མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲུབ་མཐའ་ཕྱོགས་འཐེན་བྱེད་པའི་དུས་ཚོད་མ་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

དགེ་ཚུལ་སློང་གི་རྟེན་དེ་བཅོམ་ལྡན་འདས་ཀྱིས་ང་ཚོར་ལམ་སྟོན་གནང་བ་འདི་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་བྱེད་ཀྱི་རྨང་གཞི་ཡིན་སྙམ་པའི་ཐོག་ནས་ཚུལ་ཁྲིམས་ཀྱི་བསླབ་པ་ལ་བདག་པོ་ཡག་པོ་རྒྱག་རྒྱུ་གལ་ཆེན་པོ་རེད། རྨི་ལམ་ཚུན་ཆད་དུ་ང་རབ་བྱུང་ཡིན་སྙམ་པ་དང་། ང་དགེ་སློང་ཡིན་སྙམ་པའི་འདུ་ཤེས་དང་མ་བྲལ་བའི་ཐོག་ནས་བསྟན་པའི་ཞབས་འདེགས་བསྒྲུབ་རྒྱུ་ཁྱེད་ཚོའི་དགོངས་པར་འཆང་དགོས་ཞེས་༧གོང་ས་མཆོག་གིས་གསུངས་ཡོད།

དེ་རིང་ཞོགས་པའི་ཆུ་ཚོད་ ༨ དང་ཕྱེད་ཀའི་སྟེང་༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་བཀྲ་ཤིས་ལྷུན་པོ་དགོན་པར་ཆིབས་སྒྱུར་བསྐྱངས་ཤིང་། ཁོང་དང་མཉམ་དུ་བཀའ་བློན་ཁྲི་པའི་གཙོས་པའི་བཀའ་བློན་རྣམ་པ་ཡང་ཕེབས་ཡོད། དགོན་པའི་གཙུག་ལག་ཁང་གི་བཞུགས་ཁྲིར་ཞབས་སོར་བཀོད་ཅིང་། མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་༧གོང་ས་མཆོག་གིས་བཀྲ་ཤིས་ལྷུན་པོ་དགོན་གྱི་འདུ་ཁང་གསར་བཞེངས་ཐད་དངུལ་སོགས་ཀྱི་དཀའ་ངལ་ཡོད་ན་སྐུ་སྒེར་ཡིག་ཚང་ལ་ཤོད་དང་རོགས་རམ་བྱ་རྒྱུ་ཡིན་སྐོར་གསུངས་སོང་ལ། དེ་དང་མཉམ་དུ་རྒྱལ་བ་དགེ་འདུན་གྲུབ་ཀྱི་སྐོར་གསུང་སྐབས་སྦྱན་ཆབ་བསིལ་ཞིང་། སྐབས་དེར་དགོན་པའི་གྲྭ་དམངས་དང་༧གོང་ས་མཆོག་དང་མཉམ་བཅར་བཀའ་བློན་རྣམ་པ་ཡང་བཤུམས་ཡོད། དེའི་རྗེས་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭར་ཕེབས་ཏེ། བོད་ཁྱིམ་ཉིན་སློབ་གྲྭ དེ་བཞིན་བྷིང་ལོར་སོགས་ཉེ་འཁོར་གྱི་མཐོ་སློབ་ཁག་གི་སློབ་མ་རྣམས་བཅས་ལ་བཀའ་སློབ་གནང་ཡོད།

 

སྐབས་དེར་༧གོང་ས་མཆོག་གིས་སློབ་ཕྲུག་ཆུང་ངུ་ཚོར་སློབ་སྦྱོང་ལ་ཧུར་བརྩོན་བྱ་དགོས་པའི་རྒྱུ་མཚན་དང་། མཐོ་རིམ་སློབ་མ་ཚོར་སྤྱོད་ལམ་ལ་གཟབ་ནན་བྱ་དགོས་སྐོར། དགེ་རྒན་རྣམ་པས་ལྷག་བསམ་རྣམ་དག་གིས་སློབ་ཕྲུག་ཚོ་སྐྱེད་སྲིང་ཡག་པོ་ཞིག་བྱ་དགོས་པའི་སྐོར་བཅས་དོན་ཚན་གསུམ་དུ་བགོས་ཏེ་གསུངས་དོན། ང་ཚོས་ཤེས་ཡོན་ལ་ཤུགས་བརྒྱབ་པའི་འབྲས་བུར་མི་རབས་གསར་པ་ཞིག་འཚར་ལོངས་བྱེད་ཀྱི་ཡོད་པ་ཁྱེད་རང་ཚོ་རེད། བཟང་ངན་ལ་མ་ལྟོས་པར་གཞི་རྩའི་སློབ་སྦྱོང་ཡོད་པ་རེད། མི་རབས་རྒན་པའི་གཞུག་མཐུད་མཁན་ཁྱེད་རང་ཚོ་རེད། ཁྱེད་རང་ཚོ་བོད་པའི་མཚན་ཉིད་ཆ་ཚང་ལྡན་པའི་བོད་པ་ཞིག་བྱ་དགོས་པ་རེད། སྡོད་ས་རྒྱ་གར་ཡིན་ཡང་འཕགས་བོད་གཉིས་ཀྱི་འབྲེལ་བ་ཐུན་མོང་མ་ཡིན་པ་རེད་ལ། བོད་ཀྱི་ཆོས་དང་འབྲེལ་བའི་རིག་གཞུང་དང་ལྟ་གྲུབ་དེ་དག་རྒྱ་གར་ནས་ཡོང་བ་ཤ་སྟག་རེད། འོན་ཀྱང་ཁྱེད་རང་ཚོའི་ཤ་ཁྲག་རུས་གསུམ་གྱི་རྒྱུད་པ་དེ་གངས་ཅན་པ་ཆགས་ཡོད། དེ་བཞིན་གཞིས་ལུས་རྒྱ་ཆེའི་མི་དམངས་ཚོས་ང་ཚོར་རེ་བ་བརྒྱབ་ཡོད། བོད་ནང་དུ་རྒྱ་གཞུང་གིས་བོད་པའི་སྐད་ཡིག་རིག་གནས་ཅི་ཙམ་དར་རྒྱས་སོང་ན་དེ་ཙམ་ཉེན་ཁར་རྩི་བཞིན་ཡོད། བོད་ཡིག་ལས་རྒྱ་ཡིག་གཙོ་བོར་འཛིན་པ་དང་དགོན་སྡེ་ཁག་ཏུ་སློབ་གཉེར་བཀག་འགོག་བྱེད་ཀྱི་ཡོད། སྔོན་མ་སེ་འབྲས་དགའ་གསུམ་སོགས་སུ་གྲྭ་བ་སྟོང་ཕྲག་བཅུ་གྲངས་ཀྱིས་གཞུང་ཆེན་སློབ་གཉེར་གནང་གི་ཡོད་ཀྱང་། དེང་སྐབས་འགྲེམས་སྟོན་ཁང་ལྟ་བུ་ཆགས་ཡོད། དེ་བཞིན་སོ་སོའི་རིག་གཞུང་ལ་དགའ་ཞེན་གྱི་དབང་གིས་མི་རིགས་ལ་ཞེན་ཁོག་ཡོད་མཁན་ཚོར་ཁ་བྲལ་བའི་ཉེས་མིང་བཏགས་ཏེ་བཙོན་འཇུག་བྱེད་པ་དང་། ཐ་ན་ལྐོག་གསོད་བྱེད་པ་སོགས་ཡོང་གི་འདུག གཞིས་ལུས་རྒྱ་ཆེའི་མིང་ཚོགས་ཚོས་རེ་བ་རྒྱག་ས་ང་ཚོ་ཆགས་ཡོད། དེ་ཁྱེད་རང་ཚོའི་སེམས་ལ་ངེས་པ་བྱ་དགོས།  ཞེས་གསུངས་སོང་།

 

ཁོང་གིས་མཐོ་རིམ་སློབ་མ་ཚོར་དམིགས་ཏེ་གསུངས་དོན། དེ་རིང་འདིར་མཐོ་སློབ་དུ་འགྲོ་མཁན་སྐོར་ཞིག་ཡོད་ས་རེད། ཁྱེད་རང་ཚོ་ཞེ་དྲག་གལ་ཆེན་པོ་རེད། མི་ཚེ་དོན་སྙིང་དེ་མགོ་འཛུགས་བཞིན་ཡོད། གཟབ་གཟབ་བྱ་དགོས་པ་རེད། རྣམ་གཡེང་དང་ཁོར་ཡིག་གི་རྐྱེན་བྱས་ཏེ་མི་ཚེ་སྟོང་ཟད་དུ་འགྲོ་རྒྱུའི་ཉེན་ཁ་ཡོད། ངས་གོང་དུ་བཤད་པའི་སྐད་ཆ་དག་ཡང་ཡང་སེམས་ལ་དྲན་གསོ་བྱས་ཏེ། ངས་བོད་མི་རིགས་ཀྱི་རྩ་དོན་བསྒྲུབ་དགོས། གཞིས་ལུས་རྒྱ་ཆེ་མི་དམངས་ཀྱི་རེ་བ་བསྒྲུབ་དགོས་སྙམ་པའི་ཐོག་ནས་སློབ་སྦྱོང་ལ་ཤུགས་རྒྱག་དགོས། ཁ་གཡེང་མིག་གཡེང་བྱེད་པ་དང་། ཕར་ཚུར་འཁྱམས་བསྡད་པ། ཆང་འཐུང་བ་སོགས་མ་བྱེད། གོ་ཐོས་སུ་བོད་རིགས་གཞོན་སྐྱེས་ཁ་ཤས་ཀྱིས་ཐ་མག་ནག་པོ་འཐེན་གྱི་འདུག་ཟེར། དེ་འདྲ་ཁྱོན་ནས་བྱ་རྒྱུ་ཡོད་པ་མ་རེད། རྒྱ་གར་ཡུལ་མིར་དཔེ་ལྟ་རྒྱུ་ཡོད་པ་མ་རེད། ཁོང་ཚོར་སོ་སོའི་ལུང་པ་ཡོད་པ་རེད། ད་སྐབས་ང་ཚོར་ལུང་པ་ཡོད་པ་མ་རེད། ཕྲག་ཏུ་ལས་འགན་ལྕི་མོ་ཞིག་ཡོད་པ་མ་བརྗེད། སྣང་བ་སྐྱིད་པོ་བྱས་ཏེ་དུས་ཚོད་འཕྲོ་བརླག་ཏུ་མ་གཏོང་རོགས། ཞེས་གསུངས་སོང་།

 

༧གོང་ས་མཆོག་གིས་མུ་མཐུད་དུ་དགེ་རྒན་ཚོར་བཀའ་གནང་དོན། སློབ་ཕྲུག་ཚོར་ལམ་སྟོན་བྱེད་མཁན་དགེ་རྒན་ཚོ་རེད། དགེ་རྒན་ཚོའི་ངོས་ནས་ཀྱང་ངས་བཤད་པ་དག་སེམས་ལ་བཟུང་སྟེ། སློབ་ཕྲུག་ཚོར་སློབ་སྦྱོང་སྤྲོད་རྒྱུ་ཙམ་མ་ཡིན་པར་མི་རེ་ངོ་རེ་སེམས་པ་བཟང་པོ་ཡོང་བ་བྱ་དགོས། སློབ་སྦྱོང་སྤྲོད་སྟངས་ཐད། སློབ་ཚན་ཕལ་ཆེ་བ་རིགས་ལམ་རྟགས་གསལ་གྱི་ཐོག་ནས་འཁྲིད་ཐུབ་པ་ཡིན་ན། ནང་དོན་ཞིབ་ཚགས་པོ་ཤེས་རྒྱུར་ཏན་ཏན་ཕན་གི་རེད། སྐད་ཆ་འདི་ངས་ཤེས་རིག་ཚོགས་ཆེན་ཐོག་ཏུའང་བཤད་ཡོད། འདི་ལ་དགེ་རྒན་ཚོས་དམིགས་བསལ་དོ་སྣང་བྱ་དགོས། ཕོགས་ཟོས་ཏེ་ལོ་ཟླ་བསྐྱལ་ཐབས་བྱས་ནས་མ་སྡོད་པར་ཧུར་ཐག་བྱོས། བོད་པའི་གནས་སྟངས་ཛ་དྲག་དང་གཉན་འཕྲང་འདི་འདྲ་ཞིག་གི་འོག་ཏུ་ཁྱེད་རང་ཚོ་མ་འོངས་མི་རབས་གསོ་སྐྱོང་བྱ་མཁན་ཡིན་སྟབས། ཧ་ཅང་གི་ལས་འགན་ལྕི་མོ་ཡོད་ལ། བོད་པའི་ཕུགས་རྒྱང་རིང་པོའི་ལས་དོན་ལ་འབྲེལ་བ་ཡོད། ཅེས་བཀའ་གནང་སོང་།

 

དེའི་རྗེས་ཀྱི་ཆུ་ཚོད་ཚོད་ ༡༡ ཐོག་རྣམ་གྲོལ་གླིང་དགོན་པར་ཞབས་སོར་བཀོད་དེ། རྣམ་གྲོལ་གླིང་སྔ་འགྱུར་མཐོ་སློབ་ཐོན་མཁན་རྣམས་ལ་ལག་འཁྱེར་བསྩལ་ཅིང་། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་གིས་གཙུག་ལག་ཁང་འཛུགས་སྐྲུན་དང་བཤད་སྒྲུབ་གཉིས་ལྡན་གྱི་བསྟན་འཛིན་སྐྱེས་བུ་མང་པོ་སྐྱེད་སྲིང་བྱས་པར་བསྔགས་བརྗོད་དང་། ཕྱག་འཁྱེར་བཞེས་མཁན་སློབ་མ་རྣམས་ཀྱིས་མུ་མཐུད་བཤད་སྒྲུབ་མཐར་སོན་བྱ་དགོས་པའི་འབོད་སྐུལ་ཞུས་སོང་།

མཇུག་ཏུ་༧གོང་ས་མཆོག་གིས་གྲྭ་དམངས་ལ་སྡོམ་པར་བདག་པོ་རྒྱག་དགོས་པའི་སྐོར་དང་། ཆོས་ལུགས་གྲུབ་མཐའི་ཕྱོགས་འཐེན་བྱ་མི་རུང་བའི་སྐོར་ལ་བཀའ་ནན་གནང་དོན། དེ་རིང་འདིར་དགེ་འདུན་པ་སེར་ཆི་ལེར་བཞུགས་འདུག་པ་མཐོང་སྐབས་ཧ་ཅང་དགའ་བོ་བྱུང་སོང་། ཁམས་ཁུལ་གྱི་སྔ་འགྱུར་རྙིང་མའི་གདན་ས་མང་པོ་ཞིག་ཏུ་རབ་བྱུང་ངུར་སྨིག་གི་སྡེ་སྤུས་དག་པོ་མང་པོ་ཡོད་ཀྱང་། སྤྱི་ཡོངས་ཀྱི་མཐོང་ཚུལ་དུ་རྙིང་མའི་ཆོས་རྒྱུད་འཛིན་མཁན་ཡིན་ན་སྔགས་འཆང་ལྟ་བུར་བརྩིས་ཏེ། རབ་བྱུང་ཞེ་དྲག་མེད་པ་ཞིག་ཏུ་མཐོང་གི་ཡོད། གཙོ་བོ་རབ་བྱུང་ངུར་སྨིག་གི་སྡེ་དང་། དེ་ལ་ཡང་འདོན་པ་འདོན་རྒྱུ་དང་འཆམ་རྒྱག་རྒྱུ་གཅིག་པུ་མིན་པར་བསླབ་པ་སློབ་གཉེར་གནང་དགོས་པ་རེད། ཁྱེད་རང་ཚོས་བཤད་གྲྭ་བཙུགས་ཏེ་རྟགས་གསལ་གཏོང་བའི་ཐོག་ནས་འགྲོ་བསྡད་པ་འདི་ཞེ་དྲག་ཡག་པོ་རེད། དེ་བཞིན། རབ་བྱུང་མ་ཚོར་ཡང་སློབ་སྦྱོང་གི་གོ་སྐབས་གཅིག་པ་སྤྲད་པ་ཞེ་དྲག་ཡག་པོ་རེད། འོན་ཀྱང་དགེ་སློང་མའི་སྡོམ་རྒྱུན་ཟེར་བ་དེ་འདུལ་བའི་གཞུང་དང་མཐུན་པར་འགྲོ་བ་ལས་ཐབས་གཞན་ཡོད་པ་མ་རེད། ཅེས་དང་།

 

ངས་དེ་རིང་བརྩད་གཅོད་ཅིག་བྱས་པ་ཡིན། འདི་ནས་སློབ་སྦྱོང་ཐོན་ཏེ་གཞན་དུ་ཕྱིན་སྐབས་གྲྭ་བ་ལོག་མཁན་མང་པོ་འདུག་ཟེར། འགའ་རེ་ཡོང་གི་རེད་དེ། སྤྱིར་དགེ་ཚུལ་སློང་གི་བསླབ་སྡོམ་ལེན་པའི་སྐབས་སུ་ཇི་སྲིད་འཚོ་བའི་བར་དུ་ཞེས་ཁས་བླངས་ཡོད་ལ། དེ་རིང་ཡང་ཁྱེད་རང་ཚོས་དམ་བཅའ་བཞག་པ་རེད། སློབ་སྦྱོང་ཐོན་ཏེ་བོད་ནང་དུ་འགྲོ་བ་དང་ཧི་མ་ལ་ཡའི་རི་རྒྱུད་དུ་འགྲོ་བ། མུ་མཐུད་དགོན་པར་འདུག་པ་གང་ཞིག་ཡིན་རུང་། དགེ་ཚུལ་སློང་གི་རྟེན་དེ་བཅོམ་ལྡན་འདས་ཀྱིས་ང་ཚོར་ལམ་སྟོན་གནང་བ་འདི་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་བྱེད་ཀྱི་རྨང་གཞི་ཡིན་སྙམ་པའི་ཐོག་ནས་ཚུལ་ཁྲིམས་ཀྱི་བསླབ་པ་ལ་བདག་པོ་ཡག་པོ་རྒྱག་རྒྱུ་གལ་ཆེན་པོ་རེད། རྨི་ལམ་ཚུན་ཆད་དུ་ང་རབ་བྱུང་ཡིན་སྙམ་པ་དང་། ང་དགེ་སློང་ཡིན་སྙམ་པའི་འདུ་ཤེས་དང་མ་བྲལ་བའི་ཐོག་ནས་བསྟན་པའི་ཞབས་འདེགས་བསྒྲུབ་རྒྱུ་ཁྱེད་ཚོའི་དགོངས་པར་འཆང་དགོས། ཞེས་གསུངས་སོང་།

 

ཁོང་གིས་མུ་མཐུད་དུ་གྲུབ་མཐའི་ཕྱོགས་རིས་སྤོང་དགོས་སྐོར་གསུངས་དོན། གཞན་པ་ཞིག་ལ་སྔར་བོད་དུ་གྲུབ་མཐའི་ཕྱོགས་རིས་དང་འཐེན་འཁྱེར་བྱས་ཏེ་བློ་རྒྱ་ཆུང་དྲགས་པ་དང་། མཐོང་རྒྱ་ཐོས་རྒྱ་ཆུང་དྲགས་པའི་གནས་ཚུལ་ཞིག་ཡོད། དེ་དག་སྐྱོན་ཆ་རེད་མ་གཏོགས་ཡོན་ཏན་མ་རེད། སོ་སོའི་ཁ་འདོན་དགེ་སྦྱོར་དེ་སོ་སོའི་ཆོས་རྒྱུད་ནས་མན་ངག་ཐོབ་བསྡད་པ་དེ་ཉམས་ལེན་བྱ་རྒྱུ་གཙོ་བོ་རེད། འོན་ཀྱང་ཐོས་བསམ་སློབ་གཉེར་བྱེད་སྐབས། ས་དགེ་བཀའ་རྙིང་བོན་དང་བཅས་པས་བསྟན་འགྱུར་ནང་གི་རྒྱ་གར་འཕགས་པའི་གཞུང་དག་ལ་གཟིགས་ཀྱི་ཡོད། དེ་དག་དགེ་ལུགས་རེད་དང་ས་སྐྱ་རེད་ཟེར་རྒྱུ་ཡོད་པ་མ་རེད། རྩ་བའི་འབྱུང་ཁུངས་ལ་བསམ་བློ་གཏོང་དགོས། ཡར་ཁུངས་གཏུགས་ན་ང་ཚོ་ཚང་མ་གཅིག་གྱུར་རེད། རྒྱ་ཆེ་ས་ནས་ཆུང་སར་བབ་ཡོང་ན། བཀའ་རྒྱུད་ལ་ཡང་ནང་གསེས་མང་པོ་ཡོད་ལ། དགེ་ལུགས་པར་ཡང་ཡིག་ཆ་སྣ་ཚོགས་ཡོད། དེ་བཞིན་གཞན་དག་ཀྱང་གཅིག་མཚུངས་རེད། འདི་རིགས་དགོས་མཁོ་ཡོད་པ་ཞིག་མ་རེད། ད་ལྟའི་དུས་ཚོད་འདིར་བོད་གངས་ཅན་ལྗོངས་སུ་བསྟན་པ་འཇིག་ལ་ཉེ་བར་ཐུག་ཡོད། གྲུབ་མཐའ་ཕྱོགས་འཐེན་བྱེད་པའི་དུས་ཚོད་མ་རེད། ཆོས་རྒྱུད་ཚང་མའི་གཞུང་ལུགས་རབ་འབྱམས་ལ་གཟིགས་ཐུབ་པ་བྱུང་ན་དེའི་ཚོད་ཀྱིས་བློ་སྐྱེད་སྟེར་གི་རེད། ངས་དགེ་ལུགས་པ་ཚོར་ཡང་ཀུན་མཁྱེན་ཀློང་ཆེན་པའི་གཞུང་དག་ལ་གཟིགས་དགོས་པ་རེད་ཟེར་ནས་བཤད་ཀྱི་ཡོད། ང་རང་ལ་མཚོན་ན་ཡང་སྔ་འགྱུར་རྙིང་མའི་དབང་ལུང་མན་ངག་དང་ས་སྐྱ་སོགས་ཆ་ཚང་བ་ཞིག་ཐོབ་ཡོད། ཅེས་གསུངས་སོང་།

༼ གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་ལྷོ་ཕྱོགས་སེ་ར་དགོན་ནས་སྤེལ ༽ 

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༤ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 10

  1. ཀ་མིང་ཅན་པ། says:
    ལོ་ 16 སྔོན།

    བསམ་མེད་བྱིས་པའི་རོལ་རྩེད་ཀྱིས།།
    ཁ་བཤད་སྟོང་པ་འཁྱམས་བཤད་གཉིས།།
    འཇའ་མཚོན་རི་མོ་མཛེས་ན་ཡང་།།
    བརྟུལ་ཞུགས་ང་ཡི་གཤིས་སུ་གྲུབ།།
    སྔོན་བྱོན་མཁས་གྲུབ་དམ་པ་ཚོས།།
    རྣམ་དཔྱོད་ལུགས་རིགས་གྲོགས་དང་མཉམ།།
    དགག་སྒྲུབ་རྟོག་གེའི་གཏན་ཚིགས་ཀྱིས།།
    གྲུབ་མཐའ་སོ་སོའི་དབྱེ་འབྱེད་ལྟར།།
    དུས་སང་ཀུན་རྟོག་རང་སྨྱོནགྱིས་།།
    ལྟ་སྒོམ་སྤྱོད་ལ་བླང་དོར་བྲེལ།།
    དེ་ནི་འཁྲུལ་བའི་ཀློང་ནས་འཁྱུལ།།

    Reply
  2. མཁས་ཚང་ཤེས་རབ་དབང་རྒྱལ། says:
    ལོ་ 16 སྔོན།

    གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་ལ་ན་མོ།

    Reply
  3. སྐར་མདའ། says:
    ལོ་ 16 སྔོན།

    ཀརྨ་རྡོ་རྗེ་གསུངས་པ་གནད་དུ་ཁེལ་པའི་གཏམ་གསེར་གྱི་རལ་གྲི་རང་རེད་འདུག
    བདེན་པའི་ཚིག་ལ་བདེན་པས་རྒྱབ་སྐྱོར་དང་༎
    ཆོས་རྒྱུན་དག་གི་རྩ་བ་བཅོམ་ལྡན་འདས༎
    ཞེས་པའི་གསུངགི་དྲི་མ་ཞིམ་པོ་དེ༎
    ཐོས་ན་ནང་མེད་བྱེད་མཁན་ཧ་ཅང་མང་༎

    དེ་ལྟར་མ་བགྱིས་ཡིད་སེམས་བརྟན་པའི་ངང་༎
    ཆོས་རྒྱུན་མཐུན་པའི་ལག་རྡང་གཅིག་ཏུ་སྒྲིལ༎
    མཐར་ཐུག་སངས་རྒྱས་གོ་འཕང་ཐོབ་ཕྱིར་ཏུ༎
    གོམ་པའི་འདེགས་འཇོག་གཅིག་ཏུ་སྤེལ་པར་ཤོག།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    རྙིང་མའི་སློབ་དཔོན་ཞི་བ་འཚོ། །
    བཀའ་བརྒྱུད་ཏེ་ལོ་ན་རོ་པ། །
    ས་སྐྱའི་འབྱུང་ཁུངས་བི་རྰུ་པ། །
    ཐམས་ཅད་ན་ལེན་དྲར་ནས་ཐོན། །
    བླ་མ་ཙོང་ཁ་དེ་མཚུངས་འདྲ། །
    ཆོས་བརྒྱུད་ཆུ་བོ་རྣམ་པ་བཞི། །
    མཐར་ཐུག་འབབ་ས་གཅིག་ཉིད་ཏེ། །
    འདྲེས་ན་རྒྱ་ཚོར་རོ་གཅིག་གྱུར། །

    Reply
  5. འཇམ་དཔལ་རྣོན་པོ། says:
    ལོ་ 16 སྔོན།

    ཐོག་མར་༸སྐྱབས་རྗེ་པད་ནོར་རིན་པོ་ཆེ་གཆོག་གི་ཐུགས་བསྐྱེད་དུས་སུ་སྨིན་པའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་རྣམ་གྲོལ་གླིང་དགོན་པས་སངས་རྒྱས་ཀྱི་བསྟན་པ་ལ་རླབས་ཆེན་གྱི་བྱས་རྗེས་བཞག་དང་འཇོག་བཞིན་པ་ལ་སྙིང་ཐག་ནས་རྗེས་སུ་ཡི་རང་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་བང་ཆེན་དྲ་ཐོག་དུ་གནས་ཚུལ་ཞིབ་ཚགས་པོ་ཞེ་དྲག་བྲིས་འདུག་ལ་འདྲ་པར་ཡང་ཡག་པོ་མཐོང་གི་འདུག
    གནས་ཚུལ་འདི་དུས་བབ་དྲ་ཐོག་འདིར་(གྲུབ་མཐའ་ཕྱོགས་འཐེན་བྱེད་པའི་དུས་ཚོད་མ་རེད།)ཅེས་པའི་ཁ་བྱང་དང་། (་༧གོང་ས་མཆོག་གིས་གྲྭ་དམངས་ལ་སྡོམ་པར་བདག་པོ་རྒྱག་དགོས་པའི་སྐོར་དང་། ཆོས་ལུགས་གྲུབ་མཐའི་ཕྱོགས་འཐེན་བྱ་མི་རུང་བའི་སྐོར་ལ་བཀའ་ནན་གནང་དོན། )ཞེས་དང་། (ངས་དེ་རིང་བརྩད་གཅོད་ཅིག་བྱས་པ་ཡིན། འདི་ནས་སློབ་སྦྱོང་ཐོན་ཏེ་གཞན་དུ་ཕྱིན་སྐབས་གྲྭ་བ་ལོག་མཁན་མང་པོ་འདུག་ཟེར། ) ཞེས་པ་ལྟ་བུའི་ཚིག་དེ་ཚོ་རྩལ་འདོན་བྱས་ནས་བྲིས་འདུག བང་ཆེན་ཚང་ནས་རབ་བྱུང་རྩ་ཆེན་པོ་ཡིན་པའི་སྐར་གྱི་བཀའ་སློབ་རྩལ་འདོན་བྱས་ནས་བྲིས་འདུག གང་ལྟར་སོ་སོ་ལ་ཚིག་གི་ཉམས་འདོན་སྟངས་མ་འདྲ་བ་རེ་ཡོང་གི་འདུག ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཡོད།

    Reply
  6. དབྱངས་བུ། says:
    ལོ་ 16 སྔོན།

    བསྟན་པ་རིས་མེད་ཐོག་བསྟན་འཛིན་སྐྱེ་ཆེན་དམ་པ་གང་ན་སུ་བཞུགས་ཚང་མ་ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པར་ཤོག

    Reply
  7. དབྱངས་བུ། says:
    ལོ་ 16 སྔོན།

    བསྟན་པ་རིས་མེད་ཐོག་བསྟན་འཛིན་སྐྱེ་ཆེན་དམ་པ་གང་ན་སུ་བཞུགས་ཚང་མ་ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པར་ཤོག

    Reply
  8. ལྷ་ལུང་ says:
    ལོ་ 16 སྔོན།

    ང་དང་པོ་རྒྱ་གར་སླེབས་སྐབས་གཞིས་གྲོང་བཞི་པ་དང་རྣམ་གྲོལ་གླིང་དགོན་པ་བཅས་བཙན་བྱོལ་གཞུང་གི་དགྲ་བོ་རེད་ཤག་པད་ནོར་རིན་པོ་ཆེ་རྡོ་རྗེ་གླིང་ཕེབས་སྐབས་བུད་མེད་ཚོགས་པས་ངོ་རྒོལ་བྱེད་ཀྱི་འདུག

    Reply
  9. འཇམ་དབྱངས། says:
    ལོ་ 16 སྔོན།

    ཧ། ཧ། ཧ། གླེན་པ་འདིས་ཅི་ཟེར། ༧གོང་ས་མཆོག་གིས་བཀའ་སློབ་ཡག་པོ་གནང་འདུག་ཟེར། ༧གོང་ས་མཆོག་གིས་གནའ་ནས་ད་བར་བཀའ་སློབ་ཡག་པོ་རྐྱང་རྐྱང་གནང་ནས་ཕེབས་པ་རེད། བཀའ་སློབ་གནད་དུ་འཁེལ་བ་རྐྱང་རྐྱང་གསུངས་ནས་ཕེབས་པ་རེད། རྗེས་འཇུག་བོད་མིས་ཏག་ཏག་མ་རྩིས་པ་རེད། ཁྱད་པར་འདི་རེད། གང་ལྟར་ཁྱོད་ཀྱིས་༧གོང་ས་མཆོག་གི་བཀའ་སློབ་ཉན་པ་དེ་ག་རང་ཧ་ཅང་ཡག་པོ་རེད།

    Reply
  10. འཇམ་དཔལ་རྣོན་པོ། says:
    ལོ་ 16 སྔོན།

    ༸་གོང་མཆོག་གིས་བཀའ་སློབ་ཡག་པོ་གནང་འདུག དགའ་བསུ་ཞུ་རྒྱུ་ཡིན། ད་རུང་ ༸གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ཀྱིས་བཀའ་སློབ་དོན་སྙིང་ལྡན་པ་འགའ་ཞིག་རྣམ་གྲོལ་གླིང་དགོན་དུ་གནང་འདུག་ཀྱང་འདིར་མགོ་རྔ་ཆ་ཚང་ཞིག་བཀོད་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese