་བུ་མ་ཡིན་པར་ད་དུང་བཙན་བྱོལ་གྱི་ཤེས་ཡོན་སྡེ་ཁག་སོ་སོ་ན་དུད་ནག་འཇིབ་པ། ས་དཀར་རྔུབ་པ། འཁྲིག་སྲེད་བརྟེན་པ་སོགས་ཐལ་དྲགས་པའི་ཀུན་སྤྱོད་དག་སྣོད་ཞབས་བརྡོལ་གྱི་ཆུ་བཞིན་དུ་བཞུར་དང་བཞུར་གྱིན་འདུག་པས། དགག་དགོས་ན་དེ་ཁོག རྩོད་དགོས་ནའང་དེ་རྩོད།
    ༩
    བཙན་བྱོལ་གྱི་དྲ་ཚིགས་རྩོམ་འབྲི་བ་དག་ལ་མཚན་ཉིད་ཅིག་ཀྱང་ཞོར་ནས་བསྟན་ན་དགོས་ཆེ་སྙམ་ཏེ།དཀྱེལ་ཡངས་ཀྱི་བསམ་བློ་དང་དཔྱོད་ཤེས་ཀྱི་རིག་པས་སྟོངས་པ་གང་ཞིག ཆོས་ཆོལ་རིས་གཅོད་དང་། རང་རྒྱལ་གཞན་ཕམ་གྱི་ལོག་རྟོག་ཅན་དེ་བཙན་བྱོལ་གྱི་དྲ་ཚིགས་རྩོམ་འབྲི་དག་གི་མཚན་ཉིད་དོ།།

    Reply
  6. འཇམ་དཔལ་སྒྲ་དབྱངས། says:
    ལོ་ 15 སྔོན།

    ཀྱེ་མ་འཇིག་རྟེན་གྱི་ཁམས་ལ་ཡོངས་མི་སྲིད་པ་མ་རེད་ཡིན་ན་ཡང་སློབ་ཕྲུག་ཕྱིར་འབུད་བྱེད་ན་མི་ལེགས་སོ་དེང་སང་སློབ་ཁང་མང་ཆེས་ཤོས་སྟོང་པ་ཆག་འདུག་ཁྱེད་རང་རྣམས་པ་ཚོ་བསམ་ལོ་ཡག་པོབཏང་ན་ལེགས་དགེ་རྒན་གྱིས་དགེ་ཕྲུག་ལ་འཁྲིག་པ་སྤྱོད་ནས་སྡད་ཡོད་དེ་རྣམས་ཁྲིམ་འགལ་ཡིན་པ་ལ་མཚུངས་པའི་ཕྱིར་རོ།

    Reply
  7. ལྷུན་གྲུབ། says:
    ལོ་ 15 སྔོན།

    ཉེས་པ་ཚང་མ་ཕྲུག་གུའི་ཐོག་ལ་གཡོག་དེ་ནས་ཕ་ཚབ་དང་མ་ཚབ་ལ་གཡོག།
    རྒྱུ་མཚན་ནི་རྒྱབ་རྟེན་མེད་པས་ཡིན།
    ཉེས་པ་ཆེ་བའི་སློབ་སྤྱི་དང་སློབ་དགེ་རྣམས་ཉེས་མེད་ཁུངས་སུ་བཞག་།
    འདི་དག་ནི་གནའ་བོའི་སྐུ་དྲག་ལམ་ལུགས་ཀྱི་བྱེད་སྟོངས་རེད།

    Reply
  8. བཙན་པོའི་བུ། says:
    ལོ་ 15 སྔོན།

    གལ་ཏེ་མ་སུ་རི་སློབ་གྲྭས་ཕྱིར་ཕུད་བྱས་པའི་སློབ་ཕྲུག་དེ་དག་གི་ཁྲོད་དུ་ང་ཡང་ཐེ་ཡོད་པའི་དབང་དུ་བཏང་ན། ངས་སྐད་ཆ་འདི་འདྲ་ཞིག་བཤད་ས་རེད། གལ་ཏེ་འགྲིགས་འགལ་གྱིས་འཁྲིག་སྤྱོད་བྱེད་མཁན་ཚང་མ་ཕྱིར་འབུད་གཏོང་དགོས་པའི་དབང་དུ་བཏང་ན། འོ་ན་སློབ་དགེ་སློབ་ཕྲུག་བུ་མོ་དག་ལ་གསང་སྟབས་ཀྱིས་འཁྲིག་པ་སྦྱོད་མཁན་ཚོ་ཅིས་ཕྱིར་ང་ཚོ་ལྟར་ཕྱིར་འབུད་བྱ་མི་དགོས་པ་རེད། ཁྱེད་བོད་གཞུང་བཀའ་བློན་ཁྲི་བ་དང་སློབ་གྲྭའི་དབུ་འཛིན་ཚང་འཛོམས་ཐོག་གྲོས་ཐག་འདི་བཅད་དེ། ངེད་ཅག་འཁྲིག་པ་སྤྱོད་མཁན་དག་རྒྱང་འབུད་གཏོང་རྒྱུར་གཏན་ཁེལ་བ་ཡིན་ན། འོ་ན་ང་ཚོས་འཁྲིག་པ་སྤྱོད་པ་ཙམ་གྱིས་ང་ཚོ་བོད་གཞུང་གི་སྐྱབས་འོག་ཏུ་མ་ཚུད་པ་ཨེ་རེད། བོད་གཞུང་ཞེས་པ་འདི་དགེ་འདུན་འདུལ་བའི་ཁྲིམས་ལྟར་ཐག་གཅོད་བྱེད་མཁན་གྱི་ཚོགས་པ་ཞིག་རེད་དམ། ཡང་ན་ངེད་ཅག་ཁྱིམ་པ་བའི་སྡེ་ཚུད་པའི་དམངས་གཙོའི་ཚོགས་པ་ཞིག་རེད། མདོར་ན། བོད་གཞུང་ཞེས་པ་འདི་ད་རུང་འདུལ་ཁྲིམས་གཞིར་རྩར་འཛིན་པའི་དགེ་འདུན་པའི་ཚོགས་པ་ཞིག་ཡིན་ན། ང་ཚོ་ལ་ཅི་ནས་ཀྱང་འཇིག་རྟེན་ཁྱིམ་པ་པའི་ཁམས་དང་མཐུན་པའི་བོད་གཞུང་ཞིག་དགོས་ཞེས་སྐད་གསེང་མཐོན་པོས་བསྒྲགས་ངེས་ཡིན། དེ་མིན་ཁྱེད་ཅག་གིས་རང་སྣང་གང་དྲན་གྱིས་ངེད་ཅག་བྱིས་པ་ཀླད་ལོག་ཁག་ཅིག་ལ་མཐོང་ཆུང་བྱས་པ་ཡིན་ན། ང་ཚོས་ཀྱང་ནམ་ཞིག་ཁྱེད་ཅག་ལ་དགྲ་ཤ་ཞིག་ལེན་ངེས་ཡིན། རྒྱུ་མཚན་ནི། གནད་དོན་འདིས་ང་ཚོའི་འབྱུང་འགྱུར་ཐག་གཅོད་བྱེད་བཞིན་པས་ཡིན། སྤྱིར་བུད་མེད་བསྟེན་པ་དང་འཁྲིག་པ་སྤྱོད་པ་ནི་འགྲོ་བ་མི་ཡོད་དོ་ཅོག་གི་རང་བཞིན་ལྷན་སྐྱེས་སུ་གྲུབ་པའི་གཤིས་ཀ་ཞིག་ལས། དེ་ལ་དམིགས་བསལ་གྱིས་རྒྱང་ཕུད་གཏོང་དགོས་པའི་ངེས་པ་ཡེ་ནས་མ་མཆིས། གོ་ཐོས་སུ་ཁྱེད་བཀའ་བློན་ཁྲི་བས་ཀྱང་འདྲ་མིན་སྣ་ཚོགས་ཤིག་བྱས་ཡོད་པའི་ནས་ཚུལ་མང་པོ་འདུག་ཀྱང་། དེ་ནི་སྐད་ཆའི་ཟུར་ཙམ་ལས་ཡོངས་སུ་བཤད་དགོས་དོན་མ་མཆིས། གང་ལྟར། ཁྱེད་ཅག་གིས་ང་ཚོ་ལྟར་འགྲིག་འགལ་གྱིས་འཁྲིག་པ་སྤྱོད་མཁན་ཚང་མ་ཕྱིར་འབུད་གཏོང་རྒྱུ་ཡིན་ན། འོ་ན། སུ་ཇ་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཆོས་ཅན། གུང་གསེང་ནམ་ཡིན་དུ་ཕྱི་ལོག་ལ་འཁྲིག་པ་སྤྱོད་དུ་འགྲོ་བཞིན་འདུག་པས། ཁོང་ཚོ་ཡང་ཕྱིར་འབུད་གཏོང་དགོས་པར་ཐལ། ད་དུང་གྷོ་པ་པུར་དང་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་བུད་མོ་དག་ཆོས་ཅན། ཁོ་ཚོ་མང་ཆེ་བའི་དགའ་རོགས་གྲྭ་པ་དང་དགོན་པར་གནས་པའི་དགེ་འདུན་པའི་སྡེ་ཡིན་པས། ཕྱོགས་གཉིས་ཀ་ཅི་ནས་ཀྱང་ཕྱིར་འབུད་གཏོང་དགོས་པར་ཐལ། གལ་ཏེ་མི་འདོད་ན། ཞེས་དཔེ་མཚོན་རྣམས་རིམ་བཞིན་འགོད་ངེས་ཡིན།

    Reply
  9. ཁ་བ་སྐམ་པོ། says:
    ལོ་ 15 སྔོན།

    མ་སུ་རིར་སློབ་མ་ཕྱིར་འབུལ་བྱས་པ་དེ་འགྲིག་འགལ་བྱས་ཡོད་ན་སློབ་མ་ཚོ་ཉེས་
    བ་ཡོ་བསྲང་བ་བྱེད་ལས་དགོས་ཀྱང་། བོད་ནང་སྐྱེད་དགོས་ན་ངོ་མ་ཉེན་ཁ་ཞིག་
    ཡིན་པ་རེད། བོད་ནང་གི་ཕྱི་ལ་བཟོང་བའི་ཡིད་ཆེས་ཅུང་ཙམ་ཡང་བརླགས་
    མི་རུང་ལ། འདི་ད་ཐང་གནད་དོན་ཞིག་རེད་ཡང་གཅིག་བཤད་ན་སློབ་མ་
    ཚོ་མ་འོངས་བའི་རྐང་འཛིན་པ་ལས་གཞན་གང་ཡང་མིན།

    Reply
  10. རྟོག་སད་ཀྱི་སྨྱུ་བུ། says:
    ལོ་ 15 སྔོན།

    ཕྱི་འབུད་གཏངཟེར་བ་དེ་སློབ་ཕྲུག་ཚོས་མདུན་ལམ་ལ་བསམ་གཞིག་མ་བྱས་པའི་ཐལ་དྲག་པའི་བྱ་སྤྱོད་ཞིག་ཡིན་ཕྱིན་ཆད་དེའི་རིགས་མི་བྱེད་པའི་རེ་སྐུལ་ཡོད།

    Reply
  11. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    དེ་སྔོན་བོད་ནང་དུ་གནས་ཚུལ་འདི་རིགས་མང་པོ་བྱུང་མྱོང། ཡིན་ན་ཡང་སློབ་མ་ཕྱིར་ཕུད་པའི་ཆད་པ་ཧ་ཅང་ཉུང། བུ་མོ་ཚོར་ཕྲུ་གུ་ཆགས་ན་རང་འགུལ་གྱིས་ཕྱིར་འབུད་དགོས། གནས་ཚུལ་འདི་རིགས་ཀྱི་མིང་ལ་ཕོ་མོ་ངན་འབྲེལ་ཟེར་བ་རེད། སློབ་མ་དེ་དག་དགེ་སློབ་ཚང་འཛོམས་ཀྱི་ཚོགས་ཆེན་ཐོག་ནས་སྐྱོན་བརྗོད་དང་རང་སྐྱོན་ངོས་ལེན་བྱེད་འཇུག་གི་རེད། ངོ་ཚ་དང་བཅས་པའི་ཆད་པ་དེས་གཞན་དག་ལ་ཕན་གྱིན་ཡོད།
    བཙན་བྱོལ་བོད་གཞུང་ནི་རང་དབང་དམངས་གཙོ་དང་དེང་རབས་ཀྱི་ཁོར་ཡུག་ཡངས་པོར་གནས་ཡོད་པས་ལྷག་པར་དུ་ཡང། སློབ་གྲྭའི་སློབ་གསོའི་ལམ་ལུགས་འདི་གནའ་དེང་ཟུང་འབྲེལ་གྱི་ཡ་རབས་མིག་དཔེའི་རྒྱན་དུ་འགྱུར་བ་ཞིག་བྱ་རྒྱུ་གལ་ཧ་ཅང་ཆེ། སློབ་མ་ཕྱིར་འཕུད་ཀྱི་ཆད་པ་འདི་རིགས་སྒེར་སྤྱི་གཉིས་ལ་ཕན་ལས་གནོད་ཆེ་བར་འགྱུར་བས། ཤེས་རིག་ལས་ཁུངས་ནས་སློབ་གྲྭ་ཡོངས་ལ་གཅིག་གྱུར་གྱི་སྒྲིག་ལམ་ཞིག་གཏན་འཁེལ་གྱིས་ཀུན་སྤྱོད་སློབ་གསོའི་སྤུས་ཚད་མཐོར་འདེགས་བྱ་རྒྱུ་གལ་ཆེའོ།

    Reply
  12. མདའ་ཚན་ཐུབ་བསྟན་རྒྱ་མཚོ says:
    ལོ་ 15 སྔོན།

    ཕྱིར་ཕུད་པ་འོས་འཚམ་མ་རེད། ཕྱིར་འཕུད་ཟེར་བ་མེད་པར་བཟོ་དགོས་ཞེས་པ་ལ་འགྲིག་རྟགས་ཡོད།

    Reply
  13. གངས་ཕྲུག says:
    ལོ་ 15 སྔོན།

    འཇམ་དཔལ་སྨོན་ལམ་ལགས། ཀརྨ་ལེགས་བཤད་ལགས། དགེ་རྒན་ཟུར་བ་འོད་ཟེར་ལགས་བཅས་ལ་
    ང་ཡ་མཚན་གིའདུག

    Reply
  14. གྲྭ་རྒོད says:
    ལོ་ 15 སྔོན།

    སློབ་གྲྭ་བ་ཡིན་པས་ཕྱིར་འབུད་བཏང་ན་ག་ལ་འགྲིག་འོན་ཀྱང་ཕྱིན་ཆད་དེ་འདྲ་མི་ཡོངས་པའི་ཆེད་ཆད་ལས་ཞིག་བྱེད་དགོས་འདོག་ཁ་བོ་རེད།དེ་ཚོ་སྤྱིར་ཡིན་ན་འགྲོ་བ་ཡོངས་རྫོགས་དགའ་ས་ཡང་དེ་རེད།ནག་ཉེས་རྩི་ས་ཡང་དེ་རེད།ཧ་ཅིང་གི་ཚབ་ཆེན་ཞིག་མ་རེད་བསམ་གི་ཡོད།གང་ཡིན་ཞེ་ན་འཁྲིག་སྤྱོད་ཟེར་བ་དེ་བྱས་ནས་ང་ཚོ་ཡང་འོང་བ་ཡིན་པས་ཚབ་ཆེན་ཞིག་ག་ལ་ཡིན།དེ་དག་ཚབ་ཆེན་ཞིག་ཡིན་ན་འགྲོ་བ་འདི་དག་ཡོངས་སུ་རྫོགས་པ་གང་ནས་བྱུང་བ་རེད།ཆད་ལས་བྱེད་མི་དེ་ཡང་དེ་བཞིན་རེད།

    Reply
  15. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 15 སྔོན།

    བསམ་བློ་མ་ཟིན་པའི་སློབ་མ་འགའ་རེས་ནོར་འཁྲུལ་ཞིག་ཤོར་བ་ཙམ་གྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ནས་རྒྱང་འབུད་དམ་ཕྱིར་འབུད་གཏོང་བར་ངོ་རྒོལ་མཐའ་གཅིག་ཏུ་ཡོད། བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་ཆ་མཚོན་ན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སློབ་གྲྭ་གང་རུང་ནས་ཕྱིར་འབུད་བཏང་བ་ཡིན་ན་ཕལ་ཆེར་ཕྱོགས་མང་པོ་ཞིག་ནས་ཕྱིར་འབུད་བཏང་ཚར་བ་རེད། སློབ་གྲྭ་ནས་ཕྱིར་འབུད་བྱས་པ་དེས་མི་ཚིམས་པར་ད་དུང་རྒྱ་བལ་གཉིས་ནས་ཀྱང་ཕྱིར་གཏོང་གི་ཡིན་ཟེར་གྱིན་ཡོད་སྐད། ཁྱོད་ཚོས་དགྲ་བོ་ལ་དེ་འདྲ་གནག་པོ་ཐུབ་ཀྱི་ཡོད་དམ། ཉམས་ཆུང་སློབ་མ་དེ་ཚོར་དེ་འདྲ་བཟོ་དགོས་འདུག་གམ། མི་ལ་ནོར་འཁྲུལ་མེད་ཅིག་སུ་ཡོད་རེད། སློབ་གྲྭ་དེའི་མ་འོངས་པར་བསམས་ནས་བྱས་པ་ཡིན་ཟེར་ན། སློབ་གྲྭ་དེ་སུའི་ཆེད་དུ་བརྒྱབ་པ་རེད་དམ། བོད་ཕྲུག་ཚོའི་ཆེད་དུ་ཨེ་རེད། རེད་ན་ཁ་སང་སློབ་མ་དེ་ཚོའང་བོད་ཕྲུག་མ་རེད་དམ། གནས་ཚུལ་དེ་ཙམ་ལ་ཐབས་ཤེས་ཤིག་བཏོན་ནས་སློབ་མ་དེ་ཚོའི་མ་འོངས་པ་ལ་དོ་ཁུར་མ་བྱས་པར་དངོས་གནས་ཡིད་འཕང་སོང།

    Reply
  16. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    རྒྱ་མིའི་བོད་ལ་བཟུང་བའི་རྩ་ཁྲིམས་དེ་ཚོ་རྒྱ་སྤྱིའི་ཁྲིམས་དང་འགལ་འགལ་བ་རེད། དེས་ན་སློབ་ཕྲུག་དེ་ཚོ་ཀྱང་ཁྲིམས་འོག་ལ་འགྲོ་རྒྱུ་ཉག་གཅིག་རེད། བུ་དགུ་དང་མཉམ་དུ་ཉལ་ན་བཙལ་བྱོལ་ནས་ཕུད་དགོས་ན་ད་ལྟ་ས་གནས་ཁག་འགའ་ཞིག་ལ་ཡོད་པའི་བོད་པའི་བུ་མོ་ཞང་ཚོང་མ་དེ་ཚོ་ཀྱང་བོད་ལ་ཕྱིར་འབུད་གཏང་དགོས་པ་དེ་བོད་གཞུང་གི་རྩ་ཁྲིམས་རེད་དམ། ??????????

    Reply
  17. འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    ང་རང་སློབ་གྲྭའི་ནང་དུ་ལས་བྱེད་མཁན་ཞིག་ཡིན་ཞིངསློབ་གྲྭའི་་སྒྲིག་ལམ་ལ་ཐད་ཀར་འབྲེལ་བ་ཡོད་པའི་མི་ཞིག་ཡིན། འོན་ཀྱང་སློབ་གྲྭ་ནས་ཕྱིར་འབུད་བྱས་པ་ནི་དབང་འཛིན་པ་དག་གིས་བོད་མི་ཞིག་གི་འགན་འཁུར་མ་བླངས་པ་རེད། རྒྱུ་མཚན་ནི་སློབ་ཕྲུག་དེ་དག་གད་རྙིག་ཡིན་ན་རྫབ་དོང་གཡུག་ཆོག་ལ་དེ་ནས་རྩ་མེད་གཏོང་གི་རེད། གལ་སྲིད་ད་བར་དུ་ཁྱེད་ཅག་གི་དབང་འོག་ཏུ་བཞག་ནས་ནོར་འཁྲུལ་བྱུང་ཡོད་ན་ནོར་འཁྲུལ་དེ་ཡོ་གསོང་བྱེད་པའི་ལས་འགན་ཁྱེད་ཅག་ལ་མེད་ན་སུ་ལ་ཡོད། ཁྱེད་ཅག་གིས་རང་གི་བུ་ཕྲུག་གིས་ནོར་འཁྲུལ་དེ་འདྲ་ཞིག་བྱས་ན་ཁྱིམ་ནས་ཕུད་དེ་བདག་མེད་དུ་གཡུག་རྒྱུ་ཡིན་ནམ།

    Reply
  18. དོམ་དཀར། says:
    ལོ་ 15 སྔོན།

    སློམ་ཁང་ནང་དུ་འཁྲུག་སྤྱོད་པ་ནི་ཕག་ལས་ཀྱང་ངན། བུ་མོ་དེ་ནི་ཕྱིར་འབུད་བྱེད་ན་ཧ་ཅང་བཟང།

    Reply
  19. འཇམ་གྲགས says:
    ལོ་ 15 སྔོན།

    སློབ་ཕྲུག་རེ་རེ་བཞིན་དེ་ལྟ་བུའི་ཚ་འདྲི་བྱས་པ་ཡིན་ན་འཕྲིག་སྤྱོད་མི་མྱོང་མཁན་ག་ཚོད་ཡོད་ན། དེ་ཚང་མ་ཕྱིར་འབུད་རྒྱུ་ཡིན་ནམ། ཕྱིར་ཕུད་པ་མ་ཟད་ད་དུང་ཕྱིར་བསྐྱལ་བ་དེས་མ་འོང་སློབ་ཕྲུག་རྣམས་ཀྱི་ཀུན་སྤྱོད་ལ་མི་ཕན་པ་མ་ཚད། སློབ་ཕྲུག་མང་པོའི་སེམས་ལ་ཕོག་ཐུགས་ཆེན་པོ་བྱུང་འདུག

    Reply
  20. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ད་གངས་བུ་ལྷག་བསམ་གྱི་སྐད་ཆ་ལ་ནང་འགལ་ཡོང་གིན་འདུག མཚམས་རེ་ལ་བྱིས་པ་ལ་ཁྲིམས་གཅོད་བྱེད་མཁན་ཞིག་མེད་ཟེར་གྱིན་འདུག མཚམས་མཚམས་ལ་སློབ་ཕྲུག་ཚོ་བོད་དུ་ལོག་ན་རྒྱ་དམག་གིས་བཟུང་འགྲོ་གི་རེད་ཟེར་གྱིན་འདུག མ་གཞི་སློབ་མ་འདི་ཚོའི་ན་ལོ་བཅོ་བརྒྱད་ལ་སོན་ཡོད་མཁན་འདུག་ཟེར་བཞིན་ཡོད་པ་མ་རེད་དམ། ཁྱོད་ཚོས་སློབ་ཕྲུག་གི་མདུན་ལམ་མདུན་ལམ་ཟེར་ནས་གླེང་རུང་བུ་མོ་དེ་ལྟ་བུ་ཡིན་ན་ཤེས་ཡོིན་གྱིས་མདུན་ལམ་འཚོལ་མཁན་གྱི་མི་ཞིག་རེད་འདུག་གམ། བུ་དགུ་དང་མཉམ་དུ་ཉལ་ཟེར་བ་དེ་ཧང་སངས་དགོས་པ་ཞིག་མ་རེད་དམ། ད་དུང་མ་ཤེས་ས་ན་ག་ཚོད་མང་པོ་ཞིག་ཡོད་མེད་སུས་ཤེས། ཧ་ཅང་ཉེན་ཁ་ཆེན་པོ་རེད།

    Reply
  21. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    གནམ་ལྕགས་ནི་གནམ་ལྕགས་རང་རེད་རྒྱབ་སྐྱོར་ཡོད།

    Reply
  22. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཨོ་ལེ་།།།བསམ་བློ་རྒྱ་ཆེ་ས་ནས་བཏང་འདུག་
    གསར་འགོད་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  23. སྣེ་མོ་བསྟན་དར། says:
    ལོ་ 15 སྔོན།

    སྤྱི་ཚོགས་ཐོག་ལ་གནས་དོན་དེའི་ཐད་བསམ་ཚུལ་མང་དག་ཞིག་ཡོང་བཞིན་ཡོད། སྒྲིག་འཛུགས་ནང་གསལ་བཞིན་ཕྱིར་འབུད་བྱས་པར་རྒྱབ་སྐྱོར་ཡོད་ཡིན་ཡང་ཕྱིར་བལ་ཡུལ་སྣེ་ལེན་ཁང་དུ་བསྐྱལ་ཏེ་བོད་དུ་གཏོང་རྩིས་རེད་ཟེར་བས་དེ་ནི་ཧ་ཅང་གི་ཚད་མཐོ་དྲགས་པའི་ཐག་གཅོད་ཞིག་རེད། ཚོགས་པ་ཞིག་ནང་བསྡད་ཚེ་ངེས་པར་དུ་ཚོགས་པ་དེའི་སྒྲིགས་ཁྲིམས་འཁུར་དགོས། གོང་ས་མཆོག་གིས་ག་དུས་ཡིན་ཡང་ཡུལ་ཆུ་གཏུང་ན་ཡུལ་ཁྲིམས་འཁུར་དགོས་པའི་བཀའ་སློབ་གནང་གིས་ཡོད།

    Reply
  24. བློ་བཟང་། says:
    ལོ་ 15 སྔོན།

    བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལས། གནས་ཚུལ་བཟང་པོ་ཞིག་འདུག
    གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས་ཉི་ཧོང་གི་ཨོ་ཐ་ནེས་མཐོ་སློབ་ཁང་དང་ཀུ་ཤུ་གློག་ཀླད་བཟོ་གྲྭ་གཉིས་དང་མཉམ་འབྲེལ་ཐོགསྨོན་ལམ་བོད་ཡིག་གསུམ་ipadསོགས་སུ་བེད་སྤྱོད་ཐུབ་རྒྱུའི་ཚོད་ལྟ་བྱས་པ་ལེགས་འགྲུབ་བྱུང་འདུགཕྱི་ཚེས་༢༤ཉིན་གྱི་གངས་ཅན་སྐྱིད་གཤོངས་ནི་དབྱར་གྱི་ཚ་སྨུག་གིས་བཏུམས་འདུག་ལ།ང་བོད་ཀྱི་ཚན་རིག་པ་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱི་སར་ཐོན་དུས།ཁོང་ནི་རང་གིས་ཡུན་རིང་འབད་བསྒྲུབ་བྱས་པའི་ལས་དོན་ཞིག་ལེགས་འགྲུབ་བྱུང་སྟེ་གདོང་ན་རྒྱལ་ཁའི་འཛུམ་མདངས་ཀྱིས་ཁེངས་འདུགབལྟས་ཚོད་ཀྱིས་ཁོང་ལ་དེ་རིང་གི་ཚ་གདུང་འདིས་ངལ་དུབ་གང་ཡང་སྟེར་གྱིན་མེད་པའི་སྣང་བ་འཆར།དེ་ཡང་ཡིན་ཏེ་ཉིན་འདི་ནི་ཁོང་གིས་ཉི་ཧོང་དུ་རྟེན་གཞི་བྱས་པའི་ཨོ་ཐ་ནེས་མཐོ་སློབ་ཁང་OtaniUniversityདང་ཀུ་ཤུ་བཟོ་གྲྭAppleInc. གཉིས་དང་མཉམ་འབྲེལ་ཐོགiphoneཁ་པར་དང་ipadདང་།ipodབཅས་སུ་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་ཐོག་ཡོད་པའི་སྨོན་ལམ་བོད་ཡིག་གསུམ་པ་ཚོད་ལྟ་ལེགས་འགྲུབ་བྱུང་སྟེ།བོད་སྐད་ཡིག་འདི་བཞིན་འཛམ་གླིང་གི་དེང་རབས་ཀྱི་ཐོན་རྫས་གསར་བའི་ནང་དུ་བེད་སྤྱོད་གཏོང་ཐུབ་པར་གྱུར་བས་ཡིན།
    ཁོང་གིས་སྤྲོ་སེམས་འཁོལ་བའི་ངང་གསུངས་དོན།ཉེ་ཆར་ངས་ཉི་ཧོང་ཨོ་ཐ་ནེས་མཐོ་སློབ་ཁང་དང་ཀུ་ཤུ་གློག་ཀླད་བཟོ་གྲྭ་གཉིས་དང་མཉམ་འབྲེལ་ཐོགཡུན་རིང་ཚོད་ལྟ་བྱས་པ་བརྒྱུད་ད་ལྟ་སྨོན་ལམ་བོད་ཡིག་གསུམ་པ་དེང་རབས་ཀྱི་ཐོན་རྫས་གསར་བ་iphoneདང་ipadདང་།ipod བཅས་སུ་ནང་འཇུག་ལེགས་འགྲུབ་བྱུང་ཡོད་པས།འཕྲུལ་ཆས་འདིའི་རིགས་ནང་ད་ནས་བཟུང་བོད་ཡིག་བེད་སྤྱོད་གཏོང་རྒྱུར་དཀའ་ངལ་གང་ཡང་མེད་ཅེས་དང་།མཉེན་ཆས་དེ་དག་ནང་བོད་ཡིག་ལེགས་འགྲུབ་བྱུང་སྟབས།རྗེས་ཕྱོགས་iphoneཁ་པར་ནང་ཡིག་ཆ་བསྔོག་པ་དང་དྲ་རྒྱ་བསྔོག་པ།ཡིག་ཆ་ཡར་མར་ཕབ་ལེན་བྱེད་པ་སོགས་བྱེད་ཐུབ་ཀྱིན་ཡོད།དེར་བརྟེན་དེས་གློག་ཀླད་ལྟར་བོད་ཡིག་དྲ་རྒྱ་སོགས་སྤྱོད་རྒྱུར་ཧ་ཅང་གི་སྟབས་བདེ་བོ་ཆགས་ཡོད་པས།སྤྱི་ཡོངས་ཀྱི་ཆ་ནས་འདིས་མ་འོངས་པར་ང་ཚོར་ཕན་ཐོགས་ཆེན་པོ་ཡོང་གི་རེད།ཅེས་གདེང་ཚོད་ཆེན་པོས་གསུངས།ཡིན་ནའང་།ཁོང་གིས་དེང་སྐབས་གོང་གསལ་ཐོན་རྫས་དེ་དག་བོད་སྤྱི་ཚོགས་སུ་ད་དུང་དེ་ཙམ་གྱིས་ཁྱབ་རྒྱ་ཆེན་པོ་མིན་སྟབས།བོད་མི་ཚང་མས་བེད་སྤྱོད་གཏོང་ཐུབ་མིན་ཐད་ད་དུང་དུས་ཡུན་གང་འཚམ་འགོར་སྲིད་པའི་ཚོད་དཔག་གནང་གི་འདུག

    ཁོང་གིས་མུ་མཐུད་དེ་གསུངས་དོན།གནས་སྐབས་རིང་བོད་མི་ཚོས་ཐོན་རྫས་གསར་བ་འདི་དག་བེད་སྤྱོད་གཏོང་ཐུབ་མིན་བཤད་ཁག་པོ་རེད།ཡིན་ནའང་།རིམ་གྱིས་བོད་མི་ཚོས་ཐོན་རྫས་འདིའི་རིགས་སྤྱོད་རྒྱུར་ཧ་ཅང་གལ་ཆེན་པོར་ཆགས་ཡོད།ལྷག་པར་དུ་ipadལྟ་བུར་མཚོན་ན་འཛམ་གླིང་ནང་སྐད་གྲགས་ཆེ་བའི་ཐོན་རྫས་གསར་ཤོས་ཀྱི་ཅ་ལག་རེད།དེར་བརྟེན་དེའི་ནང་དུ་བོད་ཡིག་ཏག་ཏག་ཅིག་བེད་སྤྱོད་གཏོང་ཐུབ་ཚེ་བོད་སྐད་ཡིག་ཐད་ནས་དགེ་མཚན་ཆེན་པོ་ཡོང་གི་རེད་ཅེས་གསུངས།དེས་ནི་ཁོང་གིས་ད་བར་སྨོན་ལམ་བོད་ཡིག་དང་པོ་དང་གཉིས་པ།གསུམ་པ།གཞན་ཡང་སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་སོགས་རིམ་བཞིན་བཟོས་ཏེ།བོད་སྐད་ཡིག་འདི་ཡང་འཛམ་གླིང་གི་རྒྱལ་ཁབ་གཞན་ཁག་གི་སྐད་ཡིག་དང་དཔུང་པ་མཉམ་གཤིབ་བྱ་ཐུབ་པའི་སྐད་ཡིག་ཅིག་ཆགས་རྒྱུར་འབད་བརྩོན་གནང་གིན་ཡོད་སྟབས།བོད་སྐད་ཡིག་ལ་བཅངས་པའི་དུང་ཞེན་མཚོན་འདུགགང་ལྟར་འདི་ནི་ཁོང་གིས་ལོ་སྔོན་མའི་ལོ་མགོར་སྨོན་ལམ་བོད་ཡིག་གསུམ་པ་དང་སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་གཉིས་བཟོ་སྐྲུན་ལེགས་འགྲུབ་བྱུང་རྗེས།བོད་སྐད་ཡིག་འདི་བཞིན་རྒྱལ་སྤྱི་རང་བཞིན་ཅན་དང་དུས་རབས་རང་བཞིན་ཅན།དེང་རབས་ཀྱི་ཐོན་རྫས་ཆེས་གསར་བའི་བརྡ་འཕྲིན་རིགས་སུ་བེད་སྤྱོད་བྱེད་རྒྱུའི་བྱ་བ་ཧུར་ཐག་གིས་བསྒྲུབས་ཏེ། ལེགས་འགྲུབ་བྱུང་བ་ཐོག་མ་དེ་ཆགས་ཡོད།
    ཁོང་གིས་ད་དུང་།གོང་གསལ་ཐོན་རྫས་དེ་དག་ནང་དུ་སྨོན་ལམ་བོད་ཡིག་ཙམ་མིན་པར་མི་རིང་བར་ལེགས་འགྲུབ་འབྱུང་ལ་ཉེ་བའི་སྨོན་ལམ་ཚིག་མཛོད་ཀྱང་རིམ་གྱིས་འཇུག་གཏན་འཁེལ་ཡོད། ཅེས་གསུངས།སྨོན་ལམ་ཚིག་མཛོད་ཆེན་མོ་ནི་ལོ་སྔོན་མའི་ཟླ་༧ནས་མགོ་བརྩམས་ཏེ་ད་བར་ལོ་གཅིག་རིང་བསྒྲིགས་པའི་དབྱིན་བོད་ཚིག་མཛོད་ཅིག་ཡིན་ལ།དེའི་ནང་དུ་བོད་དབྱིན་ཚིག་མཛོད་༼བོད་དབྱིན་ཚིག་མཛོད་རྐྱང་པ་༽དང་དབྱིན་བོད་ཚིག་མཛོད་༼བོད་ཡིག་གི་ནང་དོན་དབྱིན་ཡིག་ནང་ཡོད་པ་༽བོད་དབྱིན་ཚིག་མཛོད་༼དབྱིན་ཡིག་གི་ནང་དོན་བོད་ཡིག་ནང་ཡོད་པ་༽ །གསར་བྱུང་ཚིག་མཛོད་སོགས་ཡོད་ལ།ཚིག་མཛོད་དེའི་ནང་བོད་དབྱིན་གྱི་ཐ་སྙད་ཉིས་འབུམ་ལྷག་ནང་འཇུག་བྱེད་བཞིན་པ་དང་།ཚོད་དཔག་བྱས་པ་ལྟར་ན་འདི་ལོའི་ལོ་མཇུག་བར་དུ་དངོས་སུ་སྤྱི་ཚོགས་ཁྲོད་འགྲེམ་ཐུབ་པ་བྱུ་རྒྱུ་ཡིན་འདུག

    མི་རིང་བར་ཚིག་མཛོད་འདིའི་སྐོར་ལ་བོད་རིག་པའི་མཁས་དབང་ཁག་ཅིག་གདན་ཞུས་ཀྱིས་བགྲོ་གླེང་དང་གྲོས་བསྡུར་བྱ་རྒྱུ་ཡིན་པ་དང་།དེ་ལྟར་བྱེད་དོན་ཚིག་མཛོད་འདི་ང་མི་སྒེར་བ་ཞིག་གི་ལྟ་བ་དང་ལངས་ཕྱོགས་ཙམ་མིན་པར།ཡོངས་གྲགས་ཅན་ཞིག་ཏུ་ཆགས་ཐུབ་ཆེད་ཡིན་ཞེས་གསུངས།ཚིག་མཛོད་དེའི་ཁྱད་ཆོས་གཙོ་བོ་བོད་ཡིག་གི་མིང་ཚིག་ཅིག་གི་གོ་དོན་བཙལ་སྐབས།ཚིག་དེའི་གོ་དོན་བཙལ་བདེ་བ་དེ་ཡིན།དཔེར་ན།༼གྲངས་༽ལྟ་བུ་ཞིག་འཚོལ་བཤེར་བྱེད་སྐབས།གྲངས་ཞེས་པའི་བོད་ཡིག་དེ་དབྱེ་འདེམས་Selectབྱས་རྗེས།བོད་དབྱིན་གང་གི་ནང་དུ་ཚིག་དེའི་གོ་དོན་བཙལ་དགོས་ནའང་།བོད་ཡིག་གི་གོ་དོན་དགོས་ན་བོད་ཡིག་སྟེང་ནས་འདེགས་གནོན་དང་།དབྱིན་ཡིག་གི་གོ་དོན་དགོས་ན་དབྱིན་ཡིག་སྟེང་ནས་འདེགས་གནོན་བྱས་རྗེས།གྲངས་ཞེས་པའི་ཚིག་གི་གོ་དོན་རང་ཤུགས་ཀྱིས་བཙལ་ཡོང་བ་དེ་རེད།དེ་བཞིན་ཚིག་མཛོད་འདིའི་སྟེང་དུ་གདམ་ག་ཞེས་པ་ཞིག་ཡོད་ཅིང་།དེའི་སྟེང་ནས་ཡིག་གཟུགས་ཆེ་ཆུང་རང་གིས་གང་འདོད་ལྟར་བསྒྲིག་ཆོག་པར་མ་ཟད། རྒྱབ་ལྗོངས་ཀྱི་ཚོན་མདོག་སོགས་ཀྱང་རང་གིས་གདམ་ཆོག
    མཇུག་མཐར་ཁོང་གིས།ང་ཚོས་དེང་རབས་ཀྱི་འཕྲུལ་ཆས་གསར་བའི་རྗེས་ཟིན་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་ཡིན་སྟབས།ཐེངས་འདིའི་ཚོད་ལྟ་ལེགས་འགྲུབ་འདི་ང་ཚོས་དེང་རབས་ཀྱི་འཕྲུལ་ཆས་གསར་བའི་རྗེས་ཆོད་རྒྱུའི་ཐེམ་སྐས་དང་པོ་བརྒལ་ཟིན་པའི་དཔེ་མཚོན་ལྟ་བུ་རེད་ཅེས་གསུངས།གྲྭ་བློ་བཟང་སྨོན་ལམ་ལགས་ལོ་སྔོན་མར་ཉི་ཧོང་ནང་རྟེན་གཞི་བྱས་པའི་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་བཟོ་གྲྭ་དང་།ཨོ་ཐ་ནེས་མཐོ་སློབ་ཁང་གཉིས་སུ་ཆེད་ཕེབས་ཀྱིས་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་།རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་ཐོག་ཡོད་པའི་སྨོན་ལམ་བོད་ཡིག་གསུམ་པ་ལྡུག་རྒྱུར་མཉམ་འབྲེལ་གནང་སྟེ།ཕྱི་ལོ་༢༠༡༡ལོ་ནས་བཟུང་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་སྨོན་ལམ་བོད་ཡིག་རང་ཆས་སུ་ཡོད་པ་བྱ་གཏན་འཁེལ་ཡོད་པ་དང་།ཐེངས་འདིར་ཁོང་གིས་གོང་གསལ་ཐོན་རྫས་གསར་བ་དག་ཏུའང་སྨོན་ལམ་བོད་ཡིག་གསུམ་པ་ཚོད་ལྟ་ལེགས་འགྲུབ་བྱུང་སྟེ།འབྱུང་འགྱུར་གྱི་ལོ་ཟླའི་ནང་བོད་མི་རྣམས་ཀྱི་རང་རང་གི་ལག་ཁྱེར་ཁ་པར་ལས་བོད་ཡིག་གི་དྲ་རྒྱ་སྔོག་པ་དང་ཡིག་ཆ་ཉར་ཚགས་བྱེད་པ་སོགས།བོད་ཡིག་བཀོལ་སྤྱོད་བྱེད་པ་སོགས་ལ་དཀའ་ངལ་མེད་པ་བྱ་རྒྱུ་ཡིན་འདུགཡང་ཁོང་གིས།དེང་སྐབས་ད་དུང་གོང་གསལ་ཚོགས་པ་གཉིས་དང་ང་ཚོས་མི་རིང་བར་ལེགས་འགྲུབ་འབྱུང་བ་ཉེ་བའི་སྨོན་ལམ་ཚིག་མཛོད་ཆེན་མོ།ཀུ་ཤུ་རྟགས་ཅན་གྱི་གོང་གསལ་ཐོན་རྫས་སོགས་ཀྱི་ནང་དུ་རང་ཆས་སུ་སྒྲིག་རྒྱུར་འབད་བརྩོན་བྱེད་ཀྱིན་ཡོད་ལ།གོང་གསལ་ཚོགས་པ་གཉིས་ཀྱིས་སྨོན་ལམ་ཚིག་མཛོད་ཆེན་མོར་དམིགས་བསལ་གྱི་ཐུགས་སྣང་གནང་གི་འདུག་ཅེས་གསུངས།
    དེ་ལྟར་སྤྱིར་བཏང་བའི་གྲྭ་རྐྱང་དཀྱུས་མ་ཞིག་གི་གནས་བབ་ནས་དེང་རབས་ཀྱི་ཚན་རིག་པ་ཞིག་ཏུ་གྱུར་བའི་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས།ཕྱོགས་སྣ་སྒོར་མོ་ནས་བོད་སྐད་ཡིག་འདི་བཞིན་བརྡ་འཕྲིན་དུས་རབས་ཀྱི་རྗེས་ཆོད་རྒྱུར་རླབས་ཆེ་ཞིང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བྱ་བཞག་བསྐྱངས་དང་སྐྱོང་བཞིན་པ་ཡིན་ལ།ཁོང་གིས་ད་དུང་མ་འོངས་པར་བོད་དབྱིན་ཡག་པོ་ཡོད་པའི་ལས་རོགས་པ་བྱུང་ན།ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་གི་མཉེན་ཆས་ཡོད་ཚད་བོད་ཡིག་ཐོག་བཟོ་ཐུབ་པ་བྱ་རྒྱུའི་དམིགས་འདུན་ཡང་བཅངས་འདུག

    Reply
  25. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    འདི་བའི་ཐོག་ནས་ངའི་དྲྭ་གྲོགས་སྤོབས་པ་མཐའ་ཡས་དང་རྭ་ལོ་སོགས་ལ་སྐད་ཆ་ཞིག་བཤད་ཀྱི་ཡིན་གང་ཡིན་ཟེར་ན་ཁྱེད་གཉིས་ཀྱི་མི་ཁ་ཤས་ཀྱིས་བོད་གཞུང་ལ་ཉེས་འཛུག་བྱེད་ཀྱི་འདུག་གསུང་གི་འདུག་དེ་བདེན་པ་ཡིན་ན་། བཀའ་ཤག་གི་གོམ་པ་གསར་པ་ཞིག་སྤོ་རྒྱུ་ཡིན་གསུང་དགོས་དོན་གང་ཡིན་ནམ། ད་དུང་ཁྱེད་གཉིས་ལ་ཞུ་ཡ་གཅིག་ལ་སློབ་ཕྲུག་དེ་ཚོའི་ནང་ནས་རྒྱ་གར་ནང་ལ་ཕ་མ་སྤུན་འཆེད་མེད་མཁན་དེ་ཚོ་བོད་ལ་ལོག་གཏང་ཡ་ཡིན་ཟེར་བ་དེ་མ་སུ་རིའི་སློབ་སྤྱིའི་ལས་ཚབ་པ་དགེ་འདུན་རིན་ཆེན་ལགས་ཀྱི་སྐད་ཆ་རེད། བོད་ལ་གཏང་ཚར་དུས་ད་ལྟའི་བོད་ཀྱི་གནས་སྟང་ག་འདྲ་ཞིག་ཏུ་ཡོད་མེད་གསལ་པོ་རེད། ཕ་མ་དེ་ཚོའི་ང་ཚོའི་བུ་ཕྲུག་དེ་ཚོ་རྒྱ་གར་སླེབས་ཡོང་རེད་ཟེར་ནས་བདག་པོ་རྒྱོབ་ཆོག་ཆོག་དེ་འདྲ་ཨེ་ཡོད་ན་རྒྱ་དམགས་ཁ་ཤས་གཅིག་གི་རླང་འཁོར་༼ཡེའུ་ཡེའུ་༽ཟེར་མཁན་ཞིག་གཏང་ནས་ལམ་ཐོག་ཏུ་འགྱོག་པོ་སླེབས་ཚེ་བོད་མི་མི་ཉུང་བ་ཞིག་གི་སེམས་ལ་ད་དཀོན་མཆོག་མཁྱེན་སུ་ཟིན་ཡ་ན་ཟེར་ནས་སྡད་ཡོད་རེད། ད་དུང་སྤོབས་པ་ལགས་ཀྱི་ཡུལ་ཁྲིམས་ཀྱི་སྐོར་བཤད་འདུག་འོ་ན་སློབ་ཕྲུག་ལོ་༡༤ ༡༥སོགས་ལ་ཁྲིམས་ཐག་བཅད་པ་དེ་ག་འདྲ་ཞིག་ཡིན་ན།

    Reply
  26. གནམ་ལྕགས། says:
    ལོ་ 15 སྔོན།

    ངས་རང་གི་ཟིན་བྲིས་སུ་སློབ་ཕྲུག་བུ་མོ་དེར་ཚ་འདྲི་བཏང་བ་ཚད་ལས་བརྒལ་བའི་ནོར་འཁྲུལ་རེད་ཅེས་བརྗོད་ཡོད། ཉིན་དེའི་ཁོང་མོའི་འཁྲིག་པ་སྤྱོད་རོགས་དང་ཁོང་མོ་གཉིས་སློབ་གྲྭའི་སྒྲིག་གཞི་ལྟར་ཕྱིར་འབུད་གཏོང་དགོས་ཀྱང་། བུ་མོ་དེར་ཚ་འདྲི་བཏང་ནས་སྔ་མའི་ལོ་རྒྱུས་དག་སྔོག་ནས་ཐག་ཞོར་འབྲང་འདྲུད་བྱས་པ་ནི་རྩ་བ་ནས་འགྲིག་མེད།

    དེ་ལྟར་ཚ་འདྲི་བཏང་ན། མ་སི་རིའི་སློབ་མ་འཛིན་གྲྭ་བདུན་པའི་ཡར་འདབས་ཀྱི་བརྒྱ་ཆའི་བརྒྱད་བཅུ་ཕྱིར་འབུད་གཏོང་དགོས་པ་ཆགས་ངེས། དེ་ནི་ཤིན་ཏུ་ནོར་འཁྲུལ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese