ཉེ་རབས་ཤིག་ནས་བཙན་བྱོལ་ནང་གི་མཐོ་རིམ་སློབ་མ་ཚོའི་སྐོར་ལ་གླེང་སློང་སྣ་ཚོགས་ཤིག་ཡོང་གི་ཡོད། དོན་དངོས་ཐོག་ཏུའང་རྒྱལ་ས་ལྡི་ལི་དང་ཅན་རྡི་སྒར། རྒྱ་གར་ལྷོ་ཕྱོགས་བཅས་ཀྱི་མཐོ་སློབ་ཁག་འགྲིམ་བཞིན་པའི་བོད་རིགས་སློབ་ཕྲུག་འགའི་བསམ་བློའི་གནས་ཚད་དང་། ཀུན་སྤྱོད་འཁྱེར་ཕྱོགས། ཤེས་ཡོན་ཆུ་ཚད་བཅས་ཀྱིས་མི་མང་པོ་ཞིག་ལ་བློ་ཕམ་བྱུང་དུ་བཅུག་ཡོད་ཅིང་། ༧གོང་ས་མཆོག་གིས་ཀྱང་གནས་སྟངས་འདི་ལ་ཧ་ཅང་ཐུགས་ཕམ་མཛད་དེ། ལོ་ངོ་ལྔ་བཅུའི་རིང་ཤེས་ཡོན་འཐུས་ཤོར་བཏང་ཡོད་པའི་སྐོར་གྱི་བཀའ་ནན་བསྩལ་ཡོད། གནས་སྟངས་དེ་ལ་དམིགས་ཏེ་འདི་གའི་གསར་འགོད་པས་ཆེད་དུ་ཕྱི་སྐྱོད་མཐོ་རིམ་སློབ་མ་སྐོར་ཞིག་ལྟ་བ་བསམ་བློར་རྒྱུས་ལོན་བྱས་ཡོད།
སློབ་བུ་ཟླ་བ་ཚེ་རིང་ལགས་ནི། ཨ་མདོ་གཅན་ཚ་ནས་འཚར་ལོངས་བྱུང་ཞིང་། ས་གནས་སློབ་གྲྭར་འཛིན་རིམ་ ༨ བར་བཏོན་རྗེས་རྒྱ་གར་དུ་ཡོང་སྟེ། སུ་ཇཱ་སློབ་གྲྭ་དང་ངྷ་སྟེང་བོད་ཁྱིམ་སོགས་ནས་འཛིན་རིམ་བཅུ་གཉིས་ཐོན་རྗེས་ལོ་གཅིག་རིང་ལྷོ་ཕྱོགས་བྷེང་ལོར་རྒྱ་གར་མཐོ་སློབ་ཅིག་ནས་ཨང་རྩིས་སྐོར་ལ་སློབ་སྦྱོང་བྱས། སྐབས་དེར་ཨ་རིའི་ཨེ་མོ་རི་ EMORY UNIIVERSITY གཙུག་ལག་སློབ་གྲྭར་ཡིག་ཚད་འཕྲོད་དེ། ད་ལོའི་ཕྱི་ཟླ་ ༨ ནང་སློབ་གྲྭ་དེར་ཞུགས་རྒྱུར་གྲ་སྒྲིག་བྱེད་བཞིན་འདུག
སློབ་བུ་ཟླ་བ་ཚེ་རིང་ལགས་སུ་རྒྱ་གར་ནང་གི་བོད་པའི་མཐོ་རིམ་སློབ་མར་ལྟ་སྟངས་གང་འདྲ་ཡོད་སྐོར་བཅར་འདྲི་ཞུས་པར་ཁོང་གིས། སྤྱིར་མཐོ་རིམ་སློབ་མ་ཟེར་བ་དེ་གྲལ་རིམ་མཐོ་བའི་སྤྱི་ཚོགས་ཤིག་རེད། བོད་ནང་ལ་མཚོན་ན། སློབ་གྲྭ་ཆེན་མོ་བ་ཟེར་ན་གདེང་འཇོག་ཚད་མཐོན་པོ་རེད། བཙན་བྱོལ་ནང་གི་མཐོ་རིམ་སློབ་མ་མང་ཆེ་བ་ལྷོད་སྡོད་རིང་ལུགས་པ་དང་། འགན་མེད་རིང་ལུགས་པ་ལྟ་བུ་ཆགས་འདུག ང་བྷིང་ལོར་ནས་ལོ་གཅིག་བསྡད་པའི་རིང་གི་མྱོང་ཚོར་བཤད་ན། ཁོང་ཚོས་མཐོ་སློབ་ཟེར་བ་དེར་ངོས་འཛིན་བྱེད་སྟངས་ནོར་འདུག འཛིན་གྲྭ་བཅུ་གཉིས་བར་བཙོན་ཁང་ནས་བསྡད་པ་རེད། མཐོ་སློབ་ནང་སྐྱིད་པོ་མ་བཏང་ན་གྱོང་རེད་ཟེར་མཁན་འདུག མི་རིགས་དང་རིག་གནས་སྐོར་ལ་སྐད་ཆ་བཤད་མཁན་མཐོང་མ་སོང་། གློག་བརྙན་དང་གླུ་བཞས་གསར་བའི་སྐོར་ལ་འགྲན་བསྡུར་འདྲ་ཞིག་འདུག སློབ་མ་ཁ་ཤས་ཀྱིས་ཕ་མའི་ལག་ནས་དངུལ་མང་པོ་བླངས་ཏེ། དུས་ཚོད་མང་ཆེ་བ་ཆང་དང་ཐ་མག དགའ་རོགས་སོགས་དང་མཉམ་དུ་སྐྱེལ་བཞིན་འདུག སྔོན་མ་ནས་སྤྱི་ཚོགས་ནང་མཐོ་རིམ་སློབ་མ་ཚོར་ལྟ་སྟངས་ཡག་པོ་མེད་པའི་ཁར། དེང་སྐབས་དྲ་རྒྱ་ཁག་ཏུའང་མཚང་འབྲུ་དང་སྐྱོན་བརྗོད་བྱེད་མཁན་ཇེ་མང་རེད། བོད་པའི་མཐོ་རིམ་སློབ་མ་ཚོར་སྒལ་ཚིགས་མི་འདུག་ཟེར་བ་དེ་བདེན་པ་རེད་དྲན་གྱི་འདུག རྒྱལ་ཁབ་མེད་པའི་སློབ་མ་ཞིག་གི་ཚོར་བ་དང་སེམས་འཁྲུལ་རྩ་བ་ནས་མི་འདུག ཅེས་རེ་ཆད་ཀྱི་ཉམས་སྣང་ཞིག་དང་བཅས་བཅས་བརྗོད་བྱུང།
ཁོས་མུ་མཐུད་བོད་པའི་མཐོ་རིམ་སློབ་མ་ཚད་ལྡན་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་འགའ་བརྗོད་དོན། ༧གོང་ས་མཆོག་གི་དམིགས་ཚད་དང་བོད་པའི་གནས་བབ་ལ་བསམ་བློ་བཏང་ན། བོད་པའི་མཐོ་རིམ་སློབ་མ་ཚོས་ཆེ་ས་ནས་མི་རིགས་གཞན་གྱི་མཐོ་རིམ་སློབ་མར་མིག་དཔེ་སྟོན་ཐུབ་པ་ཞིག་དང་། ཆུང་ས་ནས་བོད་པའི་རྩ་དོན་འཐབ་རྩོད་ཀྱི་སྣེ་ཁྲིད་ཐུབ་པ་ཞིག་ཆགས་དགོས་ཀྱི་འདུག མ་མཐའ་ཡང་ཀུན་སྤྱོད་གཞན་ལས་ཅུང་ཡག་པ་ཞིག་ཡིན་དགོས་པ་རེད། ཆབ་སྲིད་ལས་འགུལ་གྱི་སྣེ་ཁྲིད་མཁན་མང་ཆེ་བ་ཤེས་ཡོན་ཅན་མིན་སྟབས་ནུས་པ་མ་ཐོན་པ་རེད། དཔེར་ན། ༡༩༨༩ ལོར་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མཐོ་རིམ་སློབ་མས་འོས་ལངས་སྐབས། སློབ་ཕྲུག་གི་གཙོ་འཛིན་དང་རྒྱ་ནག་གི་སྲིད་བློན་བར་གྲོས་མོལ་བྱ་དགོས་བྱུང་ཡོད། འདི་མཐོ་རིམ་སློབ་མའི་ནུས་པ་རེད། ཉེ་ཆར་ང་རང་ས་རཱ་མཐོ་སློབ་ནས་ཟླ་གཅིག་རིང་བསྡད་སྐབས། ཕྱི་རྒྱལ་གྱི་སློབ་མ་ཞིག་ལ་ཐུག་སོང་། ཁོ་འཛིན་གྲྭ་དེ་ཙམ་མཐོན་པོ་མ་རེད་དེ། ཁོ་རང་གི་ཆེད་སྦྱོང་འགྲོ་བ་མིའི་འཚོ་སྡོད་ཀྱི་ཁོར་ཡུག་རྒྱུན་གནས་སྐོར་རེད། ཁོས་ལས་དོན་དེའི་ཆེད་དུ་ཕྱི་རྒྱལ་ནས་དེང་རབས་ཀྱི་སློབ་སྦྱོང་ཆ་ཚང་བྱས་རྗེས། བོད་པའི་སྲོལ་རྒྱུན་རིག་གཞུང་དང་ནང་ཆོས་ཀྱི་ལེགས་ཆ་འཚོལ་དུ་ཡོང་བ་རེད། ཁོ་རང་གི་དམིགས་ཚད་དང་དམིགས་ཚད་དེ་ལ་འགན་འཁྱེར་སྟངས་ཧ་ལས་པ་རེད། ང་ཚོས་ཁོང་ལྟ་བུ་ལ་སློབ་སྦྱོང་བྱ་དགོས་ཀྱི་འདུག ཅེས་བརྗོད་བྱུང་།
སློབ་མ་བསྟན་འཛིན་ཡིད་འོང་ལགས་ནི། སྐྱེས་ཡུལ་ངྷ་རམ་ས་ལ་དང་། བོད་ཁྱིམ་སློབ་གྲྭ་ནས་འཛིན་གྲྭ་བཅུ་བ་ཐོན་རྗེས་ཤེས་རིག་ལས་ཁུངས་བརྒྱུད་ ༢༠༠༧ ལོར་དབྱིན་ཡུལ་གྱི་ UWC སློབ་གྲྭ་ནས་ལོ་གཉིས་ཀྱི་སློབ་སྦྱོང་ཐོན་ཞིང་། ཡང་བསྐྱར་ཡིག་ཚད་བཏང་སྟེ་ཨ་རིའི་ WELLESLY COLLEGE ཞེས་པའི་མཐོ་སློབ་གྲྭའི་ལོ་རིམ་གཉིས་པ་འདོན་བཞིན་ཡོད། གོང་གི་སློབ་གྲྭ་དེ་ནི་བུད་མེད་ཁོ་ནའི་སློབ་གྲྭ་ཞིག་ཡིན་ཞིང། བསྟན་འཛིན་ཡིད་འོང་ལགས་ཀྱིས་སློབ་གྲྭ་དེར་རྒྱལ་སྤྱིའི་འབྲེལ་རིམ་རིག་པའི་ཐོག་ལ་སློབ་གཉེར་གནང་གིན་ཡོད།
གསར་འགོད་པས་ཁོང་མོར། ཁྱེད་རང་གི་ལྟ་ཚུལ་ལ་མི་ཡག་པོ་དང་རིན་ཐང་ཅན་ཞིག་བྱེད་ན། ཆ་རྐྱེན་ག་རེ་ཚང་དགོས་པ་རེད་དྲན་གྱི་འདུག་ཅེས་དྲིས་པའི་ལན་དུ། སྤྱིར་བཏང་དྲི་བ་འདི་ཧ་ཅང་ཆེན་པོ་རེད། ང་སློབ་ཕྲུག་ཆུང་ཆུང་ཞིག་གིས་ལན་རྒྱག་ཁག་པོ་རེད། ཡིན་ནའང་ནམ་རྒྱུན་ང་རང་གིས་མི་རིན་ཐང་ཅན་ཟེར་བ་དེ་ག་འདྲ་ཞིག་ལ་མཐོང་གི་ཡོད་ཟེར་ན། རང་བཞིན་བརྟན་པོ་ཞིག་ཡིན་ན་དེ་ལ་རིན་ཐང་ཆེན་པོ་འདུག་དྲན་ཡོད། ཁོར་ཡུག་དང་གནས་ཚུལ་གང་འདྲ་ཞིག་ལ་ཐུག་ཀྱང་འགྱུར་ཆོག་ཆོག་ཅིག་མིན་པར་བརྟན་པོ་ཡིན་དགོས་ཀྱི་འདུག གཉིས་པ། མི་ཞིག་ཡིན་ན་ཁོས་རང་ལས་དམའ་བ་དག་ལ་ལྟ་ལྟངས་ག་འདྲ་ཞིག་འཛིན་གྱི་འདུག དེའི་ཐོག་ནས་མི་ལ་རིན་ཐང་ཡོད་མེད་རྟོགས་ཐུབ་ཀྱི་འདུག སོ་སོ་དང་འདྲ་མཉམ་ཡིན་པ་ཚོར་ཡག་པོ་བྱས་པ་ཡིན་ན། དེ་ནི་སྤྱིར་བཏང་གི་མིའི་གཤིས་ཀ་ཙམ་རེད། སོ་སོ་ལས་མཐོ་བ་དག་ལ་ཡག་པོ་བྱས་ན་དེ་ངོ་སྲུང་བ་རེད། སོ་སོ་ལས་དམའ་བ་དག་ལ་ཡག་པོ་དང་འཆམ་པོ་བྱེད་མཁན་དེ་དག་དངོས་གནས་མི་རིན་ཐང་ཅན་རེད་བསམ་གྱི་འདུག དེ་ནས་དྲང་བདེན་གྱི་ལས་ཀ་བྱེད་མཁན་རེད། དྲང་མོ་བྱེད་མཁན་དེ་རྒྱུ་ཆེན་པོ་ཡོད་མཁན་དང་། ཡོན་ཏན་ཆེན་པོ་ཡོད་མཁན་ཚོ་ལས་ལྷག་པ་ཞིག་ལ་མཐོང་གི་ཡོད། ཅེས་བརྗོད་བྱུང་།
ཡང་ཁོང་མོར་བོད་པའི་སློབ་ཕྲུག་མང་པོ་ཞིག་མཐོ་སློབ་ནང་འཕྲོ་བརླག་ཏུ་འགྲོ་བཞིན་ཡོད་པའི་ཐད་བསམ་ཚུལ་གང་འདྲ་ཡོད་མེད་དྲིས་པར། གནས་ཚུལ་དེ་ང་རང་གིས་སྔོན་མ་ནས་གོ་མྱོང་ཡོད། བོད་ཁྱིམ་དགེ་རྒན་ཚོའི་སེམས་འཁྲུལ་ཆེ་ཤོས་འདི་རེད། གཞི་རིམ་སྐབས་ཀྱི་སློབ་ཕྲུག་ཡག་པོ་མང་པོ་ཞིག་མཐོ་སློབ་ཏུ་འཛུལ་ཏེ་རང་དབང་ཐོབ་མ་ཐག རང་ཚུགས་མི་ཐུབ་པར་འཕྲོ་བརླག་ཏུ་འགྲོ་བཞིན་འདུག་ཟེར། ང་རང་གི་བསམ་པར་དཀའ་ངལ་འདིའི་འབྱུང་ཁུངས་གཞི་རིམ་སློབ་གྲྭའི་ནང་སྒྲིག་གཞི་དམ་དྲགས་པ་དང་། སློབ་མ་ཚོར་རང་འགན་རང་འཁུར་གྱི་གོ་སྐབས་མ་རག་སྟབས། བསམ་བློ་བརྟན་པོ་དང་མཁྲེགས་པོ་ཆགས་མ་ཐུབ་པ་རེད་དྲན་ཡོད།
མཐར་ཁོ་མོར་མ་འོངས་པར་ལས་ཀ་ཅི་ཞིག་བྱ་འདོད་ཡོད་སྐོར་དྲིས་པར། ད་ལྟའི་ཆར་ངས་མ་འོངས་པར་ལས་ཀ་འདི་བྱ་རྒྱུ་ཡིན་ཟེར་ནས་ཐག་གཅོད་གང་ཡང་མེད། མ་འོངས་པར་རྩོམ་པ་པོ་ཞིག་བྱ་ཐུབ་ན་བསམ་ཡོད། འོན་ཀྱང་། རྩོམ་འབྲི་མཁན་ཞིག་བྱ་ན་ཐོག་མར་ཤེས་བྱ་སྣ་ཚོགས་ཀྱི་རྨང་གཞི་ཡག་པོ་འཇོག་དགོས་པ་རེད། མ་འོངས་པར་མུ་མཐུད་རྩོམ་རིག་དང་ཡང་ན་ཁྲིམས་ལུགས་ཀྱི་སློབ་གྲྭ་ཞིག་ལ་འཛུལ་ཐུབ་རྒྱུར་རེ་བ་རྒྱག་གི་ཡོད། ཅེས་དང་། བོད་གཞུང་གིས་སློབ་ཡོན་གནང་དགོས་པའི་རྒྱུ་མཚན་ཡིད་ལ་བརྟན་པོར་བཟུང་བསྡད་ན། ངེས་པར་དུ་གཞུང་ཞབས་ཁོངས་འཛུལ་ཏེ་ལས་ཀ་བྱ་དགོས་པའི་ངེས་པ་མི་འདུག ཉེ་ཆར་ང་ཚོ་ཕྱིར་སྐྱོད་སློབ་མ་ཁག་ཅིག་ལ་༧གོང་ས་མཆོག་གི་མཇལ་ཁ་རག་སྐབས། སློབ་སྦྱོང་གལ་ཆེན་ཡིན་པ་བཤད་མ་དགོས་པ་རེད། ས་གང་ནས་བསྡད་ཀྱང་སོ་སོའི་མི་རིགས་དང་རྩ་དོན་མ་བརྗེད་པའི་ཐོག་ནས་ལས་ཀ་བྱས་ན་འགྲིག་བསྡད་ཡོད་པ་རེད་གསུངས་སོང་། ཞེས་བརྗོད་བྱུང་།
ཁམས་སྡེ་དགེ་ནས་འཚར་ལོངས་བྱུང་བའི་སློབ་བུ་ཀརྨ་ཚེ་རིང་ལགས་ནི། ཕྱི་ལོ་ ༡༩༩༧ ལོར་རྒྱ་གར་དུ་ཡོང་སྟེ། པཱ་ཏེ་ཀོལ་སློབ་གྲྭ་དང་སྦེལ་ཀོབ་བོད་ཁྱིམ། ངྷ་སྟེང་བོད་ཁྱིམ་བཅས་ནས་ཚན་རིག་ཐོག་འཛིན་གྲྭ་བཅུ་གཅིག་ཐོན་རྗེས་ལོ་གསུམ་རིང་དབྱིན་ཡུལ་གྱི་ HASTINGS COLLEGE སློབ་གྲྭ་ནས་སློབ་སྦྱོང་བྱས་མཐར་ཡིག་ཚད་བཏང་སྟེ། དབྱིན་ཡུལ་གྱི་ BRIGHTON MUINVERSITY ཞེས་པའི་གཙུག་ལག་སློབ་གྲྭར་ལོ་བཞི་ཡི་གོ་སྐབས་རག་ཡོད།
སློབ་བུ་ཀརྨ་ཚེ་རིང་ལགས་ཀྱིས་ཁོ་རང་གི་བྱིས་དུས་ཀྱི་སྐྱོ་གར་ལ་ཕྱིར་དྲན་དང་འབྲེལ་ཏེ། བཙན་བྱོལ་བོད་གཞུང་གིས་སློབ་སྦྱོང་གི་གོ་སྐབས་གནང་བར་བཀའ་དྲན་རྗེས་དྲན་གྱི་སེམས་ཚོར་གླེང་དོན། ང་ལོ་གཅིག་གཉིས་ལ་སླེབས་དུས་ནས་ཕ་མ་གཉིས་གྲོངས་སོང་། ང་ལ་སློབ་སྦྱོང་གི་གོ་སྐབས་མ་རག་སྟབས། ཆུང་དུས་ཆབ་མདོ་ནས་རྒྱུན་རིང་བསྡད་པ་ཡིན། མཚམས་རེར་རྐུ་བྱེད་པ་དང་མཚམས་རེར་སློང་མོ་རྒྱག་པ། ཡང་མཚམས་རེར་ཁྱིམ་ནས་བརྐུས་ཡོང་མདོག་མདོག་གིས་བཅའ་དངོས་རྫུན་མ་རེ་འཁྱེར་ཏེ། མི་གཞན་ལ་མགོ་བསྐོར་ཏེ་བཙོང་ཐབས་བྱས་པ་ཡིན། ཆབ་མདོའི་དགོན་པའི་འོག་ཏུ་རྡོ་ར་ཆུང་ཆུང་ཞིག་ཡོད་པ་དེའི་ནང་ཉལ་ཏེ་ཞོགས་པ་སྔ་བོ་དགོན་པར་སོང་ན་ཟ་མ་རག་གི་ཡོད། དེ་དུས་ང་ལོ་བཞི་ལྔ་ཙམ་རེད། དེ་དག་ད་ལྟ་གསལ་བོར་དྲན་གྱི་འདུག ༡༩༩༧ ལོར་ང་རྒྱ་གར་དུ་ཡོང་བ་ཡིན། ང་ལ་སློབ་སྦྱོང་གི་གོ་སྐབས་སྤྲོད་མཁན་དང་། ད་ལྟ་ཕྱི་རྒྱལ་གྱི་མཐོ་སློབ་ཅིག་ཏུ་བསྐྱོད་དེ་མི་ཆ་ཚང་བ་ཞིག་བཟོ་མཁན་དེ་བཙན་བྱོལ་བོད་གཞུང་དང་བོད་ཕྲུག་ཁྱིམ་སྡེ་ཡིན། ཕྱོགས་གཅིག་ནས་བསམ་བློ་བཏང་ན། ང་ཚོ་བཙན་བྱོལ་བ་རེད། སོ་སོར་རྒྱལ་ཁབ་དང་ལུང་པ་ཡོད་པ་མ་རེད་དེ། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། གོ་སྐབས་དམ་འཛིན་བྱ་ཐུབ་ན་ལམ་ཁ་མང་པོ་ཞིག་ཡོད་པ་རེད། ང་ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་བའི་གོ་སྐབས་འདི་ཡང་མཐར་གཏུགས་ན། བོད་པ་སྐྱབས་བཅོལ་བ་ཚོར་དམིགས་བསལ་གྱིས་རག་པ་ཞིག་རེད། ཐོབ་ཐང་འདི་ལེན་མཁན་ཞིག་ཡིན་ན། དེ་ལ་འབབ་པའི་འགན་འཁྲི་ཆེན་པོ་ཞིག་ཡོད། བོད་པ་བཙལ་བྱོལ་གྱི་ལོ་ལྔ་བཅུའི་རིང་། རིག་གཞུང་དང་གོམས་གཤིས་མང་པོ་ཞིག་རྒྱུན་འཛིན་བྱས་ཡོད་པ་འདི་ལ་ལེགས་སྐྱེས་ཞིག་འབུལ་མི་ཐུབ་ཀྱང་། དེ་དག་ཉམ་ཆག་ལ་གཏོང་མཁན་ཞིག་བྱ་ཉན་གི་མ་རེད་དྲན་ཡོད། ཅེས་བརྗོད་བྱུང་།
ཡང་ཁོང་གིས་མ་འོངས་པའི་དམིགས་ཡུལ་སྐོར་བརྗོད་དོན། སྔོན་མ་ང་རང་གི་སློབ་གྲོགས་ཚོ་དང་སྐད་ཆ་བཤད་སྐབས། ངས་སློབ་སྦྱོང་བྱས་ཏེ་ཆེད་མཁས་པ་ཞིག་ཆགས་པ་ཡིན་ན། ཚོགས་པ་བཙུགས་ཏེ་བོད་པ་དང་རྒྱ་གར་བ་ཚོར་གློག་ཀླད་ཐད་ནས་སློབ་སྦྱོང་སྤྲོད་རྒྱུ་ཡིན་ཞེས་ལབ་པ་ཡིན། དམིགས་ཡུལ་གཞན་ཞིག་ལ། མ་འོངས་པར་བོད་པའི་ཁྱད་ཆོས་ལྡན་པ་དང་འཐབ་རྩོད་ཀྱི་མཚོན་དོན་ཡོད་པའི་རྩེད་མོའི་རིགས་ཀྱི་མཉེན་ཆས་ཞིག་བཟོ་ཐུབ་ན་བསམ་ཡོད། ད་ལྟ་རྨི་ལམ་ལྟ་བུ་ཞིག་རེད། བཙན་བྱོལ་ནང་གི་མཐོ་རིམ་སློབ་མ་མང་པོ་ཞིག་གིས་མང་ཚོགས་དང་མཉམ་དུ་སྐད་འབོད་རྒྱག་གིན་འདུག ངས་བལྟས་ན་སྐད་འབོད་རྒྱག་རྒྱུ་དེ་མང་ཚོགས་དཀྱུས་མའི་འཆར་ཅན་གྱི་ལས་འགུལ་རེད། མཐོ་རིམ་སློབ་མ་ཚོས་སྨྱུ་གུ་དང་དེང་གི་བརྡ་འཕྲིན་བརྒྱུད་ལམ་བེད་སྤྱོད་བཏང་སྟེ། བདེན་ལུགས་རྩོད་དགོས་པ་རེད་སྙམ། རྣམ་དཔྱོད་རྩལ་དུ་བཏོན་ཏེ་དུས་ཚོད་ཁ་ཤས་ནང་མི་སྟོང་ཕྲག་མང་པོར་བོད་དོན་ཁྱབ་བསྒྲགས་བྱ་ཐུབ་པའི་ལས་ཀ་བྱ་དགོས་པ་རེད། ཅེས་བརྗོད་བྱུང་། ཀརྨ་ཚེ་རིང་ལགས་གུང་གསེང་ལ་སྡོད་གནས་ངྷ་རམ་ས་ལའི་རྒྱ་གར་ཡུལ་མིའི་ས་ཁང་དེའི་ནང་། ཉལ་ཁྲི་མེད་པར་ཉལ་ཆས་འགའ། དེ་བཞིན་འབྲི་དེབ་དང་སྨྱུ་གུ དབྱིན་ཡིག་གི་དཔེ་དེབ་འགའ་བཅས་ལས་གཞན་ཅི་ཡང་མི་འདུག
སློབ་བུ་བསྟན་འཛིན་སྟོབས་ཆེན་ལགས་ནི། སྐྱེས་ཡུལ་ངྷ་རམ་ས་ལ་ཡིན་ཞིང་། འཛིན་གྲྭ་བཅུ་བའི་བར་ངྷ་སྟེང་བོད་ཁྱིམ་ནས་སློབ་སྦྱོང་བྱས་མཐར་ ༢༠༠༦ ལོར་ཤེས་རིག་ལས་ཁུངས་བརྒྱུད་དབྱིན་ཡུལ་གྱི་ UWC ཞེས་པའི་མཐོ་སློབ་ནང་ལོ་གཉིས་ལ་སློབ་སྦྱོང་བྱས། ༢༠༠༨ ལོར་ཨ་རིའི་ལེ་ཧ་ཡེ་མཐོ་སློབ་ LEHIGH UNINVERSITY ཞེས་པར་ཡིག་ཚད་འཕྲོད་དེ། ད་ཆར་སློབ་གྲྭ་དེའི་འཛིན་རིམ་གཉིས་པ་ཡིན།
གསར་འགོད་པས་ཁོང་ལ། བོད་པའི་སྤྱི་ཚོགས་ནང་གི་ཞན་ཆ་ཆེ་ཤོས་གང་དག་མཐོང་གི་ཡོད་སྐོར་དྲིས་པར་ཁོང་གིས། སོ་སོ་སློབ་ཕྲུག་ཅིག་ཡིན་པའི་ངོས་ནས་བོད་པའི་སློབ་ཕྲུག་ཚོར་སྤོབས་པ་དང་སོ་སོར་ཡིད་ཆེས་ཞེ་དྲག་མི་འདུག བོད་ཁྱིམ་གྱི་སློབ་གྲོགས་དེ་ཚོར་འཇོན་ཐང་དང་ཤེས་ཚད་མེད་པ་མ་རེད། འོན་ཀྱང་སྤོབས་པ་མེད་པའི་དབང་གིས་གོ་སྐབས་མང་པོ་ཞིག་ཤོར་འགྲོ་བཞིན་འདུག དཔེར་ན། ངས་སྔོན་མ་དབྱིན་ཡུལ་གྱི་ UWC ནང་ཡིག་ཚད་གཏོང་སྐབས། འཛིན་གྲྭ་བཅུ་བའི་སློབ་མ་གཅིག་སྟོང་ལྷག་ཡོད་པ་རེད། འོན་ཀྱང་ཕྱི་རྒྱལ་གྱི་སློབ་གྲྭར་ཡིག་ཚད་གཏོང་མཁན་ཉི་ཤུ་ཡང་མི་འདུག འཛམ་གླིང་ནང་UWC སློབ་གྲྭ་ ༡༢ ཙམ་ཡོད་པ་རེད། ཉུང་མཐར་ཡང་དེ་དག་ནང་བོད་པའི་སློབ་ཕྲུག་གཅིག་རེ་འགྲོ་ཐུབ་དགོས་པ་རེད། གཞན་བོད་མི་ཚོར་ཁ་གྲགས་མ་ཐག་ནས་མིའི་བཟང་ངན་ཡག་བཙོག་བཤད་དེ། མི་ལ་ལྟ་སྟངས་འདྲ་མིན་འཛིན་གྱི་ཡོད་པ་རེད། བྱེད་སྟངས་འདིས་མིའི་གཉའ་བཅག་སྟེ་སེམས་གསོད་ཀྱི་ཡོད། ང་ཚོའི་སྤྱི་ཚོགས་ནང་མི་མི་འདུག་ཟེར་བ་དེ་ཡང་། འགག་རྩ་འདིའི་འོག་ནས་ཐོན་ཐུབ་ཀྱི་ཡོད་པ་མ་རེད། ཅེས་བརྗོད་བྱུང་།
ཡང་ཁོང་ལ་ཆབ་སྲིད་སྐོར་ལ་དོ་སྣང་དང་རྩ་དོན་འཐབ་རྩོད་ཐད་བསམ་ཚུལ་གང་འདྲ་ཡོད་སྐོར་དྲིས་པར་ཁོང་གིས། ང་སྔོན་མ་ནས་དབུ་མའི་ལམ་ལ་འདོད་པ་ཤུགས་ཆེན་པོ་ཡོད་མཁན་ཞིག་ཡིན། གང་ཡིན་ཟེར་ན། རང་བཙན་མ་དགོས་པ་མ་རེད་དེ་རག་གི་ཡོད་པ་མ་རེད། ལྷག་པར་དེང་སྐབས་རང་བཙན་ཟེར་ནས་སྐད་བརྒྱབ་ན། འཛམ་གླིང་ཐོག་སུས་ཀྱང་སྣང་བར་འགྲོ་ཡི་མ་རེད། རང་ཉིད་གཅིག་པུའི་དོན་དུ་ཧམ་བཤད་བྱས་ཏེ་ཕར་ཕྱོགས་ལ་བསམ་བློ་མ་བཏང་བ་རེད། བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་མང་པོ་ཡོད་ཀྱང་། བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གཅིག་ཀྱང་མེད། ང་ཚོས་ད་དུང་སྐད་བརྒྱབ་ན། ང་ཚོ་ཁེར་རྐྱང་ལ་ལྷག་རྒྱུའི་ཉེན་ཁ་ཡོད། སྔོན་མ་མགོ་མ་འཚོས་བར་རང་བཙན་ལ་རྒྱབ་སྐྱོར་བྱས་པ་རེད། དབྱིན་ཡུལ་གྱི་སློབ་གྲྭ་དེའི་ནང་བོད་རང་བཙན་སློབ་ཕྲུག་ཚོགས་ཆུང་ཞིག་བཙུགས་པ་རེད། སྐབས་དེར་ཕྱི་རྒྱལ་གྱི་སློབ་མ་ཚོས་ང་ཚོའི་མིང་དང་། འཕྲེད་དར་སྟེང་ Free Tibet ཟེར་བ་དེ་ཡག་པོ་མི་འདུག རང་འདོད་ཆེ་དྲགས་པ་རེད། ང་ཚོས་རྒྱབ་སྐྱོར་བྱ་ཐུབ་ས་མ་རེད། དེ་བས་ཏཱ་ལའི་བླ་མའི་རང་སྲིད་རང་སྐྱོང་ཡག་པོ་འདུག་ལབ་སོང་། ཡང་ཉིན་ཞིག་བོད་རང་བཙན་སློབ་ཕྲུག་ཚོགས་པས་སློབ་གྲྭ་དེ་ནས་ལས་འགུལ་ཞིག་སྤེལ་སྐབས། རྒྱ་མིའི་སློབ་ཕྲུག་ཅིག་དང་ཁ་རྩོད་ཤོར་བ་རེད། གནས་ཚུལ་དེ་སློབ་གྲྭའི་ནང་སྐད་གྲགས་ཆགས་པ་རེད། གང་ཡིན་ཟེར་ན། བྱེད་སྟངས་དེ་སློབ་གྲྭའི་དམིགས་ཡུལ་དང་མཐུན་གྱི་ཡོད་པ་མ་རེད། སློབ་གྲྭ་དེར་རྒྱལ་ཁབ་མང་པོའི་སློབ་མ་མཉམ་འདུས་ཀྱིས་འཆམ་མཐུན་དང་གཅིག་གྱུར་གྱི་ལམ་ཕྱོགས་འཚོལ་གྱིན་ཡོད་པ་རེད། སྐབས་དེར་རྒྱལ་ཁབ་གཞན་གྱི་སློབ་གྲོགས་ཚོས་ཀྱང་། བོད་རང་བཙན་ཟེར་བ་དེ་ཡག་པོ་མི་འདུག འཛམ་གླིང་གི་མཐུན་འབྲེལ་ལ་བསམ་བློ་གཏོང་དགོས་པ་རེད་ལབ་སོང་། ཅེས་བརྗོད་བྱུང་།
སློབ་བུ་བསྟན་འཛིན་རབ་དགའ་ལགས་ནི། སྐྱེས་ས་རྒྱ་གར་བྱང་ཤར་སེ་ལུང་ཡིན་ཞིང་། འཛིན་གྲྭ་བཅུ་བའི་བར་སེ་ལ་ཀུའུ་བོད་ཁྱིམ་ནས་སློབ་སྦྱོང་བྱས་མཐར། བོད་གཞུང་ཤེས་རིག་ལས་ཁུངས་བརྒྱུད་རྒྱ་གར་ལྷོ་ཕྱོགས་ཀྱི་མཐོ་སློབ་ཅིག་ནས་ལོ་གཉིས་ལ་སློབ་སྦྱོང་བྱས་ཤིང་། ༢༠༠༩ ལོར་ཡིག་ཚད་བཏང་སྟེ། ཨ་རིའི་ MIT ཞེས་པའི་མཐོ་སློབ་ནང་སློབ་སྦྱོང་གནང་མུས་ཡིན་འདུག
གསར་འགོད་པས་ཁོང་ལ་ཕྱི་རྒྱལ་གྱི་མཐོ་སློབ་ནང་ཞུགས་པའི་མྱོང་ཚོར་སྐོར་དྲིས་པར་ཁོང་གིས། ང་ཚོའི་སློབ་གྲྭ་དེའི་ནང་རྒྱལ་ཁབ་མང་པོའི་སློབ་ཕྲུག་ཡོད་སྟབས། སྔར་སོ་སོའི་སྤྱི་ཚོགས་ནང་བསྡད་ཡོད་སྐབས་མི་སུ་ལ་ཐུག་ཀྱང་ཆོས་དང་རིག་གཞུང་། སྐད་ཡིག་གཅིག་པ་ཡིན་སྟབས། རྒྱ་ཆེ་ས་ནས་བློ་སྐྱེད་སྟེར་ཐུབ་ཀྱི་མི་འདུག ལྷག་པར་དུ་སོ་སོའི་རིག་གཞུང་དང་ཆོས་ལུགས་ལས་ལྷག་ཅིག་མེད་བསམ་ཡོད་པ་རེད། ལུང་པ་འདྲ་མིན་གྱི་མི་ལ་ཐུག་ཡོང་དུས་ལྟ་ཚུལ་དེ་ནོར་ཡོད་པ་ཤེས་སོང་། སློབ་གྲྭའི་འགྲོ་སྟངས་ཀྱི་ཐད་ནས་ཀྱང་། དགེ་རྒན་གྱིས་སྐད་ཆ་མང་པོ་བཤད་འདུག་རྒྱུ་དེ་མ་རེད། སློབ་ཕྲུག་རང་ངོས་ནས་དགེ་རྒན་ལ་ཕར་དྲི་བ་མང་པོ་གཏོང་དགོས་ཀྱི་འདུག དེ་བཞིན། སློབ་ཕྲུག་གིས་དགེ་རྒན་བཀུར་བའི་ལམ་སྲོལ་དེ་སྤྱིར་བཏང་ཡག་པོ་ཡིན་ཡང་། བོད་པའི་སྤྱི་ཚོགས་ནང་གུས་ཞབས་ཆེ་དྲགས་ཏེ་དགེ་རྒན་གྱིས་བཤད་ཚད་ལ་ཡིད་ཆེས་བྱས་ཏེ། དགེ་རྒན་ལ་དོགས་འདྲི་དང་བསམ་ཚུལ་བཤད་ཐུབ་ཀྱི་མི་འདུག དེ་རྗེས་ལུས་རེད་བསམ་སོང་། བག་འཁུམ་གྱི་གཤིས་ཀ་འདིས་མི་ཚེ་ནང་གི་ལས་དོན་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་གི་རེད། འདིའི་ཐད་དགེ་རྒན་ཚོས་ཀྱང་བསམ་བློ་གཏོང་དགོས་ཀྱི་འདུག ངས་བལྟས་ན། བོད་པ་ཚོའི་དགེ་རྒན་དང་སློབ་ཕྲུག་བར་མཐོ་དམའ་ཆེན་པོ་ཡོད་པ་འདིས་སློབ་ཕྲུག་ཚོ་ལྐུག་པ་བཟོ་བཞིན་འདུག་དྲན་ཡོད་ཟེར།
ཁོང་ལ་འབྱུང་འགྱུར་གྱི་ལས་ཀའི་ཐད་དམིགས་ཡུལ་གང་འདྲ་ཡོད་པ་དང་། ཤེས་རིག་ལས་ཁུངས་བརྒྱུད་ཕྱི་རྒྱལ་ལ་སློབ་སྦྱོང་དུ་བཏང་བ་མང་པོ་ཞིག་ཕྱིར་མ་ལོག་པའི་ཐད་ལྟ་ཚུལ་ག་འདྲ་ཡོད་མེད་དྲིས་པར། ང་རང་ལ་མཚོན་ན་ད་སྔ་གང་ནས་འདུག་རྒྱུ་དང་། ལས་ཀ་ཅི་ཞིག་བྱ་རྒྱུའི་ཐད་བསམ་བློ་བཏང་མེད། ད་དུང་མུ་མཐད་དུ་སློབ་སྦྱོང་བྱས་ཏེ་མཐུན་རྐྱེན་རག་པ་ཡིན་ན་རིགས་གཅིག་རྐང་འཛིན་བྱ་འདོད་ཡོད། ང་རང་གི་སློབ་སྦྱོང་གི་ངོ་བོའི་ཐོག་ནས་མ་འོངས་པར་བོད་གཞུང་དང་། ལྷག་པར་དུ་གངས་སྐྱིད་ནས་ལས་ཀ་བྱ་རྒྱུ་ཁག་པོ་རེད། འོན་ཀྱང་སློབ་གྲྭའི་དགེ་རྒན་དང་སློབ་གསོའི་ལས་ཀ་ཆུང་ཆུང་རེ་བསྒྲུབ་ཐུབ་གི་རེད་བསམ་ཡོད། སྔོན་མ་ཤེས་རིག་གིས་ཕྱི་རྒྱལ་ལ་སློབ་སྦྱོང་ལ་བཏང་སྟེ་ཕྱིར་མ་ལོག་མཁན་ཚོའི་ཐད། ང་ལ་བསམ་ཚུལ་གཉིས་ཡོད། ཤེས་རིག་གིས་ཁོང་ཚོར་ཐོག་མར་སློབ་ཡོན་སྤྲོད་སྐབས། མ་འོངས་པར་བོད་གཞུང་ལ་ལས་ཀ་བྱ་རྒྱུར་བསམ་བློ་བཏང་ཡོད་པའི་ངོས་ནས་བཤད་ན་ཕྱིར་མ་ལོག་པ་དེ་ཐབས་སྐྱོ་བོ་རེད། འོན་ཀྱང་། བོད་པ་ལ་ཕན་ཐོགས་པའི་ལས་ཀ་ཞིག་བྱ་བསམ་ན། ཡིན་གཅིག་མིན་གཅིག་རྒྱ་གར་དུ་ལོག་དགོས་དོན་མི་འདུག བོད་པའི་མཐོ་རིམ་སློབ་མ་ཞིག་ཡིན་ན། ཕྱི་རྒྱལ་ནས་སློབ་སྦྱོང་ཡག་པོ་ཞིག་རག་རྒྱུ་དེ་གལ་ཆེ་ཤོས་རེད། འཛམ་གླིང་ལོ་རྒྱུས་ལ་བལྟས་ན། བོད་པ་ལྟ་བུའི་འཐབ་རྩོད་བྱེད་མཁན་མང་པོ་ཞིག་ཏུ་མང་ཚོགས་ཀྱིས་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་ཀྱང་། མཐའ་མ་ཤེས་ཡོན་གྱི་ཐོག་ནས་དགོས་འདུན་བསྒྲུབས་ཡོད་པ་རེད། ཅེས་བརྗོད་བྱུང་།
སློབ་བུ་བཀྲ་ཤིས་ལྷུན་འགྲུབ་ལགས་ནི། སྐྱེས་ཡུལ་ལྷོ་ཕྱོགས་མའེ་སོར་དང་། སེ་ལ་ཀུའུ་དང་ངྷ་སྟེང་བོད་ཁྱིམ་ནས་འཛིན་གྲྭ་བཅུ་གཅིག་ཐོན་རྗེས་ཨ་རིའི་BEREA COLLEGE ཞེས་པའི་སློབ་གྲྭར་ཡིག་ཚད་འཕྲོད་དེ། ད་ལོའི་ཟླ་ ༨ ནང་སློབ་གྲྭ་དེར་འཛུལ་ཞུགས་ཀྱི་གྲྭ་སྒྲིག་བྱེད་བཞིན་ཡོད།
གསར་འགོད་པས་ཁོང་གི་དུས་རྒྱུན་གྱི་སློབ་སྦྱོང་སྐོར་ནས་གླེང་མོལ་བྱས་པར་ཁོང་གིས་ལན་བསྐྱོན་དོན། ང་ལ་དམིགས་བསལ་གྱི་སློབ་སྦྱོང་བྱེད་སྟངས་གང་ཡང་མེད། འཛིན་གྲྭ་དགུ་བའི་བར་སློབ་སྦྱོང་ལ་ཤུགས་ཀྱང་བརྒྱབ་མེད། ཡིག་ཚད་ཀྱི་གྲུབ་འབྲས་ཡག་པོ་ལོན་གྱི་འདུག སྐབས་དེར་ང་ལ་བསམ་བློ་ཞིག་འཁོར་སོང་། གལ་སྲིད་ངས་སློབ་སྦྱོང་ལ་ཤུགས་བརྒྱབ་ཡོད་ན། བརྒྱ་ཆ་དེ་བས་ཡག་པོ་རག་གི་རེད་སྙམ་སྟེ་ཕངས་སེམས་ཆེན་པོ་སྐྱེས་སོང་། འཛིན་གྲྭ་བཅུ་བའི་སྐབས་འཛིན་གྲྭ་བདུན་པ་བརྒྱད་པའི་སློབ་ཚན་བསྐྱར་སྦྱོང་བྱས་པ་ཡིན། བློ་འཛིན་བྱ་རྒྱུ་དང་ཟིན་བྲིས་འདེབ་རྒྱུའི་གོམས་གཤིས་མེད། དེ་ང་རང་གི་ནོར་འཁྲུལ་ཆེ་ཤོས་ཤིག་རེད། སློབ་མ་ཞིག་ཡིན་ན། རང་གིས་རང་ལ་མགོ་སྐོར་གཏོང་ཉན་གི་མི་འདུག གལ་སྲིད་རང་གིས་མི་ཤེས་ས་ཡོད་ན། ཤེས་མདོག་མདོག་བྱས་བསྡད་ན་ཉེན་ཁ་ཆེན་པོ་རེད། ང་རང་གིས་གལ་སྲིད་སོ་སོས་མི་ཤེས་པ་ཞིག་ཡིན་ན། དགེ་རྒན་ལ་བཀའ་འདྲི་ཞུ་བ་དང་སློབ་གྲོགས་ནང་ཁུལ་ལ་གོ་བསྡུར་བྱས་ཏེ་ཨུ་ཚུགས་བརྒྱབ་པ་ཡིན། དེ་བཞིན། མི་གཞན་པའི་ཐོག་ནས་སློབ་སྦྱོང་ལེན་རྒྱུའི་གོམས་གཤིས་དེ་གལ་ཆེན་པོ་རེད། དོན་དག་གལ་ཆེ་ཤོས་ཤིག་ལ། སློབ་ཚན་གང་ཞིག་ཡིན་རུང་སློབ་ཚན་དེ་མ་ཁྲིད་སྔོན་ལ། སློབ་ཚན་དེའི་ངོ་སྤྲོད་ཡག་པོ་ཞིག་བློ་ལ་ངེས་དགོས་ཀྱི་འདུག སློབ་ཚན་དེ་ག་རེ་སྐོར་ཡིན་པ་གསལ་བོ་ཞིག་མ་ཤེས་ན། སློབ་ཁྲིད་དངོས་གཞིའི་སྐབས་མགོ་འཐོམ་འདུག་གི་རེད། འཛིན་གྲྭ་དགུ་བ་བཅུ་བར་སླེབས་སྐབས། དམིགས་ཡུལ་བརྟན་པོ་ཞིག་འཛིན་དགོས་ཀྱི་འདུག སློབ་ཕྲུག་མང་པོ་ཞིག་ལ་དམིགས་ཡུལ་གསལ་བོ་མི་འདུག འཛིན་གྲྭ་བཅུ་གཉིས་ཐོན་སྐབས་རླུང་གིས་གར་དེད་ལྟར་ཕྱིན་ན། མཐོ་སློབ་ནང་གྲུབ་འབྲས་ཡག་པོ་ཞིག་ལེན་ཁག་པོ་རེད།
ཡང་ཁོང་ལ་མཐོ་རིམ་སློབ་གྲྭ་ཟེར་བ་དེར་ངོས་འཛིན་ག་འདྲ་ཡོད་པ་དང་། ཁོ་རང་གི་མ་འོངས་པའི་དམིགས་ཡུལ་གང་ཡིན་སྐོར་དྲིས་པར། སློབ་ཕྲུག་མང་པོ་ཞིག་གིས་འཛིན་གྲྭ་བཅུ་གཉིས་བར་སློབ་སྦྱོང་ལ་ཧུར་བརྩོན་བྱས་རྗེས་མཐོ་སློབ་ནང་ག་རེ་བྱ་ཆོག་ཆོག་རེད། སྐྱིད་པོ་གཏོང་དགོས་པ་རེད་དྲན་གྱི་འདུག དེ་ལྟར་བྱས་ན། ལོ་བཅུ་གཉིས་ལ་སློབ་སྦྱོང་བྱས་པ་དེ་ཡང་འཕྲོ་བརླག་རེད། དངོས་གནས་བྱས་ན། མཐོ་སློབ་སྐབས་སློབ་ཕྲུག་སོ་སོའི་ངོས་ནས་སྔར་ལས་ལྷག་པར་སློབ་སྦྱོང་ཧུར་བརྩོན་དང་སྤྱོད་པ་ཡག་པོ་བྱ་དགོས་པ་རེད། གང་ཡིན་ཟེར་ན། མཐོ་སློབ་ཏུ་ནང་མི་དང་དགེ་རྒན། སློབ་གྲྭའི་འཛིན་སྐྱོང་སོགས་ཀྱི་སྟངས་འཛིན་ཡོད་པ་མ་རེད། ཁོར་ཡུག་གི་ཆ་ནས་ཀྱང་འགྱུར་ལྡོག་ཆེན་པོ་ཞིག་ཕྱིན་ཡོད་པ་རེད། ལོ་བཅུ་གཉིས་ཀྱི་སློབ་སྦྱོང་ལ་རིན་ཐང་འཇོག་དང་མི་འཇོག སློབ་ཕྲུག་སོ་སོར་ལྗིད་ཁོག་ཡོད་མེད་མཐོ་སློབ་སྐབས་ཧ་གོ་ཡོང་གི་རེད། ཅེས་དང་། མ་འོངས་པར་ང་རང་གིས་གློག་ཀླད་ཐོག་ཤུགས་བརྒྱབ་སྟེ། བཙན་བྱོལ་སྤྱི་ཚོགས་ནང་ལས་ཀ་བྱ་དགོས་བསམ་ཡོད། རང་ཉིད་བོད་མི་ཞིག་རེད། ལྷག་པར་དུ་བོད་པ་དཀའ་རྙོག་ནང་ལྷུང་ཡོད་སྐབས་ཀྱི་གཞོན་སྐྱེས་ཞིག་རེད། སྐབས་འདི་འདྲ་ཞིག་ལ་སློབ་སྦྱོང་གང་ལ་བྱས་ཀྱང་། ལས་ཀ་གང་ནས་བྱས་ཀྱང་བོད་པའི་རྩ་དོན་ཐོག་ལ་ཕན་པ་ཞིག་བྱ་དགོས་པ་རེད་དྲན་ཡོད། ཅེས་བརྗོད་བྱུང་།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
བསྟན་འཛིན་ཡིད་འོང་ལགས་ནས་གསུང་པ་བཞིན་བརྩན་བྱོལ་བའི་བསློབ་གྲྭ་ཁག་ནང་ཁྲིམ་དང་བསྒྲིག་བཞི་དམ་དྲག་པའི་སྐྱོན་ཆེན་པོ་ཞིག་མཐོང་གི་འདུག། འདིའི་ཐད་ཚངས་མས་བསམ་འཆར་ཞིག་མདོན་དགོས་པ་འདུག།
རིགས་མཐུན་སྤུན་ཟླ་ཁྱེད་ཚོའི་ལས་དོན་ལམ་ལྷོང་ཡོང་བའི་སྨོན་འདུན་དང་བསམ་དོན་གེགས་མེད་འགྲུབ་ནས་མ་འོངས་བོད་ཀྱི་ཤེས་ལྡན་མི་སྣ་ཚོ་ཁག་ཞིག་ལ་འགྱུར་ཐུབ་པའི་སྨོན་ལམ་ཡོད་པ་མ་ཟད་བདག་ཀྱང་ཁྱེད་ཚོ་ལྟ་བུའི་གོ་སྐབས་མ་རགས་པ་དེ་ཕོང་སེམས་ངང་བསྡད་ཡོད། ཡིན་ནའང་སྐྱེ་བ་ཕྱི་མ་ཁྱེ་ཚོ་ལྟ་བུའི་སློབ་སྦྱང་གི་གོ་སྐབས་རགས་པའི་སྨོན་ལམ་ཡོད།
གོང་གི་སློབ་གཉེར་བ་ཡོངས་ལ་བཀྲི་ཤིས་བདེ་ལོགས་ཞུ་བ་དང་
ཁྱེད་རྣམས་མ་འོང་པར་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱིས་དོན་དུ་
ལས་དོན་གང་ལ་འབྲས་བུ་གཡུར་དུ་ཟབ་པའི་སྨོན་འདུན་བཅས།།
ཡག་པོ་འདུག
དེ་རིང་དུས་བབ་གསར་འགོད་པས་༼ཕྱིེར་སྐྱོད་མཐོ་རིམ་སློབ་མ་འགས་འདི་ལྟར་བརྗོད་བྱུང་༽ཞེས་པའི་དམིགས་བསལ་ལེའུ་ཚན་དུ་བཀོད་པའི་གནས་ཚུལ་འདི་ལ་ཞིབ་ཉན་དང་ཞིབ་ལྟ།ཞིབ་འཇུག་སོགས་བྱས་མཐར།ནམ་རྒྱུན་རང་ཉིད་ཀྱིས་སྤྱི་ཚོགས་འདི་ལ་ཉན་ཞིང་བལྟས་པའི་ཉམས་མྱོང་འོག།ངས་ནི་བཙན་བྱོལ་གྱི་སློབ་ཆེན་སློབ་མ་རྣམས་ཀྱི་བླ་འཁྱམ་འདུག་པའི་བསམ་ཚུལ་བཟུང་བ་ལ་རྒྱབ་རོགས་དང་དཔང་རྟགས་བྱེད་ཀྱི་འདུག་པའི་ཚོར་བ་རྨ་མེད་པ་ཞིག་བྱུང་བ་དང་ལྷན་།སླར་ཡང་གནས་ཚུལ་འདི་དང་འབྲེལ་བའི་བསམ་ཚུལ་ཁ་ཤས་བཤད་འདོད་སྐྱེས།
མིའི་རིགས་ཀྱི་ལོ་རྒྱུས་གང་ལ་བལྟས་ཀྱང་ན་གཞོན་ནི་སྤོབས་པ་དང་ང་རྒྱལ།གསོན་ཤུགས་ཀྱིས་ལངས་ཏེ་རྒྱལ་ཁབ་དང་མི་རིགས་ལ་འགུལ་བསྐྱོད་ཐེབས་པར་བྱེད་པའི་ནུས་ཤུགས་གལ་ཆེན་འདོན་མཁན་དུ་གྱུར་ཡོད་ཅིང་།གཞོན་ཤེད་ཀྱིས་རྒྱག་ཅིང་དཔྱོད་ཤེས་ཀྱིས་འགྱིང་བའི་ན་གཞོན་སློབ་ཆེན་པ་རྣམས་ནི་དེ་བས་ཀྱང་གསོན་ཤུགས་ཀྱི་སྣེ་ཁྲིད་པ་དང་བློ་འདོན་པ་སོགས་སུ་གྲུབ་ཡོད།འདི་ལ་འུར་སློང་དང་དཀྲོག་གཏམ།མགོ་སྟོང་སོགས་སུ་བརྗོད་མཁན་ཅི་རིགས་འབྱུང་གི་ཡོད་ཀྱང་།དོན་དངོས་ཐོག་མིའི་སྤྱི་ཚོགས་ལ་མ་གཞི་ནས་འུར་སློང་དང་ང་རྒྱལ།་མདུན་མཆོངས་ཀྱི་སྤོབས་པ་སོགས་སློང་བར་བྱེད་པའི་སྐད་ཤུགས་ནི་ཅིས་ཀྱང་མཁོ།རྒྱུ་མཚན་མིའི་བློ་ཁོག་ནི་མ་གཞི་ནས་གླ་པགས་ནང་བཞིན་བསྐྱེད་ན་ཆེ་རུ་བསྐྱེད་ཐུབ་ཅིང་འཁུམ་ན་ཆུང་དུ་འཁུམ་འགྲོ་བའི་རང་གཤིས་ཡོད་པས་ཀྱང་ཡིན།
ཞི་འཇམ་དང་ལྷིང་འཇགས་ལ་ཇི་ཙམ་གོམས་ན་དེ་བཞིན་སྙིང་ཁམས་དང་བློ་ཁོག་ཀྱང་འཁུམ་ཞིང་ཆུང་ངུར་གྱུར་འགྲོ་བ་ནི་ཆོས་ཉིད་ཡིན།སྒྲིག་གཞི་དང་ཀུན་སྤྱོད་ཀྱི་ཚགས་ཤིང་ཇི་ལྟར་ཕྲ་ན་མི་གཤིས་ཀྱང་དེ་བཞིན་གཉོམ་ཞིང་བློ་ཁོག་དང་ང་རྒྱལ།རང་ཚུགས་སོགས་ཀྱིས་ཕོངས་པར་གྱུར་འགྲོ་བའང་དངོས་ཡོད་ཡིན།འུ་ཚོས་ན་གཞོན་གྱི་ལང་ཚོང་སྣུམ་ཤིག་ཤིག་གིས་འཁོལ་གྱིན་པའི་ན་གཞོན་གང་མང་ཞིག་དང་སྒེར་གཤིས་དང་ཚུགས་ཐུབ་ཀྱི་ཚུགས་ཀ་ལྷུག་ལྷུག་གིས་གྲོལ་བཞིན་པའི་སློབ་ཆེན་པ་མང་པོ་ཞིག་ལ་སྙིང་བསྟན་ཞིང་སེམས་བསྔོགས་ཏེ་སྐད་ཆ་བཤད་སྐབས།“བཙན་བྱོལ་ནང་གི་མཐོ་རིམ་སློབ་མ་མང་ཆེ་བ་ལྷོད་སྡོད་རིང་ལུགས་པ་དང་།འགན་མེད་རིང་ལུགས་པ་ལྟ་བུ་ཆགས་འདུག་པ”་དངོས་སུ་ཚོར་ཡོང་བས་ད་ནི་འུ་ཚོར་སྐད་ཤུགས་ཆེན་པོས་ཀུ་ཞིག་འདེབས་མཁན་རེ་ཅིས་ཀྱང་མཁོ་ཨང་སྙམ་གི
གནས་ཚུལ་འདི་ལ་ལོ་རྒྱུས་དང་གནས་བབ་གང་ཅིའི་ཐད་ནས་རིན་ཐང་ཆེན་པོ་ལྡན་གི་་་འདིས་ནི་བཙན་བྱོལ་གྱི་སློབ་ཆེན་པ་དག་གི་སྙིང་པོ་རུལ་འགྲོ་གི་འདུག་པ་དག་ལ་རྒྱས་བཤད་གསལ་བོ་བྱས་འདུག
འདི་ནི་འུ་ཚོས་ནམ་རྒྱུན་མ་ཎི་འདོན་འདོན་བྱས་ནས་སྐད་རྒྱག་གི་ཡོད་པའི་གནད་དོན་གྱི་དཔུང་རོགས་རེད།རྒྱབ་རོགས་རེད།བདེན་རྟགས་རེད།ད་དུང་གཞན་བསྟུན་རིང་ལུགས་པ་དང་།ཚུལ་འཆོས་རྒྱུན་སྐྱོང་པ་དག་གིས་གནད་དོན་འདི་ཡང་གདན་དོན་ཞིག་ཏུ་མི་འཁྱེར་བར་བར་ཅི་ཡང་མ་ཚོར་པའི་རྟུལ་ཞུགས་འཛིན་རྒྱུ་ཡིན་ནམ།མི་རིགས་ཤིག་དང་རྒྱལ་ཁབ་ཞིག་གི་རྩ་བའི་སྙིང་སྟོབས་དང་སྒུལ་ཤུགས་ཀྱི་འབྱུང་ཁུངས་འཕྲོ་བརླག་ཏུ་གཏོང་གིན་པར་ཁ་ཡ་བྱེད་རྒྱུ་མིན་ནམ།འཕོངས་མགོར་ཉི་མ་ཤར་ཚར་བའི་དེ་རིང་ད་དུང་ང་ཚོ་མཆོག་དང་རབ་ཏུ་བསྔགས་ཏེ་སྐྱིད་ཉལ་བྱེད་རྒྱུ་ཡིན་ནམ། དྲ་གྲོགས་རུས་པ་ཅན་ཚོས་གླེང་སློང་ཤུགས་ཆེན་ཡོང་བའི་རེ་སྐུལ་ཞུ།
གོང་གི་སློབ་གཉེར་བ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཡོད། རྗེས་སུ་ཡི་རང་ཞུ་བཞིན་ཡོད་ལ། ངོས་རང་ལ་དེ་ལྟ་བུའི་ཤེས་ཡོན་གོ་སྐབས་ཐོབ་མེད་པར་ཕངས་སེམས་ཤིག་བྱུང།
འོན་ཀྱང། སློབ་སྦྱོང་བྱ་རྒྱུར་སེམས་ཤུགས་ཆགས་མེད་ལ། དཔེ་དེབ་དང་ཡུན་ནས་ཡུན་དུ་འགྲོགས་ངེས། ཐུགས་རྗེ་ཆེ།
ཁོང་རྣམས་ལ་གོ་སྐབས་བཟང་པོ་དེ་ལྟ་བུ་ཐོབ་པ་ནི། བཙན་བྱོལ་བོད་གཞུང་དང་འབྲེལ་ཡོད་སློབ་གྲྭ་ཁག་དང་དགེ་རྒན་ལས་བྱེད་ཕ་མ་སོགས་ཚང་མའི་དྲིན་བྱུང་བ་ཞིག་རེད།
དྲིན་བྱས་དྲིན་དུ་སེམས་བཞིན་དུ་ཤེས་ཡོན་ཐོག་ཧུར་བརྩོན་དང་། གྲུབ་འབྲས་གཡུར་དུ་ཟ་བ་འཐོབ་རྒྱུར་འབད་གལ་ཆེ།
ཁྱེད་རྣམས་ཀྱི་བསམ་དོན་ལྷུན་འགྲུབ་དང་། རང་སྐྱིད་མི་སྨོན་ཡོང་བའི་བོད་མི་ཤེས་ལྡན་པ་ཚད་ལྡན་ཞིག་ཡོང་བའི་རེ་སྨོན་བཅས།།