མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བློ་སེང་ལ་འོས་འཕེན་དོན། – ངག་དབང་སྦྱིན་པ།

བོད་ཀྱི་དུས་བབ།
༢༠༡༡/༠༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

༄༅། །ཅིའི་ཕྱིར་བློ་བཟང་སེང་གེ་མཆོག་ལ་སྔོན་འགྲོའི་འོས་མང་ཤོས་ཐོབ་པ་རེད་དམ།

           

སྨན་རམས་པ་ངག་དབང་སྦྱིན་པ་བསུ་སྣང༌།

ཕྱི་ལོ་ ༡༩༦༠ ཟླ་ ༠༩ ཚེས་ ༠༢ ཉིན་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ལྡན་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་གནང་བའི་སྐབས་དེ་ནས་བཟུང་ཕ་མས་ཕྲུ་གུ་གསོ་སྐྱོང་བྱེད་པ་ལྟར། སྐུ་ངལ་ལ་ཡེ་ནས་མ་འཛེམས་པར་དུས་ནས་དུས་སུ་ལམ་སྟོན་དང་སྦྲགས་མང་གཙོའི་ལམ་སྲོལ་མི་མང་གི་ལག་ཏུ་ནན་གྱིས་གོ་བསྐོན་གནང་བ་དེའི་གྲུབ་འབྲས་སུ་བཙན་བྱོལ་གཞུང་དམངས་ཡོངས་ཀྱི་གནས་སྟངས་སྤྱི་དང༌། བྱེ་བྲག་ཏུ་བཀའ་ཁྲི་སྐབས་གསུམ་པ་དང་སྤྱི་འཐུས་སྐབས་བཅོ་ལྔ་བའི་སྔོན་འགྲོའི་འོས་འཕེན་ལས་རིམ་ལ་མི་མང་གིས་སྔར་དང་མི་འདྲ་བར་བསམ་བློའི་གནས་ཚད་མཐོ་བོའི་ཐོག་ནས་དོ་སྣང་གནང་བའི་འགྱུར་ལྡོག་དེ་མང་གཙོ་ཡར་རྒྱས་ཀྱི་ན་ཚོད་ཡོངས་སུ་སྨིན་པའི་མངོན་རྟགས་ཤིག་རེད། དེའང་ྋགོང་ས་མཆོག་སྐུ་རྐྱང་གིས་འབད་བརྩོན་ཁོ་ན་ལས་བྱུང་བ་ཡིན་པས་ཚད་གཞལ་དུ་མེད་པའི་ཁོང་གི་བཀའ་དྲིན་ཅིའི་ཕྱིར་རྟག་ཏུ་ཡིད་ལ་མི་དྲན་ནམ། །

 

ད་ནི་སྐབས་དོན་བརྗོད་པར་བྱ་བ་འབྱུང་འགྱུར་བཀའ་ཁྲིའི་སྐོར་བརྗོད་ན། ཕྱི་ལོ ༢༠༡༠ ཟླ་ ༡༠ ཚེས་ ༣༠ ཉིན་བོད་ཕྲུག་ཁྱིམ་སྡེའི་མཛད་སྒོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས༼ ང་ཚོའི་བོད་ལུང་བ་སྤྱིའི་གནས་ཚུལ་ལ་ཆ་བཞག་ནའང་མི་ཐོག་གོང་མ་དག་གིས་མ་འཇོན་པ་བྱས། དངོས་ཡོད་གནས་ཚུལ་དག་ལ་དོ་སྣང་མ་བྱས་པར་ཚུར་ཕྱོགས་དེར་ཞབས་བརྟན་འདྲ་བསྒྲུབས་ཏེ་བསྡད་སྟབས་ང་ཚོ་བོད་ལུང་བ་དང་ཁ་བྲལ་བ་རེད ༽ཅེས་གསུངས་པ་ལྟར། ཕྱི་ལོ་ ༡༩༡༢ ནས་ ༡༩༤༩ ལོའི་བར་དང༌། ལྷག་པར་དུ་ ༡༩༤༧ ལོ་དང་ ༡༩༤༨ ལོ། དེ་བཞིན་ ༡༩༤༩ ལོ་བཅས་ཀྱི་དུས་སྐབས་རྩ་ཆེན་དེ་དག་གི་ཚེ་ན་རྣམ་དཔྱོད་དང་ལྷག་བསམ་ཡེ་ནས་མེད་པའི་སྐབས་དེའི་གཞུང་གི་མགོ་གཙོ་སྐུ་དྲག་ཅེས་འབོད་པ་ཁོང་ཚོས་རང་གི་གོ་ས་དང༌། གཞི་རྩ་གང་ཡང་མེད་པའི་ཕ་བརྒྱུད་བུ་འཛིན་གྱི་ལྟ་གྲུབ་ངན་པ་རྒྱུན་བསྲིངས་གནས་ཐབས་ཁོ་ནར་ཡོངས་སུ་བརྐམས་ཏེ། བོད་རྒྱལ་ཁབ་དེ་ཉིད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་འཛུལ་ཞུགས་བྱ་རྒྱུའི་སྒོ་སྐབས་ཧ་ཅང་བཟང་བོ་ཐོབ་པ་སོགས་བོད་སྤྱི་ཡོངས་ལ་ཕུགས་སུ་ཕན་པའི་སྣངས་ཆེན་གྱི་ལས་དོན་མང་དག་ཅིག་ལ་དོ་ཁུར་བྱས་མེད། ཁོང་ཚོའི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་བརྗེད་དུ་མི་སྲིད་པའི་བོད་མི་སེར་སྐྱ་འབུམ་ཕྲག་མང་བོ་ཡ་ང་བའི་དམར་གསོད་དང༌། རིན་ཐང་བྲལ་བའི་སྐུ་གསུང་ཐུགས་རྟེན་སོགས་ལོ་རྒྱུས་ཀྱིས་ཡོངས་སུ་ཕྱུག་པའི་དགོན་པ་སྟོང་ཕྲག་མང་བོ་རྩ་གཏོར་དང༌། དུས་ད་ལྟའང་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་གཞིས་བྱེས་བོད་མི་ཡོངས་ཀྱི་གནས་སྟངས་ཐབས་སྡུག་དེ་འདྲ་ཞིག་ལ་བསྐྱལ་བ་ཡིད་ལ་དྲན་ཞིང་ཤེས་པའི་ཐོག་ནས་སླར་ཡང་སྐུ་དྲག་རིང་ལུགས་པར་མགོ་བོ་འདུད་རྒྱུ་མིན་ཞེས་མི་མང་གིས་བློ་བཟང་སེང་གེ་མཆོག་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་དང་བོའོ། །

 

འབྱུང་འགྱུར་གྱི་བཀའ་ཁྲི་སྐབས་གསུམ་པ་དང་བཞི་བ་བཅས་སོ་སོའི་དུས་ཡུན་རྫོགས་མཚམས་དེའི་ཚེ་ན་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་རིམ་པ་བཞིན་དགུང་ན་ ༨༡ དང་ ༨༦ ཏུ་ཕེབས་རྒྱུ་ངེས་པས་དུས་སྐབས་གཉན་འཕྲང་ཅན་དེ་དག་ད་ལྟ་ནས་ང་ཚོས་སྙིང་དབུས་སུ་བཅངས་ཏེ། ཕྲེང་རྡོག་བརྒྱུད་པ་ལྟར་གྱི་ངང་ཚུལ་བཞིན་རྒན་མཇུག་གཞོན་མཐུད་བྱས་ཏེ་ད་ཐེངས་ཀྱི་དུས་སྐབས་དམིགས་བསལ་ཅན་འདིར་གསར་གཏོད་ཀྱི་རྣམ་དཔྱོད་དང་དཔའ་མཛངས་ལྡན་པའི་བཀའ་ཁྲི་ལོ་ན་གཞོན་པ་ཞིག་ངེས་པར་དུ་མཁོ་གལ་ཆེ་བ་དེའི་ཕྱིར་མི་མང་གིས་ཁོང་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་གཉིས་པའོ། །

 

གནམ་གོང་གི་ཉི་ཟླ་ལྟ་བུ་ཁྱད་དུ་འཕགས་པའི་དབུ་འཁྲིད་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཁོང་རྣམ་པ་གཉིས་སྐུ་འཚོ་བཞུགས་སུ་ཡོད་པའི་སྒོ་སྐབས་རྩ་ཆེན་དེའི་འོག་གཞུང་འཛིན་ཉམས་མྱོང་ཅན་ཁོ་ནར་གཙིགས་ཆེན་དུ་འཛིན་པའི་གཞོགས་གཅིག་ཕུགས་ཐུང་གི་བསམ་བློ་ཡོངས་སུ་དོར་ཞིང་མ་འོངས་ཕུགས་རྒྱང་རིང་བོའི་བསམ་བློས་བོད་ཀྱི་འཐབ་རྩོད་དེ་མི་རབས་གསར་བས་འགན་འཁུར་བྱ་དགོས་ངེས་ཡིན་པ་ཡིད་ལ་བཅངས་ཏེ། དུས་དང་མཐུན་པའི་འགྱུར་འགྲོས་དང་གསར་གཏོད་ཀྱི་རྣམ་དཔྱོད་གསར་བས་འཐབ་རྩོད་བྱེད་ཐུབ་མཁན་གྱི་བཀའ་ཁྲི་ལོ་ན་གཞོན་པ་ཞིག་ངེས་པར་དུ་མཁོ་གལ་ཆེ་བ་དེའི་ཕྱིར་མི་མང་གིས་ཁོང་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་གསུམ་པའོ། །

 

རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་མི་རིགས་ཀྱི་གཞི་རྩའི་རང་དབང་དང༌། དེ་བཞིན་དུ་དེའི་ངོ་བོ་དང་སྐད་ཡིག་དང༌། ཆོས། ཁོར་ཡུག གཞན་ཕན་གྱི་ལྟ་སྤྱོད་བཟང་བོ་དང་བཅས་པ་ཡོངས་སུ་རྫོགས་པར་འཁྱག་མངར་བཞུ་བ་ལྟར་འཇམ་ཞིང་མཉེན་པའི་སྲིད་བྱུས་ཀྱིས་རྨེག་མེད་དུ་བྱས་དང་བྱས་དང་བྱེད་ཀྱིན་ཡོད་པ་དེ་ཉིད་ད་ལྟའི་སྐབས་སུ་ང་ཚོར་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད། དེས་ན་ཁོང་རྣམ་པ་གཉིས་ཀྱི་ཡང་དག་པའི་དབུ་འཁྲིད་ལམ་སྟོན་འོག་གོང་འཁོད་གནས་དོན་ཁག་ལ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་གདོང་ལེན་དང་འཐབ་རྩོད་བྱ་ཕྱིར་མིང་དོན་མཚུངས་པའི་རྒྱལ་སྤྱིའི་ཁྲིམས་རྩོད་པ་ཡིན་པའི་བཀའ་ཁྲི་ཞིག་ངེས་པར་དུ་མཁོ་བ་དེའི་ཕྱིར་མི་མང་གིས་ཁོང་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་བཞི་བའོ། །

 

ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཉིན་ ༢༡ ཉིན་སྒང་ཏོག་དཔལ་འབྱོར་རྣམ་རྒྱལ་རྩེད་ཐང་དུ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ ༼ ང་ཚོའི་ཐབས་ཤེས་དང༌འཆར་སྣང་། རྣམ་དཔྱོད་གསར་བ་ཞིག་ལག་བསྟར་བྱ་རྒྱུའི་བསམ་བློ་གཏོང་དགོས་ཀྱི་འདུག་ལ་མ་འོངས་པའི་འཛམ་གླིང་ཅི་འདྲ་ཆགས་མིན་གཞོན་སྐྱེས་ཚོའི་ལག་ཏུ་ཡོད་པ་རེད་ ༽ ཅེས་གསུངས་ཡོད་ནའང་ང་ཚོའི་སྤྱི་ཚོགས་ནང་མི་འབོར་གྱི་བརྒྱ་ཆ ༧༥ ཙམ་ན་གཞོན་ཡིན་པ་ནས་མང་ཆེ་བ་ནི་ཆབ་སྲིད་ལ་དོ་སྣང་ཧ་ཅང་དམན་པོ་རེད། འབྱུང་འགྱུར་ཆབ་སྲིད་ཀྱི་འགན་འཁུར་དེ་ན་གཞོན་ཚོས་ཁྱེར་དགོས་རྒྱུ་ནི་སྨོས་ཅི་དགོས་ལ་དུས་དང་མཐུན་པའི་བསྒྱུར་བཅོས་ཀྱང་མ་འོངས་པའི་ཆབ་སྲིད་འགན་འཁུར་བོ་ན་གཞོན་ཚོའི་ལྟ་གྲུབ་ལ་རག་ལས་པ་ནི་བཟློག་ཏུ་མེད་པས་ན། གལ་ཏེ་ལོ་ན་གཞོན་པ་ཚོ་ཡིད་འགུག་པའི་ནུས་པ་མངའ་བའི་དགུང་ལོ་གཞོན་པ་ཞིག་བཀའ་ཁྲིར་འདེམས་ཐུབ་པ་ཡིན་ན་གཞོན་སྐྱེས་ཚོར་རང་བཞིན་གྱིས་འབྱུང་རྒྱུའི་བོད་ཀྱི་ཆབ་སྲིད་ལ་དོ་སྣང་དང་སེམས་ཤུགས་ལྷག་པོ་བསྐྱེད་རྒྱུ་ངེས་པ་དེའི་ཕྱིར་མི་མང་གིས་ཁོང་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་ལྔ་བའོ། །

 

རེ་འགས་ཉམས་མྱོང་ཅན་ཞིག་དགོས་གལ་ཆེ་ཚུལ་གྱི་གཏམ་བསྒྲགས་བྱས་ནའང་དོན་དམ་དུ་ཕྱི་ལོ་ ༡༩༤༩ ཕན་ཆད་ཀྱི་གཞུང་འཛིན་པ་སྐུ་དྲག་ཅེས་འབོད་པ་ཁོང་ཚོར་ཕ་རྒྱུད་བུ་རབས་བརྒྱུད་དེ་མི་རབས་འགའ་ཡི་ཉམས་མྱོང་ལྡན་ནའང་ད་ལྟའི་བོད་ཀྱི་སྣོད་བཅུད་གཉིས་ཀའི་གནས་སྟངས་ཐབས་སྡུག་འདི་འདྲ་ཞིག་ལ་ཇི་ལྟར་བསྐྱལ་འདུག་གམ་འདས་པའི་བྱུང་རིམ་ལ་ཁ་ནང་དུ་ཕྱོགས་ཏེ་ལེགས་པར་སོམས་དང༌། གཞན་ཡང་འཛམ་གླིང་གི་ཡང་རྩེར་སོན་པ་སྟོབས་ཆེན་རྒྱལ་ཁབ་ཨ་མི་རི་ཀར་མཚོན་ན་ཨོ་བྷ་མ་ནི་ཉམས་མྱོང་ཅན་ཞིག་མིན་ནའང་དུས་མཐུན་གྱི་འགྱུར་འགྲོས་དང་མི་མང་གི་བསམ་བློའི་འཁྱེར་སོ་ལ་དཔག་པའི་ཁོང་སྲིད་འཛིན་དུ་བདམས་པ་རེད། །

 

ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་དགུང་ན་བཅུ་དྲུག་ཐོག་འཆི་མ་གསོན་གྱི་བོད་ཀྱི་གནས་སྟངས་ཧ་ཅང་ཐབས་སྡུག་ཅིང་ཛ་དྲག་གི་གནས་སྟངས་སུ་གནས་པའི་འོག་ནས་ཆོས་སྲིད་ཟུང་གི་ཐུགས་འགན་བདག་གིར་བཞེས་ནའང་འཛམ་གླིང་དེའི་སྟེང་དུ་བོད་གཞུང་མང་ཡོངས་ཀྱི་གནས་བབ་ནི་ཀུན་གྱིས་ཡིད་སྨོན་བྱ་བའི་ཡུལ་དུ་གྱུར་ཡོད། བོད་ཀྱི་རྩ་དོན་ཐད་༧གོང་ས་མཆོག་གི་དགོངས་པ་ཇི་ལྟ་བ་བཞིན་ལྟ་གྲུབ་བརྟན་པོ་ཞིག་དང་ལྟ་གྲུབ་དེ་དང་མཐུན་པའི་ལངས་ཕྱོགས་ཀྱི་སྲིད་བྱུས་གཙང་མ་འཛིན་ཐུབ་མཁན་གྱི་བཀའ་ཁྲི་གཅིག་ཀྱང་ཕྱི་ལོ་ ༢༠༠༡ ཡན་ལ་བྱུང་མེད་པ་དེ་ཡིས་ཕུང་འདུག་པ་མ་གཏོགས་བཙན་བྱོལ་ནང་ཉམས་མྱོང་ཅན་གྱི་མ་འདང་བའི་དཀའ་ངལ་ནམ་ཡང་ཕྲད་མེད། དབུ་འཁྲིད་ཁོང་རྣམ་པ་གཉིས་ཀྱི་དགུང་ནའི་འབབ་ལ་གཞིགས་ཏེ། གཞུང་འཛིན་ཉམས་མྱོང་ཅན་ཁོ་ནར་གཙོ་བོར་མི་འཛིན་པར་དོན་དངོས་དང་མཐུན་པའི་འབྱུང་འགྱུར་བོད་དོན་འཐབ་རྩོད་ཀྱི་འགྱུར་འགྲོས་དང༌། གསར་གཏོད་ཀྱི་ལག་ལེན་གལ་ཆེ་བར་གཟིགས་པ་དེའི་ཕྱིར་མི་མང་གིས་ཁོང་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་དྲུག་པའོ། །

 

བློ་བཟང་སེང་གེ་མཆོག་ནི་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་ཐད་རྣམ་དཔྱོད་བཟང་བོས་ལས་འགུལ་མི་ཉུང་བ་སྤེལ་ཡོད་ལ་འདི་བྱ་འདི་བྱ་མིན་གྱི་ཐ་ཚིག་ཧ་ཅང་གསལ་བ་དང༌། འབྱུང་འགྱུར་བོད་ཀྱི་འཐབ་རྩོད་མུ་མཐུད་དེ་གནས་པར་བྱེད་པ་ལ་ན་གཞོན་ཚོས་ཆབ་སྲིད་ཐོག་འགན་འཁུར་ལེན་དང་མི་ལེན་ལ་རག་ལས་པས་ཁོང་ལ་ན་གཞོན་ཚོའི་བློ་འགུག་ཐུབ་པའི་ནུས་པ་མངའ་བ་དང༌། དགུན་ན་གཞོན་ཞིང་དུས་དང་མཐུན་པའི་བཅོས་འགྱུར་དང་གསར་གཏོད་མེད་དུ་མི་རུང་བར་རྟོགས་པ་དང༌། རྒན་གཞོན་ཟུང་དུ་འབྲེལ་བའི་འཛིན་སྐྱོང་གི་ལམ་ལུགས་མེད་དུ་མི་རུང་བར་རྟོགས་ཤིང་གདེང་སྤོབས་ཀྱང་ཆེ་བ་དང༌། འཛམ་གླིང་ཐོག་ངོས་ལེན་ལྡན་པའི་ཁྲིམས་རྩོད་པ་ཞིག་ཡིན་པ་སོགས་ཀྱི་ཡོན་ཏན་དུ་མ་དང་ལྡན་པ་དེའི་ཕྱིར་མི་མང་གིས་ཁོང་ལ་འོས་འཕངས་པ་རེད་སྙམ་པ་སྟེ་རྒྱུ་མཚན་བདུན་པའོ།། །།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

ཆུ་ཚོད་ ༡༩ སྔོན་ལ།
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

ཆུ་ཚོད་ ༡༩ སྔོན་ལ།
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

ཆུ་ཚོད་ ༢༣ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 21

  1. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    བཀའ་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་སླེབས་ལ་ཉེར་བའི་སྐབས་འདི་ལ་ཕྱོགས་ཞེན་ཆེ་བའི་ཀླད་སྟོང་མི་ཉུང་བ་ཞིག་གིས་མི་མང་མགོ་སྐོར་སླུ་འཁྲིད་བྱས་ཐབས་དཀྲོག་གཏམ་དང་ཧམ་བཤད་བརྫུན་གཟོ་སོགས་མང་དག་བྱེད་ཀྱི་ཡོད་པས་སེར་སྐྱ་རྒན་གཞོན་ཚང་མས་ཡིད་གཟབ་གནང་གལ་ཆེ་བ་མཐོང་།མ་ཚད་ཡང་བློན་པོ་ཆུ་སྣ་གང་འཁྲིད་མི་ཡོངས་བའི་རེ་བ་དང་སྨོན་འདུན་ཞུ་།

    གུས་པས་རེ་འདུན་བྱས་སའི་མ་འོང་བཀའ་ཁྲི་དང་སྤྱི་འཐུས་རེའུ་མིག་གཤམ་གསལ་།
    ༼ བཀའ་ཁྲི ༽
    ལི་ཐང་་་་་་ཤེས་འཇོན་གཉིས་ལྡན་གྱི་སློབ་དཔོན་ཆེན་པོ་མཁས་དབང་བློ་བཟང་སེང་གེ་མཆོག་།
    ༼ སྤྱི་འཐུས་༽
    མདོ་སྟོད་སྤྱི་འཐུས་ཀྱི་འོས་མི་ཉེ་ཤུ་རྩ་གཅིག་ཡོད་ན་ཡང་གུས་པས་རེ་འདུན་བྱས་ས་།
    འབའ་པ་་་་་་་་སྐལ་བཟང་རྒྱལ་མཚན་།
    གསེར་རྟ་་་་་་་་་ཚུལ་ཁྲིམས་།
    གླིང་ཚང་་་་་་་་་་པདྨ་བདེ་ལེགས་།
    ལི་ཐང་་་་་་་་་་་་འཇམ་དབྱངས་བཟོད་པ་།
    སྡེ་དགེ་་་་་་་་་་་་དབྱངས་ཅན་སྒྲོལ་དཀར་།
    ཆབ་མདོ་་་་་་་་་་དབུ་དཀར་ཚང་གཡུ་སྒྲོན་།
    བཅས་དྲུག་པོ་འདི་ལས་གཞན་མ་རྙེད་།
    དྲ་གྲོགས་ཚོའི་འདི་འོས་དང་མི་འོས་ཀྱི་ལམ་སྟོན་གནང་མཁན་ཕེབས་ན་དགའ་བསུ་ཞུ་//

    Reply
  2. tsering tashi says:
    ལོ་ 14 སྔོན།

    རྫུན་བསྐྱལ་གི་རྫུན་སྐུབ་ད་ནི་ཡིན་བདོལ་ཡོང་གི་འདུག་ལྟོས་དང་འ་ཙི་འ་ཙི།
    དང་པོ་རང་གི་ཉེས་པ་ཞན་ལ་གཡོག་ཐབ་བྱས་ཁུངས་ཁྱོལ་མ་སོང་ཧ་ཧ།

    དྲི་བ་གཉིས་པ་དེ་བློ་བཟང་ སེང་གེ་ལགས་སུ་ཁྱོད་ཀྱིས་སྔོན་ཆད་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ཨ་རིའི་ནང་གི་མི་རིགས་ནག་པོ་བཞིན་གནས་དགོས་ལ་ ཉིན་ཞིག་བོད་མི་ཞིག་གིས་རྒྱ་ནག་གི་སྲིད་འཛིན་གྱི་གོ་ས་འཛིན་ཐུབ་བམ་ཞེས་པའི་ བསམ་ཚུལ་འདོན་མྱོང་ཨེ་ཡོད་ལགས་ཞེས་དྲི་བ་བཀོད་པར།
    ཁོང་གིས་དེ་འདྲ་ཞིག་རྩ་བ་ནས་གསུངས་མྱོང་མེད་ཚུལ་དང་འཇམ་དབྱངས་ནོར་བུ་ལགས་ ཀྱིས་ཁོང་རྒྱ་ནག་གི་ཨོ་བྷ་མ་བྱེད་རྒྱུ་ཡིན་ལབ་པ་དེ་རྫུན་མ་རེད།ཡང་གཅིག་བཤད་ ན་བོད་དེ་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ནས་རང་སྐྱོང་ལ་རྩོད་ལེན་བྱེད་ དགོས་ཞེས་ཐོག་མར་གོང་ས་མཆོག་གིསགསུངས་པ་མ་རེད་དམ་ཟེར།
    སྐབས་དེར་འོག་གི་ཉན་མཁན་སློབ་མ་ཞིག་ཡར་ལངས་ནས་བློ་བཟང་སེང་གེ་ལགས་ཀྱིས་བཀའ་མོལ་དེ་འདྲ་ཞིག་གནང་མྱོང་བ་དངོས་གནས་རེད།བདེན་དཔང་“བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་”ཀྱི་ དྲ་ཐོག་ཏུ་ཁོང་གི་གསུང་བཤད་སྒྲ་འཛིན་འཁོར་ཐག་ཚང་མ་དངོས་སུ་བཞག་འདུག་ཅེས་ ཁུངས་སྐྱེལ་སོང་ལ།དེ་ལ་ཁོང་གིས་གཏམ་བཤད་དེ་ཨ་རིའི་མི་རིགས་ནག་པོའི་སྲིད་ འཛིན་ཐོག་མ་ཨོ་བྷ་མར་སྲིད ་འཛིན་གྱི་རྒྱལ་ཁ་ཐོབ་ལ་ཉེ་བའི་བདུན་ཕྲག་གཉིས་ལྷག་གི་སྔོན་ཡིན་པས།དུས་ཚོད་ དང་གནས་སྟངས་ལ་བལྟས་ནས་བཤད་པ་ཞིག་ཡིན་ལ་སྐབས་དེའི་ནང་དོན་ཡང་དངོས་གནས་མིན་ ཞེས་ལན་བསྐྱོན་སོང་།

    བོད་ཡིག་མཐོག་བརྕོམ་ཡིག་རང་གི་བྲིས་པ་ཡིན་མདོག་མདོག་བྱས་ནས་ཐ་མར་སྦོ་ལུག་སོང་ཧ་ཧ་ཧ།
    དྲི་བ་གསུམ་པ་དེ་བློ་བཟང་སེང་གེ་ལགས་ཀྱིས་སྔོན་ཆད་འགྲོ་བ་མིའི་ཐོབ་ཐང་གི་ བསྒྲགས་གཏམ་དེབ་ཆུང་དེ་བོད་ཡིག་ཏུ་བསྒྱུར་གནང་བ་མ་ཟད།བོད་ཀྱི་དུས་བབ་སོགས་ སུ་བོད་ཡིག་ཐོག་བྲིས་པའི་རྩོམ་ཡིག་རེ་ཟུང་ཡང་སླེབས་སོང་བས་དེ་དག་ཁོང་རང་ ཉིད་ཀྱིས་དངོས་སུ་བྲིས་པ་ཡིན་མིན་དྲིས་ལ།
    ཁོང་གིས་བོད་ཡིག་ནང་བྲིས་ པའི་རྩོམ་ཡིག་དེ་དག་ཁོང་རང་ཉིད་ཀྱིས་དངོས་སུ་བྲིས་པ་མིན་ཡང་འབྲི་མཁན་ལ་ནང་ དོན་ཞུ་དག་བྱེད་རོགས་སོགས་བྱས་པ་ཡིན།ཁོང་གི་བོད་ཡིག་ཤེས་ཚད་དེ་འདྲའི་སྐྱོ་ བོ་མིན་ལ་བོད་ཡིག་ཀློག་ཡག་པོ་ཐུབ་ཀྱིན་ཡོད་པར་མ་ཟད་བོད་སྐད་ཀྱང་ཡག་པོ་བཤད་ ཤེས་ཀྱིན་ཡོད་གསུངས་སོང་།

    Reply
  3. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 14 སྔོན།

    སྨན་རམས་པ་ལགས།
    བོད་ལ་ཞེན་ཅིང་དུང་བས་བྲིས་པ་ཡིན་ན་ལེགས་གསོལ་ཡོད་དེ་ཞེན་དུང་བྱེད་པར་བྱེད་སྟངས་སྙ་ཚོགས་ཞིག་ཡོད། དེའི་ཕྱིར་ཐུགས་བསམ་ལེགས་པར་བཞེས་ཏེ་འོས་འཕེན་པ་ལས་དེང་དུས་དང་མཐུན་པ་དང་དེང་རབས་ཟེར་བར་མགོ་བོ་རྨོངས་ནས་སྨན་རྩིས་ཁང་གིས་རིན་ཆེན་རིལ་བུའི་ནང་ལ་འགྱུར་བ་ཡོད་མེད་མ་ཤེས་ཏེ་ཕྱི་རོལ་ན་བལྟས་ན་ཡར་རྒྱས་ལས་མར་རྒྱས་ཕྱིན་པ་གསལ་པོ་རེད། དེའི་ཕྱིར་ཁྱེད་ཀྱིས་བསམ་ཚུལ་བྲིས་འདོད་པ་དང་ཤོད་འདོད་ན་རིན་ཆེན་རིལ་བུའི་ཕྱི་ལྤགས་དེ་སྔར་མུས་བཞིན་བཟོ་བསྐྲུན་ཞུ་རྒྱུར་སྐུལ་མ་གྱིས་ཁ་ལ་དཔག་པའི་སོ་ལྟར་སོ་སོའི་ཕྲག་ཏུ་ཡོད་པའི་སྐབས་བབ་ཀྱི་ལས་དོན་གལ་ཆེ་ཞིག་རེད།

    Reply
  4. མཐོ་སྒང་བུ་ says:
    ལོ་ 14 སྔོན།

    བཙན་བྱོལ་གྱི་དམངས་གཙོའི་ནང་སྨན་པས་ཆ་ཤས་ལེན་མི་ཆོག་གམ།

    Reply
  5. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    སྨན་རམས་པ་ངག་དབང་སྦྱིན་པ་མཆོག་གིས་རྒྱབ་སྐྱོར་བྱེད་སྟངས་དེ་ཡག་པོ་འདུག་།
    ངས་བློ་སེང་མཆོག་བཀའ་ཁྲི་ལ་མོས་མཐུན་བྱེད་ངེས་ཡིན་། རྒྱུ་མཚན་ནི་སྨན་རམས་པས་གསུང་པ་དང་ཕལ་ཆེར་འདྲ་། ད་ནི་མི་རབས་གཞོན་སྐྱེས་ཚོས་ང་ཚོའི་རྩ་དོན་གྱི་མགོ་འཇུག་ཡོངས་སུ་ཁུལ་ལེན་དགོས་ངེས་དང་རྩིས་སྤྲོད་དགོས་ངེས་རེད།། མདོར་ན་རྒན་པ་མང་ཙམ་ཡོད་པའི་དུས་སུ། གཞོན་པས་ལས་ཁུལ་ཆ་ཚང་ཞིག་བློང་ན་ཁེ་ཕན་ཆེ་བར་མཐོང་།

    Reply
  6. ནགས་མཚོ says:
    ལོ་ 14 སྔོན།

    ད་ནི་བཙན་བྱོལ་གཞུང་གི་རྒན་རབས་རྣམས་བརྗེ་པོ་ཞིག་རྒྱབ་ན་ཡང་ཡག་པོ་ཡོང་ས་རེད། དེ་མིན་ན་བོད་གྱི་རྩ་དོན་དེ་ད་དུང་ལོ་ངོ་ལྔ་བཅུ་ལྷག་ས་རེད། དེས་ན་བཀའ་ཁྲི་བློ་བཟང་སེང་གེ་འོས་པ་རེད།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ང་ཀརྡོ་རབ་འབྱམས་པས་བསམས་པ་ལྟར། བློ་བཟང་སེང་གེ་ཕམ་ཞོར་དུ། བཀྲ་ཤིས་དབང་འདུས་ལགས་རྒྱལ་འགྱུར་ཅིག ང་བུང་གུའི་བསམ་དོན་དེ་ལྷག་མེད།

    Reply
  8. མདུང་རྩེ། says:
    ལོ་ 14 སྔོན།

    བློ་བཟང་སེང་གེ་ཕྱི་རྒྱལ་གྱི་་སློབ་སྦྱོང་ཐོན་ནས་བོད་གཞུང་དང་འབྲེལ་བ་བྱས། དེ་ནས་བོད་གཞུང་གི་བཀའ་མངགས་ལྟར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་དོན་ཕྱག་ལས་གནང་བ་དེ་བཀའ་ཁྲིར་འོས་པའི་ཁྱད་ཆོས་དགུ་པའོ།

    Reply
  9. རྣམ་རྒྱལ་དོན་འགྲུབ། says:
    ལོ་ 14 སྔོན།

    སྨན་རམས་པ་ངག་དབང་སྦྱིན་པ་ལགས་ནི་དོན་དངོས་ཀྱི་སྒལ་ཚིགས་དྲངས་པའི་མི་བུ་ཞིག་རེད་འདོད།
    ཀརྨ་རྡོ་རྗེ་ཟེར་བ་འདི་ནི་བོང་བུའི་ཨམ་ཆོག་གསེར་དང་བྱེ་མ་ག་རེ་ལྡུག་ཁྱད་པར་མེད་མཁན་ཞིག་རེད་འདུག མ་གཏོགས་བློ་སེང་སློབ་སྦྱོང་ཐོན་ནས་དེར་མུར་སྡོད་དགོས་བཀའ་རྒྱ་ཤེས་རིག་ལས་ཁང་གི་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་ཕྱག་བྲིས་གནང་པ་རེད་ལ་ད་ལྟ་ཡོངས་གྲགས་རེད་འདུག་བ།
    ད་ཨ་ཁ་ཁ། བོད་པ་ཚང་ལ་ཡག་པོ་ཞིག་ཡོང་རྒྱུ་མེད་པ་ཐག་ཆོད་རེད་འདུག

    Reply
  10. མིག་ཆུ། says:
    ལོ་ 14 སྔོན།

    ཀརྨ་རྡོ་རྗེ་ལགས་།སྐད་ཆ་བསམ་རྗེས་ཤོད།་རྩམ་པ་བལྡད་ནས་མིད།
    སྐད་ཆ་གང་བཤད་ཀྱང་ཞིབ་འཇུག་ཡག་པོ༷་བྱེད་རྒྱུ་ཧ་ཅང་གལ་ཆེ།

    Reply
  11. རྒྱ་སྟག་དཀར་པོ says:
    ལོ་ 14 སྔོན།

    སྤྱིར་བྱ་ལས་གང་ཡིན་ཡང་ཉམས་མྱོང་གཙོ་ཆེ་བ་ཡིན་ན་ཡང་། བློ་བཟང་སེངྒེ་ལ་ཆབ་སྲིད་ཀྱི་ཉམས་མྱོང་རྩ་བ་ནས་མེད་པ་མ་རེད། མ་ཟད་ཁོང་གིས་དམིགས་སུ་དགོས་མཁོ་ཡོད་ཚེ། སྔོན་གྱི་ལས་བྱེད་པ་ཟམ་གདོང་རིན་པོ་ཆེ་སོགས་ལ་བཀའ་འདྲི་ཞུ་ཆོག་བསྐོར་ཡང་གསུངས་སོང་། དེས་ན་དེང་དུས་ཤེས་ཡོན་ལྡན་ཞིང་དཔའ་མཛངས་གྱི་ངར་ཁ་རྫོགས་པའི་ཁོང་ཉིད་མ་འདེམ་ལྷུན་གྲུབ་ཏུ་སྣང་།

    Reply
  12. གནས་ཚང་། says:
    ལོ་ 14 སྔོན།

    ཀ་རྡོ་འདིས་ཅི་ཡང་ཤེས་ཀྱི་མེད་པ་འདྲ། བློ་སེང་ལགས་ཀྱིས་ད་བཀའ་ཁྲིར་བཞུགས་ཀྱི་ཡིན་གསུངས་ཀྱིན་པ་འདི་གཞུང་ཞབས་མིན་ན་གང་རེད། གཞུང་ཞབས་ལ་སྔ་རྗེས་ཡོད་པ་མ་རེད་ལ། ཚུར་ཡོང་བ་ལའང་སྔ་རྗེས་ཡོད་པ་མ་རེད།

    Reply
  13. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    སྨན་རྩིས་ཁང་གི་སྨན་པ་དེ་དག་དགོས་པའི་ནད་པ་ལ་རྩ་བལྟས་པར་སྲིད་དོན་གྱི་རྩ་ལ་རེག་ཙམ་རེག་ཙམ་བྱེད་ཀྱི་འདུག ཁ་སྔོན་སྨན་པ་མཁྱེན་རབས་ཟེར་བ་དང་སྨན་རམས་པ་པདྨ་རྡོ་རྗེ་ཟེར་བ་གཉིས་སྤྱི་འཐུས་ཀྱི་འོས་ཤོག་ནང་འདུག ད་སྨན་པ་བསུ་སྣང་ཡང་དང་པོ་རྩོམ་སྤེལ་འཁུལ་བྱས། དེ་ནས་ག་ལེར་ག་ལེར་རྐུབ་བཀྱག་ལ་ར་གི་མེད་དམ། སྨན་རྩིས་ཁང་དུ་ཡར་རྒྱས་བཏང་དགོས་པ་དང་འགྱུར་བ་བཏང་དགོས་པ་མང་པོ་འདུག་པས་དེའི་ཏོག་རྩོམ་ཡིག་རེ་སྤེལ་ན་ཡག་པོ་མེ་འགྲོ། ད་དུང་སྨན་རྩིས་ཁང་གི་འགན་འཛིན་དང་དྲུང་ཆེའི་རྐུབ་བཀྱག་གང་ལ་སྡོད་མཁན་ཡག་ག་ཞིག་གང་དྲ་སེ་བྱེད་དགོས་མིན་གྱི་རྩོམ་ཡིག་འདྲ་བྲིས་ན་ཕན་ཐོགས་ཆེ་བ་ཡོད། བློ་བཟང་སེང་གེ་ལ་ཐོབ་ཀྱི་མ་རེད། བགྲེས་སོང་ཉམས་མྱོང་གིས་ཕྱུག་པ་གཉིས་སུ་རུང་ཞིག་ལ་ཐོབ་ཀྱི་རེད། ཉེ་ཆར་གྱི་བགྲོ་གླེང་དེ་ཚོའི་ནང་དུ་བཀའ་ཁྲིའི་འོས་མི་གསུམ་གྱི་ཡང་ལྗིད་བཀྱག་ཚར་སོང་། དེའི་ནང་ནས་བློ་སེང་ཡང་ཤོས་རེད་འདུག་གོ

    Reply
  14. བུ་དད་པ་ཅན། says:
    ལོ་ 14 སྔོན།

    དཔྱད་རྩོམ་སྤྱིར་བཏང་ལེགས་པོ་འདུག་ཀྱང་ཕྱོགས་ཡོངས་ནས་བལྟས་ན་ཞན་ཅུང་ཆེ། མ་ཟད་རྒྱ་ཡི་རིག་གསར་གྱི་ཤན་ཞུགས་ཆེ་བ་མ་ཟད། དམངས་གཙོའི་གོ་རྟོགས་རྩ་བ་ནས་མི་འདུག ད་དུང་ཧམ་ཤེད་རིང་ལུགས་པའི་ལྟ་ཚུལ་ཤུགས་ཆེ་འདུག གང་གིས་ཞེ་ན། བློ་སེང་དང་༸གོང་ས་མཆོག་མཚུངས་བསྡུར་བྱས་འདུག་པས་སོ། ། འདི་ནི་ཕྱོགས་ལྷུངས་ཀྱི་མ་རིག་པས་བདེན་དོན་རྒྱ་མཚོ་བ་གླང་རྨིག་རྗེས་ཀྱི་རང་བཞིན་འདི་ཤེས་མི་འདུག ཁོ་རང་གི་ལེགས་པའི་ཆ་དྲག་ཤོས་ནི་དཔྱད་རྩོམ་རིང་པོ་འདི་བྲི་བ་ལ་དཀའ་ངལ་བརྒྱབ་ཐུབ་པ་དེ་ཡིན།

    Reply
  15. འཁྱམས་པོ་ says:
    ལོ་ 14 སྔོན།

    ད་ནི་བཙན་བྱོལ་གཞུང་གི་རྒན་རབས་རྣམས་བརྗེ་པོ་ཞིག་རྒྱབ་ན་ཡང་ཡག་པོ་ཡོང་ས་རེད། དེ་མིན་ན་བོད་གྱི་རྩ་དོན་དེ་ད་དུང་ལོ་ངོ་ལྔ་བཅུ་ལྷག་ས་རེད།

    Reply
  16. གླང་དར་མ། says:
    ལོ་ 14 སྔོན།

    སྨན་རམས་པ་ལགས་རིན་ཐང་ཡོད་པའི་བཀའ་མོལ་གསུངས་འདུག་པས་ཐུགས་རྗེ་ཆེ།

    Reply
  17. གླང་དར་མ། says:
    ལོ་ 14 སྔོན།

    སྨན་རམས་པ་ལགས་རིན་ཐང་ཡོད་པའི་བཀའ་མོལ་གསུངས་འདུག་པས་ཐུགས་རྗེ་ཆེ།

    Reply
  18. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    རྒྱུ་མཚན་ཡག་པོ་གསུངས་འདུག

    ཡིན་ན་ཡང་། ན་གཞོན་ཟེར་ན་བློ་སེང་དང་དེ་ལས་གཞན་སྐུ་ངོ་རིང་ལུགས་ཡིན་ཤག་བྱས་འདུག
    རྒྱུ་མཚན་ཡག་པོ་གསུངས་འདུག་ཀྱང་རྒྱུ་མཚན་བགྲེང་ཡུལ་ལ་བསམ་ན། རང་ཉིད་ཀྱི་བཤད་བཞིན་པའི་རྒྱུ་མཚན་དག་རང་ཉིད་ཀྱི་ཉམས་སུ་མ་བླང་བ་མ་ཟདརང་ཉིད་ཀྱི་འདོད་དོན་ཡང་དེ་མ་ཡིན་པ་གསལ་པོ་རེད
    དོན་ཀྱི་གནད་ཆེན་པོ་ནི་བློ་སེང་ལ་ཐོབ་ན་རེ་བ་ལས་བློ་སེང་ན་ལས་རང་ཉིད་ཀྱིས་བཤད་བཞིན་པའི་ན་གཞོན་་ན་གཞོན་ཟེར་ཡང་བློ་སེང་ལས་སྨོས་མེད་པ་འདི་རེད
    ཕྱོགས་ཞེན་གྱི་སྷད་མེད་པར་རང་ཉིད་ཀྱི་བཤད་བཞིན་པའི་རྒྱུ་མཚན་དག་ལག་ལེན་དུ་གཞོར་གིན་ཡོད་ན། ཡི་རིང་བྱེད་རྒྱུ་ཡིན

    Reply
  19. tsering tashi says:
    ལོ་ 14 སྔོན།

    http://www.khabdha.org/?p=15455

    དྲི་བ་གཉིས་པ་དེ་བློ་བཟང་ སེང་གེ་ལགས་སུ་ཁྱོད་ཀྱིས་སྔོན་ཆད་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ཨ་རིའི་ནང་གི་མི་རིགས་ནག་པོ་བཞིན་གནས་དགོས་ལ་ ཉིན་ཞིག་བོད་མི་ཞིག་གིས་རྒྱ་ནག་གི་སྲིད་འཛིན་གྱི་གོ་ས་འཛིན་ཐུབ་བམ་ཞེས་པའི་ བསམ་ཚུལ་འདོན་མྱོང་ཨེ་ཡོད་ལགས་ཞེས་དྲི་བ་བཀོད་པར།
    ཁོང་གིས་དེ་འདྲ་ཞིག་རྩ་བ་ནས་གསུངས་མྱོང་མེད་ཚུལ་དང་འཇམ་དབྱངས་ནོར་བུ་ལགས་ ཀྱིས་ཁོང་རྒྱ་ནག་གི་ཨོ་བྷ་མ་བྱེད་རྒྱུ་ཡིན་ལབ་པ་དེ་རྫུན་མ་རེད།ཡང་གཅིག་བཤད་ ན་བོད་དེ་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ནས་རང་སྐྱོང་ལ་རྩོད་ལེན་བྱེད་ དགོས་ཞེས་ཐོག་མར་གོང་ས་མཆོག་གིསགསུངས་པ་མ་རེད་དམ་ཟེར།
    སྐབས་དེར་འོག་གི་ཉན་མཁན་སློབ་མ་ཞིག་ཡར་ལངས་ནས་བློ་བཟང་སེང་གེ་ལགས་ཀྱིས་བཀའ་མོལ་དེ་འདྲ་ཞིག་གནང་མྱོང་བ་དངོས་གནས་རེད།བདེན་དཔང་“བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་”ཀྱི་ དྲ་ཐོག་ཏུ་ཁོང་གི་གསུང་བཤད་སྒྲ་འཛིན་འཁོར་ཐག་ཚང་མ་དངོས་སུ་བཞག་འདུག་ཅེས་ ཁུངས་སྐྱེལ་སོང་ལ།དེ་ལ་ཁོང་གིས་གཏམ་བཤད་དེ་ཨ་རིའི་མི་རིགས་ནག་པོའི་སྲིད་ འཛིན་ཐོག་མ་ཨོ་བྷ་མར་སྲིད ་འཛིན་གྱི་རྒྱལ་ཁ་ཐོབ་ལ་ཉེ་བའི་བདུན་ཕྲག་གཉིས་ལྷག་གི་སྔོན་ཡིན་པས།དུས་ཚོད་ དང་གནས་སྟངས་ལ་བལྟས་ནས་བཤད་པ་ཞིག་ཡིན་ལ་སྐབས་དེའི་ནང་དོན་ཡང་དངོས་གནས་མིན་ ཞེས་ལན་བསྐྱོན་སོང་།
    ༣ དྲི་བ་གསུམ་པ་དེ་བློ་བཟང་སེང་གེ་ལགས་ཀྱིས་སྔོན་ཆད་འགྲོ་བ་མིའི་ཐོབ་ཐང་གི་ བསྒྲགས་གཏམ་དེབ་ཆུང་དེ་བོད་ཡིག་ཏུ་བསྒྱུར་གནང་བ་མ་ཟད།བོད་ཀྱི་དུས་བབ་སོགས་ སུ་བོད་ཡིག་ཐོག་བྲིས་པའི་རྩོམ་ཡིག་རེ་ཟུང་ཡང་སླེབས་སོང་བས་དེ་དག་ཁོང་རང་ ཉིད་ཀྱིས་དངོས་སུ་བྲིས་པ་ཡིན་མིན་དྲིས་ལ།
    ཁོང་གིས་བོད་ཡིག་ནང་བྲིས་ པའི་རྩོམ་ཡིག་དེ་དག་ཁོང་རང་ཉིད་ཀྱིས་དངོས་སུ་བྲིས་པ་མིན་ཡང་འབྲི་མཁན་ལ་ནང་ དོན་ཞུ་དག་བྱེད་རོགས་སོགས་བྱས་པ་ཡིན།ཁོང་གི་བོད་ཡིག་ཤེས་ཚད་དེ་འདྲའི་སྐྱོ་ བོ་མིན་ལ་བོད་ཡིག་ཀློག་ཡག་པོ་ཐུབ་ཀྱིན་ཡོད་པར་མ་ཟད་བོད་སྐད་ཀྱང་ཡག་པོ་བཤད་ ཤེས་ཀྱིན་ཡོད་གསུངས་སོང་།

    Reply
  20. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བློ་བཟང་སེང་གེ་ལགས། ཕྱི་རྒྱལ་སློབ་སྦྱོང་ལ་ཕེབས་ནས། ཚུར་དུས་ཐོག་ཏུ་གཞུང་ཞབས་སུ་མ་ཕེབས་པ་ནི། བཀའ་ཁྲིར་མི་འོས་པ་དེ་བརྒྱད་པའོ། །

    Reply
  21. གནས་ཚང་། says:
    ལོ་ 14 སྔོན།

    སྤྱིར་རྩོམ་ཕུལ་བྱུང་ཞིག་ཏུ་འདོད། ཡིན་ནའི། ཟམ་གདོང་རིན་པོ་ཆེ་ལ་བསྟོད་དྲག་ཤག ཁོང་ལ་གྲྭ་བའི་ཉམས་མྱོང་དང་རྒྱ་གར་སྲིད་དོན་ཉམས་མྱོང་ཙམ་ལས་འཇིག་རྟེན་པའི་ཉམས་མྱོང་མེད་ཁར། རྒྱ་ནག་ལ་མུན་ནག་ལག་སྙོབ་ཡང་དང་བསྐྱར་དུ་གནང་ཡོད་སྟབས། ཚད་འདིར་ལྷུང་བ་རེད་མ་གཏོགས་གཞིས་ལུས་བོད་མིས་མ་འཇོན་པའི་ལོ་རྒྱུས་རྐང་གཅིག་སུ་ལ་ཞུ་ཡ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese