མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་བཀའ་ཁྲིའི་འོས་གཞིར་འདུག་རྒྱུ་མིན།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་གསར་འགོད་བསྒྲགས་ཤིག་སྤེལ་ཏེ། ཁོང་ཉིད་བཀའ་ཁྲིའི་འོས་མིར་བཞུགས་རྒྱུ་མིན་ཞེས་དང་ཁོང་གིས་ད་ལྟའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་བསྐྱར་དུ་བཀའ་ཁྲིར་བཞུགས་རྒྱུར་ཐུགས་རེ་གནང་གི་ཡོད་ཀྱང་། ད་ལྟའི་སྤྱི་འཐུས་གྲོས་ཚོགས་ལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལམ་ནས་ཁོང་འོས་གཞིར་ཞུགས་ཐུབ་པའི་ཆ་རྐྱེན་བསྐྲུན་རྒྱུའི་འདུན་པ་མེད་པ་གསལ་པོ་རེད་ཅེས་ཡོངས་བསྒྲགས་གནང་འདུག

ཁ་སང་ཕྱི་ཚེས་ ༣༠ ཉིན་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་རྒྱའི་སྟེང་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཁོང་ཉིད་བཀའ་ཁྲིའི་འོས་མིར་བཞུགས་རྒྱུ་མིན་པ་ཡོངས་བསྒྲགས་གནང་འདུག་ལ། ཁོང་གི་གསལ་བསྒྲགས་དེའི་ནང་གསལ་དོན། ད་མཚམས་འོས་བསྡུ་ལས་ཁང་ནས་བཀའ་བློན་ཁྲི་པའི་འོས་བསྡུའི་ལས་རིམ་གསལ་བསྒྲགས་དངོས་སུ་གནང་སྟབས། རང་ཉིད་བཀའ་བློན་ཁྲི་པའི་འོས་གཞིར་མི་ཞུགས་རྒྱུའི་ཐག་གཅོད་ཡོངས་གྲགས་བྱེད་རྒྱུ་ཡིན། ངའི་ལས་རོགས་དང་། བློ་ཉེ་ཚོ། དེ་བཞིན་བཀའ་བློན་ཁྲི་པའི་འོས་བསྡུའི་ལས་རིམ་ལ་དོ་སྣང་ཞིབ་ཚགས་བྱེད་མཁན་ཚོས་ཕྲན་རང་ཐོག་མ་ནས་འོས་གཞིར་ཞུགས་རྒྱུའི་བསམ་བློ་མེད་པ་དེ་ཤེས་ཀྱི་ཡོད། གུས་པར་བཀའ་ཁྲིའི་འོས་གཞིར་ཞུགས་རྒྱུའི་གཞེན་བསྐུལ་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱད་པར་བོད་ནས་ཆེས་བཀུར་འོས་སྐྱ་སེར་མི་སྣའི་ཁོངས་ནས་བརྡ་ལན་དེ་རིགས་འབྱོར་བ་ནི་ཆེ་མཐོང་བླ་མེད་དུ་སྣང་། ང་རང་རྒྱུན་དུ་མང་གཙོའི་ལམ་ལུགས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ཞིང་། ལམ་ལུགས་འདི་ནི་བོད་མི་མང་གི་མངོན་འདོད་གསལ་སྟོན་བྱེད་རྒྱུའི་བརྒྱུད་ལམ་གལ་ཆེ་ཤོས་དང་། བོད་མིའི་ཆིག་བསྒྲིལ་གྱི་ནུས་པ་ཡུན་གནས་ཐུབ་པའི་ལམ་ལུགས་ཡང་དག་པ་ཞིག་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད། མང་གཙོའི་ལམ་ལུགས་དང་སྒྲིག་འཛུགས་རྣམས་བོད་མི་རིགས་ཀྱི་ཁྲིམས་མཐུན་ཐོབ་ཐང་མངོན་འགྱུར་ཡོང་ཆེད་ཀྱི་ཐབས་ལམ་ཡིན་པ་ངོས་འཛིན་པའི་ཐོག་ནས་ང་ཚོས་མང་གཙོའི་ལྟ་གྲུབ་དང་ལག་ལེན་འཐུས་སྒོ་ཚང་དུ་བཏང་བར་སྒོ་ཀུན་ནས་འབད་བརྩོན་བསྐྱེད་དགོས། ཞེས་ཁོང་བཀའ་ཁྲིའི་འོས་མིར་བཞུགས་རྒྱུ་མིན་པའི་སྐོར་གསལ་བོར་གསུངས་འདུག་པ་མ་ཟད། ཁོང་གིས་རྒྱུན་ཏུ་མང་གཙོའི་ལམ་ལུགས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་གནང་གི་ཡོད་ཅིང་། ལམ་ལུགས་འདི་ཉིད་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུར་སྒོ་ཀུན་ནས་འབད་བརྩོན་བྱ་དགོས་པའི་བསྐུལ་མ་ཡང་གནང་ཡོད།

ཁོང་གི་བསལ་བསྒྲགས་དེའི་ནང་མུ་མཐུད་དེ་གསལ་དོན། གོང་འཁོད་རྒྱུ་མཚན་གཞི་བཟུང་ངས་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཡང་བསྐྱར་ལས་ཡུན་ཞིག་གནང་ཐུབ་རེ་བྱས་པ་ཡིན་ཞིང་། བོད་ཕྱི་ནང་གཉིས་སུ་འཁོད་པའི་བོད་རིགས་དོ་ཁུར་ཅན་དང་འབྱུང་འགྱུར་བོད་མིའི་འཐབ་རྩོད་ཀྱི་གནས་བབ་དང་ཁ་ཕྱོགས་ཇི་ཆགས་ལ་ཐུགས་འཚབ་གནང་མཁན་མང་པོས་ཀྱང་བསམ་ཚུལ་བཏོན་ཡོད། འོན་ཀྱང་ཟམ་གདོང་རིན་པོ་ཆེ་མཆོག་ཡང་བསྐྱར་གནང་བཞེད་མེད་པ་ཤེས་ཀྱི་ཡོད་ལ། དེ་མཚུངས་ད་ལྟའི་གྲོས་ཚོགས་ལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལམ་ནས་ཁོང་འོས་གཞིར་ཞུགས་ཐུབ་པའི་ཆ་རྐྱེན་བསྐྲུན་རྒྱུའི་འདུན་པ་མེད་པའང་གསལ་པོ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོས་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱེད་རྒྱུའི་འགན་དབང་གསོལ་རས་བསྩལ་བའི་ལམ་ལུགས་གསར་གཏོད་གནང་བ་བརྒྱུད་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་ཁྲིར་འོས་འདེམས་བྱེད་རྒྱུའི་གོ་སྐབས་བྱུང་བ་སྐལ་བ་བཟང་པོ་ཡིན། འདས་པའི་ལོ་བཅུའི་རིང་ཟམ་གདོང་རིན་པོ་ཆེའི་དབུ་ཁྲིད་ལམ་སྟོན་དང་ཐུགས་སྤོབས་མཁྱེན་ཡོན་གྱི་དབང་གིས་བཀའ་བློན་ཁྲི་པའི་ལས་གནས་ཀྱི་མཚན་མཐོང་དང་འགན་ཁུར་གཟི་བརྗིད་ཅན་དུ་གྱུར་ཡོད། ཅེས་ཁོང་གིས་ད་ལྟའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་ཁོང་བསྐྱར་དུ་བཀའ་ཁྲིར་བཞུགས་རྒྱུར་ཐུགས་འདུན་གནང་ཡོད་ནའང་། བཀའ་བློན་ཁྲི་པ་ཁོང་ཉིད་བསྐྱར་དུ་བཞུགས་མིན་ཤེས་ཀྱི་མེད་ཐོག ད་ལྟའི་གྲོས་ཚོགས་ལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལམ་ནས་ཁོང་འོས་གཞིར་ཞུགས་ཐུབ་པའི་ཆ་རྐྱེན་བསྐྲུན་རྒྱུའི་འདུན་པ་མེད་པའང་གསལ་པོ་རེད་ཅེས་གསུངས་འདུག

ཡང་གསལ་བསྒྲགས་དེའི་གསལ་དོན། བོད་རྒྱ་ཆེའི་མང་ཚོགས་ཀྱིས་༧གོང་ས་མཆོག་གི་དགོངས་བཞེས་ལམ་སྟོན་ལ་མཐའ་གཅིག་ཏུ་ཡིད་ཆེས་ཞུ་གི་ཡོད་པ་རྩོད་མེད་རེད། དེ་ཡང་རྨོངས་ཞེན་ནམ་དད་པའི་རྗེས་འབྲང་མ་ཡིན་པར་བོད་མིའི་ཕུགས་རྒྱང་རིང་པོའི་ཁེ་ཕན་༧གོང་ས་མཆོག་གི་དགོངས་བཞེས་འདི་ཉིད་ཡིན་པ་ཤེས་པའི་སྒོ་ནས་རིགས་པའི་རྗེས་སུ་འབྲང་སྟེ་ཞུ་གིན་ཡོད། དེ་མཚུངས་བོད་མི་ཚོས་རང་གི་ཕ་མེས་ནས་བརྒྱུད་པའི་ནང་དོན་རིག་པའི་སྲོལ་རྒྱུན་ནི་བོད་མི་རིགས་ཀྱི་བླ་ན་མེད་པའི་ཁྱད་ནོར་དང་། བོད་མིའི་སྟོབས་ཤུགས་དང་ཆིག་བསྒྲིལ་གྱི་ནུས་པའི་འབྱུང་ཁུངས་ཡིན་པ་ངོ་འཕྲོད་པའི་སྒོ་ནས་དེར་དགའ་ཞེན་དང་སྤོབས་པ་བྱེད་ཀྱི་ཡོད། འདས་པའི་མི་ལོ་བཅུ་ཕྲག་ལྔ་ལྷག་རིང་ཆེས་ཡ་ང་ཞིང་བཟོད་དཀའ་བའི་ཛ་དྲག་གནས་བབ་འོག་ཏུའང་བོད་མིའི་སྙིང་སྟོབས་ཞུམ་མེད་ངང་གནས་ཐུབ་པ་མ་ཟད། རྒྱལ་སྤྱིའི་ཐོག་ཀྱང་བོད་མིའི་འཐབ་རྩོད་ཀྱིས་གོ་གནས་དམིགས་བསལ་ཅན་ཞིག་བཟུང་ཐུབ་པའང་བོད་མིའི་ཁྱད་ནོར་དེ་དག་ལ་བརྟེན་ནས་བྱུང་བ་ཡིན་པས། ང་ཚོས་འོས་འདེམས་བྱ་རྒྱུའི་མགོ་ཁྲིད་ཚོའང་གོང་གསལ་བོད་མི་རིགས་ཀྱི་ཐུན་མིན་ཁྱད་ཆོས་དེ་དག་ལ་རྒྱུས་མངའ་དང་། དགའ་མོས་བརྩི་བཀུར་ཡོད་མཁན་ཞིག་དགོས་པ་མ་ཟད། དེ་དག་མཚོན་ཐུབ་ངེས་ཤིག་དགོས་པར་སྣང་བ་བཅས་ཕྲན་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༣༠ ལ།། ཞེས་གསལ་ཡོད།

འདི་ལྟར་ཁོང་གིས་མཇུག་མཐའི་ཐུགས་རེ་ནི་ཕྱི་ལོ་ ༢༠༡༡ ལོར་ང་ཚོས་འོས་འདེམས་བྱ་རྒྱུའི་མགོ་ཁྲིད་ཚོའང་བོད་མི་རིགས་ཀྱི་ཐུན་མིན་ཁྱད་ཆོས་དེ་དག་ལ་རྒྱུས་མངའ་དང་། དགའ་མོས་བརྩི་བཀུར་ཡོད་མཁན་ཞིག་དགོས་པ་མ་ཟད། དེ་དག་མཚོན་ཐུབ་མཁན་ཞིག་དགོས་པ་ཞེས་དེ་ཡིན་འདུག

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་པ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༤
Mobile App

སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
Mobile App

བཙན་བྱོལ་གྱི་སྐྱེས་མ་དང་རྩོམ་རིག་ཅེས་པའི་དཔྱད་རྩོམ་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

ཆུ་ཚོད་ ༥ སྔོན་ལ།
སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་། ༢༠༢༥།༥།༡༣  སྲིད་སྐྱོང་མཆོག་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་གནང་།

ཆུ་ཚོད་ ༩ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

༢༠༢༥/༠༥/༡༣
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢

མཆན། 16

  1. སྨར་ཡུལ་གྱི་ཁ་བ་དཀར་པོ། says:
    ལོ་ 15 སྔོན།

    ཡག་པོ་རེད། ཐུགས་རྗེ་ཆེ།

    Reply
  2. མཁས་ཚང་ཤེས་རབ་དབང་རྒྱལ། says:
    ལོ་ 15 སྔོན།

    བོད་མི་མང་ལ་སྤྱི་སེམས་དང་ཡིད་ཆེད་ཡོད་མཁན་འདྲི་ཚོ་མཀའ་ཁྲི་ལ་མི་ཞུགས་གང་ཡིན་ནམ།

    Reply
  3. འདན་མ says:
    ལོ་ 15 སྔོན།

    རྒྱ་རི་བློ་གྲོས་ཀྱིས་སློང་བའི་བསམ་ཚུལ།
    བོད་མིའི་སེམས་གཏིང་དུ་ཡོད་པའི་འབྱུང་འགྱུར་གྱི་བཀའ་ཁྲི་ནི་ཁྱེད་ཉིད་གཅིག་ཏུ་ངེས། ཁྱེད་ནི་ཏཱ་ལའི་བླ་མའི་ཕྱག་འོག་ནས་རླབས་ཆེན་གྱི་མི་སྣ་ཞིག་ཏུ་གྱུར་ཏེ། གངས་ལྗོངས་ཀྱི་ལོ་རྒྱུས་ནང་གཟི་འོད་འབར་བའི་མཛད་རྗེས་ཀྱི་ལེའུ་དུ་མར་བསྐྲུན་ཡོད། དངོས་གནས་ཏཱ་ལའི་བླ་མས་ལོ་མང་རིང་ཁྱེད་ཉིད་དམིགས་བསལ་སྐུ་ཚབ་ཏུ་བཀོད་བཞག་བྱེད་པ་འདི་གཅིག་གིས་ཀྱང་ཁྱེད་ཀྱི་ཤེས་འཇོན་དང་ལྷག་བསམ་སཉིང་སྟོབས་བཟང་པོ་བཅས་གསལ་པོར་མཚོན་ཡོད། ཕྱི་ལོ་ ༡༩༩༧ ངས་བོད་དུ་ཕྱིན་སྐབས་རྒྱ་གཞུང་གིས་ཟམ་གདོང་བླ་མ་དང་ཁྱེད་ལ་འཛིན་པའི་སྲིད་ཇུས་གསལ་པོར་ཤེས་ཏེ། ངའི་ཡིད་ཆེས་དང་དགའ་ཞེན་སྔ་ལས་ལྷག་པར་གྱུར། འོན་ཀྱང་ཁྱེད་ཀྱིས་བཀའ་ཁྲི་གནང་འདོད་མེད་པའི་གསལ་བསྒྲགས་ཐུང་ཐུང་ཞིག་གིས་སྐྱེ་བོ་བརྒྱ་ཕྲག་མང་པོ་ལ་གླེང་གཞི་དང་བསམ་ཕྱོགས་གསར་པ་ཞིག་བསྐྲུན་པས། བདག་ཀྱང་བསམ་བཞིས་ཞིག་བྱེད་འདོད་སྐྱེས། དཔྱད་གཞི་དང་པོ་ ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་བཀའ་ཁྲིའི་ལས་འགན་གཉིས་གལ་གང་ཆེ་མིན་གྱི་སྐོར་ཡིན། དེ་ནི་ཅི་ཙམ་བསམ་གྱང་འདམ་མ་ཤེས་ཏེ་ལུས་འོན་ཀྱང་སྐུ་སྲོག་གི་ཉེས་ཁ་ལ་མ་གཟིགས་པ་བོད་རྒྱའི་ཞི་བའི་གྲོས་མོར་ཕེབས་པའི་བློ་སྟོབས་ལ་དབང་མེད་དུ་ཡིད་སྨོན་སྐྱེས། དཔྱད་གཞི་གཉིས་པ་གཞུང་གི་ལས་བྱེ་མིན་ན་བོད་དོན་སྒྲུབ་ཐུབ་མིན་གྱི་སྐོར་ཡིན། དེ་ལ་བསམ་སྐབས་པཎ་ཆེན་རིན་པོ་ཆེ་དང་ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་གཉིས་ཀྱི་མཛད་པ་དང་བཀའ་དྲིན་ཡིད་ལ་འཁོར་ནས་མིག་ཟུང་མཆི་མས་ཁེང་། དངོས་གནས་ང་ཚོའི་ཆོས་སྡེ་ཁག་གི་མཁན་པོ་དང་དགེ་བཤེས་མཚན་ཉིད་པ་མང་པོས་འདོད་ཆུང་ཆོག་ཤེས་ངང་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གནང་བའི་མཛད་བཟང་ལམ་ནས། རང་ལ་ཤེས་འཇོན་དང་ལྷག་བསམ་ཡོད་ན་བོད་ལ་ཕན་པའི་བྱ་བ་ནི་ཇ་ཁང་ནང་དུའང་སྒྲུབ་ཆོག་པའི་ངེས་ཤེས་རྙེད། དཔྱད་གཞི་གསུམ་པ་དེ་མ་འོང་པའི་བཀའ་ཁྲི་སུས་འོས་པ་དེ་ཡིན། རང་གི་ཡིད་ལ་བབ་པའི་མི་ཁ་ཤས་མཐོང་ཡང་རང་ཉིད་ཀྱིས་གདམ་པ་ལས་མི་མང་གི་བསམ་ཕྱོགས་བསྒྱར་་བའི་གསལ་བསྒྲགས་དེ་མི་འདོད་པས་མཚན་མི་བརྗོད། ཕྱོགས་གཞན་ཞིག་ནས་བསམ་ན་རང་གི་བཀའ་ཁྲི་གདམ་པའི་མི་དེ་མི་མང་གིས་རྒྱབ་སྐྱོབ་ཐོབ་པའི་ཡིད་ཆེས་ཡོད་དགོས། དེ་ཚོགས་སྡེ་ཁག་དང་མི་སྒེར་པ་ཁ་ཤས་ཤིག་གི་མིང་བྲིས་ཏེ་གསལ་བསྒྲགས་དགོས་པའི་རྒྱུ་མཚན་ནི། རང་ཉིད་ཀྱིས་གདམ་པའི་མི་དེ་ལ་མི་མང་གིས་རྒྱབ་སྐྱོབ་ཐོབ་པའི་ཡིད་ཆེས་མེད་པ་དང་། མི་དེ་སྤྱི་ཚོགས་ནང་རླབས་ཆེན་གྱི་མཛད་རྗེས་དང་སྙན་གྲགས་མེད་པ་གསལ་པོར་མཚོན་པར་མཐོང་། བོད་རྒྱལ་བར་གྱུར་ཅིག།
    འབྲུག་དཀར་ནས་རེ་བབཞིན།

    Reply
  4. མེ་ལྷ་ says:
    ལོ་ 15 སྔོན།

    ངས་ཁྱོད་འདྲ་བོ་ཞིག་བཀའ་ཁྲིའི་འོས་གཞི་ལ་མི་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད། དམིགས་བསལ་སྐུ་ཚབ་ནས་ཀྱང་དགོངས་པ་ཞུ་རོགས་ཞེས་རེ་སྐུལ་ཞུ། རང་དོན་ནི་བསྒྲུབས་ཚར་ཡོད་ངེས། སྤྱི་དོན་སྒྲུབ་རྒྱུའི་ནུས་པ་དང་དང་བ་གཉིས་ཀ་མེད་པར་གསལ་བས། ད་མི་འཇོན་ཐང་ཅན་སྒེར་སེམས་ཆུང་བ་ཞིག་ལ་སྤྲད་ན་ཡག་ས་རེད།

    Reply
  5. སྨར་ཁམས་བུ། says:
    ལོ་ 15 སྔོན།

    ཨེ་མ་དཀོན་མཆོག་མཁྱེན། ཁྱེད་ཀྱི་དེ་འདྲ་རྫུན་བཤད་ན་དཀོན་མཆོག་གི་གཟིགས་ཀྱི་ཡོད་པ་དང་ང་ཚོ་ནང་པ་ཞིག་ཡིན་དུས་ཚེ་ཕྱི་མ་མཁས་ལེན་གྱི་ཡོད་ཀྱི་རེད་བསམ་གྱི་འདུག།
    བོད་ནང་གི་མི་དང་མཉམ་དུ་འབྲེལ་བ་ཤུགས་ཆེན་ཡོད་མདོག་བྱེད་ནས་ཆབ་སྲིད་ནང་བདེ་སྤྱོད་གཏོང་ན་རུང་ངམ།

    Reply
  6. འདན་མ says:
    ལོ་ 15 སྔོན།

    ཉག་རོང་གཏམ་རྒན་མ་ལགས་ ཁྱེད་མ་ཡིན་ཡིན་མདོག་གིས་སྐད་ཆ་ཆོ་མེད་དེ་མ་བཤད་ན་བཟང་གི་རེད་མ་གཏོག ཁྱོད་རང་གི་གནས་ཚུལ་ག་འདྲ་ཡིན་པ་ངས་ཧ་གོ་སོང་། ཁྱེད་ད་རང་སྡོད་མ་ཚུགས་ན་ཁྱེད་ཀྱི་གནས་ཚུལ་རྣམས་དྲ་རྒྱ་ཐོག་ཕབས་ངེས་ཡིན་ད།

    Reply
  7. དཔའ་ཆེན་དོན་གྲུབ། says:
    ལོ་ 15 སྔོན།

    དགོད་བྲོ་ལ་དྲང་བདེན་མ་བྱུང་བའི་གནས་ཚུལ་ཞིག་གླེང་ན་ལོ་འདིའི་གྲོས་ཚོགས་འཚོགས་དུས་དང་པོའི་སྐབས་བཀའ་ཁྲི་བསྟུད་མར་ཐེངས་གཉིས་ལས་ལྷག་ཡོང་ཆོག་མིན་ཐད་གླེང་སློང་དང་གྲོས་ཆོད་འཇོག་དུས་གྲོས་ཆོད་འཁྱེར་ཡོང་མཁན་གྱིས་བཀའ་ཁྲི་དང་བཀའ་བློན་བསྟུན་མར་ཐེངས་གཉིས་ལྷག་ཡོང་ཆོག་མིན་ཞེས་ཟེར་དུས་བཀའ་ཁྲི་དང་བཀའ་བློན་ལ་དབྱེ་བ་མེད་པར་མཉམ་འཁྱེར་བྱས་ཡོད་པ་དང་། གྲོས་འཚོགས་ནང་དུའང་དེ་གཉིས་ལ་དབྱེ་བ་མེད་པར་གཉིས་ཆ་བསྟུད་མར་ཐེངས་གཉིས་ལས་ཡོང་མི་ཆོག་པར་ཐག་བཅད་ཡོད།

    འོན་ཀྱང་། སྤྱི་འཐུས་ཁོ་རང་ཚོ་ལོ་ནའི་ལྕོག་ཚད་ཀྱིས་སྤྱི་འཐུས་ལ་ཡོང་ཆོག་པར་ངེས་འཛིན་བྱས་པ་ཡིན་གདའ། དེའི་ཐད་གླེང་སློང་ཙམ་ཡང་མི་བྱེད་པ་མ་ཟད་དོགས་པ་ཡོད་པའི་རྣམ་འགྱུར་ཙམ་ཡང་ཐོན་མེད། ལྷག་པར་ཏུ་མི་ཚེ་སྤྱི་འཐུས་བྱས་ཏེ་བསྐྱལ་ཡོད་མཁན་རྣམས་ཀྱིས་ཀྱང་རང་རང་གི་ཉམས་མྱོང་སྟེང་ནས་ལས་དོན་འཐུས་ཤོར་དུ་སོང་ཡོད་པའི་གནས་ཚུལ་གྱི་ཟུར་ཕྲ་མོ་ཙམ་ཡང་མི་གླེང་བར་བོད་མི་མང་གི་ཕྱི་རབས་རྣམས་གླེན་པ། རྨོངས་པ། ལྐུགས་པ་སོགས་སུ་ཐག་བཅད་འདུག་པའོ།

    དོན་དངོས་སམ་རང་གི་བསམ་པའི་འཆར་སྒོ་ཙམ་གླེང་ན་འདི་ལྟ་སྟེ། གལ་སྲིད་བཀའ་བློན་དང་བཀའ་ཁྲི་བསྟུན་མར་ཐེངས་གཉིས་ལས་ཡོང་མི་ཆོག་ན་སྤྱི་འཐུས་བསྟུན་མར་ཐེངས་གཉིས་ལས་ལྷག་ཡོང་ཆོག་པའི་རྒྱུ་མཚན་ཅི་ཡང་མི་འདུག ལྷག་པར་ཏུ་བཀའ་བློན་བསྟུན་མར་ཐེངས་གཉིས་བྱས་ཟིན་པ་རྣམས་བཀའ་བློན་ཁྲི་བར་ལངས་མ་ཆོག་པའི་རྒྱུ་མཚན་ཅི་ཡིན་ནམ། ཁོ་བོས་ནི་འདི་ལ་རྒྱུ་མཚན་ཞིག་ཡོད་པར་མི་བསམ་སྟེ་ན་གཞོན་འཇོན་ཐང་ཡོད་པ་ཞིག་བསྟུན་མར་ཐེངས་གཉིས་ལ་བཀའ་བློན་གྱི་ཉམས་མྱོང་བསགས་ཏེ་ཚད་དང་ལྡན་པའི་འཛིན་སྐྱོང་བ་ཆགས་དུས་སྤྱི་བྱིངས་ཀྱི་ཐོབ་ཐང་བཀའ་ཁྲིའི་འོས་དམིགས་སུ་ཡོང་མི་ཆོག་པ་ཡིན་ན་དེ་ཡང་སྤྱི་དམངས་ཀྱི་ཐོབ་ཐང་འདྲ་མཉམ་མ་ཡོང་བའི་ཆ་ཞིག་རེད་འདུག་གོ་བསམ།

    སྤྱི་འཐུས་འུར་ལ་དགའ་བ་རྣམས་ཀྱིས་འདི་ཉིད་ལ་རྣམ་པར་དཔྱད་དགོས་པ་དོན་ཆེན་པོ་འདུག་སྟེ། ལྷག་པར་ཏུ་བསྟུན་མར་ཐེངས་གསུམ་ནས་བཞི་ལ་སྤྱི་འཐུས་ཀྱི་རྐུབ་སྟེགས་སྟེང་ནས་བབ་མེད་པ་དག་གིས་དཔྱད་དགོས་པར་སྣང་ངོ་ཞེས་རང་གི་བསམ་ཚུལ་ཙམ་བརྗོད་པའོ།

    Reply
  8. ཉག་རོང་གཏམ་རྒན་མ། says:
    ལོ་ 15 སྔོན།

    རྒྱ་རི་བློ་གྲོས་ཀྱིས་དེ་ལྟར་བཤད་པ་ལ་ཧ་གང་ཡང་ལེ་གི་མི་འདུག ཁོ་རང་གིས་ད་བར་བཙན་བྱོལ་སྤྱི་ཚོགས་ཁྲོད་འོས་དམིགས་བཏོན་མཁན་ལ་སྒུག་ཀྱང་འོས་མཚམས་འདོན་མཁན་མ་རག་ནས་དེ་ལྟར་བཤད་དགོས་ཐུག་པ་རེད། མདོ་སྨད་ཀྱིས་མི་ ༡༣ བཏོན་པ་དེ་མང་དྲག་པ་རེད། ད་དུང་རྒྱ་རི་སྒྲོལ་མ་རྗེས་སུ་ཡོང་གི་རེད། མོ་རང་ལ་ཡང་འོས་དམིགས་བཏོན་མཁན་ཨེ་རྙེད་བྱས་ནས་མཐའ་མ་མངའ་རིས་སྤྱི་མཐུན་ཚོགས་པས་ཨ་ཅར་ཡ་ཡེ་ཤེས་ཕུན་ཚོགས་ཀྱིས་གཅིག་བཏོན་ཡོད་མདོག་ཁག་པོ་རེད། མོ་རང་གིས་གནས་ཚང་གཡར་གླ། དེ་མིན་དབུས་གཙང་གིས་ནི་བཏོན་མི་འདུག ད་རྒྱ་རི་ཚང་གིས་སྒྲོལ་མ་ལ་ཤུགས་རྒྱག་མདོག་ཁ་པོ་རེད། དེ་མིན་རི་པན་སོགས་ལ་སྤྱི་འཐུས་ས་མིག་ཅིག་རག་ན་པདྨ་རྒྱལ་པོ་ཡོང་རྒྱུ་རེད། ད་དུང་ཇུན་ངན་མང་པོ་ཡོད་རེད། བཤད་ན་ཁ་ན་སྤྱད་རེད།

    Reply
  9. རི་བོང། says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ། ངས་ཁྱོད་འདྲ་བོ་ཞིག་བཀའ་ཁྲིའི་འོས་གཞི་ལ་མི་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད། དམིགས་བསལ་སྐུ་ཚབ་ནས་ཀྱང་དགོངས་པ་ཞུ་རོགས་ཞེས་རེ་སྐུལ་ཞུ། རང་དོན་ནི་བསྒྲུབས་ཚར་ཡོད་ངེས། སྤྱི་དོན་སྒྲུབ་རྒྱུའི་ནུས་པ་དང་དང་བ་གཉིས་ཀ་མེད་པར་གསལ་བས། ད་མི་འཇོན་ཐང་ཅན་སྒེར་སེམས་ཆུང་བ་ཞིག་ལ་སྤྲད་ན་ཡག་ས་རེད།

    Reply
  10. སྤང་མདའ་སྟོབས་རྒྱས། says:
    ལོ་ 15 སྔོན།

    ཁ་བྲོ་ཆབ་སྲིད་ཀྱི་བཟློས་གར་ཞིག་མིན་ན་ཐུགས་རྗེ་ཆེ། ཡིན་ནའང་སྔོན་མ་ཟམ་གདོང་རིན་པོ་ཆེས་ཀྱང་དེ་ལྟར་གསུང་མྱོང་ཆབ་སྲིད་པ་དེ་ཚོས་
    བཟློས་གར་རེ་འཁྲབ་དུས་མི་མང་མགོ་འཐོམས་སུ་བཅུག་གི་ཡོད། ད་དུང་དམིགས་གསལ་སྐུ་ཚབ་ཀྱི་ཐུགས་འགན་དེ་ཡང་རེ་ཞིག་དགོངས་ཞུ་
    གནང་ན་ཡག་པོ་འདུག
    དོན་ཕན་ཅི་ཡང་མེད་པའི་མིང་སྟོང་དེ་འཁྱེར་ན་གང་སར་རྒྱུག་ན་རྒྱ་རིའི་ཚང་གི་ཚ་བོ་ཚ་མོ་རྣམས་ཀྱི་མདུན་ལམ་ལ་ཏོག་ཙམ་ཕན་པ་ལས་བོད་མི་རིགས་ཀྱི་ལས་དོན་ལ་ཕན་ཐོག་མེད་ཀི

    Reply
  11. སྟག་སྨྱོན། says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ། མུ་མཐུད་མགོ་སྐོར་དང་རྫུན་བཤད་ནས་བཞུགས་མི་འདོད་པ་ཡག་བྱུང། མ་གཞི་ཁྱེད་ལ་བོད་འབྲེལ་གྱི་མིང་ཆེན་པོ་ཞིག་དང་ལས་ཀ་དང་ལས་འགན་ཉུང་ཉུང་ཞིག་མཁོ་བ་ལོས་ཤེས། ཁྱེད་ལ་གཞུང་འབྲེལ་མིང་ཆེན་པོ་དེ་དང་སྒེར་གྱི་ཚོང་ལས་རྒྱ་ཆེན་པོ་དེ་གཉིས་གཅིག་ཕན་གཅིག་གྲོགས་རེད།

    Reply
  12. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 15 སྔོན།

    རྙིང་པས་གསར་ཚབ་མི་ཡོང་བར་མང་པོས་གླེངཡང་། སྐྱེ་བོ་རྙིང་པ་ནི་རྙིང་པར་མོས་ཤིང་རྙིང་པར་གུས་ཏེ་ཁོང་ཚོས་རྙིང་པ་ལས་གསར་པའི་ཁྱད་ཆོས་དང་རིན་ཐང་ལ་རྒྱུས་ལོན་མི་བྱེད་པས་སོ། ། དེ་ནི་རང་བཞིན་ཞིག་ལས་སྐྱེ་བོ་སྒེར་བ་རེ་ཟུང་ཀྱི་ཆོས་ཉིད་ཅིག་ནི་གཏན་ནས་མིན། མི་བུ་རྙིང་པ་ནི་ན་ལོས་བགྲེས་པར་གོ་ལ། བགྲེས་པས་བབ་ལྕི་བའི་ལས་ཀ་ཐེག་དཀའ་བ་ནི་འདུས་ཤིང་བྱས་པའི་མཚན་ཉིད་ཀྱིས་ལྷུག་པར་བསྐྲུན་པའི་རང་བཞིན་ཞིག་ལས་གཞན་ཅི། དེས་ན་ཐབས་ཟད་འུ་ཐུག ཤ་ཟད་རུས་ཐུག་ལས། བགྲེས་པོ་ཚོར་ལས་ཀ་སྐོས་མི་རུང་ངོ། །མི་རྗེ་ཟམ་གདོང་བླ་མ་ཡང་དེ་མཚུངས་ཀྱི་བགྲེས་པོར་སོང་བས་ད་ནི་ང་ཚོས་ཁོང་ལ་ལས་ཀ་བྱེད་དུ་འཇུག་ཐུབ་བམ། རྙིང་ཞེན་གྱིས་གསར་པ་སྒྲིབ་ན་དེའི་ངན་འབྲས་ནི་ད་གཟོད་རྙིང་དྲི་རབ་ཏུ་ཐུལ་བའི་ཕག་ཤ་ལྡོག་ལྡོག་ཅིག་ལས་གཞན་ཅི་ཡང་མེད། མ་གཞི་ང་ཚོ་སྲིན་པོའི་རིགས་ནི་ཤ་རྙིང་དང་མར་རྙིང་། བྲོ་རྙིིང་དང་འབྲས་རྙིང་། མི་རྒན་དང་རྟ་རྒན། ཁྱི་རྒན་དང་མཛོ་རྒན་ལ་རང་བཞིན་གྱིས་མོས་པ་ཆེ་བས་རྙིང་པ་རེ་རེ་ཡང་འདོར་བར་ལས་སླ་བོ་ཞིག་ལ་ཡོད། གྲལ་འགྲིགས་པའི་མི་རབས་གསར་པའི་རི་དཔུང་ན། ངེས་དོན་གྱིས་མཛངས་པའིབོད་པ་ཚང་གི་སྲས་པོ་དང་སྲས་མོ་འདི་ཚོར་ད་ནི་ངོ་མ་གངས་ཅན་སྐྱིད་གཤོང་གི་རྐུབ་སྟེགས་ཐོག་ན་ཧུར་གྱིས་འགྱིངས་པའི་མི་ཡུལ་ལས་འདས་པའི་ལྷའི་ཡུལ་གྱི་སྐུ་དྲག་ཚོའི་གདན་ཐོག་ཏུ་བཞུགས་རན་འདུག སྐུ་དྲག་ཁོང་ཚོའི་རྟོགས་པ་དང་མཁྱེན་དཔྱོད་ནི་འགྲོ་བ་མི་ལས་ཤིན་ཏུ་འདས་ཏེ་སྲིད་རྩེ་པ་དག་དང་མཉམ་པས་བསམ་གཏན་གྱི་ཏིང་འཛིན་ངོར་སྣང་བའི་རིགས་མཐུན་གྱི་ལྷ་ཚོགས་ལས། ཁོང་ཚོ་དང་ལེ་དབར་ཁྲི་སྟོང་གིས་རབ་ཏུ་ཆོད་པའི་ང་ཚོ་སྟེ། མི་ཡུལ་དུ་འཕྱན་པའི་ལས་ངན། དགོན་མེད་ཉམས་ཐག རྐང་གཉིས་པ་ཚོ་ནི་ཁོང་ཚོའི་དགོན་སྐྱོབ་མཛད་པའི་ཡུལ་དུ་མ་གྱུར་པས། ད་ནི་ང་ཚོར་དགོས་པའི་སྐུ་ངོ་ནི། རྟོགས་དཔྱོད་ལྷ་དང་མི་མཉམ་པའི་སྐྱེ་བོ་ཕལ་བ་ཞིག་ཏུ་འདུག་གོ །ལྷ་དང་མཉམ་པའི་སྐུ་ངོ་ཚོའི་གམ་དུ་ང་ཚོ་བཅར་བ་ཡིན་ན་ཁོང་ཚོར་ང་ཚོའི་གྲིབ་དང་མི་གཙང་བ་འགོས་ཉེན་ཡོད་ལ། ལྷ་ཆེན་སངས་པ་དཀར་པོ་བསམ་གཏན་གྱི་ཆང་གིས་རབ་ཏུ་མྱོས་པ་ལྟ་བུ་ཁོང་ཚོའི་འགྱིངས་ཉམས་དེས་ཀྱང་ང་ཚོ་སྟེ་ཐ་མར་པ་ཚོ་ནི་ཧ་ཅང་སུན་བཙིར་བྱ་ངེས། དེས་ན་ང་ཚོ་ནི་འགྲོ་བ་མི་ཡིན་པའི་ཆ་ནས། རང་ཉིད་ལྷ་རུ་སྒོམ་པའི་སྐུ་ངོ་འདི་ཚོ། ཉམས་ཐག་བདུད་དུ་ལྟ་བའི་སྐུ་ངོ་འདི་ཚོ། སྤྱི་དོན་ཡ་བར་འདོར་བའི་སྐུ་ངོ་འདི་ཚོ། སྤྱི་རྒྱུ་སྒེར་བདག་བྱེད་པའི་སྐུ་ངོ་འདི་ཚོ། རང་དོན་ཁོག་ཏུ་བཅུག་པའི་སྐུ་ངོ་འདི་ཚོ། གཞན་རྒྱུ་ལྐོག་ནས་བཟའ་བའི་སྐུ་ངོ་འདི་ཚོ། ཤེས་འཇོན་ལྷག་བསམ་མེད་པའི་སྐུ་ངོ་འདི་ཚོ། བཤད་ཚད་དོན་དུ་མི་ཁྱོལ་སྐུ་ངོ་འདི་ཚོ། ཆོལ་ཁ་འཐེན་ཁྱེར་ཆེ་བའི་སྐུ་ངོ་འདི་ཚོ། ཆོས་ལུགས་ཕྱོགས་རིས་མང་བའི་སྐུ་ངོ་འདི་ཚོ། འདིའི་རིགས་ཀྱི་སྐུ་ངོ་ཚོ་ནི་ངས་བཤད་པའི་ལྷ་ནི་རྟོགས་དཔྱོད་ཅན་གྱི་སྐུ་ངོ་རེད་འདུག་པས། རང་ཉིད་མི་རུ་ཤེས་པའི་སྐུ་ངོ། ཉམས་ཐག་དོན་གྱིས་སྐྱོང་བའི་སྐུ་ངོ། སྤྱི་སེམས་ཁོག་ན་ཡོད་པའི་སྐུ་ངོ། ཤེས་འཇོན་ལྷག་བསམ་ཅན་གྱི་སྐུ་ངོ། ནང་ཁུལ་ཉེ་རིང་མེད་པའི་སྐུ་ངོ། ཕུག་བསམ་བརྟན་པོ་ཡོད་པའི་སྐུ་ངོ། མདོར་ན་འགྲོ་བ་མི་ཡིན་པའི་སྐུ་ངོ་ཚོས་ཁོང་ཚོའི་རུས་རྐང་བཅོག་རན་འདུག་གོ །ཡོང་རྒྱུའི་བཀའ་ཁྲི་ཡི་སྐུ་ངོར་འགྲོ་བ་མི་ཞིག་འདེབས་ཐུབ་པའི་རེ་བ་ཆེ། མཚམས་འདིར་གསལ་བཤད་དགོས་ལ་ཞིག་ལ། ང་རང་གསར་པར་མོས་ཀྱང་རྙིང་པ་ཡིན་ཚད་མདོར་ཀྱང་བྱེད་དགོས་པའི་ལྟ་ཚུལ་ནི་ང་ལ་གཏན་ནས་མེད།

    Reply
  13. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ༼ང་ཚོས་འོས་འདེམས་བྱ་རྒྱུའི་མགོ་ཁྲིད་ཚོའང་གོང་གསལ་བོད་མི་རིགས་ཀྱི་ཐུན་མིན་ཁྱད་ཆོས་དེ་དག་ལ་རྒྱུས་མངའ་དང་། དགའ་མོས་བརྩི་བཀུར་ཡོད་མཁན་ཞིག་དགོས་པ་མ་ཟད། དེ་དག་མཚོན་ཐུབ་ངེས་ཤིག་དགོས་པར་སྣང་བ་བཅས་ཕྲན་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༣༠ ལ།། ཞེས་གསལ་ཡོད།༽
    གསུངས་འདི་རིན་ཐང་ལྡན་པ་ཞིག་རེད
    ཚང་མའི་ཐུགས་བསམ་བཞེས་རོགས

    Reply
  14. གནས་ཚང་། says:
    ལོ་ 15 སྔོན།

    ད་རེས་ཡིན་ན། རིན་པོ་ཆེ་ནོར་སོང་བར་འདོད། སྔར་ཟམ་གདོང་རིན་པོ་ཆེ་གྲོས་ཚོགས་ཚོགས་གཙོ་ནས་ངལ་གསོ་རྒྱག་སྐབས། བཙན་བྱོལ་མི་མང་ལ་དགོངས་དག་ཅིག་ཞུ་མྱོང་ཡོད་ཅིང་། ད་རེས་དམིགས་བསལ་སྐུ་ཚབ་ལགས་ཀྱིས་ཀྱང་བཀའ་ཁྲིའི་འོས་མིར་ཞུགས་ཀྱི་མིན་ཞེས་པ་གཉིས་ལ་ཕྱི་ནང་གཉིས་ཀྱི་ཆ་ནས་འདྲ་མཚུངས་རེད་ལ། དམིགས་བྱའང་གཅིག་པ་རེད། ཡིན་ནའི། བོད་ནང་དུ་གྲོས་མོལ་ལེགས་འགྲུབ་མ་བྱུང་བར་དོགས་པ་དང་ཡིད་མ་རངས་པ་གནང་བཞིན་པའི་སྐབས་འདིར་དམིགས་བསལ་རྒྱ་རི་དང་བཀའ་ཁྲི་ཟམ་གདོང་ལ་དེ་ལྟར་རེ་བ་རྒྱག་མི་སྲིད་པ་ཞིག་རེད། དཔེར་མཚོན་ཙམ་བཀོད་ན། བོད་རྒྱའི་འབྲེལ་མོལ་ཐེངས་བཞི་པ་བར་དུ༼རང་བཙན༽དང་༼རང་སྐྱོང༽གི་དབྱེ་བ་རྒྱ་མིར་གོ་བརྡ་འཕྲོད་མེད་པ་རྒྱ་ཡིག་གསར་ལམ་ཁག་ཏུ་ཡོངས་གྲགས་ཡིན་པ་དང་། ཡང་རྩོམ་ཡིག་ལ་ལར་བསྟན་དོན་ལྟར་ན། འཐབ་ཕྱོགས་གཅིག་གྱུར་ཁང་གིས་གོ་སྒྲིག་གནང་བའི་བོད་མི་སྐད་བསྒྱུར་བ་ཁག་ཅིག་དམིགས་བསལ་སྐུ་ཚབ་ལགས་ཀྱིས་དགོས་ཡ་མི་འདུག་ལབ་པར་ལྟ་ཚུལ་གཅིག་བྱུང་འདུག་ཅིང་། དེ་ནི་སྐུ་ཚབ་ཚོགས་པས་བོད་ཀྱི་གནས་སྟངས་ངོ་མ་མཁྱེན་གྱི་མེད་པའི་གཡོལ་ཐབས་ལ་ངོས་འཛིན་བྱས་འདུག་པས། གསལ་བསྒྲགས་འདིའི་ཕུགས་རེ་ག་རེ་ཡིན་མིན་བརྟག་བྱར་ལྷག་མེད་དམ།

    Reply
  15. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ཨ་ཁ་བཀའ་ཁྲི་དང་དམིགས་བསལ་སྐུ་ཚབ་གཉིས་ཀྱི་གོ་ས་བརྗེ་རྒྱུའི་ངའི་རྨི་ལམ་དེ་གྲུབ་མ་སོང་།

    Reply
  16. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    བོད་ནང་དུའང་ཟམ་གདོང་རིན་པོ་ཆེ་དང་རྒྱ་རི་བློ་གྲོས་རྒྱལ་མཚན་ཚང་གཉིས་ཀྱི་མཚན་སྙན་ཁྱབ་ཡོད། རྗེས་སུ་ཡི་རང་དང་རེ་བ་ཡང་བྱེད་ཀྱིན་ཡོད། གཞིས་ལུས་མི་དམངས་གལ་ཆེ་ན་ཁོང་ཚོའི་བསམ་ཚུལ་ངོ་མའང་བསྡུ་ལེན་རེ་བྱེད་རྒྱུ་གལ་ཆེན་དོན་ཆེན་རེད། ཁོང་རྣམ་པ་བཀའ་ཁྲིར་མི་བཞུགས་ཟེར་ཡང་རྒྱ་ཆེའི་མི་དམངས་ཀྱིས་བདམས་ཚར་ན་མི་བཞུགས་གསུང་ཤེས་ཀྱི་མ་རེད། དེ་དམངས་གཙོའི་ཐག་གཅོད་ཅིག་དང་མི་དམངས་ཀྱི་རེ་བ་ཞིག་ཡིན་པས་ཐུགས་འགན་ངེས་པར་བཞེས་དགོས་རེད།
    བཀའ་ཁྲི་ཐེངས་གསུམ་ལ་བཞུགས་ཆོག་པའི་ཁྲིམས་སྲོལ་ཞིག་བཅས་ན་ལེགས། དེ་གང་ཟག་བྱེ་བྲག་པའི་ཆེད་དུ་མ་རེད། མི་དམངས་ཀྱི་དགོས་མཁོའི་ཆེད་རེད། སྐུ་ཞབས་བློ་བཟང་སེང་གེ་ལྟ་བུར་མཚོན་ན་ཡང་སྦྱོང་བརྡར་དང་ནུས་པ་འདོན་ཁོམ་གཉིས་ཀ་ཡོད་པ་རེད། མ་འོངས་པའི་བཀའ་ཁྲི་སུ་ཡིན་ཡང་ཡག་པོ་མེད་ན་སྐབས་རེ་རེ་ནས་བརྗེ་ཆོག་གི་རེད་ལ། དུས་ཡུན་མ་ལོན་གོང་ནས་ཕྱིར་འཐེན་ཡང་ཆོག་པ་འདི་དམངས་གཙོའི་ཁྱད་ཆོས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese