བཙན་བྱོལ་བོད་པའི་མི་འབོར་གྱི་གནས་སྟངས་ལ་བལྟས་ན། དེ་སྔོན་དང་མི་འདྲ་བར་ཕོ་མོ་གཉིས་དོ་མཉམ་ཆགས་ཡོད་པར་མ་ཟད། བོད་གཞུང་ནང་ཕྱག་ལས་གནང་ཁོངས་སུ་ཕོ་མོའི་གྲངས་འབོར་འདྲ་མཉམ་ཡིན་པ་དང་། གཞུང་ཞབས་ཁོངས་གསར་དུ་འཛུལ་ཞུགས་བྱ་མཁན་ཡིན་ནའང་བུད་མེད་ཀྱི་གྲངས་འབོར་མང་དུ་འགྲོ་གིན་ཡོད་ཟེར།
དེ་རིང་ཕྱི་ཚེས་ ༢༥ ཉིན་བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་གོ་སྒྲིག་འོག གངས་དཀྱིལ་སྤྱི་ཐབ་ཚོགས་ཁང་དུ་ཉིན་བཞིའི་རིང་གི་བོད་ཀྱི་བུད་མེད་ཀྱི་ནུས་ཤུགས་གོང་མཐོར་གཏོང་ཐབས་སྐོར་གྱི་ཟབ་སྦྱོང་ཤིག་དབུ་འཛུགས་གནང་ཡོད་ཅིང་། མཛད་སྒོའི་སྟེང་བོད་གཞུང་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་མཆོག་དང་དྲུང་ཆེ་ཟླ་བ་རྡོ་རྗེ། འབྲེལ་མཐུད་དྲུང་ཆེ་དབང་འདུས་ཚེ་རིང་སོགས་ཕེབས་འདུག་ལ། ཟབ་སྦྱོང་སྤྲོད་མཁན་ལྡི་ལི་ནས་ཕེབས་པའི་ལྕམ་ལིན་ཊ་ lynda དང་ཨ་རི་ནས་ཕེབས་པའི་ལྕམ་རཱ་ནེ་ Rani དེ་བཞིན། གཞུང་ཞབས་བུད་མེད་ ༢༡ བཅས་འདུག
མཛད་སྒོའི་ཐོག་མར་དཔལ་འབྱོར་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་ཟབ་སྦྱོང་འདི་ཕྱི་ལོ་ ༢༠༠༤ ནས་བཟུང་བཙན་བྱོལ་སྤྱི་ཚོགས་ནང་མགོ་བཙུགས་པ་ཞིག་ཡིན་ཞིང་། ང་ཚོར་རང་བཙན་ཡོད་པའི་སྐབས་ཡིན་ན་འདྲ་ལ། བཙན་བྱོལ་དུ་ཡོད་པའི་སྐབས་ཡིན་ནའང་རེད། འདི་འདྲའི་གནས་སྟངས་ཡག་པོ་ཞིག་ད་བར་བོད་པའི་སྤྱི་ཚོགས་ནང་བྱུང་མེད། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་ལ་བལྟས་ན། ཐོབ་ཐང་གི་གནས་སྟངས་དང་གོ་སྐབས་ཀྱི་གནས་སྟངས་གང་ཡིན་རུང་གཅིག་མཚུངས་རེད་མ་གཏོགས་དེར་ཁྱད་པར་གང་ཡང་མེད། ལྷག་པར་དུ་བོད་པའི་སྤྱི་ཚོགས་ཀྱི་དཔལ་ཡོན་ནང་བུད་མེད་ཚོ་གལ་ཆེན་ཆགས་ཡོད་སྟབས། དང་ཐོག་ང་ཚོས་ཚོགས་ཞུགས་པ་ ༢༠ ཙམ་འཇོག་རྒྱུ་བྱས་ཀྱང་། རྗེས་སུ་བཀའ་ཁྲི་མཆོག་གིས་བུད་མེད་ ༢༡ བཞག་ན་ཡག་ཚུལ་གསུངས་པ་ལྟར་བྱས་ཡོད། དེ་ཚོ་ཚང་མ་ཆོས་སྲིད་གཉིས་ཐད་ནས་ཁྱད་པར་གང་ཡང་མེད་པའི་མཚོན་རྟགས་ཡིན། ཞེས་གསུངས་སོང་།
ཡང་ཁོང་གིས་འཆར་འགོད་ལས་ཁུངས་ཀྱི་མི་འབོར་ཞིབ་བཤེར་གྱི་གྲུབ་དོན་དང་འབྲེལ་ཏེ། བཙན་བྱོལ་ནང་གི་བུད་མེད་ཀྱི་གནས་བབ་སྐོར་གསུངས་དོན། བཙན་བྱོལ་ནང་གི་གནད་དོན་ཅི་ཞིག་ཐག་གཅོད་དགོས་ཀྱང་། དབུས་དང་ས་གནས། གཞིས་ཆགས་དང་གཞིས་གྲོང་སོགས་གང་ཞིག་ལ་མཚོན་ན། གནད་དོན་ཐག་གཅོད་བྱེད་སྐབས་ག་རེ་དགོས་དང་མི་དགོས། ག་རེ་རན་མི་རན་བཅས་ཀྱི་ཐད་བུད་མེད་རྣམས་མཉམ་ཞུགས་བྱ་རྒྱུ་གལ་ཆེན་ཡིན། བུད་མེད་ཀྱི་འགན་འཁུར་སྣེ་ཁྲིད་ཟབ་སྦྱོང་འདི་གནད་འགག་ཅིག་མཐོང་སྟེ། ལས་འགུལ་འདི་གོ་སྒྲིག་བྱས་པ་རེད། འདི་གནད་འགག་ཏུ་མཐོང་བའི་རྒྱུ་མཚན་ནི། བཙན་བྱོལ་བོད་པའི་མི་འབོར་གྱི་གནས་སྟངས་ལ་བལྟས་ན། དེ་སྔོན་དང་མི་འདྲ་བར་ཕོ་མོ་གཉིས་དོ་མཉམ་ཆགས་ཡོད་པར་མ་ཟད། བོད་གཞུང་ནང་ཕྱག་ལས་གནང་ཁོངས་སུ་ཕོ་མོའི་གྲངས་འབོར་འདྲ་མཉམ་ཡིན་པ་དང་། གཞུང་ཞབས་ཁོངས་གསར་དུ་འཛུལ་ཞུགས་བྱ་མཁན་ཡིན་ནའང་བུད་མེད་ཀྱི་གྲངས་འབོར་མང་དུ་འགྲོ་གིན་ཡོད་སྟབས། མ་འོངས་པར་སྤྱི་ཚོགས་གྱི་འགན་འཁུར་ཐོག་བུད་མེད་ཚོས་ནུས་པ་མང་ཙམ་འདོན་དགོས་ཀྱི་འདུག བོད་པའི་སྤྱི་ཚོགས་ནང་དུས་རྒྱུན་དོ་སྣང་སྤྲོད་དགོས་པ་ཁ་ཤས་ཤིག་འདུག
དོ་སྣང་སྤྲོད་དགོས་ས་དང་པོ་ནི། སོ་སོའི་ལས་དོན་དང་སྤྱི་ཚོགས་ལ་ཆེ་མཐོང་མ་སྤྲད་པའི་དཀའ་ངལ་ཞིག་འདུག ངས་ནམ་རྒྱུན་དུ་རང་གཞུང་ལས་བྱེད་ཚོར་འདི་ལྟར་བཤད་ཀྱིན་ཡོད། ང་ཚོར་རྒན་དྲུང་། ལས་དྲུང་། སྡེ་ཚན་འགན་འཛིན་ཞེས་མིང་རེ་བཏགས་ཡོད་པས། གནས་རིམ་གོང་མ་ཞིག་ལ་བལྟས་ན་གནས་རིམ་འོག་མ་དེར་ནུས་པ་མེད་པ་འདྲ་ཞིག་མཐོང་གི་ཡོད་ནའང་། རྒྱ་ཆེ་ས་ནས་བཤད་ན། འོག་ཏུ་ཡོད་པའི་ཡིག་བསྐྱལ་བ་ཚུན་ཆད་ལ་༧གོང་ས་མཆོག་གི་དབུ་འོག་དཔུང་འདེགས་དང་། བོད་བསྟན་སྲིད་གཉིས་ལ་ཞབས་ཞུ་བསྒྲུབ་རྒྱུའི་འགན་དང་ནུས་པ་གཉིས་ཀ་ཡོད་སྟབས་གནད་འགག་ཆེན་པོ་ཞིག་ཆགས་ཡོད། ལྷག་པར་དུ་བོད་གཞུང་ནང་ཕྱག་ལས་གནང་བ་དེ་ང་ཚོས་གལ་ཆེན་པོར་རྩི་བཞིན་མེད་ཀྱང་། འཛམ་གླིང་ཐོག་བཙན་བྱོལ་གཞུང་འདི་ལ་དོ་སྣང་ཆེན་པོ་སྤྲོད་ཀྱིན་ཡོད་པར་མ་ཟད། མངོན་གསལ་དོད་མིན་ལ་མ་ལྟོས་པར་རྒྱུན་དུ་འབྲེལ་བ་བྱེད་ཀྱིན་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད། ང་ཚོའི་ལས་བྱེད་རྣམས་གནད་འགག་ཆེན་པོའི་གཞུང་འདིའི་ནང་ཕྱག་ལས་གནང་མཁན་ཞིག་ཆགས་ཡོད་དུས། རང་ཉིད་ནི་འགན་འཁུར་མཁན་གཙོ་བོ་ཞིག་ཡིན་སྙམ་པའི་བསམ་བློ་འཁྱེར་རྒྱུ་གལ་ཆེན་རེད།
གཉིས་པ། ང་ཚོའི་སྤྱི་ཚོགས་ནང་མི་དེར་ནུས་པ་ཡོད་ཀྱང་ནུས་པ་བེད་སྤྱོད་གཏོང་རྒྱུར་འཛེམས་ཟོན་བྱས་ཏེ་འདུག་པའི་དཀའ་ངལ་ཞིག་ཡོད། སྤྱི་ཚོགས་ཀྱི་ཉིན་རེའི་ལས་དོན་ནང་ཅི་ཞིག་ཐག་གཅོད་བྱ་དགོས་ཚེ། གནད་དོན་ཐག་གཅོད་ཀྱི་སྤོབས་པ་དང་དེར་གདོང་ལེན་བྱ་རྒྱུའི་ནུས་པ་ཡོད་དགོས། གསུམ་པ། ང་ཚོ་དེ་སྔའི་ལམ་ལུགས་ལ་ཞེན་ཆགས་ཏེ་གསར་གཏོད་ཀྱི་བསམ་བློ་མེད་པར་མདུན་སྐྱོད་བྱ་ཐུབ་ཀྱི་མེད་པ་དེར་བསྐྱར་ཞིབ་དང་གསར་གཏོད་ཀྱི་ནུས་པ་ཡོད་དགོས། བཞི་བ། སྤྱི་ཚོགས་ཀྱི་སྣེ་ཁྲིད་རྒྱུའི་འགན་འཁུར་གྱི་བསམ་བློ་མེད་པའི་སྐྱོན་ཆ་ཡོད་པས་དེར་བཅོས་སྒྱུར་གྱི་བསམ་བློ་ཡོད་དགོས། འདི་དག་ནི་ཡང་དག་པའི་དབུ་ཁྲིད་ཅིག་ཆགས་རྒྱུའི་ཆ་རྐྱེན་ཡིན་པར་མ་ཟད། དོན་ཚན་འདི་དག་མ་འོངས་པར་ཉིན་ལྟར་དུས་ཐོག་ལག་ལེན་དུ་བསྟར་རྒྱུ་གལ་ཆེན་རེད། ཅེས་དང་། ཡང་ཁོང་གིས་ཁྱེད་ཚོར་འདོད་པ་ཡོད་མེད་ལ་མ་ལྟོས་པར་མི་ཚེ་ཧྲིལ་པོར་བཙན་བྱོལ་བོད་གཞུང་ནང་ཕྱག་ལས་གནང་གི་ཡིན་ན། མ་འོངས་པའི་བཙན་བྱོལ་བོད་གཞུང་གི་འགན་དེ་རང་བཞིན་གྱིས་ཁྱོད་ཚོའི་ཐོག་སླེབས་ཡོང་ངེས་ཡིན་པས། སྔ་ས་ནས་གནས་སྟངས་དེའི་ཐོག་བསམ་བློ་བཏང་སྟེ་གྲ་སྒྲིག་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་ཡོད།
གསར་འགོད་པ། དཔལ་ལྡན།
བོད་ཀྱི་བེུད་ཚོ།་་་་ད་དངོས་གནས་ཤུགས་རྒྱག་དགོས་པ་རེད་ད་།་ག་དུས་ཡིན་ནའང་སྣེ་ལེན་པ་དང།་སྨན་སྤྲོད་།་་་་ལས་དྲུང་།་་རྩིས་པ་ལྟ་བུའི་ལས་རིགས་རྣམས་བེུད་ཀྱི་ལས་ཀ་ཡིན་ཤག་རྩིས་ནས་དེ་དག་ལ་་འཚང་ཀ་མི་བྱེད་པར།་་་རྟ་ཕོ་ལ་རྒྱུགས་རྒྱུ་ཡོད་ན་བྱང་ཐང་སྟོང་པ་རེད་།་རང་གི་ཐོབ་ཐང་ལོངས་སུ་སྤྱད་དེ་རྣམ་དཔྱོད་དང་རིག་རྩལ་ལྡན་པའི་ལས་ཀ་དེ་འདྲ་ལ་ཤུགས་རྒྱག་ན་མི་བཟང་ངམ།་་་་་རང་གི་མི་རིགས་ཀྱི་ཉག་ཕྲ་བའི་དུས་སྐབས་འདིར་རང་གི་འབྱོན་ཐང་སྟོན་པ་མི་བྱེད་དམ།
ཨོ་ བཙན་གཤོལ་བོད་གཞུག་གི་འདས་པའི་མི་ལོ་ལྔ་བཅུ་ང་ལྔའི་རིང་ལ་བུད་མེད་ཀྱིས་ཐོབ་ཐང་གོང་མཐོར་གཏོངས་རྒྱུའི་ཕྱོགས་ལ་ནུས་ཤུགས་གཅིག་བསྒྲིལ་དང་རྩོད་ལེན་བྱས་པ་འདྲ། གྲུབ་འབྲས་མངོན་གསལ་དུ་ཐོན་པ་ལ་དགའ་བསུ་ཞུ། མ་ཟད་བཙད་བཤོལ་བོད་གཞུང་བུད་མེད་ཀྱི་དབང་འོགས་ལ་མྱུར་འགྲོ་ཐུབ་པའི་རེ་སྨོན་ཞུ།
ང་ཚོ་བོད་མི་མང་སྤྱི་དང་བོད་ནང་བོད་རིགས་ཚོའི་དམིགས་ཡུལ་དང་ནུས་ཤུགས་རྒྱག་ཡུལ་གལ་ཆེ་ཤོས་དེ་མི་བོད་མི་ས་ཡ་དྲུག་ལ་འགྲོ་བ་མིའི་ཐོབ་ཐང་ཡོད་པ་དང་། བོད་ཀྱི་ཆོས་དང་སྐད་ཡིག་རིག་གནས་བསྲུང་སྐྱོབ་བྱེད་རྒྱུའི་བྱ་འདི་གལ་ཆེན་ལ་བཞག་ཡོད་ལགས། དེ་མི་ཆོས་ལུགས་དང་ཆོལ་ཁ་ཕོ་མོའི་རྕོད་པ་སོགས་ལ་མི་ཚེ་གཟད་རྒྱུ་ནི་གངས་སྐྱིད་ལས་ཁང་ཚོའི་བྱ་བ་ཞིག་རེད།
ད་བཙན་བྱོལ་བོད་མིའི་བུད་མེད་ལ་ནུས་ཤུགས་སྤེལ་དགོས་ན་དང་པོ་ཕྲུ་གུ་མང་ཙམ་སྐྱེ་ཐུབ་པ་དང་། སྐྱེ་ཕོད་པའི་ནུས་པའམ། སྣེ་ཁྲིད་ཐུབ་པ་དགོས་འདུག དེའི་སྐོར་ལ་བཤད་མཁན་བྱུང་ཨེ་ཡོད་ན། ཉེ་ཆར་རྒྱ་གར་ལྷོ་ཕྱོགས་སུ་བཀའ་ཁྲིའི་མི་འབོར་ཉུང་དུ་འགྲོ་བཞིན་ཡོད་སྐོར་བཤད་གནང་སོང་བ། ད་སྒྲོལ་མ་ཉེར་གཅིག་གི་བརྡ་མཚོན་མཁན་དེ་ཚོ་ལ་སྤྲུལ་པ་མང་པོ་འབྱེད་ཐུབ་པའི་ནུས་པ་དགོས་འདུག དེ་མིན་བོད་ནང་རྒྱ་མིས་སྐྱེ་སྒོ་བཀག འདིར་རང་དབང་གིས་སྐྱེ་སྒོ་བཀག མདོར་ན་བོད་མི་རིགས་ཉུང་དུ་འགྲོ་བཞིན་འདུག ད་གང་དྲག
བཙན་བྱོལ་དུ་བུད་མེད་ཀྱི་ཐོབ་ཐང་རན་འདུག
ལས་འགན་རེ་སྤེལ་ཐུབ་ན་བོད་ནང་གི་བུད་མེད་ཀྱི་ཐོབ་ཐང་གི་ཕྱོགས་ལ་སྤེལ་རོགས་ཞུ།
འགྲོ་བ་མིའི་ཐོབ་ཐང་བོད་ནང་ལ་ཡོད་དམ།དེ་ཚོ་ཤུགས་རེ་རྒྱག་རོགས་ཞུ།
ཟབ་སྦྱོར་སྤྲད་ག་ཡག་པོ་འདུག ཡིན་ནའང་། སྤྱི་ཚོགས་ཤིག་གི་བུད་མེད་ཀྱི་འབྱོན་ནུས་གོང་མཐོར་གཏོང་རྒྱུ་དེ་ཟབ་སྦྱོང་རེ་གཉིས་ཀྱི་སྒྲུབ་ཐུབ་པ་ཙམ་ག་ལ་ཡིན། མ་གཞི་སློབ་གསོའི་ཡོད་ཚད་དང་། སྤྱི་ཚོགས་ཀྱི་ལས་སྒོ་མཐའ་དག་གི་ཁྲོད་དུ་བུད་མེད་ཀྱི་ལྷན་ནུས་དང་འཚམས་པའི་བྱ་གཞག་རིགས་གོང་མཐོར་གཏོང་དགོས།
དེ་མིན། བཀའ་ཁྲི་མཆོག་གིས་བུད་མེད་ ༢༡ བཞག་ན་ཡག་ཚུལ་གསུངས་པ་དེ་ནི། བཀའ་ཁྲིའི་ཡིད་ལ་སྒྲོལ་མ་ཉེར་གཅིག་གི་རྟེན་འབྲེལ་ཤར་བ་མིན་འགྲོ། ཧཧཧ