ལེ་བྷེ་ཡ Libya མང་ཚོགས་ཡར་ལངས་ལ་སྲིད་གཞུང་གིས་དྲག་གནོན་དམར་གསོད་ཤུགས་ཆེན་བྱས་པར་རྒྱལ་སྤྱིའི་སྟེང་ཁ་རྡུང་དྲག་པོ་གཏོང་བཞིན་ཡོད་འདུག
ཉིན་འདི་འགར་ཨལ་ཇེ་རི་ཡ་དང་ཡེ་མིན།མོ་རོ་ཀོ་སོགས་ཨ་རབ་རྒྱལ་ཁབ་མང་པོའི་ནང་མི་མང་ཡར་ལངས་ཀྱི་ལས་འགུལ་གཅིག་འཕྲོར་གཅིག་མཐུད་ཀྱིས་སྤེལ་གྱིན་ཡོད་པ་དང་། ལེ་བྷེ་ཡའི་སྲིད་འཛིན་གྷ་ཌཱ་ཧྥེ་ Muammar Gaddafi ཡིས་གཞུང་དམག་ལ་བཀའ་བཏང་སྟེ། ངོ་རྒོལ་བྱེད་མཁན་མང་ཚོགས་ལ་དྲག་གནོན་དམར་གསོད་ཡ་ང་བ་བྱས་སྟབས། ལེ་བྷེ་ཡའི་ནང་གི་ཕྱི་མི་རྣམས་ཕྱིར་སོ་སོའི་རྒྱལ་ཁབ་ཏུ་ལོག་བཞིན་ཡོད་འདུག་ལ། ཕྱི་ཚེས་ ༢༦ ཉིན་གཅིག་པུར་ལེ་བྷེ་ཡའི་མི་ཟེར་ ༡༠༠༠༠ ལྷག་ཊོའུ་ནེ་ཤི་ཡའི་ནང་བྲོས་བྱོལ་བྱས་ཡོད་འདུག
ཧྥ་རན་སི་དང་ཨི་ཊ་ལེ་སོགས་རྒྱལ་ཁབ་མང་པོའི་ཕྱི་སྲིད་བློན་ཆེན་དག་གིས། ཐེངས་འདིར་ལེ་བྷེ་ཡའི་སྲིད་གཞུང་གིས་རྒྱལ་འབངས་ཀྱི་སྟེང་ལ་མི་སྤྱོད་ལས་འདས་པའི་བྱེད་སྟངས་ལག་བསྟར་བྱས་ཡོད་སྟབས། སྲིད་འཛིན་གྷ་ཌཱ་ཧྥེ་དང་ཁོང་གི་སྲིད་གཞུང་གིས་འཕྲད་དུ་དྲག་གནོན་མཚམས་འཇོག་མ་བྱས་ཚེ། དེ་སྔའི་རྒྱལ་ཁབ་ཕན་ཚུན་བར་གྱི་འབྲེལ་ལམ་མཚམས་འཇོག་གིས་གྲོས་དོན་ཁག་རྩིས་མེད་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག ར་ཤི་ཡ་གཞུང་གིས་སྲིད་འཛིན་གྷ་ཌཱ་ཧྥེ་ཡིས་ཉེས་མེད་མི་སེར་དམར་གསོད་མཚམས་འཇོག་མ་བྱས་ཚེ་རྒྱལ་སྤྱིའི་ཁྲིམས་འགལ་ཉེས་ཅན་དུ་འགྱུར་རྒྱུའི་ཉེན་བརྡ་ཡང་བཏང་ཡོད་འདུག
ཕྱི་ཚེས་ ༢༦ ཉིན་རྒྱལ་ཚོགས་བདེ་འཇགས་ཚོགས་ཆུང་གི་འཐུས་མི་ཚོས་སྲིད་འཛིན་གྷ་ཌཱ་ཧྥེ་རྒྱལ་སྤྱིའི་ཁྲིམས་ལ་སྦྱོར་རྒྱུར་འོས་བསྡུ་བྱས་ཡོད་པ་མ་ཟད། ལེ་བྷེ་ཡའི་སྲིད་གཞུང་ལ་རྒོལ་ལན་སྤྲོད་ཕྱིར་རྒྱལ་ཚོགས་ཀྱི་དྲག་ཆས་དམག་དཔུང་བསྡུ་རུབ་གོ་སྒྲིག་ཀྱང་བྱས་ཡོད་འདུག
འདི་ཡང་མའོ་ཡི་སྐྱེས་པ་ཞིག་ཡིན་ས་རེད།ད་དུང་ཛམ་གླིང་སྟེང་འདི་དང་འདི་འདྲ་བ་མང་པོ་ཡོད་ས་རེད།