མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་སར་ཚེས་གཅིག་ལ་དཀར་སྐྱོང་གནང་རོགས།

བོད་ཀྱི་དུས་བབ།
༢༠༡༡/༠༣/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ལུགས་ཀྱི་གནམ་ལོ་གསར་པ་བསླེབ་ལ་ཉེ་བའི་སྐབས་འདིར། ཀིརྟི་རིན་པོ་ཆེ་མཆོག་གིས་བོད་གཞིས་བྱེས་གཉིས་ཀྱི་ཞལ་སློབ་རྗེས་འཇུག་ཚོར་གསུང་འཕྲིན་ཞིག་བསྩལ་ཏེ། ལོ་སར་ཚེ་གཅིག་ཉིན་ཤ་ཁྲག་གི་དམར་ཟས་སྤངས་ཏེ་དཀར་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག

བོད་རྒྱལ་ལོ་༢༡༣༨བོད་རབ་བྱུང་བཅུ་བདུན་པའི་རབ་གནས་ལྕགས་མོ་ཡོས་ལོའི་ལོ་གསར་ཚེ་གཅིག་བསླེབ་ཉེ་བའི་སྐབས་འདིར།བོད་ཕྱི་ནང་གི་བོད་མི་ཚོས་འཚང་ཁ་ཤིག་ཤིག་གིས་ལོ་སར་གྱི་དུས་སྟོན་ལ་སྟ་གོན་བྱེད་བཞིན་ཡོད་པར་མ་ཟད། ལོ་སར་དུས་སྟོན་གྱི་ཆེད་དུ་ར་ལུག་སེམས་ཅན་ཀྱི་ཚེ་སྲོག་གྲངས་མེད་ཅིག་འཕྲོག་བཞིན་ཡོད་ཅིང་། བཞུགས་སྒར་ངྷ་རམ་ས་ལ་གཡས་གཡོན་གྱི་བོད་པ་ཚོས་ཀྱང་མེག་གྷན་དང་ངྷ་ཤོད་ཀྱི་རྒྱ་གར་ཤ་ཚོང་ཁང་དག་གི་སྒོ་འགྲམ་དུ་འདུར་རྒྱུགས་བྱེད་ཀྱིན་འདུག བོད་མི་རིགས་ནི་བྱམས་དང་སྙིང་རྗེ་ཆེ་ཞིང་། གཞན་ཕན་གྱི་འདུ་ཤེས་ལྡན་པའི་མི་རིགས་ཤིག་ཡིན་ཟེར་བའི་བཤད་སྲོལ་དེ་ཡང་། ར་ལུག་གི་ཤ་ཁྲག་ལ་རྔམ་ཞིང་ཚེ་སྲོག་ལ་གཅེས་སེམས་མེད་པའི་བྱེད་སྟངས་འདི་ལས་ལོགས་ཤིག་བཤད་ཀྱི་ཡོད་དམ།   
 
༧གོང་ས་མཆོག་གིས་གཙོས་པའི་བོད་པའི་བླ་ཆེན་རྣམ་པས་དུས་རྒྱུན་བོད་ཀྱི་དུས་ཆེན་དང་ཆོས་ལུགས་བྱེད་སྒོ་ཁག ལྷག་པར་དུ་བོད་ཕྱི་ནང་གཉིས་ཀྱི་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་ཁག་ཏུ་སེམས་ཅན་གྲངས་མེད་ཀྱི་ཚེ་སྲོག་ཕྲོགས་ཏེ། དམར་ཟས་ལ་རོལ་བཞིན་ཡོད་པ་མཚམས་འཇོག་ཡོང་དགོས་པའི་བཀའ་སློབ་སྔ་རྗེས་སུ་ཕེབས་ཡོད་ལ། དེ་བཞིན་ཁོར་ཡུག་དང་དུད་འགྲོ་སྲུང་སྐྱོབ་ཀྱི་ཚོགས་སྡེ་ཁག་གིས་ཀྱང་། དུས་ནས་དུས་སུ་འབོད་སྐུལ་དང་ལས་འགུལ་སྤེལ་བཞིན་ཡོད། འོན་ཀྱང་བོད་པའི་སྲོལ་རྒྱུན་གྱི་གོམས་གཤིས་སམ། ཤ་ཁྲག་ལ་དུང་དྲགས་པའི་འདུ་ཤེས་དེར་བཟང་ཕྱོགས་ཀྱི་འགྱུར་བ་དེ་ཙམ་ཕྱིན་མེད། ཉེ་ཆར་རོང་ཆེན་བསྟན་པའི་སྒྲོན་མེ་ཀིརྟི་བློ་བཟང་བསྟན་འཛིན་མཆོག་གིས་ཀིརྟི་གྲྭ་ཚང་གི་དགོན་པའི་མ་ལག་དང་བཅས་པའི་སེར་སྐྱ་མང་ཚོགས་ལ་ལོ་གསར་ཚེ་གཅིག་ཉིན་དཀར་སྐྱོང་གནང་དགོས་པའི་དམིགས་བསལ་འབོད་སྐུལ་གསུང་འཕྲིན་ཞིག་བསྩལ་འདུག
 
གསུང་འཕྲིན་དེའི་ནང་། རོང་ཆེན་བསྟན་པའི་སྒྲོན་མེའི་གདུལ་ཞིང་ཀིརྟིའི་དགོན་མ་ལག་གཙོས་འབྲེལ་ཡོད་སྒར་གྲོང་སེར་སྐྱ་རྣམས་ལ་དགེ་བསྐུལ་སྙན་སེང་ཞུ་རྒྱུར།སྔ་ལོར་ངོས་ནས་རེ་སྐུལ་ཞུས་དོན་ལྟར་དགོན་གྲོང་ཡོངས་ཀྱི་ལོ་གསར་ཚེས་གཅིག་གི་ཉིན་དཀར་སྐྱོང་གནང་བས།ཉེས་མེད་སེམས་ཅན་མང་པོའི་སྲོག་བསྐྱབས་པའི་དགེ་ཚོགས་རླབས་པོ་ཆེ་བསགས་པར་རྗེས་སུ་ཡི་རངས་ཀྱི་བསྔགས་བརྗོད་ཞུ་རྒྱུ་ཡིན། འདི་ལོ་ཡང་སྔ་ལོ་བཞིན་ལོ་གསར་ཚེས་གཅིག་གི་ཉིན་གཅིག་པུ་འདིར་དཀར་སྐྱོང་གནང་དགོས་པའི་དགེ་བསྐུལ་རེ་འདུན་ཞུ་རྒྱུར་མ་ཟད།ད་ནས་བཟུང་ལོ་གསར་ཚེས་གཅིག་གི་ཉིན་གཅིག་པུར་སྤྱི་སྒེར་ཚང་མས་དཀར་སྐྱོང་བསྟེན་པའི་སྲོལ་བཟང་རེ་གཏན་ཚུགས་ཐུབ་པའི་ཐབས་ལ་མ་བསྐུལ་དང་བླངས་ཀྱིས་འབད་གལ་ཆེ་ཞེས་རེ་འདུན་ནན་པོ་ཞུ་བཞིན་ཡོད་ལགས་ན།ཉེས་མེད་སེམས་ཅན་གྱི་སྲོག་ལ་མི་འཚེ་བའི་དགེ་བ་དང་།དམར་ཟས་སྤངས་པས་རང་རང་སོ་སོའི་ལུས་ཁམས་ཀྱི་འཕྲོད་བསྟེན་ལའང་ཕན་པ་སོགས།འདི་ཕྱི་གཉིས་ཀར་ཕན་ཡོན་རྒྱ་ཆེན་པོ་འབྱུང་བས་དགོངས་པ་ཆེ་བཞེས་ཀྱིས་ངོས་ཀྱི་རེ་བ་དོན་སྨིན་ཡོང་བ་ཞིག་གནང་སྐྱོང་འཚལ། ཞེས་བཀོད་འདུག
 
ཕྱི་ཚེས་ ༣ ཉིན་འདི་གའི་གསར་འགོད་པས་ཀིརྟི་རིན་པོ་ཆེའི་དྲུང་ཡིག་གྲྭ་འཇིགས་མེད་ལགས་སུ་གནས་ཚུལ་དེའི་སྐོར་བཅར་འདྲི་ཞུས་སྐབས་ཁོང་གིས་ངོ་སྤྲོད་གནང་དོན། རིན་པོ་ཆེ་མཆོག་གིས་སྔོན་མ་ནས་ཀིརྟི་གྲྭ་ཚང་དང་དམིགས་བསལ་ཆོས་འབྲེལ་ཡོད་པའི་གཞིས་བྱེས་སེར་སྐྱ་མང་ཚོགས་ལ་དཀར་ཟས་བརྟེན་དགོས་པའི་བཀའ་སློབ་རིམ་པར་ཕེབས་ཡོད་པ་ལྟར།ན་ནིང་ལོ་སར་སྐབས་གཞིས་བཞུགས་སེར་སྐྱ་མང་ཚོགས་ཀྱིས་དཀར་སྐྱོང་བྱས་འདུག་ལ།འདི་ལོར་རིན་པོ་ཆེ་མཆོག་གིས་ཡིག་ཐོག་ནས་བོད་ནང་གི་འབྲེལ་ཡོད་དགོན་སྡེ་མ་ལག་དང་བཅས་པར། ལོ་སར་ཚེས་གཅིག་ཉིན་དམར་ཟས་མི་ཟ་བར་དཀར་སྐྱོང་ཁོ་ན་གནང་ཐུབ་རྒྱུའི་འབོད་སྐུལ་ཡང་བསྐྱར་གནང་སོང་། རིན་པོ་ཆེ་མཆོག་གི་བཀའ་དགོངས་ཇི་བཞིན་བོད་ནང་གི་དགོན་གྲོང་གཉིས་ཀྱི་མང་ཚོགས་ཚོས་ཀྱང་། ཉེ་ལམ་ཨ་མདོའི་ལོ་སར་སྐབས་དཀར་སྐྱོང་གཙང་མ་གནང་ཐུབ་པ་བྱུང་འདུག  དེ་ནི་བླ་མའི་བཀའ་དགོངས་བསྒྲུབས་པ་ཙམ་དུ་མ་ཟད། ལྷ་ཆོས་མི་ཆོས་གང་ཐད་ནས་ཧ་ཅང་རླབས་ཆེན་གྱི་ལས་ཀ་ཞིག་རེད། ཅེས་བརྗོད་བྱུང་།
 
ཡང་ཁོང་ལ་ཀིརྟི་རིན་པོ་ཆེ་མཆོག་གི་ཐུགས་འདུན་དེ་ཧ་ཅང་གལ་ཆེན་ཞིག་ཡིན་ཡང་། བོད་ནང་རིན་པོ་ཆེ་མཆོག་གི་ཞལ་སློབ་རྗེས་འཇུག་གིས་ག་ཚོད་ཁྱབ་ཀྱི་ཡོད་མེད་དང་། ས་གནས་གཞན་དག་ལ་ཤུགས་རྐྱེན་ཐེབས་སྲིད་མིན་དྲིས་པར། ཀིརྟི་རིན་པོ་ཆེར་དམིགས་བསལ་ཡོད་བ་ཡོད་མཁན་མང་ཆེ་བ་མདོ་སྨད་ཁུལ་ཆགས་ཡོད་ཅིང་། དེའི་ནང་མངའ་སྡེར་ཆ་བཞག་ན། གཙོ་བོ་སི་ཁྲོན་དང་ཀན་སུའུ།མཚོ་སྔོན་བཅས་ཀྱི་ཁོངས་སུ་ཡོད་པ་རེད།རིན་པོ་ཆེ་དང་ཐད་ཀར་འབྲེལ་བ་ཡོད་པའི་ཡན་ལག་དགོན་སྡེ་སུམ་ཅུ་སོ་གྲངས་ཙམ་དང་། མདོ་སྟོད་སྨད་གཉིས་ནས་རིན་པོ་ཆེ་དང་ཆོས་འབྲེལ་ཡོད་པའི་དགོན་སྡེ་ཁག་ ༡༠༠ ལྷག་ཡོད་པ་རེད། དེ་མིན་གཡས་གཡོན་དག་ལ་ཡང་ཏན་ཏན་ཤུགས་རྐྱེན་ཐེབས་ཡོང་གི་རེད། རིམ་གྱིས་ས་གནས་གཞན་དག་ནས་ཀྱང་མིག་དཔེ་ཡར་ལྟ་བྱེད་པ་རེད་དྲན་ཡོད། གང་ཡིན་ཟེར་ན་འདི་མི་སྒེར་ཞིག་དང་ས་གནས་བྱེ་བྲག་པ་ཞིག་གི་ཆེད་དུ་མ་རེད། ཅེས་དང་།

ཡང་ཁོང་ལ་ལོ་འཁོར་གཅིག་ནང་བོད་པར་དུས་ཆེན་མང་པོ་ཞིག་ཡོད་པ་དང་། ལྷག་པར་དུ་སྒེར་གྱི་སྟོན་མོ་སོགས་ཀྱང་ཡང་ཡང་ཡོང་གི་ཡོད་ཀྱང་། དམིགས་སུ་བཀར་ཏེ་ལོ་སར་ཚེ་གཅིག་ཉིན་
དཀར་སྐྱོང་དགོས་པའི་རྒྱུ་མཚན་ཅི་ཡིན་དྲིས་སྐབས། སྤྱིར་དཀར་སྐྱོང་གི་འབོད་སྐུལ་འདི་སྔོན་མ་དགུ་བཅུ་གོ་གྲངས་ནས་ཞུ་བཞིན་ཡོད་པ་རེད། རིན་པོ་ཆེ་མཆོག་གིས་དུད་འགྲོ་མང་པོའི་ཚེ་སྲོག་ལ་དམིགས་ཏེ་དགོན་པ་ཁག་གི་སྤྱི་ཐབ་ནང་དམར་ཟས་སྤྱོད་རྒྱུར་མཚམས་འཇོག་བྱ་དགོས་པའི་བཀའ་གནང་བ་རེད། ཕྱི་ལོ་ ༢༠༠༥ ནས་ ༢༠༠༧ ལོ་བར་ཀིརྟི་རིན་པོ་ཆེ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཐུགས་རྗེ་ཆེན་པོའི་བསྙེན་མཚམས་སུ་བཞུགས་སྐབས།རིན་པོ་ཆེ་མཆོག་གིས་ལོ་སར་སྐབས་སེམས་ཅན་མང་པོའི་སྲོག་གཅོད་ཀྱི་ཡོད་པ་དེ་དགེ་བ་ལས་སྡུག་པའི་རྒྱུ་རུ་འགྲོ་ཉེན་ཆེ་སྟབས།འབྲེལ་ཡོད་སྲི་ཞུ་བར་བོད་ཕྱི་ནང་གི་ལྷ་སྡེ་ཡོངས་ཀྱིས་ལོ་སར་ཚེས་གཅིག་ཉིན་ཁོ་ནར་དཀར་སྐྱོང་གནང་ཐུབ་རྒྱུའི་བཀའ་ཕེབས་སྟབས།ད་ལོར་ཡིག་ཐོག་ནས་མང་ཚོགས་ཀྱིས་དཀར་སྐྱོང་གནང་དགོས་རྒྱུའི་འབོད་སྐུལ་ཞུས་པ་ཡིན། ཞེས་བརྗོད་བྱུང་།
གསར་འགོད་པ།དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༢༤ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 37

  1. གསར་འབྱོར། says:
    ལོ་ 14 སྔོན།

    ང་ཚོའི་བོད་པའི་སྤྱི་ཚོགས་ཁྲོད་དུ་སྐྱོན་དང་ནོར་འཁྲུལ་ཅུང་ཟད་བྱུང་དུས་དེ་ལག་འོག་གི་མིས་མ་མཇོན་པ་དང་ལྷག་བསམ་མེད་པར་རྩིས་འགྲོ་བ་དང་ཐོབ་དང་སྙན་གྲགས་ཆ་ཚང་བླ་མ་དང་དཔོན་པོ་ཚོས་འཁུར་དགོས་པ་འདི་ཧ་ཅང་དྲང་བདེན་ཞིག་མ་རེད། འགན་དབང་གཉིས་ལྡན་དང་རང་དཔེ་གཞན་འགེལ་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད། འགན་ཡོད་མཁན་གྱི་མི་ལ་དབང་ཡང་ཡོད་དགོས་ལ་དབང་ཡོད་མཁན་གྱི་མི་ལ་འགན་ཡང་ཡོད་དགོས། བཀའ་སློབ་གནང་མཁན་དག་གིས་དང་པོ་རང་གིས་དེ་ལྟར་བྱེད་ཐུབ་ཀྱི་ཡོད་མེད་ལེགས་པར་རྟག་རྗེས་མི་ལ་ལམ་སྟོན་གནང་ཚེ་འོས་ཤིང་མཚམས་པ་ཞིག་ཡོང་གི་རེད། རང་ཉིད་ཀྱི་ཚོགས་སྡེས་ཤ་ཟ་ཞིང་སྡུག་ལ་སྤྱོད་པ་དང་ཡུལ་ཁྲིམས་མི་བརྩི་ཞིང་དྲང་བདེན་མིན་པའི་ལས་བྱེད་བཞིན་པ་མ་མཐོང་པར་དེ་ལས་ཐག་རིང་ཞིག་ལ་སློབ་གསོ་དང་སྐྱོད་བརྗོད་རྒྱུ་འདི་ཡང་དེ་ཙམ་འོས་མཚམས་རང་མི་འདུག་བསམ་བྱུང་། འདི་སེམས་ནང་གི་སྐད་ཆ་ཡིན།

    Reply
  2. གྲྭ་རྒོད says:
    ལོ་ 14 སྔོན།

    རང་གི་དཀར་ཟས་ཟ་ཀྱི་ཡོད་དམ།བསམ་པ་ཡག་པོ་རེད་འོན་ཀྱང་བོད་པའི་ནང་ཁུད་དུ་ཁག་པོ་རེད།སྐད་ཆ་དེ་དག་གསུང་མཁན་ཚོ་ལ་མིང་ཡག་པོ་རེད་ཡོང་ཉིན་ཆེ་དེ་མིན་དགེ་བ་ཁག་པོ་ཞིག་མིན་འགྲོ

    Reply
  3. བཀྲ་ཤིས་དོན་གྲུབ། says:
    ལོ་ 14 སྔོན།

    བཙན་པོའི་བུ་བྱ་ཤ་དེ་འདྲའི་མང་པོ་ཨེ་ཡོད་མི་ཤེས་ཏེ། ཤ་ཡོད་པ་དེ་བདེན་པ་རེད། འོན་ཀྱང་དེ་བླ་མའི་སྐྱོན་མ་རེད་གྲྭ་པ་དག་གིས་སྐྱོན་རེད་དཔེར་ན་ཀརྨ་པའི་དངུལ་གྱི་དོན་རྐྱེན་ལྟ་བུ་རེད། སློབ་མ་དག་གིས་མ་མཇོན་པ་རེད།

    Reply
  4. སྒྲོལ་མ་ says:
    ལོ་ 14 སྔོན།

    ལོས་བདེན་རིན་པོ་སྐྱོབས་སུ་མཆི།
    ངས་དངོས་མཐོང་བ་ཞིག་ནི། མོན་གྷོ་རུ་ལོ་གསར་ཚེས་གནམ་དགོང་
    ཉིན་རྒྱ་གར་གྱི་གྲོང་གྲེབ་ཆེ་གྲས་ཤིག་གི་ཁྲོམ་ལམ་དུ་་་བྱ་གསོད་ཁང་ཅིག་འདུག།
    དེའི་སྒོ་མདུན་དུ་་་གྲ་བ་དང། ཁྱིམ་པ་བཅས་བརྒྱ་ཕྲག་རྒལ་ཞིག་གིས་བང་བསྒྲིགས་འདུག།
    བྱ་གསོད་ཁང་གི་བྱ་རཛོགས་ཟིན་ནས་་་་སྐར་ཆ་ཁ་ཤས་ཤིག་ལས་མ་འདས་པར་
    བྱ་་་མོ་ཏྲ་་གང་འཁྱེར་ནས་སླེབས་སོང།
    དེ་ཚོ་ནི་་་དེ་མ་ཐག་ཏུ་བང་བསྒྲིགས་བཞིན་པའི་་གྲ་བ་དང། བོད་མི་ཁྱིམ་པ་དེ་ཚོའི་མདུན་དུ་་་་གསོན་པོ་ཆུ་འཁོལ་མའི་ནང་དུ་ཕག་ཚག་འགའ་བརྒྱག་ནས་་་གྲ་བ་དང།
    སྤོ་རྨོ་དེ་ཚོས་གཟིམ་ཤག་ཏུ་ཁུར་སོང་

    Reply
  5. ཁང་མུན་གྲོལ། says:
    ལོ་ 14 སྔོན།

    རེད་ལགས། ཨ་རོགས་ཚོ། བཟོ་ཤེས་ན་ཤ་མེད་མོ་མོ་ལས་ཞིམ་པ་མི་འདུག དང་པོར་ཞོག་ཁོག་ཞིབ་ཞིབ་གཙབས། དེ་ནས་ཤ་མོ་ཞིབ་ཞིབ་གཙབས། དེའི་ནང་དུ་ཙོང་སྔོན་པོ་ཏོག་ཙམ་བསྣན། གཡེར་མ་ཞིབ་བརྡུངས་ཕྲན་བུ་བླུགས། དེའི་སྟེང་དུ་ལ་ཕུག་སེར་པོ་ཞིབ་ཞིབ་གཏུབས། དེའི་སྒང་ལ་བསོད་ནམས་པད་ཚལ་ཞིབ་ཞིབ་གཙབས། དེ་ནས་སྒོག་བ་ཞིབ་ཞིབ་གཙབས། དེའི་སྟེང་དུ་ཚྭ་ཏོག་ཙམ་བླུགས་རྗེས་མོ་མོ་བཟོས། མེ་ཡག་པོ་ཡོད་ན་སྐར་མ་བཅུ་གཅིག་ལས་མི་དགོས་པར་ཁྱེད་ལ་དགོས་པའི་ཤ་མེད་མོ་མོ་ཞིམ་ཐག་ཆོད་པ་དེ་ཁྱེད་ཀྱིས་བཞེས་ཐུབ་ཀི་རེད། སྐད་འདི་སུས་གོ་ན་ཕན་ཚུན་བཤད་རྒྱུ་མཁྱེན།

    Reply
  6. ཁང་མུན་གྲོལ། says:
    ལོ་ 14 སྔོན།

    སྟག་མོའི་རི་གསར་སྒང་ནས། །སྐྱབས་མགོན་ཀིརྟི་ཕེབས་སོང་། །
    ཟམ་པའི་འོག་གི་ཉ་སྲམ། །ཐར་བའི་ལམ་ལ་དྲངས་སོང་། །

    Reply
  7. ཁང་མུན་གྲོལ། says:
    ལོ་ 14 སྔོན།

    ཇི་སྐད་དུ། གང་དུ་སུ་དང་འགྲོགས་པའི་ཚེ། །བདག་ཉིད་ཀུན་ལས་དམན་ལྟ་ཞིང་། །གཞན་ལ་བསམ་པ་ཐག་པ་ཡིས། །མཆོག་ཏུ་གཅེས་པར་འཛིན་པར་ཤོག །ཅེས་སྔོན་བྱོན་དམ་པ་རྣམས་ཀྱིས་གསུངས་པ་ལྟར། རོང་ཆེན་ལྗགས་ནག་པའི་ཡང་སྤྲུལ་མདོ་རོང་མཁས་པ་མི་བཞིའི་ཡ་གྱལ། མདོ་སྨད་བསྟན་པའི་སྒྲོན་མེ། རོང་ཆེན་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་ཀྱིས་ཐུགས་བརྩེ་བ་ཆེན་པོས་རྒྱལ་ཕྱི་ནང་གི་རང་གི་ཞལ་སློབ་ཡོངས་དང་། བོད་རིགས་སྤུན་ཟླ་ཡོངས་ལ་ལོ་གསར་ཚེས་གཅིག་དཀར་སྐྱོང་གནང་དགོས་པའི་འབོད་སྐུལ་གནང་བ་མཐོང་རྗེས་དམ་པ་ཁོང་ལ་སྔར་ལས་ཀྱང་དད་འདུན་གཡོ་བ་མེད་པ་ཞིག་སྐྱེས་བྱུང་། རྒྱུ་མཚན་ནི། དེང་གི་ཆར་བླ་ཆེན་གྱི་མིང་འཛིན་པ་མང་པོ་ཞིག་གིས་རང་ཉིད་ཀྱི་བླ་བྲང་འབྱོར་ལྡན་དུ་བཟོ་བཞིན་པའི་སྐབས་འདིར་དམ་པ་ཁོང་གིས་ཉམས་ཐག་སེམས་ཅན་ཚོའི་ཡ་ང་བའི་གནས་བབ་ལ་དགོངས་པ་བཞེས་ཏེ། སེམས་ཀྱི་ཚེ་སྲོག་དང་ཐར་ཀར་འབྲེལ་བའི་དམར་ཟས་ལ་ལོངས་སྤྱོད་མི་བྱེད་པའི་གཞེན་སྐུལ་མཛད་པ་ནི། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་ཐར་བ་ལྷུར་བླངས་པ་ཡིན་ཏེ། ཇི་སྐད་དུ། དབུ་མ་བརྒྱ་བ་ལས། ཇི་ལྟར་བརྩེ་བའི་མ་རྣམས་ནི། །ནད་ཐེབས་བུ་ལ་གདུང་གྱུར་པ། །དེ་བཞིན་བྱང་ཆུབ་སེམས་དཔའི་བརྩེ། །དམ་པ་མིན་ལ་ཁྱད་པར་དུའོ། །ཞེས་གསུངས་པ་ལྟར། བྱམས་དང་སྙིང་རྗེ་ཆེན་པོའི་ནོར་གྱིས་ཐུགས་རྒྱུད་བྱུར་བུར་གཏམས་པའི་སྐྱེས་བུ་དམ་ཁོང་ཡང་། བླ་སྤྲུལ་དང་མི་ཆེན་དཔོན་ཆེན་ཕལ་མོ་ཆེས་རང་རང་བླ་བྲང་རྫིག་པོའི་ནང་དུ་དམར་ཟས་ཀྱི་རིགས་འདྲ་མིན་ལ་བག་མེད་ལོངས་སྤྱོད་བྱེད་ལ་ཕྱོགས་པའི་སྐབས་འདིར་རང་གི་བདེ་སྡུག་ངག་ནས་འཆད་པའི་ནུས་པ་དང་བྲལ་བའི་ཉམས་ཆུང་དུད་འགྲོའི་ཚོགས་ཀྱི་དཔུང་གཉེན་དུ་བཞེངས་ཏེ་ང་ཚོར་དགེ་བསྐུལ་དུ་གསུངས་པའི་ཚིག་རྣམས་མདོར་བསྡུས་ཏེ་བཤད་ན། སྲོག་མ་གཅོད་ཅིག་ཅེས་པ་དེ་ཁོ་ནའོ། ། དེ་བཞིན་དུ་ཁོ་བོས་ཀྱང་རང་གི་དྲ་ལམ་ཆུང་ཆུང་འདི་སྤྱད་དེ་ལོ་གསར་བའི་ནང་དམར་ཟས་ཀྱི་རིགས་ཉུང་དུ་གཏོང་རྒྱུར་འདོད་སྐུལ་བྱ་རྒྱུ་དང་། སླད་མའི་ཆར་རིན་པོ་ཆེ་གང་ཉིད་ཀྱི་ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་ཅིང་། སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། བོད་གཞིས་བྱེས་གཉིས་ཕོ་བྲང་པོ་ཏཱ་ལའི་ཐང་ཆེན་དུ་རང་དབང་གི་དགའ་སྟོན་ལ་མཉམ་པོར་ལོངས་སྤྱོད་པའི་བཀྲ་ཤིས་སྨོན་ལམ་ཞུ་རྒྱུན་ཡིན།

    Reply
  8. ཀིརྟི་སྐྱབས། says:
    ལོ་ 14 སྔོན།

    གོང་དུ་བཙན་པོའི་བུ་ཟེར་བས་ཆེད་མངགས་སྐྱོན་བརྗོད་བྱས་འདུག སྐྱོན་ཡོད་ན་བརྗོད་ལོས་དགོས། འོན་ཀྱང་དྲང་པོར་བརྗོད་དགོས་པ་ལས་འཁྱོག་བརྗོད་བྱེད་ག་ལ་རུང། བརྟན་བཞུགས་དེའི་སྐབས་སུ་ང་ཡང་མགྲོན་པོའི་གྲས་སུ་ཡོད། བརྟན་བཞུགས་རིང་ཆ་ཚང་ལ་དཀར་སྐྱོང་གནང་སོང། ཤ་གཏན་ནས་བཏང་མ་སོང། བརྟན་བཞུགས་ཆ་ཚང་གྲུབ་པའི་རྗེས་སུ་སྐབས་དེར་ཕ་ཡུལ་ནས་འབྱོར་བའི་སྦྱིན་བདག་ཚོས་གྲྭ་ཚང་དང་མཉམ་དུ་ཐུགས་སྤྲོ་ཞིག་བཏང་བ་ཡིན་བསམ་སོང། ང་དེར་འགྲོ་ཐུབ་མ་བྱུང་བས་ངས་དེའི་སྐོར་གསལ་པོ་ཤེས་ཀྱི་མེད། གལ་སྲིད་བྱ་ཤ་ཞིག་བཏང་ཡོད་ཚེ་དེའི་ཉིན་བཏང་ཡོད་སྲིད། འོན་ཀྱང་ཐུགས་སྤྲོའི་བཞེས་ལག་དེ་ཚོ་ཕྱག་མཛོད་ཚོའི་བཀོད་པ་ལྟར་བཟོས་པ་ལས་ཀིརྟི་རིན་པོ་ཆེས་ནི་དེའི་སྐོར་ཐེ་གཏོགས་ཕར་ཞོག་མཁྱེན་རྟོགས་ཙམ་ཡང་ཡོད་རྒྱུ་མ་རེད། དེའི་རྗེས་ནས་མཁྱེན་རྟོགས་བྱུང་ཡོད་རྒྱུ་རེད། བཙན་པོའི་བུ་སོགས་ཀྱིས་དོན་མེད་ཀྱི་སྡིག་ཉེས་མ་གསག་ན་རེད། བློ་གཟུ་བོར་གནས་ཏེ་ཤོད།

    Reply
  9. ཀིརྟི་སྐྱབས། says:
    ལོ་ 14 སྔོན།

    ང་ཀིརྟི་ཚང་ལ་སྐྱབས་སུ་འགྲོ་མཁན་ཞིག་ཡིན་པས་ངའི་མིང་ལའང་ཀིརྟི་སྐྱབས་ཟེར། ང་ཚོའི་ཕ་ཡུལ་དུ་ཀིརྟི་སྐྱབས་ཟེར་བ་མང་པོ་ཡོད། བླ་མའི་མཚན་ནས་འདོགས་སྟངས་འདི་ས་ཆ་གཞན་དག་དང་ཅུང་མ་འདྲ་བ་ཞིག་རེད། ང་ཀིརྟི་ཚང་གི་ལྷ་སྡེ་ནས་ཡོང་བས་ཀིརྟི་ཚང་གི་གནས་ཚུལ་གང་འཚམས་ཤེས་ཀྱི་ཡོད། ཀིརྟི་རིན་པོ་ཆེ་འདི་པ་ཐོག་མར་ཁྲི་འདོན་གནང་སྐབས་ཀྱི་སྟོན་མོ་དེ་དཀར་སྐྱོང་གནང་བ་རེད། དེ་ནི་ཕལ་ཆེར་མདོ་སྨད་ཁུལ་དུ་བླ་ཆེན་ཞིག་གི་ཁྲི་སྟོན་དཀར་སྐྱོང་གནང་བ་ཐོག་མ་དེ་རེད། དེ་ནས་བཟུང་ཀིརྟི་རིན་པོ་ཆེས་དགོན་མ་ལག་དང་རུ་ལྷ་སྡེའི་ནང་དུ་ཤ་སྤོང་ཐབས་ཀྱི་དགེ་སྐུལ་ལམ་སྟོན་རིམ་པ་གནང་བ་རེད། ལྷག་པར་འདས་པའི་ལོ་ཉི་ཤུ་ཙམ་ནས་བཟུང་ཀིརྟིའི་དགོན་མ་ལག་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་ཚོགས་ཤ་སྤངས་པ་རེད། དེས་དགོན་པ་གཞན་དག་མང་པོ་ཞིག་ལའང་མིག་དཔེ་དང་ཤུགས་རྐྱེན་ཡག་པོ་ཐེབས་ཏེེ་ཉེས་མེད་སེམས་ཅན་མང་པོའི་སྲོག་བསྐྱབས་དང་སྐྱོབ་བཞིན་པ་རེད། དངོས་གནས་སྐྱེས་བུ་དམ་པའི་མཛད་པ་རང་ཡིན་ཡ།

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ལོ་གསར་ལ་དཀར་སྐྱོང་བ་གཙོས་པའི་བོད་རིགས་ཡོངས་ལ་ལྕགས་ཡོས་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ། དཀར་སྐྱོང་དར་འགྱུར་ཅིག །

    Reply
  11. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    ཡང་མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས་བོད་ཀྱི་དགོན་སྡེ་སློབ་གསོའི་སྐོར་གྱི་བཀའ་སློབ་ཤིན་ཏུ་རྒྱས་པ་ཞིག་ཏུ་ཁོང་གིས་འདི་ལྟར་དམིགས་ཀྱིས་གདེངས་འཇོག་གནང་འདུག་པ་དེ་ཡང་ཀིརྟི་རིན་པོ་ཆེ་སང་ཡིན་པ་འདྲ། དེ་ཡང་ཁོང་གི་བཀའ་སློབ་ཇི་བཞིན་དྲངས་ན།
    ་་་་་་་་་་་་་་གལ་ཏེ་དགོན་དཔོན་གོ་བ་ཅན་ཞིག་ཡིན་ན་ལས་ལུགས་བཅའ་སྟངས་མེད་པའང་མ་རེད། དཔེར་ན། གསར་མའི་དགོན་པ་ཡིན་ལུགས་གཅིག་པ་རེད་དེ། ཀིརྟི་སང་ལྟ་བུར་སྔོན་ཆད་ཚོགས་ཤ་འདྲེན་པ་སོགས་ལུགས་སྲོལ་འདྲ་མིན་ཡོད་ན་ཡང་། ད་ལྟ་བླ་མ་གཅིག་གི་སྟོབས་ཀྱིས་ཅི་འདྲ་བྱས་འདུག དེའི་ཤུགས་རྐྱེན་གྱིས་ད་ལྟ་ས་ཕྱོགས་མང་པོར་ཡང་གནས་སྟངས་ཅུང་ཟད་ཡག་ཏུ་འགྲོ་བཞིན་ཡོད་ན་ཡང་། ད་དུང་གཞན་པ་ཁ་ཤས་སྔར་བཞིན་བསྡད་ཡོད་པ་རེད། ཅེས་གསུངས་འདུག

    Reply
  12. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    དེའི་ཁར་དམིགས་བསལ་ཚོགས་ཆེན་སྐབས་རིན་པོ་ཆེ་ངེད་དཔོན་གཡོག་ཚོགས་ཆུང་གཅིག་པ་དང་ཁོང་ང་ཚོའི་ཚོགས་ཆུང་གི་དབུ་འཛིན་ཡིན། ཐུགས་གཤིས་བཟང་པོ་ཞེ་དྲགས་འདུག
    ནང་མ་གཅིག་ལ་ང་གོམ་པ་བརྒྱབ་ནས་གངས་སྐྱིད་ལ་ཡོང་སྐབས་ལམ་ནས་རིན་པོ་ཆེའི་ཕེབ་མཁོར་དང་ཐུག་སོང་། རིན་པོ་ཆེས་ཁ་ལོ་བར་ཕེབས་འཁོར་ངའི་འགྲམ་ནས་འདུག་བཅུག་སྟེ། ང་ནང་ལ་འཛུལ་གསུང་སོང་། དེ་ཡང་སྐྱབས་རྗེ་ཀིརྟི་སང་ལྟ་བུ་ཞིག་དམན་པ་བདག་ལྟ་བུར་དེ་ལྟར་གནང་བ་ཧ་ལས་པ་རེད་དེ། དེ་ལས་ང་ཡིད་འགུལ་ཐེབས་པ་ཞིག་ནི་ངེད་དཔོན་གཡོག་དཔེ་མཛོད་ཁང་གི་རྡོ་སྐས་ནས་ཡར་ཕེབས་སྐབས་དགུང་ནའི་བབ་དང་སྐུ་ཤ་ཅུང་རྒྱག་པ་ལྟ་བུར་བཞུགས་པས་ཕེབས་སྐབས་དཀའ་ལས་ཏོག་ཙམ་ཡོད་པ་ལྟ་བུར་མངོན་ལ་མ་གཞི་ཡང་གུས་པ་མ་གཏོགས་ཞབས་ཞུ་བ་དངོས་སུ་ཁྲིད་གནང་མི་འདུག་པས་ངས་ཕྱག་ནས་རྟེན་གྲབ་བྱས་པར་དང་ལེན་གནང་མ་སོང་། དེ་ནས་ཕྱག་གི་སངས་རྒྱས་ཁུག་མ་སེར་པོ་དེ་ངས་ཁུར་ཞུས་ཀྱང་། ང་རང་གི་ལག་ཁུག་ང་རང་གི་ཁུར་ཐུབ་གི་རེད་གསུངས་ནས་དེ་ཡང་ཁོང་གིས་ཨུ་ཚུགས་ཀྱིས་བསྣམས་གནང་སོང་། ངོ་མ་དཔེ་མི་སྲིད་པའི་གནང་སྟངས་ལེགས་པོ་འདུག་བསམ་སོང་། དེ་ཡང་རྒྱལ་བ་རིན་པོ་ཆེའི་འགྲམ་ནས་བཞུགས་པའི་ལེགས་ཆ་ཞིག་ཡིན་པ་ལས་ཀིརྟི་སང་བོད་ན་བཞུགས་ཡོད་ན་ད་དུང་འདི་ཙམ་ཨེ་ཡིན་ན་སྙམ་པའི་རྟོག་གེའི་བློ་དེ་ཡང་སྐྱེས་སོང་།
    དེ་ནས་ཀིརྟི་བླ་བྲང་མི་མང་གི་ཡིད་ཆེས་དགེ་རྩར་བསྒྱུར་པ་དང་དྲུག་ཅུའི་རྒན་པོའ་འབེལ་གཏམ་གནང་བ་སོགས་ཀྱང་དུས་ལ་བབ་ཅིང་གནད་དུ་ཁེལ་བའི་ཕྱག་ལས་གནང་སྟངས་སུ་མཐོང་ཞུ།

    Reply
  13. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཚེས་གཅིག་ལ་དཀར་སྐྱོང་ཐུབ་པ་དང་མ་ཐུབ་པར་ཚང་མར་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཡོད། བཀྲ་ཤིས་བདེ་ལེགས། ། ལྷ་རྒྱལ་ལོ། །

    Reply
  14. རླུང་རྟ་རྒྱལ། says:
    ལོ་ 14 སྔོན།

    མཁར་རྔ་ལགས།ཁྱོད་རང་ཕལ་ཆེར་རྒྱ་གར་དུ་སྐྱེས་ཤིང་རྒྱ་གར་རང་ནས་འཚར་ལོངས་བྱུང་པ་ཡིན་ནམ་སྙམ།ད་ལྟ་བོད་རང་གི་འཚོ་བའི་གོམས་སྲོལ་དེ་ཡང་སེམས་སུ་ཡག་པོ་འདྲོངས་ཀྱིན་མི་འདུགརྨ་ཆུ་ལགས་ཀྱིས་གསུངས་པ་ནང་བཞིན་དགུན་དུས་སུ་ནོར་ལུག་གི་ཤ་ཤེད་ལྷུང་ཚར་བས་རྒྱུན་པར་དེའི་སྔོན་ནས་སྟོན་སྨད་ལ་ཤ་བཟའ་རྒྱུ་གྲ་སྒྲིག་བྱེད་པ་རེད།
    དེ་མིན་དུས་བབ་སྟེང་དུ་རིགས་པའི་ཕོ་བྲང་ལགས་ཀྱི་ཟིན་བྲིས་ལ་གཟིགས་དང་།དེར་ད་ལོའི་ལོ་སར་གཏོང་མི་རུང་པ་ལ་གནས་ལུགས་དང་ལྡན་པའི་རྒྱུ་མཚན་མོད་པོ་ཞིག་འདུག

    Reply
  15. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    ངས་བོད་ནང་ནས་ཀིརྟི་རིན་པོ་ཆེས་ཡུལ་དུས་དང་མཐུན་པའི་འདུལ་བའི་ཀུན་སྤྱོད་འཁྱེར་སོའི་སྐོར་གྱི་དེབ་སེར་པོ་ཆུང་ཆུང་དེ་མཇལ་མྱོང་། དེ་དུས་ནས་དད་པ་ཆེན་པོ་ཡོད། གཅིག་རེད། དགེ་འདུན་ཆོས་འཕེལ་གྱི་རབས་བྱེད་ཞབས་བཏགས་མ་གོ་མྱོང་། འཇལ་འདོད་ཆེན་པོ་སྐྱེས་ནས་ཀིརྟིའི་དགེ་འདུན་པ་ཞིག་ལ་རྩད་གཅོད་བྱེད་མྱོང་ཡང་དེ་དུས་ལག་སོན་མ་བྱུང་། རྒྱ་གར་ནས་ཐེངས་འགའ་བཀླག་པ་ཡིན། དེ་གཉིས་རེད། བོད་ནས་རྒྱ་གར་དུ་སླེབས་མ་ཐག་རྡོར་གདན་ནས་ཁོང་གིས་ཐུགས་རྗེ་ཆེན་པོའི་བསྙེན་མཚམས་ཀྱི་ཞོལ་དུ་གསར་འབྱོར་མང་པོར་འཇལ་ཁ་གནང་ས་ནས་མཇལ་ཁ་ཆོས་འབྲེལ་ཞུས་པ་ཡིན། དེ་གསུམ་རེད།

    Reply
  16. ཀིརྟི་སྐྱབས། says:
    ལོ་ 14 སྔོན།

    ༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ལ་སྐྱབས་སུ་མཆི། ཁོང་གིས་ཉེས་མེད་སེམས་ཅན་གྱི་སྲོག་སྐྱོབ་ཐབས་དང། མི་རྣམས་སྡིག་པའི་གཡང་ས་ལས་སྐྱོབ་ཐབས་འདི་འདྲ་རབས་དང་རིམ་པ་གནང་དང་གནང་བཞིན་པ་འདིས་སྤྱི་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་རྒྱ་ཆེ་འབྱུང་བཞིན་པས། སྙིང་ནས་བཀའ་དྲིན་ཐུགས་རྗེ་བླ་མེད་དུ་ཆེ་ཞུ།
    འདི་རིགས་ནི་ཆོས་དང་མཐུན་པར་མ་ཟད། བོད་ཆོས་ལྡན་ཞིང་མིང་དོན་དང་མཐུན་པ། དུས་རབས་དང་མཐུན་པ་ཞིག་ཀྱང་ལོས་ཡིན། ཚང་མས་རྗེས་སུ་ཡི་རང་ཞུས་ན་རེད།

    Reply
  17. ཀ་རིང་གི་བུ། says:
    ལོ་ 14 སྔོན།

    ཁ་གཞན་ལ་བསྐོར་ལ་ཐབས་མཁས་ཀྱི་ཉམས་ཤིག་འདུག་ཀྱང་། ཁ་རང་ཕྱོགས་སུ་བསྐོར་ན་གུ་དོག་དང་བཙན་གཅུན་གྱིས་སོང་དང་འགྲོ་ངེས། རེ་བ་ཆེན་པོ་མེད་ཀི་ཡ། རྒྱུ་མཚན། རང་ལ་ནོར་བུ་རིག་གནས་ཀྱི་སྡེ་དེ་མེད་པར་བཟོས་ནས་དད་པ་དད་ཚིག་བསམ་སྤྱོད་བསྒྱུར་བཞིན་པ་དེ་ལྟོས་དང་། དེ་འདྲེའི་གནས་སྟང་རང་གིས་རང་སྐྱོབ་དགོས་པ་ལས་གཞན་ལ་ཁ་གདེང་རྒྱུ་ན་སྔ་དྲག་པ་ཡིན་ནོ། དད་པ་དད་པ་ཟེར་ནས་འབུལ་བ་འབུལ་ཟེར་ནས་མི་དམངས་ལ་མགོ་སྐོར་ལ་མ་བཏང་ལགས་སོ།།།། ནང་ཁུར་མཐིན་ལམ་ཡོད་ན་བཟང་གི་ཡ། མེད་པའི་ཕྱོགས་རིས་ཀྱི་དྲི་མ་བྲོ་གི་ཡ། སྔོན་ལ་རང་འདུལ་དེ་ནས་གཞན་ལ་ཤོད་ལོ།།།། སྒེར་གཅོད་ཀྱི་ཁྲིམས་དང་སྒེར་གཅོད་པའི་འགོ་བ་དག་གིས་ནམ་རྒྱུན་དུ་གུ་བཤངསས་དང་བསམ་ཤཻས་མིན་སྟབས། ཕྱི་ནང་དགྲའ་ཟླ་ཅན་དུ་བཟོས་ཡོད་པ་སུས་བལྟས་ན་གསལ་ཆིལ་ལེ་རེད། ཁོང་ཚོ་འགྲོ་ས་དོག་མོ་དང་འདུ་ས་རིས་སུ་གཅོད་པ་འདུག་ས་འགྲན་རྩོད་ཡན་པ་རེད

    Reply
  18. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    སྤྱིར་བཏང་ཡག་པོ་རེད། དམར་ཟས་སྤོང་འདོད་དང་དམར་ཟས་སྤོང་དགོས་པའི་འབོད་སྐུལ་གནང་བ་ཙམ་གྱི་ཧ་ལས་པ་རེད། དེ་ལས་ཀྱང་དོན་ངོ་མའི་ཐོག་ལག་ལེན་གནང་རྒྱུ་དེ་བས་གལ་ཆེ་བ་རེད། ངས་གོ་ཚོད་ལ་ཀིརྟི་རིན་པོ་ཆེ་རང་ཉིད་ཀྱིས་དམར་ཟས་མཆོད་མིན་མི་ཤེས་ཀྱང་ཀིརྟི་གྲྭ་ཚང་གི་སྤྱི་ཐབ་ནང་ད་ལྟ་ཡང་ཤ་རིགས་བེད་སྤྱོད་གནང་གི་འདུག།།
    ཁ་བཤད་ཆུ་ཡི་ལྦུ་བ།།
    ལག་ལེན་གསེར་གྱི་ཐིགས་པ།།
    ཞེས་པ་ལྟར་དོན་ཐོག་ལ་གནས་པ་གནང་རོགས།

    Reply
  19. GYAMTSO says:
    ལོ་ 14 སྔོན།

    མདོ་སྨད་ས་ཁུལ་མང་ཆེས་ཤོས་ནས་ཀིརྟི་རིན་པོ་ཆེས་གསུངས་འཕྲིན་སྔ་ཕྱི་གནང་བའི་དགོང་དོན་བཞིན་མང་ཚོགས་ནང་དུ་ལས་འགུལ་སྤེལ་དང་སྤེལ་བཞིན་པ་རེད། ལྷག་པར་བསླབ་བྱ་ལེའུ་སོ་གཉིས་ཅན་ཞིག་ཡོད་པ་དེར་གཟིགས་དང་རིན་པོ་ཆེ་ངོ་མ་བཀའ་དྲིན་ཆེན་པོ་རེད།

    Reply
  20. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ལས་འགུལ་འདི་དབང་བཙན་ཡང་། ཐབས་ཇུས་བཟང་། དུད་འགྲོའི་ཚེ་སྲོག་རིང་འགྱུར་ཅིག །

    Reply
  21. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    བཙན་པོའི་བུ་ ཁྱེད་ཀྱི་བཤད་པ་ལ་བདེན་པ་ཡོད་ཤས་ཆེ་ གང་ཡིན་ཟེར་ན་ ཀིརྟི་གྲྭ་ཚང་གི་གྲ་བ་མང་ཆེ་བ་བོད་ནས་འབྱོར་བ་ཡིན་ཞིང་ཤ་ལ་ཞེ་དྲག་དགའ་པོ་ཡོད་ འོན་ཀྱང་ ཁོ་བོས་བལྟས་ན་ཤའི་སྟོན་མོ་འདི་རིགས་མི་འདུ་འཛོམས་ཆེ་ས་ལ་མ་གཏང་བ་བྱེད་ཐབས་ལ་ང་ཚོ་ཚང་མས་འབད་དགོས་ དཔེར་ན་ གདན་ས་གྲྭ་ཚང་ཁག་ལ་མཚོན་ན་ གདན་ས་མང་ཆེ་བ་ལོ་མངསྔོན་ནས་ཚོགས་པ་ཚོགས་སྐབས་དང་ཟ་ཁང་གི་ནང་དུ་ཤའི་ཟས་རིགས་གཏང་ཆོག་གིན་མེད་ འདི་ནི་ངོ་མར་ཆོས་དང་མཐུན་པའི་བྱ་སྤྱོད་ཁ་ཡོད་ལག་ཡོད་གཅིག་ཡིན་ དེ་ལྟ་བུ་མི་སྐྱ་འདུ་ཚོགས་སྐབས་སུ་ཡང་ལས་འགུལ་སྤེལ་རྒྱུ་སྐུལ་མ་གནང་དགོས་

    Reply
  22. ཆོས་གྲུབ། says:
    ལོ་ 14 སྔོན།

    བཙན་པོའུ་བུ་ཞུ་བའི་དྲ་གྲོགས་འདིའི་སྐད་ཆར་རྒྱུ་མཚན་འདུག འོན་ཀྱང་། བརྟན་བཞུགས་དེའི་སྐབས་སུ་ང་ཡང་ཡོད། གྲྭ་མང་དང་མང་ཚོགས་ཡོངས་ལ་བཏང་བའི་ཞལ་ལག་དེ་ཤ་མེད་རེད། དེ་ངས་གསལ་བོར་དྲན་གྱི་འདུག སྤྱིར་བླ་བྲང་ཁག་གི་ནོར་འཁྲུལ་མང་པོ་ཞིག་འོག་གི་ལས་བྱེད་ཚོས་བཟོ་བཞིན་ཡོད་ལ། བླ་མ་ཚོས་འགྲོ་དོན་རླབས་ཆེན་གང་ཞིག་ལེགས་འགྲུབ་བྱུང་བ་དེ་ཡང་འོག་གི་ལས་བྱེད་ཚོ་དང་ཁ་འབྲེལ་ཐབས་མེད། དེར་བརྟེན། བླ་བྲང་གི་ལས་ཀྱི་སྣེ་མོ་བ་ཚོར་རྣམ་རྒྱུན་ནོར་འཁྲུལ་རིགས་ཡོང་གི་ཡོད་པ་རེད། གཅིག་བྱས་ན། ཀིརྟི་རིན་པོ་ཆེ་མཆོག་གིས་ཐབ་ཚང་ནང་དུ་ག་རེ་བྱེད་ཀྱི་ཡོད་མེད་དང་། མཐའ་ན་སྐུ་མགྲོན་ཆེ་ཆུང་གང་ལ་ཞལ་ལག་གང་གྲ་སྒྲིག་བྱས་ཡོད་མེད་ཀྱང་མཁྱེན་གི་མ་རེད། སྤྱིར་ཐེངས་འདིའི་ཀིརྟི་རིན་པོ་ཆེ་མཆོག་གི་ཐུགས་འདུན་དེར་རྒྱབ་སྐྱོར་ཆ་ཚང་ཞུ་རྒྱུ་ཡིན།

    Reply
  23. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ངོ་མར་ཡག་པོ་རེད་ ལོ་གསར་དེ་ལྟ་བུ་ཡོང་རྒྱུར་ང་ཚོ་ཚང་མའི་ཕྲག་པའི་ཐོག་ཏུ་ཡོད་པ་ལས་གང་ཟག་སྒེར་ཁ་ཤས་ཤིག་གི་ཐོག་ཏུ་མེད་ སྤྱིར་ང་ཚོ་བོད་པ་ཚང་གི་གོམས་གཤིས་ལ་ཁག་གཡར་ནས་ཤ་ཟ་རྒྱུ་བག་མེད་གནང་བ་ནི་བོད་པའི་ཡ་རབས་བཟང་སྤྱོད་དང་འགལ་བ་ཡིན་ ཤ་ཟ་རྒྱུའི་གོམས་གཤིས་འདི་བོད་ནས་གསར་དུ་འབྱོར་བའི་ནང་ཧ་ལས་པའི་ཤུགས་ཆེན་པོ་ཡོད་ གོམས་གཤིས་འདིའི་རྐྱེན་གྱིས་ང་ཚོ་གནས་ཚང་གི་རྒྱ་གར་ཡུལ་མིའི་ནང་ལ་མཐོང་ཚུལ་སྡུག་ཅག་ཡོང་གིན་ཡོད་པ་མ་ཚད་ ཚགས་པར་ཐོག་ཏུ་ཡང་གནས་ཚུལ་དེ་དང་འདྲ་བ་མང་པོ་ཡོང་རྒྱུ་ཡོད་ གཞན་སྐྱོན་ཁོ་ན་འཚོལ་བ་མ་ཡིན་པར་རང་སྐྱོན་ཡང་ཤེས་པ་དགོས་རྒྱུ་གནད་འགག་ཆེན་པོ་ཡིན་

    Reply
  24. Tibetan Yak says:
    ལོ་ 14 སྔོན།

    སྐྱབས་མཆི། སྐྱབས་སུ་མཆི། ཀིརྟི་སྐྱབས་མགོན་ནི་མདོ་སྨད་པ་ཡོངས་ཀྱི་སྐྱབས་མགོན་གཙོ་བོ་དེ་ཡིན་པ་ལས་ས་ཁུལ་ཆུང་ཆུང་འགའ་ཞིག་གི་བླ་མ་ཆུང་ཆུང་དེ་འདྲ་གཏན་ནས་མིན། མདོ་སྨད་ཀྱི་འདས་པའི་ལོ་རྒྱུས་ཁྲོད་ཁོང་ལྟ་བུའི་བླ་ཆེན་ཞིག་བྱུང་མ་མྱོང་བར་བཤད་པ་དོན་ལ་གནས། ཁོང་ལྟ་བུའི་བླ་ཆེན་ཞིག་གི་སྐུ་ཚེ་བརྟན་བསྡད་ན་བླ་མ་གཞན་དག་ལ་ག་རེ་བྱུང་རུང་མདོ་སྨད་ལ་གྱོང་ཆེན་པོ་གང་ཡང་མེད། ངོ་མ་ཡིན།

    Reply
  25. བཙན་པོའི་བུ། says:
    ལོ་ 14 སྔོན།

    མཁར་རྔ་ལགས། ཁྱེད་ཀྱིས་བཤད་པ་ནོར་སོང་ཐལ། ང་ལ་དམིགས་བསལ་ཀིརྟི་རིན་པོ་ཆེ་ལ་ཆོས་འབྲེལ་མེད་ཀྱང་། ༢༠༠༡ ལོར་ཀིརྟིའི་རྟེན་བཞུགས་ཆེན་མོ་ཞེས་པའི་མཛད་སྒོ་ཆེན་པོ་ཞིག་རྡ་རམ་ས་ལར་ཡོད་པའིི་ཀིརྟི་ཚང་གི་གྲྭ་ཚང་དུ་འཚོགས་སོང་། སྐབས་དེར་རྡ་རམ་ས་ལར་ཡོད་པའི་མདོ་སྨད་མི་མང་ལ་མགྲོན་ཤོག་གཏོང་གི་འདུག ང་ལ་ཡང་སུ་ཇ་བོད་ཁྱིམ་སློབ་གྲྭའི་གྲོགས་པོ་ཞིག་བརྒྱུད་ནས་མགྲོན་ཤོག་ཅིག་སྤྲད་སོང་། ངས་ཟླ་ཚེས་གསལ་བོ་ཞིག་མི་དྲན་ཡང་། སྐབས་དེར་ང་ཀིརྟི་གྲྭ་ཚང་དུ་སོང་བ་ཡིན། དེ་དུས་ཕྱི་དྲོའི་ཆུ་ཚོད་ ༤ ཡས་མས་ཞིག་ཡིན། འོན་ཀྱང་། ང་ཀིརྟི་དགོན་པའི་ཐབ་ཚང་དུ་སོང་དུས། གྲྭ་པ་མང་པོ་ཞིག་གིས་སྐད་རྒྱག་བཞིན་ཞལ་ལག་གྲ་སྒྲིག་བྱེད་བཞིན་འདུག ང་ཡང་དེ་གར་ཕྱིན་པ་ཡིན། མཁར་རྔ་ལགས། སྐབས་དེ་ནས་བཟུང་། ང་ཀིརྟི་ཚང་གི་གྲྭ་ཚང་དུ་མི་འགྲོ་རྒྱུ་གཏན་ཁེལ་བྱས་པ་ཡིན། རྒྱུ་མཚན་ནི། ཐབ་ཚང་ཆུང་ཆུང་ཞིག་ལས་མེད་ཀྱང་། ཐབ་ཚང་ཆུང་ཆུང་དེ་ཕལ་ཆེར་བྱ་ཤས་ཁེངས་འདུག ངས་དགེ་འདུན་པ་དག་གིས་བྱ་ཤ་གཏུབ་བཞིན་པ་མཐོང་རྗེས། སེམས་གཏིང་ནས་ཞེན་པ་ལོག་སོང་། ང་ནོར་མེད་ན། བྱ་ཤ་སྟོང་ལ་བརྒལ་བ་ཞིག་ཐབ་ཚང་དུ་བླུགས་འདུག གལ་ཏེ་ཀིརྟི་ཚང་གིས་ངེས་པ་དོན་གྱིས་དམར་ཟས་སྤང་འདོད་པ་ཡིན་ན། འོ་ན། ཁོ་རང་གི་རྟེན་བཞུགས་སྐབས་ཀྱི་བྱ་ཤ་དེ་དག་སྲོག་བཅད་ནས་བྱུང་བ་མ་ཡིན་ནམ། བྱ་བ་གཏུབ་མཁན་ཀིརྟི་གྲྭ་ཚང་གི་གྲྭ་པ་ཚོ་རེད་ལ། བྱ་ཤ་གཏུབ་ས་ཀིརྟི་གྲྭ་ཚང་གི་ཐབ་ཚང་ནང་རེད། བྱ་ཤ་གཏུབ་དགོས་དོན་ཀིརྟི་ཚང་གི་རྟེན་བཞུགས་མཛད་སྒོའི་ཆེད་དུ་རེད། དེ་ནི་བདེན་པ་རེད། དྲང་མོར་བཤད་ན། ངས་ནང་ཆོས་མི་ཤེས་ཀྱང་། སེམས་ཅན་གྱི་སྲོག་བཅད་ན་མི་ལེགས་པ་ཤེས་མཁན་ཞིག་ཡིན། སྐད་ཆ་འདི་མཁར་རྔ་ལ་བཤད་པ་ཡིན།

    Reply
  26. མཁར་རྔ་། says:
    ལོ་ 14 སྔོན།

    རྨ་ཆུའི་སྐལ་མིང་པ་སོགས་ཀྱིས་ལབ་སྟངས་མཐོང་དུས་ཕྱོགས་སུ་ལྷུང་བའི་སྐྱོན་ཆེ། སྲོག་བཅད་མིན་ལ་མ་ལྟོས་བར་དམར་ཟས་སྤངས་པ་ཙམ་ལའང་དགེ་འབྲས་ཡོད་མེད་མི་ཤེས་མཁན་རེ་ཕལ་ཆེར་ཨེ་ཡིན་སྙམ།

    ལར་ནས་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་ཕྱི་ལོ་ ༡༩༨༠ ནང་ནས་བཟུང་ཁོང་གི་དྲུང་ཡིག་ནས་གསུང་པ་ལྟར་མདོ་སྨད་ལྷོ་རྒྱུད་ཀྱི་ཀིརྟི་ཚང་དང་ཐད་ཀའི་འབྲེལ་ཡོད་དགོན་སྡེ་ཁག་ ༤༠ ཙམ་གྱི་སྤྱི་ཐབ་ནང་དམར་ཟས་ཀྱི་མང་ཇ་གཏོང་མཚམས་བཅད་དགོས་པའི་འབོད་སྐུལ་གནང་པ་ལ་བརྟེན་ནས་སེམས་ཅན་གྲངས་མེད་པར་མི་འཇིགས་པའི་སྲོག་གི་སྐྱབས་སྦྱིན་མཛད་ཡོད་པ་མཐོང་ཆོས་སུ་གྱུར་ཡོད་པས་འདི་ལ་སུ་ཞིག་གིས་ཅིའི་ཕྱིར་འཁེངས་ར་སྟོན་པར་བྱེད།

    དེ་འབྲེལ་གྱི་མདོ་སྨད་ཁུལ་གྱི་དགོན་སྡེ་ཁག་མང་པོར་ཤུགས་རྐྱེན་ཐེབས་ཏེ་དམར་ཟས་སྤོང་མཁན་མི་ཉུང་པ་བྱུང་ཡོད་པ་དངོས་སུ་མཐོང་རྒྱུ་མང་དུ་འདུག

    གསར་འགོད་པའི་བཀོད་ནོར་ཐེབས་པའམ། ཡང་ན་དྲུང་ཡིག་ལགས་ནས་གསུང་ནོར་ཐེབས་པ་ཆ་མ་འཚལ་ཡང་་་་རིན་པོ་ཆེ་མཆོག་གིས་ལོ་གསར་ཚེས་གཅིག་སྐབས་སེམས་ཅན་མང་པོའི་སྲོག་གཅོད་ཀྱི་ཡོད་པ་དེ་དགེ་བ་ལས་སྡུག་པའི་རྒྱུ་རུ་འགྲོ་ཉེན་ཆེ་་་་ཞེས་གསུང་ཚུལ་དེ་ནི།

    ཐག་རིང་ཐག་རིང་ནས་༧སྐྱབས་མགོན་ཁོང་གི་གསུང་གི་འཕྲིན་ལས་ལ་ཞུགས་ཤིང་། དུས་རྟག་ཏུ་ཁུ་བྱུག་གིས་གནམ་ཆུའི་རེ་འདོད་ལྟར་འཁྲེང་བའི་བརྒྱུད་རིམ་ཁྲོད་ང་ཚོས་གོ་ཐོས་ལྟར་ན། ལོ་གསར་ཚེ་གཅིག་གི་དཀར་སྐྱོང་ཆེད་གནས་ལུགས་དེ་གསུང་པ་མ་ཡིན་པར། དེ་སྔོན་དགོན་སྡེ་ཁག་གི་དགེ་འདུན་པར་ཉེས་མེད་སེམས་ཅན་གྱི་སྲོག་བཅད་དེ་བསྙེན་བཀུར་མང་ཇ་སོགས་བཏང་དང་གཏོང་བཞིན་པའི་ཚུལ་དེ་ངན་སྤྱོད་རྒྱན་དུ་འཛིན་པའི་ལམ་སྲོལ་ཞིག་ཏུ་ངེས་པས། དེ་ནི་དགེ་བ་ལས་སྡུག་པ་ཆེ་བ་ཙམ་མ་ཟད། རང་གཞན་གཉིས་ཕུང་གི་རྒྱུ་རུ་འགྲོ་བ་གདོན་མི་ཟ་བས་དམར་ཟས་སྤངས་ན་ལེགས་ཞེས་གསུང་པ་མ་ཡིན་ནམ། དེ་ལྟར་མ་ཡིན་ཚེ་རྒྱུ་མཚན་ཡང་དག་ཏུ་མ་ངེས་པའི་ཕྱིར་རོ།།

    ལོ་གསར་ཚེས་གཅིག་ལ་ཤ་སྤོང་དགོས་དོན་གཙོ་བོ་ནི། བོད་ནང་གི་གནམ་གཤིས་སོགས་ཀྱི་རྐྱེན་ལས་བོད་མི་ཚོར་རང་གཤིས་སུ་ལོ་གསར་སོགས་ཀྱི་སྟོན་ཆེན་སྐབས།

    ཟས་མཆོག་ཤ་རུ་བརྩི་བ་དང་། ཤ་ཕོན་ཆེན་ཟ་སྲོལ་ཡོད་པ་དེ་མི་ལེགས་པར་གཟིགས་ནས་ཤ་ཉུང་རུ་གཏོང་ཐབས་དང་།

    དེ་ལ་བརྟེན་ནས་སེམས་ཅན་གསོད་པའམ་ཤ་ཉོ་བ་སོགས་ཉུང་རུ་འགྲོ་བའི་ཐབས་མཆོག་ཅིག་ཏུ་གཟིགས་ཤིང་།

    དེ་ལ་བརྟེན་ནས་འདི་ཕྱི་གཉིས་སྨན་གྱི་དགེ་བ་རླབས་ཆེན་ཞིག་འགྲུབ་པར་རང་བཞིན་ཀྱིས་ཡོང་ངེས་པ་སོགས་ལ་བརྟེན་ནས་གསུངས་པ་མ་ཡིན་ནམ།

    Reply
  27. མཁར་རྔ་། says:
    ལོ་ 14 སྔོན།

    རླུང་རྟ་རྒྱལ་དང་རྨ་ཆུའི་སྐལ་མིང་པ་སོགས་ཀྱིས་ལབ་སྟངས་མཐོང་དུས་གཟུ་བོར་མ་གནས་པ་དང་ཕྱོགས་སུ་ལྷུང་བའི་སྐྱོན་ཆེ། སྲོག་བཅད་མིན་ལ་མ་ལྟོས་བར་དམར་ཟས་སྤངས་པ་ཙམ་ལའང་དགེ་འབྲས་ཡོད་མེད་མི་ཤེས་མཁན་རེ་ཕལ་ཆེར་ཨེ་ཡིན་སྙམ།

    ལར་ནས་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་ཕྱི་ལོ་ ༡༩༨༠ ནང་ནས་བཟུང་ཁོང་གི་དྲུང་ཡིག་ནས་གསུང་པ་ལྟར་མདོ་སྨད་ལྷོ་རྒྱུད་ཀྱི་ཀིརྟི་ཚང་དང་ཐད་ཀའི་འབྲེལ་ཡོད་དགོན་སྡེ་ཁག་ ༤༠ ཙམ་གྱི་སྤྱི་ཐབ་ནང་དམར་ཟས་ཀྱི་མང་ཇ་གཏོང་མཚམས་བཅད་དགོས་པའི་འབོད་སྐུལ་གནང་པ་ལ་བརྟེན་ནས་སེམས་ཅན་གྲངས་མེད་པར་མི་འཇིགས་པའི་སྲོག་གི་སྐྱབས་སྦྱིན་མཛད་ཡོད་པ་མཐོང་ཆོས་སུ་གྱུར་ཡོད་པས་འདི་ལ་སུ་ཞིག་གིས་ཅིའི་ཕྱིར་འཁེངས་ར་སྟོན་པར་བྱེད།

    དེ་འབྲེལ་གྱི་མདོ་སྨད་ཁུལ་གྱི་དགོན་སྡེ་ཁག་མང་པོར་ཤུགས་རྐྱེན་ཐེབས་ཏེ་དམར་ཟས་སྤོང་མཁན་མི་ཉུང་པ་བྱུང་ཡོད་པ་དངོས་སུ་མཐོང་རྒྱུ་མང་དུ་འདུག

    གསར་འགོད་པའི་བཀོད་ནོར་ཐེབས་པའམ། ཡང་ན་དྲུང་ཡིག་ལགས་ནས་གསུང་ནོར་ཐེབས་པ་ཆ་མ་འཚལ་ཡང་་་་རིན་པོ་ཆེ་མཆོག་གིས་ལོ་གསར་ཚེས་གཅིག་སྐབས་སེམས་ཅན་མང་པོའི་སྲོག་གཅོད་ཀྱི་ཡོད་པ་དེ་དགེ་བ་ལས་སྡུག་པའི་རྒྱུ་རུ་འགྲོ་ཉེན་ཆེ་་་་ཞེས་གསུང་ཚུལ་དེ་ནི།

    ཐག་རིང་ཐག་རིང་ནས་༧སྐྱབས་མགོན་ཁོང་གི་གསུང་གི་འཕྲིན་ལས་ལ་ཞུགས་ཤིང་། དུས་རྟག་ཏུ་ཁུ་བྱུག་གིས་གནམ་ཆུའི་རེ་འདོད་ལྟར་འཁྲེང་བའི་བརྒྱུད་རིམ་ཁྲོད་ང་ཚོས་གོ་ཐོས་ལྟར་ན། ལོ་གསར་ཚེ་གཅིག་གི་དཀར་སྐྱོང་ཆེད་གནས་ལུགས་དེ་གསུང་པ་མ་ཡིན་པར། དེ་སྔོན་དགོན་སྡེ་ཁག་གི་དགེ་འདུན་པར་ཉེས་མེད་སེམས་ཅན་གྱི་སྲོག་བཅད་དེ་བསྙེན་བཀུར་མང་ཇ་སོགས་བཏང་དང་གཏོང་བཞིན་པའི་ཚུལ་དེ་ངན་སྤྱོད་རྒྱན་དུ་འཛིན་པའི་ལམ་སྲོལ་ཞིག་ཏུ་ངེས་པས། དེ་ནི་དགེ་བ་ལས་སྡུག་པ་ཆེ་བ་ཙམ་མ་ཟད། རང་གཞན་གཉིས་ཕུང་གི་རྒྱུ་རུ་འགྲོ་བ་གདོན་མི་ཟ་བས་དམར་ཟས་སྤངས་ན་ལེགས་ཞེས་གསུང་པ་མ་ཡིན་ནམ། དེ་ལྟར་མ་ཡིན་ཚེ་རྒྱུ་མཚན་ཡང་དག་ཏུ་མ་ངེས་པའི་ཕྱིར་རོ།།

    ལོ་གསར་ཚེས་གཅིག་ལ་ཤ་སྤོང་དགོས་དོན་གཙོ་བོ་ནི། བོད་ནང་གི་གནམ་གཤིས་སོགས་ཀྱི་རྐྱེན་ལས་བོད་མི་ཚོར་རང་གཤིས་སུ་ལོ་གསར་སོགས་ཀྱི་སྟོན་ཆེན་སྐབས།

    ཟས་མཆོག་ཤ་རུ་བརྩི་བ་དང་། ཤ་ཕོན་ཆེན་ཟ་སྲོལ་ཡོད་པ་དེ་མི་ལེགས་པར་གཟིགས་ནས་ཤ་ཉུང་རུ་གཏོང་ཐབས་དང་།

    དེ་ལ་བརྟེན་ནས་སེམས་ཅན་གསོད་པའམ་ཤ་ཉོ་བ་སོགས་ཉུང་རུ་འགྲོ་བའི་ཐབས་མཆོག་ཅིག་ཏུ་གཟིགས་ཤིང་།

    དེ་ལ་བརྟེན་ནས་འདི་ཕྱི་གཉིས་སྨན་གྱི་དགེ་བ་རླབས་ཆེན་ཞིག་འགྲུབ་པར་རང་བཞིན་ཀྱིས་ཡོང་ངེས་པ་སོགས་ལ་བརྟེན་ནས་གསུངས་པ་མ་ཡིན་ནམ།

    Reply
  28. ཁ་བ་ནག་པོ། says:
    ལོ་ 14 སྔོན།

    ངས་ཆོས་རྗེ་ཀིརྟི་རིན་པོ་ཆེ་འདི་བ་སློབ་དཔོན་ཐོན་མིའི་རྣམ་སྤྲུལ་ཞིག་ཏུ་མཐོང་གི་ཡོད། ཁོང་གིས་རྡ་སར་ཀིརྟི་རིག་གནས་གྲྭ་ཚང་འདི་བཙུགས་མེད་ན་བྱེས་བཞུགས་སེར་མོ་བའི་སྡེ་རུ་ཐུན་མོང་རིག་གནས་ཀྱི་རྒྱུན་འཛིན་པ་དཀོན་པོ་ཆགས་རྒྱུའི་ཉེན་ཁ་ཞིག་ཡོད། ཁོང་དང་ཁོང་གི་རིག་གནས་དགོན་པའི་བཀའ་དྲིན་གྱིས་མདོ་སྨད་པའི་སེར་མོ་བའི་སྡེ་རུ་སྨྱུ་གུ་འཛིན་ཤེས་མཁན་ཙམ་མ་ཡིན་པར་ངེས་པ་དོན་གྱི་ཐུན་མོང་རིག་གནས་མཁན་མང་པོ་ཞིག་འཚར་ལོངས་བྱུང་སྟེ། སྔོན་ཆད་རྩོམ་འབྲི་བ་ཟེར་བའི་སྐད་གྲགས་ཅན་གྱི་ལས་ཀ་དེ་ཡང་དེང་སང་རྒྱུན་ལྡན་གྱི་ཤེས་ཡོན་ཞིག་ཏུ་གྱུར་ཡོད།

    Reply
  29. ཁ་བ་ནག་པོ། says:
    ལོ་ 14 སྔོན།

    རེད་ལགས། ཨ་རོགས་ཚོ། བཟོ་ཤེས་ན་ཤ་མེད་མོ་མོ་ལས་ཞིམ་པ་མི་འདུག དང་པོར་ཞོག་ཁོག་ཞིབ་ཞིབ་གཙབས། དེ་ནས་ཤ་མོ་ཞིབ་ཞིབ་གཙབས། དེའི་ནང་དུ་ཙོང་སྔོན་པོ་ཏོག་ཙམ་བསྣན། གཡེར་མ་ཞིབ་བརྡུངས་ཕྲན་བུ་བླུགས། དེའི་སྟེང་དུ་ལ་ཕུག་སེར་པོ་ཞིབ་ཞིབ་གཏུབས། དེའི་སྒང་ལ་བསོད་ནམས་པད་ཚལ་ཞིབ་ཞིབ་གཙབས། དེ་ནས་སྒོག་བ་ཞིབ་ཞིབ་གཙབས། དེའི་སྟེང་དུ་ཚྭ་ཏོག་ཙམ་བླུགས་རྗེས་མོ་མོ་བཟོས། མེ་ཡག་པོ་ཡོད་ན་སྐར་མ་བཅུ་གཅིག་ལས་མི་དགོས་པར་ཁྱེད་ལ་དགོས་པའི་ཤ་མེད་མོ་མོ་ཞིམ་ཐག་ཆོད་པ་དེ་ཁྱེད་ཀྱིས་བཞེས་ཐུབ་ཀི་རེད། སྐད་འདི་སུས་གོ་ན་ཕན་ཚུན་བཤད་རྒྱུ་མཁྱེན།

    Reply
  30. lobsang says:
    ལོ་ 14 སྔོན།

    འབོད་སྐུལ་འདི་བོད་ནང་གི་ལོ་སར་དང་སྟབས་སྟུན་ཕྱི་ལོ་༢༠༡༡ཟླ་༢ཚེས་༡ལ་གནང་བ་ཞིག་རེད་ཟེར་བས་ཕྱིས་དྲགས་མི་འདུག་སྙམ། ད་ལྟ་རྡ་རམ་ས་ལའི་བོད་པའི་ལོ་སར་དང་སྟབས་སྟུན་དུས་བབ་ཚང་ནས་བསྐྱར་དུ་བཀོད་པ་ཞིག་རེད།

    Reply
  31. རླུང་རྟ་རྒྱལ། says:
    ལོ་ 14 སྔོན།

    ཁམས་སྐྱེ་རྒུ་མདོ་རུ་ད་ལོའི་ས་གཡོམ་ཁྲོད་འདས་པོ་ཁྲི་ཕྲག་གཉིས་ལྷག་ཙམ་ལ་ལོན་པས་གནས་དེའི་ཡུལ་མི་རྣམས་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་ཡོད།ཐ་ན་ད་ལོ་དགུན་ཁར་ཁོ་ཚོ་གུར་ནང་དུ་འཚོ་བ་བསྐྱལ་བྱུང་དགོས་པས་གནས་བབ་ཧ་ཅང་སྡུག་པོ་ཡིན།
    འདི་འདྲའི་ན་ཟུག་ཆེན་པོ་མྱོང་བཞིན་པའི་སྐབས་སུ་རྡ་སའི་བོད་མི་གཙོས་དང་གཞན་པའི་བྱེས་མི་ཡོངས་ཀྱི་ལོ་སར་ཚུལ་ཞིག་ག་ན་ཡོད།ང་ཚོས་ཉིན་རྒྱུན་བོད་ཕྱི་ནང་གཉིས་ཀ་གཅིག་ཏུ་འཛོམས་དགོས་ཞེས་ཁ་ནས་མ་ཎི་བཞིན་བགྲང་ཀྱིན་ཡོད་མོད།ད་ལྟ་བོད་ལ་ས་འགུལ་ཁྲོད་སྐྱོ་བའི་གནས་ཚུལ་བྱུང་བ་ལ་གདུང་སེམས་མི་སྐྱེས་པར་ལོ་སར་སླེབས་སོང་ཞེས་དགའ་དགའ་སྤྲོ་སྤྲོ་བྱེད་པ་དེ་ནི་བོད་མི་གླེན་པ་ཞིག་མ་གཏོགས་དེ་འདྲ་བྱེད་རྒྱུ་མ་རེད།བྱེད་རྒྱུ་ཕར་ཞོག་ཐ་ན་སེམས་སུ་འཆར་སྒོ་ཙམ་ཡང་སྐྱེ་རྒྱུ་དཀོན།

    Reply
  32. རྟ་བོར་བ། says:
    ལོ་ 14 སྔོན།

    ཀིརྟི་རིན་པོ་ཆེ་མཆོག་ལ་གུས་པས་སོར་བཅུའི་ཐལ་མོ་སྙིང་ཁར་་བཀོད་ཏེ་ཉེས་མེད་སེམས་ཅན་གྱི་ཚེ་སྲོག་སྐྱོབས་པར་ཐུགས་རྗེ་ཆེ་ཞུ་ཞུ།

    Reply
  33. རྡོ་རྗེ says:
    ལོ་ 14 སྔོན།

    ཡག་པོ་རེད། གཙོ་བོ་འབོད་སྐུལ་ཙམ་མ་ཡིན་པར་སོ་སོས་ལག་བསྟར་བྱེད་ཐུབ་ན་གལ་ཆེ་ནང་གི་དོན་ཆེན་རེད། ལྷག་པར་དུ་ཕ་ཡུལ་མི་མང་ལ་བསམ་བློ་གཏོང་རོགས་ཞུ

    Reply
  34. མངའ་རིས་བུ། says:
    ལོ་ 14 སྔོན།

    རྨ་ཆུ་སྐལ་བཟང་ནས་ཡག་པོ་གསུངས་འདུག
    དངོས་གནས་རེད་ང་ཚོ་སྟོད་མངའ་རིས་སྐོར་གསུམ་གྱི་ཁུལ་དང་ཧི་མ་ལ་ཡའི་ཁུལ་དང་མདོ་སྨད་སོགས་ཀྱི་ལོ་གསར་ཚར་ཟིན་པ་རེད།
    ལོ་གསར་ཚེས་གཅིག་ལ་དཀར་སྐྱོང་གནང་རྒྱུའི་འབོད་སྐུལ་ཕྱིས་དྲག་པ་རེད།
    ཡིན་ནའང་འབོད་བསྐུལ་འདས་པའི་ཚུལ་དུ་གནང་བ་ཡིན་མདོག་རེད།
    མ་གཞི་ནས་ཧི་མ་ལ་ཡའི་རི་རྒྱུད་དང་སྟོད་མངའ་རིས་སོགས་སུ་དགུན་ཟླའི་ནང་དུ་སེམས་ཅན་གསོད་སྲོལ་མེད་སེམས་ཅན་རང་བཞིན་གྱིས་ཤི་བ་ཡིན་ནའང་ཤ་དེ་རིགས་བཟའ་སྲོལ་མེད་ཤ་ཤེད་རྒུད་པའི་དུས་རེད།

    Reply
  35. རྨ་ཆུའི་སྐལ་བཟང་། says:
    ལོ་ 14 སྔོན།

    ལུང་བ་སོ་སོར་འགྲོ་ལུགས་རེ་ཡོད་པས་གསལ་པོ་མི་ཤེས་ཡང་ང་ཚོའི་ཕ་ཡུལ་ལ་ཆག་བཞག་ན༸རིན་པོ་ཆེས་འབོད་སྐུལ་དེ་ཕྱི་དྲགས་རེད་ལོ་གསར་སྐབས་
    སེམས་ཅན་གསོད་མཁན་ཧ་ཅང་ཉུང་ཉུང་རེད་རྒྱུ་མཚན་དགུན་སྨད་སེམས་ཅན་ལ་ཤ་ཤེད་ལྷུང་པའི་དུས་ཡིན་པས།འབྲོག་བ་ཚང་མའི་སྟོན་སྨན་ནས་གྲ་སྒྲིགས་བྱས་ཚར་རེད།གཞན་༸རིན་པོ་ཆེ་མཆོག་གི་ཕྱག་མཛོད་ལགས་ནས་གསུང་བ་བཞིན་ཁོང་གི་ལྷ་སྡེ་མང་ཆེ་བ་མདོ་སྨད་ཡིན་ཙང་ཁོ་ཚོ་མང་ཆེ་བའི་ལོ་གསར་བྱས་ནས་ཟླ་གཅིག་གི་རྗེས་ལ་གསར་བསྒྲགས་བྱས་བ་འདིས་ཀྱང་ད་ལོ་ཕན་ཡོད་མེད་མི་ཤེས་ཀྱང་ཕྱིར་ཧ་ཅང་ཡག་པོ་རེད་བཀའ་དྲིན་ཆེ།།

    Reply
  36. lobsang says:
    ལོ་ 14 སྔོན།

    ཀིརྟི་རིན་པོ་ཆེ་མཆོག་ནས་ཉེས་མེད་སེམས་ཅན་མང་པོའི་སྲོག་སྐྱབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།གསུང་འཕྲིན་འདི་དམིགས་བསལ་གྱིས་ཀིརྟི་ཚང་དང་འབྲེལ་ཡོད་ཀྱི་སེར་སྐྱ་མི་མང་ལ་གནང་བ་ཞིག་ཡིན་ཀྱང་།འདི་ལ་བོད་གཞིས་བྱས་གཉིས་ཀྱི་བོད་པ་ཚོས་རྗེས་སུ་ཡི་རངས་བྱེད་རྒྱུ་གལ་ཆེ་སྙམ།

    Reply
  37. ཁམས་པའི་ཕོ་རྒོད། says:
    ལོ་ 14 སྔོན།

    ལུས་ཐུགས་དག་མཐའ་ཅིག་ཏུ་རྒྱབ་སྐྱོར་ཡོད་ཚངས་མས་དེ་ལ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་བསྐུལ་ཞུ་ཐུགས་རྗེ་ཆེ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese