མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་རང་ཆེས་དགའ་སའི་ལེ་ཚན། – སྤོབས་པ་མཐའ་ཡས།

བོད་ཀྱི་དུས་བབ།
༢༠༡༠/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

མི་རང་རང་ལ་དགའ་ཕྱོགས་འདོད་ཕྱོགས་མི་འདྲ་བ་རེ་ཡོད་པ་བཞིན་ང་ལ་ཡང་རང་གི་དགའ་ཕྱོགས་ཀྱི་ལེ་ཚན་ཞིག་ཡོད། དེ་ནི་མི་སྣར་བཅར་འདྲིའི་ལེ་ཚན་དེ་ཡིན། ངས་ནམ་ཡང་དོ་སྣང་ཆེན་པོ་བྱ་ས་ཞིག་ཡོད་པ་དེ་ནི་མིའི་བསམ་བློ་གཏོང་ཕྱོགས་དང་། སྐྱིད་སྡུག་གི་གནས་བབ། ལྟ་གྲུབ་འཁྱེར་སྟངས་སོགས་ཆེས་ཐོས་འདོད་ཅིང་བསམ་གཞིག་བྱ་རྒྱུ་མང་བའི་གཏམ་རྒྱུད་དེ་ཚོ་ཡིན། ལྷག་པར་ཡང་ཁ་འཐོར་དུ་གནས་པའི་བོད་མིའི་བསམ་བློ་གཏོང་ཕྱོགས་དང་མི་ཚེའི་སྐྱིད་སྡུག་གི་གནས་སྟངས་ལ་ཕན་ཚུན་ཆ་རྒྱུས་ལོན་པའི་ཐབས་ལམ་གཅིག་རང་ཡོད་པ་དེ་ནི་རང་རེའི་གསར་འགྱུར་བརྒྱུད་ལམ་ཁག་རེད། 



ཡིན་ན་ཡང་མི་སྣའི་བཅར་འདྲིའི་ལེ་ཚན་དེ་ངའི་འདོད་པ་གང་བ་ཞིག་ནམ་ཡང་བྱུང་མྱོང་མེད། དེ་ནི་ང་བཅར་འདྲིའི་ལེ་ཚན་ལ་དགའ་དྲགས་པས་ངོམས་མ་ཤེས་པ་མ་གཏོགས་གསར་འགོད་པ་དང་རྩོམ་སྒྲིག་པས་དེིའི་ཕྱོགས་འཐུས་ཤོར་དུ་བཏང་བ་གཏན་ནས་མ་རེད། སྤྱིར་ན་ང་ལ་གསར་འགྱུར་བརྒྱུད་ལམ་གྱི་ལས་ཀ་ལ་ཆ་རྒྱུས་གང་ཡང་མེད། བསམ་བློ་བཏང་ན་བཅར་འདྲིའི་ལེ་ཚན་འདི་དཀའ་ངལ་ཆེ་བ་ཞིག་ཡིན་པ་ཤེས་ནུས། དེ་ཡང་གསར་འགོད་པས་ངལ་བ་བརྟེན་ཡང་མི་སྣ་གང་ཡང་རུང་བ་ཞིག་གིས་བཅར་འདྲི་དང་ལེན་མ་བྱས་ན་མི་འགྲུབ་པས་ཕྱོགས་གཉིས་ཆར་ལ་བལྟ་དགོས་པ་ཞིག་རེད། 



ངས་བསམ་ན་ང་ཚོ་ཁ་འཐོར་བའི་བོད་མི་རིགས་ལ་བསམ་ན། བཅར་འདྲིའི་ལེ་ཚན་ནི་ལེ་ཚན་གཞན་ལས་ཀྱང་གལ་ཆེན་ཞིག་ཏུ་གྱུར་འདུག་སྙམ། གང་ཡིན་ཞེ་ན། ངས་བོད་ཀྱི་དྲ་ལམ་ལ་ཕལ་ཆེར་ཉིན་རྟག་པར་ཉུལ་བཞིན་ཡོད། དེ་ནི་གཞན་གང་ཡང་མ་ཡིན་པར་ང་དང་མཚུངས་པའི་བོད་མི་གཞན་དག་རྣམས་ཀྱིས་ཅི་ཞིག་བྱེད་ཀྱིན་ཡོད་དམ། གང་ཞིག་བསམ་གྱིན་ཡོད་དམ། སྐྱིད་སྡུག་གི་གནས་སྟངས་ག་འདྲ་ཞིག་ན་ཡོད་དམ་སྙམ་པས་ཡིན། བཅར་འདྲིའི་དགེ་མཚན་ཞིག་ནི་མི་རང་རང་གི་བསམ་བློ་གཏོང་སྟངས་དང་མི་ཚེའི་གནས་སྟངས་མང་པོ་ཞིག་མི་གཞན་གྱིས་བཤད་ཚོད་ཙམ་མ་ཡིན་པར་རང་རང་གིས་འགྲེལ་བཤད་བརྒྱབ་པ་ཞིག་ཆགས་ཡོད་སྟབས། ཁ་གསལ་དང་ཡིད་རྟོན་འོས་པའི་ནུས་པ་འདུག 



ལྷག་པར་ཡང་བོད་མི་རིགས་ནི་འཛམ་གླིང་གི་ས་གནས་གང་སར་ཁ་འཐོར་ནས་ཡོད་སྟབས། མི་རེ་རེ་བཞིན་ཐུན་མོང་མ་ཡིན་པའི་མི་ཚེ་སྐྱེལ་སྟངས་དང་སྐྱིད་སྡུག་གི་རྣམ་གྲངས་ཆེས་མི་མཚུངས་པ་ཞིག་ཡིན་ངེས། དེ་ལྟ་བས་ན་བོད་མི་རེ་རེ་བཞིན་མཐོང་ཐོས་མྱོང་གསུམ་གྱི་རྣམ་གྲངས་དེ་ཡང་ཆེས་ངོ་མཚར་བ་དང་སེམས་འགུལ་ཐེབས་པའི་གཏམ་རྒྱུད་ག་ཚོད་མང་པོ་ཞིག་ཡོད་ངེས་རེད། ཡིན་ན་ཡང་བོད་ཀྱི་དུས་བབ་སོགས་བོད་རང་གི་གསར་འགྱུར་བརྒྱུད་ལམ་མ་གཏོགས་དེ་ཚོ་ཐོས་ཐུབ་པའི་གོ་སྐབས་ཧ་ཅང་དཀོན། 



ངས་རེ་སྒུག་བྱེད་བཞིན་པའི་བཅར་འདྲིའི་ལེ་ཚན་དེ་དག་ནི་ཤེས་ཡོན་པ་དང་། ཆེད་ལས་པ། གཟེངས་ཐོན་མི་སྣ། གྲག་འགུལ་ཅན་སོགས་ཁོ་ན་མ་ཡིན་པར་མི་དཀྱུས་མ་དག་གི་སྐད་སྒྲ་ལ་དེ་ལས་ཀྱང་དགའ། གྲག་འགུལ་ཅན་གྱི་མི་སྣ་དག་ནི་ལྟོས་འཇོག་གི་ཆ་ནས་ང་ཚོར་ཆ་རྒྱུས་ཆེ་བའི་མི་སྣ་དག་ཡིན། གྲག་འགུལ་མེད་པའི་མི་ཞིག་གི་བསམ་བློའི་འཇིག་རྟེན་དེ་ནི་མི་མངོན་པའི་ཚུལ་དུ་གནས་ཡོད་སྟབས་ཤེས་འདོད་ཀྱི་རྔམ་སེམས་ལ་ཚད་ཅིག་མེད། 



ངས་ནམ་ཡིན་ཡང་འདི་ལྟར་བསམ། བོད་ཀྱི་གསར་འགོད་པ་ཞིག་དང་གསར་འགྱུར་རྩོམ་སྒྲིག་པ་ཞིག་ཡིན་ཕྱིན་གསར་འགྱུར་འགོད་རྒྱུ་མི་རྙེད་པའི་དཀའ་ངལ་ཟེར་བ་དེ་མི་སྲིད་པ་ཞིག་རེད་སྙམ། བོད་མི་རེ་རེའི་སེམས་ན་བོད་ཀྱི་འཇིག་རྟེན་རེ་རེ་ཡོད། བོད་མིའི་སེམས་ཀྱི་བོད་ཀྱི་འཇིག་རྟེན་རེ་རེ་བཞིན་ཁོར་ཡུག་དང་དུས་བབ་ཀྱི་བཟོ་ལྟ་མི་འདྲ་བའི་གཏམ་རྒྱུད་སྣ་ཚོགས་ཀྱིས་ཕྱུར་བུར་གཏམས་ཡོད་སྟབས། གཏམ་རྒྱུད་དེ་ཚོ་བཅར་འདྲིའི་ལམ་ནས་ཀློག་པ་པོར་མཁོ་སྤྲོད་རེ་བྱ་ཐུབ་ན་དེ་ལས་ལྷག་པའི་ཀློག་སྤྲོ་བ་ཞིག་ཅི་ཡོད། 



དཔེར་ན། བལ་ཡུལ་འཇོ་ལ་ཁེལ་གྱི་གདན་བཟོ་ཁང་གི་ལས་བྱེད་ཚོའི་བསམ་བློ་གཏོང་སྟངས་ནས་མ་སུའུ་རིའི་སློབ་ཆུང་ལོ་རིམ་བཞི་པའི་སློབ་མའི་ནང་སྦྱོང་བྱ་སྟངས། ལ་དྭགས་ཀྱི་དམག་སྒར་ནང་གི་ཕོ་གསར་ཚོའི་ཕུགས་བསམ་འཁྱེར་སྟངས་ནས་རྡ་རམ་ས་ལའི་ཐོད་ཀྱི་འཚམས་པ་ཚོའི་འཚོ་བའི་ཡོངས་ཁུངས། གསོག་སྒར་སློབ་གྲྭའི་སློབ་མ་ཚོར་ཆོས་དད་ཡོད་མེད་ནས་ས་རཱ་སློབ་གྲྭའི་སློབ་མ་ཚོས་མདུན་ལམ་འཚོལ་སྟངས། བསྟན་འཛིན་སྒང་གི་གཞིས་ཆགས་ཚོས་བཀའ་སྤྱི་འདེམས་སྟངས་ནས་དོན་གྲུབ་གླིང་གི་གཞིས་ཆགས་ཚོས་གྱོན་ཆས་འཚོང་སྟངས། དེ་དང་དེ་ལ་སོགས་པ་སྤུན་ཟླ་ཚོའི་མི་ཚེའི་གཏམ་རྒྱུད་སྙན་སང་ངེ་བ་དང་སྐྱོ་དུང་ངེ་བ་དེ་ཚོ་གླེང་འདོད་མཁན་ཞིག་གིས་གླེང་ས་མ་རག་ཅིང་། ཉན་བསམ་མཁན་ཞིག་གིས་ཉན་རྒྱུ་མ་རྙེད་པར་ལུས་ཡོད་པ་ག་ཚོད་མང་པོ་ཞིག་ཡོད་ངེས།

༼ རྩོམ་པ་པོའི་ཟིན་བྲིས་ལས་བདམས། ༽

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

ཆུ་ཚོད་ ༡༡ སྔོན་ལ།
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

ཆུ་ཚོད་ ༡༡ སྔོན་ལ།
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

ཆུ་ཚོད་ ༡༥ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

ཆུ་ཚོད་ ༡༦ སྔོན་ལ།
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 8

  1. མངའ་རིས་བུ། says:
    ལོ་ 15 སྔོན།

    སྤོབས་པ་མཐའ་ཡས་ནས་བསམ་ཚུལ་ཡག་པོ་ཞིག་བཤད་འདུག
    དེ་རང་རེད་ཆེད་ལས་མི་སྣ་ཞེས་དེ་འདྲ་ལ་གོ་རྒྱུ་རེད་བསམ།
    རིགས་གཅིག་རྐང་འདྷིན་ཟེར་བ་དེ་ཡང་དེ་འདྲའི་རིགས་ལ་གོ་རྒྱུ་རེད་དྲན་འོན་ཀྱང་ང་ཚོས་ང་ཚོར་རིགས་གཅིག་རྐང་འདྷིན་མི་འདུག་ཆེད་ལས་མི་སྣ་མི་འདུག་ཅེས་བཤད་ཡོང་གི་འདུག
    ངོ་མ་བྱས་ན་རྩོམས་རིགས་ཀྱི་ལས་ཀར་དངོས་སུ་བཞུགས་ནས་རྩོམས་ལ་དོ་སྣང་ཙམ་དུ་མ་ཟད་རང་ཉིད་ཀྱི་རྩོམས་ལ་འབད་བརྩོན་དང་གཞན་ལའང་རྩོམས་རིགས་ཀྱི་སྐོར་རྒྱུས་ཡོད་བྱེད་དེ་ཤོད་པ་དང།
    དེ་བཞིན་ལོ་རྒྱུས་མཁན་པོར་ལོ་རྒྱུས་ཀྱི་སྐོར་ལ་དྲི་བ་བཏོན་ནས་ལོ་རྒྱུས་ཀྱི་སྐོར་ལ་གསལ་ཁ་འདོན་ཐབས་དང།
    དེ་བཞིན་སྲིད་དོན་ལ་མཁས་པ་ཚོར་སྲིད་དོན་གྱི་སྐོར་ལ་དྲི་བ་འདོན་པ་སོགས་ནི་ཕན་ཐོགས་ཆེན་པོ་ཡོང།
    དཔེར་ན་ཀླུ་སྨྱོན་ལྟ་བུར་འདོད་པའི་སྐོར་ལ་སྐད་ཆ་མང་པོ་ཞིག་ཤོད་རྒྱུ་འདུག་པས་འདོད་པའི་སྐོར་ལ་དྲི་བ་འདོན་པ་སོགས་བྱུང་ན་དེ་ཡང་འདོད་པའི་ཁམས་པར་འདོད་གཏམ་བཤད་ན་མི་འགྲིག་པར་གང་ཡང་མི་འདུག

    Reply
  2. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ད་ང་ཧམ་པ་ཇེ་ཆེ་རེད། ཡང་བསམ་ཚུལ་ཞིག་ཞུ་འདོད་བྱུང་། དེ་ནི་སྔོན་མ་དྲ་སྟེང་དུ་མཁར་རྨེའུ་བསམ་གཏན་དང་དྲི་བ་དྲིས་ལན་བྱས་པ་དེའི་སྐོར་ལ་ང་རང་ལ་བསམ་ཚུལ་འདི་འདྲ་ཞིག་བྱུང་། དེ་ནི་གསར་འགོད་པས་མཁར་རྨེའུ་བསམ་གཏན་ལ་ཆབ་སྲིད་ཀྱི་སྐོར་མང་པོ་ཞིག་དྲིས་འདུག མཁར་རྨེའུ་བསམ་གཏན་གྱིས་ཆབ་སྲིད་ལོས་མཁྱེན། མ་འགྲིགས་པ་མི་འདུག ཡིན་ན་ཡང་ཁོང་གི་ཆེད་ལས་དེ་བོད་ཀྱི་ལོ་རྒྱུས་དང་གནའ་བོའི་ཤེས་རིག་ཡིན་དུས་དེ་དང་འབྲེལ་བའི་དྲི་བ་དྲིས་ན་བྲོ་བ་ཆེ་ཙམ་ཡོང་རྒྱུ་རེད་བསམ། དེ་བཞིན་ཁོང་ནི་སློབ་སྦྱོང་གིས་སྐུ་ཚེ་བསྐྱལ་མཁན་ཞིག་རེད། དེ་ཡིན་དུས་དཔེར་ན་མ་འོངས་པའི་བོད་རིགས་གཞོན་ནུ་ཚོས་སློབ་སྦྱོང་བྱེད་པའི་ཁ་ཕྱོགས་ག་འདྲ་བྱས་ནས་འཚོལ་སྟངས་ལྟ་བུའི་སློབ་སྟོན་ཞུས་ན་ཡག་པོ་བཤད་རྒྱུ་ཡོད་ཀྱི་རེད་བསམ།
    དེ་བཞིན་ཉེ་བའི་ཆར་ཀླུ་སྨྱོན་ཧེ་རུ་ཀ་ལ་དྲི་བ་དྲི་སྟངས་དེ་རེད། ཀླུ་སྨྱོན་ཁོང་ང་ཚོའི་སྤྱི་ཚོགས་ནང་དུ་རྩོམ་རིག་གི་སྐོར་ལས་སྐད་གྲགས་ཡོད་པ་ཞིག་ཡིན་དུས་དེ་གཙོ་བོ་ལོས་བྱེད། འགྲིགས་འདུག ཡིན་ན་ཡང་ཀླུ་སྨྱོན་གྱི་རྩོམ་ཡིག་དེ་ཚོ་དེང་སང་སྤྱི་ཚོགས་གནས་བབ་དང་ཆོས་ལུགས་ལ་དོ་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན་དུས་དེའི་སྐོར། ཁོང་ནི་མཐོང་ཐོས་མྱོང་གསུམ་རྒྱ་ཆེན་པོ་ཡོད་མཁན་ཞིག་ཡིན་པའི་ཆ་ནས་ཤེས་རིག་སྲོལ་ལུགས་གཤིབ་བསྡུར། དེ་བཞིན་ཁོང་བསམ་བློ་བ་ཞིག་ཡིན་པའི་ཆ་ནས་རྩོམ་པ་པོའི་མི་ཚེ་དང་འཇིག་རྟེན་ལ་ལྟ་སྟངས་སོགས་ཀྱང་དྲིས་ན་ལྟད་མོ་ཆེ་ས་རེད་སྙམ་པ་བྱུང་།
    དེ་བཞིན་དུ་སྤྱི་ཚོགས་ནང་དུ་གྲག་འགུལ་གང་ཡང་མེད་མཁན་དེ་འདྲ་ལ་གློ་བུར་དུ་དྲི་བ་བཏོན་ན་སྐད་ཆ་སྙན་པོ་དེ་འདྲ་ཡོང་གི་རེད་ད།

    Reply
  3. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ང་ཚོ་དྲ་བའི་ཟིན་བྲིས་པ་དང་བསམ་ཚུལ་འདེབས་མཁན་ཚོས་རྒྱུན་དུ་རང་གི་བསམ་ཚུལ་འཆད་པའི་གོ་སྐབས་དེ་ཡོད་བསྡད་ཡོད་ཐོག་ཟིན་བྲིས་པ་དང་བསམ་ཚུལ་འགོད་མཁན་གཞན་ལ་དྲི་བ་ཡང་འདོན་པའི་གོ་སྐབས་ཡོད་པ་རེད། དེའི་རིགས་དེ་དྲ་རྒྱ་བེད་སྤྱོད་གཏོང་ཐུབ་མཁན་དང་བོད་ཡིག་འབྲི་ཀློག་ཀྱང་ཤེས་པ་སོགས་ཆ་རྐྱེན་ཁ་ཤས་ཤིག་འཛོམ་ཡོད་ཐོག་གཞན་གྱིས་མ་དྲིས་ན་ཡང་རང་གི་བསམ་ཚུལ་ལྷུག་རྗོད་ཀྱི་འདུན་པ་ཡོད་མཁན་སྐོར་ཞིག་རེད། བོད་མི་ཚང་མར་ཆ་རྐྱེན་དེ་ཚང་མེད་པས་གསར་འགོད་པས་བཅར་འདྲི་བྱས་རྗེས་གཞི་ནས་ཁ་འགུལ་ཐུབ་མཁན་བརྒྱ་ཆ་དགུ་བཅུ་གོ་དགུ་རེད། དེ་ཡིན་དུས་བཅར་འདྲིའི་ལན་གྱི་ནང་དུ་ཡུལ་སྐད་ཁ་སྐད་ཅུང་ཟད་རེ་ཤོར་རུང་སྐྱོན་དེ་ཙམ་མེད་པ་འདྲ། མི་གོ་མཁན་རེ་ཟུང་རེ་ལུས་བསྡད་ཀྱང་གོ་མཁན་མང་པོ་ཞིག་ལ་ཚོར་བ་མ་འདྲ་བ་ཞིག་སྟེར་ངེས་རེད། གང་ལྟར་བཅར་འདྲི་འདི་ལས་དགའ་ཞིག་ང་ལ་མེད།

    Reply
  4. མངའ་རིས་བུ། says:
    ལོ་ 15 སྔོན།

    ད་སྤོབས་པ་མཐའ་ཡས་ཞུ་བ་འདི་སོ་པ་བྱེད་ན་ཡག་པོ་ཡོང་ས་རེད།
    སོ་པའམ་ཉུལ་མ་དེ་ཚོས་མི་ཡིས་ཅི་བགྱིད་ལ་དོ་སྣང་དང།
    ལྷག་པར་དུ་མིས་ཅི་སྨྲ་ལ་རྣ་ཉན་བྱེད་རྒྱུར་དགའ་བོ་ཡོད་འདུག
    ག་ས་གང་ལ་ཕྱིན་ནས་མི་ཡིས་རྒྱུས་མངའ་ལོན་པ་བྱེད་པ་དང།
    གསར་འགྱུར་ག་ས་གང་ལ་བལྟ་རྟོག་བྱེད་རྒྱུར་དོ་སྣང་ཡོད་མཁན་དེ་རིགས་སོ་པའམ་ཉུལ་མ་དེ་ཚོའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་རེད་འདུག
    ཨ་ལ་སྤོབས་པ་ལགས་སྤོབས་པ་མི་ཞུམ་པར་གཞན་ལ་སྐད་ཆ་འདྲི་རོགས

    Reply
  5. ཆུ་སྐྱེས་སྒྲོལ་མ། says:
    ལོ་ 15 སྔོན།

    དྲ་གྲོགས་ལགས།
    ཁམས་བཟང༌།
    སྐུ་ཉིད་ནས་གསུངས་པ་རྣམས་བདེན་པ་རེད། བཅར་འདྲི་རྒྱུད་ནས་ང་ཚོས་ཤེས་དགོས་པའི་ལོ་རྒྱུས་དང༌། མི་རེ་རེའི་འཚོ་བ་བསྐྱེལ་སྟངས། མཐའ་ན། བོད་ཆོལ་ཁ་གསུམ་ལ་ཡུལ་སྲོལ་མི་བ་དང༌། དུས་ཆེན་བསུ་བ་ཞུ་སྟངས་མི་འདྲ་སོགས་ཚང་མ། ང་ཚོས་དུས་དེབ་རྒྱུད་ནས་ཤེས་རྟོགས་བྱས་པ་ཁོ་ན་མ་ཡིན་པར་བཅར་འདྲིའི་ལམ་ནས་ཤེས་རྟོགས་བྱེད་ཐུབ་ན། དེར་ཚོར་སྣང་དམིགས་བསལ་བ་ཞིག་འདུག ང་རང་གི་མྱོང་ཚོར་ལྟར་ན། སློབ་གྲྭ་བ་དང༌། ལག་ཤེས་མི་སྣ། ཡུལ་སྲོམ་གོམས་གཤིས་སོགས་ལ་རྒྱུས་མངའ་ཡོད་པར་བཅར་འདྲི་ཞུ་བ་སོགས་དེ་ཙམ་ཁག་པོ་མ་རེད། འོན་ཀྱང་རིག་གཞུང་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས། དེ་བཞིན་བོད་པའི་རྩོམ་རིག་སྒྱུ་རྩལ་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུ་དགོས་ཚེ། དེ་དང་དེར་རྒྱུས་མངའ་ཡོད་མཁན་དཀོན་པ་དང༌། ལོ་རྒྱུས་སོགས་ལ་རྒྱུད་མངའ་ཡོད་མཁན་ཚོར་བཅར་འདྲིའི་དུས་ཚོད་ཡོད་མེད་སོགས་ཀྱི་གནས་སྟངས་འོག གསར་འགྱུར་རྒྱུད་ལམ་ཁག་ནང་ག་དུས་ཡིན་ཡང་མི་སྣ་ཁ་ཤས་ཤིག་ཡང་སྐོར་བསྐྱར་སྐོར་གྱིས་གདན་འདྲེན་པ་ལས་ཐབས་མེད་པ་དེ་འདྲ་ཡོང་གི་འདུག་ གཞན་ཡང༌། བོད་པའི་མཐུན་མོང་མ་ཡིན་པའི་ལྷམ་གྱི་སྐོར་རྐྱང་པར་བཅར་འདྲི་ཞུས་ནས་ཞིབ་འཇུག་བྱས་ན། དངོས་གནས་ཉན་སྤྲོ་བ་ཞིག་དང༌། འབྲི་སྤྲོ་བའི་ཁྱད་ཆོས་འདུག

    Reply
  6. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ད་ཐེངས་སྤོབས་པམཐའ་ཡས་ཀྱིས་བཤད་པ་དེ་བདེན་གི འོན་ཀྱང་ང་ཚོ་རྩོམ་རིག་ལ་མོས་མཁན་དང་ཟིན་བྲིས་པ་ཁག་ཅིག་བཅར་འདྲི་བྱེད་པ་ལ་དགའ་ཡང་། མང་ཚོགས་གསར་འགྱུར་ལ་དགའ་གི་འདུག དེ་ནི་གསར་འགོད་པ་ཞིག་གི་དཀའ་ངལ་ཆེ་ཤོས་རེད།

    ཁ་སང་ཉིན་འགའི་སྔོན་དུ་ཨ་རིག་འགྱུར་མེད་ཀྱིས་ཀླུ་སྨྱོནལ་་དྲི་བ་དྲིས་པ་དེ་དངོས་གནས་ཡག་པོ་འདུག དེ་ནི་ཟིན་བྲིས་པ་གྲགས་ཅན་ཁང་གསར་རྡོ་རྗེ་དང་སྤོབས་པ་མཐའ་ཡས་སོགས་ཕྱི་རྒྱལ་ན་ཡོད་རིགས་དང་། གཞན་བསྟན་འཛིན་ཚེ་དཔག་སོགས་ཡུལ་གང་དུ་ཡོད་མེད་དང་དམིགས་ཡུལ་ཅི་ཡིན་མི་ཤེས་པ་ཚོ་ལ་བཅར་འདྲི་རེ་ཟླ་བ་འགའ་རེའི་རྗེས་སུ་བྱེད་ཐུབ་ན་ཡག་པོ་འདུག

    Reply
  7. གནམ་ལྕགས། says:
    ལོ་ 15 སྔོན།

    ང་ཡང་ལེ་ཚན་དེར་ཧ་ཅང་དགའ། ངས་ཀྱང་རྒྱུན་དུ་དེར་དོ་སྣང་བྱས་ནས་བསྡད་པ་ཡིན།

    Reply
  8. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    མངོན་འདོད་འདི་ལྟར་བཤད་ན། སྐབས་རེར་ང་ཚོས་ཀྱང་ལས་ཀའི་བབ་དང་བསྟུན་ནས་ཁྱེད་དང་ཁྱེད་ལྟ་བུ་དག་གི་ཐུགས་འདུན་ལྟར་བསྒྲུབ་ཐུབ་པར་འབད་བརྩོན་བྱེད་དང་བྱེད། འདི་ནི་ང་ཚོས་ཀློག་པ་བོ་ལེགས་གྲས་རིགས་རྙེད་སྟངས་ཤིག་ཀྱང་རེད་འདོད།

    ཡིན་ནའང་། མི་སྣར་བཅར་འདྲི་བྱེད་པ་དང་གསར་འགྱུར་འབྲི་བ་གཉིས་ཅུང་ཙམ་མི་འདྲ། གསར་འགྱུར་འབྲི་དུས་གསར་འགོད་པས་མིག་སྔའི་གནད་དོན་དང་མ་བརྒལ་བའི་ཐོག་ནས་རང་གི་འབྲི་རྩལ་སྣ་ཚོགས་དང་མཚོན་ཐབས་སྣ་ཚོགས། ཚིག་གི་སྦྱོར་བ་སྣ་ཚོགས་ལ་བརྟེན་ནས་བྲིས་ཆོག་ཀྱང་། མི་སྣར་བཅར་འདྲི་བྱེད་དུས་དེ་ལྟར་བྱེད་མི་ཆོག བཅར་འདྲི་བྱེད་ཡུལ་གྱིས་ལོ་སྟོང་ཕྲག་སྔོན་གྱི་ལོ་རྒྱུས་ཤིག་གཞིར་བྱས་ཏེ་སྐད་ཆ་བཤད་ཀྱི་ཡོད་ན། ཕལ་ཆེར་དེའི་ནང་དུ་སྔོན་ཆད་ཀྱི་བརྡ་རྙིང་མང་བོ་ཞིག་ཡོད་སྲིད་པས། གསར་འགོད་པས་རང་ཉིད་ལ་སྟབས་བདེའི་ཆེད་དུ་དེང་སྐབས་ཀྱི་འགྲོ་རྒྱུགས་ཆེ་བའི་བརྡ་ཆད་ཅིག་གིས་ཁ་གསབ་ན་བཅར་འདྲིའི་མི་སྣའི་སྐད་ཆའི་ནུས་པ་བརླག་འགྲོ་གི་རེད། དེ་བཞིན་ཆབ་སྲིད་པ་ཞིག་གིས་ཆབ་སྲིད་སྲིས་ཇུས་ཀྱི་ཚིག་ཅིག་བེད་སྤྱོད་གཏོང་སྐབས། གསར་འགོད་པ་ནམ་རྒྱུན་ཆབ་སྲིད་ལ་དོ་སྣང་ཅན་ཞིག་མིན་ན་དེའི་ཐད་ནས་ཁོ་ལ་དཀའ་ངལ་འཕྲད་སྲིད།

    དེ་བཞིན་བཅར་འདྲི་བྱེད་ཡུལ་གྱི་མི་སྣ་དེས་བེད་སྤྱད་པའི་ཚིག་རེ་རེ་བཞིན་མི་སྣ་དེའི་སེམས་ཁམས་ངོ་མ་དང་ཁོའི་སྐད་ཆ་ངོ་མ་ཀློག་པ་བོའི་མིག་མདུན་དུ་བཤམས་དགོས་སྟབས། གསར་འགྱུར་འབྲི་མཁན་ཡག་པོ་ཞིག་གིས་རང་གི་འབྲི་ཐབས་སྣ་ཚོགས་སྤྱད་ནས་གསར་འགྱུར་ལེགས་པོ་ཞིག་འབྲི་ཐུབ་ཀྱང་། བཅར་འདྲིའི་རིགས་དེ་ལྟར་ལས་སླ་བོར་འབྲི་མི་ཐུབ། བཅར་འདྲི་ལེགས་པོ་ཞིག་འཁྱོངས་དུས་གསར་འགོད་པ་དེའི་གཞི་རྩའི་འབྲི་ཐབས་ཀྱང་ཚད་ངེས་ཅན་ཞིག་ཏུ་བསླེབས་ཡོད། ཡིན་ནའང་། དེ་ནི་གཙོ་བོ་བཅར་འདྲི་བྱེད་ཡུལ་གྱི་མི་སྣའི་སྐད་ཆ་ངོ་མ་མ་བརླག་པར་ཚིག་གི་སྦྱོར་བ་བདེ་ཞིང་། ཀློག་པ་བོར་ཡང་ཀློག་བདེ་བ་དང་ཀློག་འདུན་ཡོད་པ་ཞིག་ལ་གཏད་ནས་བཤད་ཡོད་པ་ལས་ཅིག་གི་སྐད་ཆ་ཐན་ཐུན་ཞིག་ཡིག་ཐོག་ཏུ་དབབ་ཐུབ་མཁན་ཚང་མར་བཤད་མེད། ཞོར་འཕྲོས་སུ། ཨ་རིག་གླེན་པས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese