མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་གིས་གྲོས་ཚོགས་ལ་བསྩལ་བའི་གསུང་འཕྲིན།

བོད་ཀྱི་དུས་བབ།
༢༠༡༡/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོ་གསུམ་བཅུའི་དུས་དྲན་ཐེངས་ ༥༢ པའི་སྟེང་༸གོང་ས་མཆོག་གིས་གཞུང་གི་འཛིན་སྐྱོང་གི་ཐུགས་འགན་ཡོང་རྫོགས་མི་མང་གི་འོས་འདེམས་བྱས་པའི་མགོ་ཁྲིད་རྣམས་ལ་རྩིས་སྤྲོད་བྱ་རྒྱུ་ཐག་གཅོད་ཟིན་པ་དང་།  ཐེངས་འདིའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ཐོག་འཕྲིན་ཡིག་གི་ལམ་ནས་བཅའ་ཁྲིམས་ཀྱི་གཙོས་ཁྲིམས་སྒྲིག་ཁག་ལ་གཞི་རྩའི་བསྐྱར་བཅོས་བྱ་དགོས་རྣམས་བྱེད་དགོས་པའི་ལམ་སྟོན་གནང་འཆར་ཡོད་ཅེས་གསུངས་བ་ལྟར། ཐེངས་འདིའི་གྲོས་ཚོགས་སྟེང་གསུང་འཕྲིན་བསྩལ་ཡོད།

༸གོང་ས་མཆོག་གི་གསུང་འཕྲིན་ནང་བཀོད་དོན།   སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ཐུན་མོང་ལ། ཆེད་དོན། ཀུན་གྱིས་ཤེས་གསལ་ལྟར་ཡོངས་གྲགས་སུ་ཕྱི་ལོའི་གོང་གི་བརྒྱ་ཕྲག་གཉིས་པའི་ནང་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་དབུ་ཚུགས་ཏེ་ཕྱི་ལོ་བརྒྱ་ཕྲག་དགུ་པའི་ནང་མངའ་བདག་ཁྲི་རལ་པ་ཅན་གྱི་བར་ལོ་གྲངས་ཆིག་སྟོང་བརྒལ་བའི་རིང་བོད་རྒྱལ་གདུང་རབས་ཞེ་གཉིས་ཀྱིས་རིམ་པས་ཆོལ་གསུམ་བོད་ལྗོངས་ཡོངས་ལ་མངའ་དབང་བསྒྱུར་ཏེ་པུར་རྒྱལ་བོད་ཅེས་བྱ་བ་ཤར་གླིང་དབུས་མའི་ནང་དཔུང་སྟོབས་དང་མངའ་ཐང་ཆེ་གྲས་སུ་གྱུར་ཏེ་རྒྱ་ཧོར་བོད་གསུམ་ཞེས་འདྲ་མཚུངས་སྟོབས་ཆེན་རྒྱལ་ཁབ་ཀྱི་གྲས་སུ་ཚུད་ཅིང༌། བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་རང་བཙན་པ་འབུར་དོད་བྱུང་བ་ནས་བཟུང་ཆོས་དང༌། རིག་གནས། སྤྱི་ཚོགས་ཀྱི་དཔལ་ཡོན་གང་ས་ནས་འཕགས་ཡུལ་གཉིས་པ་ལྟ་བུར་གྱུར། ཕྱི་ལོ་བརྒྱ་ཕྲག་དགུ་པའི་ནང་བོད་སིལ་བུར་ཐོར་བ་ནས་ཆིག་བསྒྲིལ་གྱི་ནུས་པ་ཉམས་ཏེ་ལུང་ཚན་སོ་སོའི་སྒེར་བཙན་ཙམ་ལས་བོད་སྤྱི་ལ་དབང་བའི་ཆབ་སྲིད་ཚགས་ཚུད་མ་བྱུང་བའི་ཐོག ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་པའི་འགོ་འཛུགས་ནས་ཇིང་གེ་སི་ཁཱན་གྱི་ཧོར་དམག་འོག་རྒྱ་ནག་ཙམ་མ་ཟད་བོད་ཁམས་ཡོངས་རྫོགས་ཀྱང་ཚུད། ཕྱི་ལོ་ ༡༢༦༠ ནང་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཆོལ་གསུམ་ཡོངས་ལ་ཁྱབ་པའི་སྲིད་དབང་སླར་གསོ་མཛད་ཀྱང༌། རིང་པོར་མ་ཐོགས་པར་མཐའ་མཚམས་ཇི་བཞིན་སྐྱོང་མ་ཐུབ་ཁར། ལོ་ ༣༨༠ སྐོར་གྱི་ནང་ཕག་གྲུ་དང༌། རིན་སྤུངས། གཙང་པ་བཅས་བོད་ཀྱི་སྲིད་སྐྱོང་ལ་འགྱུར་བ་ཡང་ཡང་བྱུང་སྟེ་སོ་སོའི་རྒྱལ་སའི་ཉེ་འདབས་ས་ཁུལ་ཙམ་ལས་བོད་ལྗོངས་ཡོངས་ལ་ཁྲིམས་དང་དབང་ལུང་གིས་མ་ཁྱབ་ཅིང༌། ནང་ཁུལ་བདེ་གཟར་མང་བས་བོད་སྤྱིའི་ཆབ་སྲིད་ཀྱི་ནུས་པ་ཧ་ཅང་ཉམས་དམས་སུ་གྱུར།

ཕྱི་ལོ་ ༡༦༤༢ ལོར་ྋགོང་ས་ལྔ་པ་ཆེན་པོའི་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་པ་ནས་བཟུང་ྋརྒྱལ་བ་སྐུ་ཕྲེང་ན་རིམ་གྱིས་བོད་ཀྱི་ཆོས་སྲིད་གཉིས་ཀའི་དབུ་ཁྲིད་གནང་སྲོལ་ཚུགས་ཤིང༌། བོད་ཁྲི་སྐོར་བཅུ་གསུམ་ཀྱི་ཆབ་སྲིད་གང་ཙམ་སྲ་བརྟན་དང༌། རིས་མེད་རྒྱལ་བསྟན་དར་རྒྱས། བོད་འབངས་རྣམས་རང་དབང་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་པ་བྱུང་ཞིང༌། ྋརྒྱལ་བ་སྐུ་ཕྲེང་ན་རིམ་གྱིས་དགུང་ན་སོན་མཚམས་ཆབ་སྲིད་ཀྱི་མཛད་ཁུར་རིམ་བཞེས་མཛད་ལམ་ཆགས། ཕྱི་ལོ་བརྒྱ་ཕྲག་བཅུ་དགུ་པའི་མཇུག་དང་ཉི་ཤུ་པའི་འགོ་ཙམ་ནས་སྲིད་ཕྱོགས་ཀྱི་ལས་དོན་སྤྱི་དང༌། ཁྱད་པར་རྒྱལ་སྤྱིའི་ནང་ཕྱི་འབྲེལ་ཇི་བཞིན་མ་བྱུང་ཁར། ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པས་ཆབ་སྲིད་ཀྱི་མངའ་དབང་བཞེས་པ་ནས་རིང་པོར་མ་སོང་བར་འགལ་རྐྱེན་དབང་གིས་སོག་ཡུལ་དང༌། རྒྱ་ནག རྒྱ་གར་བཅས་སུ་ཕེབས་དགོས་བྱུང་སྟེ་སླར་རྒྱལ་ཁབ་ཏུ་ྋཞབས་སོར་འཁོད་བསྟུན་བོད་ཀྱི་མངའ་དབང་གི་གནས་བབ་བསྐྱར་ནན་གསལ་བསྒྲགས་དང་འབྲེལ་བར་སྐབས་རྒྱལ་སྤྱིའི་གནས་ཚུལ་གཟིགས་རྟོག་ཇི་བྱུང་བཞིན་བོད་འབངས་བདེ་ཐབས་དང༌། ཆབ་སྲིད་ཕྲ་ཚུགས་ཐབས་སུ་དེང་རབས་ཀྱི་སློབ་གསོ་དང༌། ལམ་ལུགས་ལེགས་བཅོས་སོགས་ལ་ཐུགས་བརྩོན་གནང་སྟེ་རླབས་ཆེན་གྱི་གྲུབ་འབྲས་བྱུང་ནའང༌། ཐུགས་བཞེད་ཡོངས་རྫོགས་ཇི་བཞིན་མ་འགྲུབ་པའི་གནས་ཚུལ་ཆུ་སྤྲེལ་ཞལ་གདམས་ལས་དཔོག་ནུས། ཕྱོགས་མཚུངས་དགའ་ལྡན་ཕོ་བྲང་གི་རྒྱལ་ཚབ་དང་སྲི་ཞུ་བ་ན་རིམ་གྱིས་ནོར་འཁྲུལ་དང་འཐུས་ཤོར་སྣ་ཚོགས་བྱུང་ཡོད་མོད། མདོ་དོན་བོད་སྤྱིའི་ཆབ་སྲིད་ཀྱི་མངའ་དབང་མི་དམན་ཙམ་ལོ་བཞི་བརྒྱར་ཉེ་བའི་རིང་སྲ་བརྟན་འཛིན་སྐྱོང་ཐུབ་པ་བྱུང་ཡོད།   

ངོས་རང་ྋརྒྱལ་བའི་ཡང་སྲིད་དུ་ངོས་འཛིན་ཁྲི་འདོན་བྱུང་རྗེས་ཆུང་ངུའི་དུས་ནས་འབྱུང་འགྱུར་བོད་ཀྱི་ཆབ་སྲིད་ཀྱི་ལམ་སྲོལ་དེང་རབས་ཅན་དུ་བསྒྱུར་གལ་ཆེ་བའི་བསམ་ཚུལ་ཡོད་མུས་སུ། རང་ལོ་བཅུ་དྲུག་ལས་མ་སོན་ཞིང༌། རྒྱལ་སྤྱིའི་ལམ་སྲོལ་ལྟ་ཅི། བོད་རང་གི་སྲོལ་རྒྱུན་ལམ་ལུགས་ཁག་ཀྱང་ཆ་ཚང་རྒྱུས་མྱོང་མེད་སྐབས་ནས་ཆབ་སྲིད་ཀྱི་འགན་ཁུར་སྔ་བསྣུར་གྱིས་མ་ལེན་མཐུ་མེད་བྱུང་སྐབས། གནས་བབ་ཛ་དྲག་དང་རྐྱེན་ངན་རྣམ་མང་རུ་འཛིངས་སུ་ཡོད་ནའང༌། བོད་ཀྱི་ཆབ་སྲིད་ལམ་སྲོལ་སྔར་ལམ་དེབ་གསལ་ལྟ་བུ་མིན་པར་གནས་དུས་དང་འཚམས་པའི་བསྒྱུར་བཅོས་བྱེད་རྒྱུའི་འདུན་པ་ཆེ་བསྐྱེད་ཡོད་ཁོངས་ནས། བསྒྱུར་བཅོས་ཚོགས་པ་གསར་འཛུགས་སོགས་ཐབས་ཤེས་རྣམ་གྲངས་མི་ཉུང་བ་ཞིག་བྱས་རུང༌། ཕྱི་ནང་གི་འགལ་རྐྱེན་སྣ་ཚོགས་དབང་གིས་འདོད་བློ་ཁེངས་པའི་ལེགས་བཅོས་བྱེད་མ་ཐུབ།   ཕྱི་ལོ་ ༡༩༥༩ ལོའི་ཕྱི་ཟླ་ ༤ པའི་ནང་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་མ་ཐག་མང་གཙོའི་ལམ་སྲོལ་ལག་བསྟར་བྱ་རྒྱུ་གལ་གནད་ཆེ་ཤོས་གྲས་སུ་བརྩིས་ཏེ་བཀའ་བློན་ལས་ཁུངས་ཁག་ཆ་བགོས་གསར་འཛུགས་དང༌། མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྤྱི་འཐུས་ལྷན་ཚོགས་སོགས་རིམ་འཛུགས་བྱ་རྒྱུའི་གྲྭ་སྒྲིག་བྱེད་འགོ་ཚུགས།

རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་ཡུལ་མི་ཡོངས་ནས་ཕྱར་གྲུ་མཉམ་འདེགས་ཀྱིས་འགན་ཁུར་བའི་ཐོག་ནས་གནས་དུས་དང༌། མང་ཚོགས་ཀྱི་མངོན་འདོད་ལ་བསྟུན་ནས་ཆབ་སྲིད་འཛིན་སྐྱོང་མ་བྱས་པར། རྒྱུད་འཛིན་ལྟ་བུའི་འགོ་ཁྲིད་མི་གཅིག་ལ་བློས་འགེལ་གྱིས་མང་ཚོགས་འགན་ཁུར་མེད་པར་བསྡད་ན་རྒྱལ་ཁབ་དང་མི་རིགས་སྲ་བརྟན་གནས་མི་ཐུབ་པ་དང༌། ཡུལ་ལུང་གི་ཡར་རྒྱས་ཚུལ་བཞིན་ཡོང་མི་ཐུབ་པ་དངོས་མཐོང་ཁར། མི་གཅིག་དབང་འཛིན་གྱི་ལམ་སྲོལ་ནི་དུས་ཚོད་ཡོལ་ཟིན་པ་དང༌། དེང་རབས་ཆབ་སྲིད་ཀྱི་ལམ་སྲོལ་ཐམས་ཅད་ཀྱི་ནང་ནས་གུ་ཡངས་མང་གཙོའི་རིང་ལུགས་བཟང་ཤོས་ཡིན་པ་བཅས་ལ་བརྟེན་གཞན་གྱི་ལད་མོ་དང་མཛེས་ཆོས་ཙམ་མ་ཡིན་པར་བོད་མི་ས་ཡ་དྲུག་གི་འཕྲལ་ཕུགས་ཀྱི་བདེ་དོན་རང་ལ་དམིགས་ཏེ་མང་གཙོའི་ལམ་སྲོལ་ལ་ཡིད་ཆེས་ཀྱིས་བསྒྱུར་བཅོས་ལག་ལེན་སྒོ་དུ་མ་ནས་བརྩམས་ཏེ། ཕྱི་ལོ་ ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་དང༌། དེ་རྗེས་མ་འོངས་བོད་ཀྱི་རྩ་ཁྲིམས་འཆར་ཟིན་གསལ་བསྒྲགས། ཕྱི་ལོ་ ༡༩༩༠ ལོར་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་ཆེད་བཙུགས་དང༌། སྤྱི་འཐུས་གྲངས་སྤར་གྱིས་ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་དུ་གནས་རིང་ལག་བསྟར་ཐུབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་བྱས་ཏེ་ཁྲིམས་ཀྱི་དབང་བསྒྱུར་མིང་དོན་མཚུངས་པ་དང༌། སྤྱི་ལྷན་དབང་ལུང་ལྡན་པའི་ཁྲིམས་བཟོ་ལྷན་ཚོགས་སུ་བསྒྱུར་ཐུབ་པ་སོགས་བཙན་བྱོལ་བའི་གནས་བབ་ལ་གཞིགས་པའི་གྲུབ་འབྲས་མི་དམན་པ་ཐོན་ཡོད། ཕྱི་ལོ་ ༢༠༠༡ ལོར་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་བཀའ་བློན་ཁྲི་པ་མང་ཚོགས་ནས་ཐད་ཀར་འོས་འདེམས་དགོས་པའི་ལམ་སྟོན་ལག་བསྟར་བྱས་པ་ནས་བཟུང་ངོས་རང་རྒྱུན་ལྡན་འཛིན་སྐྱོང་གི་ལས་དོན་ཐོག་ཐེ་བྱུས་མི་དགོས་པར་ཕྱེད་རྒས་ཡོལ་ལྟ་བུས་འཇིག་རྟེན་སྤྱི་ཡོངས་ལ་སྨན་པའི་བྱེད་སྒོ་གཞན་གྱི་ཐོག་དུས་ཚོད་ཇེ་མང་གཏོང་རྒྱུའི་གོ་སྐབས་བླངས་པ་ཡིན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་སུ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ཆོས་ལུགས་རིས་མེད་དང༌། ཡུལ་མིའི་རྒྱལ་ཁབ་ཀྱི་བརྗོད་ཚིག་བཀོད་པ་དེ་ཡང་མཐར་ཐུག་ཆབ་སྲིད་ཀྱི་དབུ་ཁྲིད་མཚན་གནས་རྗེས་འབྲེལ་མ་ཡིན་པར་འོས་བསྡུའི་ལམ་ནས་ཡོང་རྒྱུའི་ཆ་རྐྱེན་དུ་ཕུགས་དམིགས་བཟུང་བ་ཞིག་ཡིན། མདོ་དོན་མང་གཙོའི་ལམ་སྲོལ་གྱི་ངོ་བོའམ་སྙིང་དོན་མཐར་ཐུག་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་གང་ཡང་མི་བྱེ་བྲག་པ་གཅིག་ལ་བརྟེན་མི་དགོས་པར། མི་མང་གི་ཆེད་དུ་མི་མང་གིས་བདམས་པའི་མི་མང་གི་འགོ་ཁྲིད་རིམ་པས་མི་མང་གི་འགན་ཁུར་ཆ་ཚང་ཐུབ་པ་བྱེད་རྒྱུ་དེ་ཡིན་སྟབས། ད་ཆ་རང་རེའི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དུ་ྋརྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ཀྱི་འགན་ཁུར་མ་དགོས་པར་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་སོ་སོས་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འགན་ཁུར་བྱེད་དགོས་པའི་དུས་ལ་བབས་ཡོད།

དེ་འདྲའི་བསམ་ཚུལ་དེ་ཉེ་དུས་གསར་བྱུང་ཞིག་མིན་པར་མང་གཙོའི་ལམ་སྲོལ་དུ་བསྐྱོད་རྒྱུའི་ལས་རིམ་འགོ་འཛུགས་བྱེད་སྐབས་ནས་ཡོད་ཀྱང་ཕྱི་ནང་གི་གནས་ཚུལ་སྤྱི་དང༌། ཁྱད་པར་མང་ཚོགས་དང་འོས་འདེམས་བྱས་པའི་འཐུས་མི་རྣམས་ཀྱི་ཤེས་འཇོན་དང༌། བསམ་སྤྱོད་མྱོང་གོམས་བཅས་ཚད་ལོང་ཡོང་རེས་ངང་སྒུག་བྱས།   མི་ལོ་བཞི་བརྒྱར་ཉེ་བའི་རིང་ྋརྒྱལ་བ་སྐུ་ཕྲེང་ན་རིམ་གྱིས་དངོས་བརྒྱུད་ཅི་རིགས་ནས་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་པའི་སྲོལ་རྒྱུན་ལ་གོམས་ཤུགས་ཆེ་བའི་བོད་མི་སྤྱི་དང༌། ཁྱད་པར་གཞིས་བཞུགས་བོད་མི་རྣམས་ཀྱིས་ྋརྒྱལ་བ་རིན་པོ་ཆེ་མེད་པའི་བོད་མིའི་ཆབ་སྲིད་ཀྱི་སྒྲིག་འཛུགས་ཤིག་བསམ་བློར་འཆར་དཀའ་བའི་སྔོན་གོམས་བག་ཆགས་ཀྱི་དབང་གིས་གནས་ཚུལ་འདི་རིགས་མང་ཚོགས་ནས་འཕྲལ་མར་ངོས་ལེན་ཡོང་ཐབས་དཀའ་བ་ཤེས་རྟོགས་ཡོད་པ་ལྟར་འདས་པའི་ལོ་ ༥༠ ཙམ་གྱི་རིང་གཞིས་བྱེས་མང་ཚོགས་ལ་ཆབ་སྲིད་ཀྱི་གོ་རྟོགས་དང༌། འགན་ཁུར་གྱི་སེམས་སྟོབས་གོང་མཐོར་སྤེལ་ཐབས་སྒོ་དུ་མ་ནས་བྱས་དང་བྱེད་བཞིན་པ་དཔེར་ན། ཕྱི་ལོ་ ༡༩༦༩ ལོར་གསུམ་དུས་གསུང་འཕྲིན་དུ་ “བོད་འཛིན་སྐྱོང་བྱེད་པའི་གོ་སྐབས་བོད་མི་ཚོར་བྱུང་བའི་ཉིན་བོད་ཀྱི་སྲིད་གཞུང་ཇི་འདྲ་ཞིག་འཛུགས་མིན་ནི་བོད་མི་ཚོས་ཐག་གཅོད་བྱ་རྒྱུ་མ་ཟད། ཏཱ་ལའི་བླ་མས་འཛིན་སྐྱོང་བྱེད་པའི་གཞུང་གི་སྲོལ་ལུགས་འདི་ཡང་ཡོང་གི་ཡོད་མེད་ངེས་པ་མེད། མ་འོངས་པའི་བོད་ཀྱི་ཐག་གཅོད་ནི་བོད་མི་མང་རང་གིས་བྱེད་ངེས་ཡིན་ཞིང༌། ལྷག་པར་དེང་དུས་ཤེས་ཡོན་སྦྱང་བརྩོན་བྱས་པའི་གཞོན་སྐྱེས་ཡར་ཐོན་ཅན་ཚོའི་བསམ་ཚུལ་གྱི་ནུས་ཤུགས་འདོན་ངེས་ཡིན།” ཞེས་དང༌། དེ་བཞིན་ ༡༩༨༨ ལོའི་གསུམ་དུས་གསུང་འཕྲིན་ནང་ “ངས་དེ་སྔོན་ནས་ཐེངས་མང་ཤོད་མྱོང་བ་ལྟར། ཏཱ་ལའི་བླ་མའི་ལམ་སྲོལ་འདི་ཡང་མུ་མཐུད་གནས་དགོས་མིན་ནི་བོད་མི་མང་གིས་ཐག་གཅོད་བྱེད་ངེས་ཡིན།” ཞེས་དང༌། དེ་བཞིན་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་གྲངས་ནས་བཟུང་བཀའ་ཤག་དང༌། སྤྱི་འཐུས། ལས་བསྡོམས་ཚོགས་འདུ་སོགས་སུ་ད་ཕྱིན་རྒྱལ་བ་རིན་པོ་ཆེ་མེད་པ་ལྟ་བུར་བརྩིས་ཏེ་གཞུང་དང་མང་ཚོགས་ཀྱི་ལས་འགན་ཆ་ཚང་འཁུར་དགོས་ཞེས་ཡང་ཡང་བཤད་ཡོད། དེ་བཞིན་སྤྱི་འཐུས་སྐབས་ ༡༣ པའི་ཚོགས་གཙོ་དང༌། སྐབས་དེའི་ཁྲིམས་ཞིབ་པ་ཆེ་བ་བཅས་ལ་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་འཆར་ཁག་གི་ཐོག་ངོས་ནས་མིང་རྟགས་འགོད་རྒྱུས་མཚོན་ཆབ་སྲིད་དང་འཛིན་སྐྱོང་གི་དབུ་ཁྲིད་ཀྱི་མཚན་གནས་རྗེས་འབྲེལ་གྱི་བྱེད་སྒོ་དེ་རིགས་མེད་པ་བཟོ་འགབ་བརྗོད་ཡོད་ཀྱང༌། སྐབས་དེར་རྒྱུ་མཚན་རྣམ་མང་བགྲངས་ཏེ་གནས་སྐབས་ངང་འཐེན་དགོས་པའི་ཨུ་ནན་བྱུང་བ་ལྟར་དེ་མུས་སུ་ལུས། དེ་བཞིན་སྔ་ལོ་ཕྱི་ཟླ་ ༨ ཚེས་ ༣༡ ཉིན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་སྐབས་སུའང་ཞིབ་ཕྲ་བརྗོད་རྒྱུ་བྱུང་བ་ལྟར། ད་ཆ་གལ་ཆེའི་གནད་དོན་འདི་ཉིན་འགྱངས་ཞག་འཕུལ་དུ་མ་བཞག་པར་ད་རེས་གྲོས་ཚོགས་ཀྱི་ཚོགས་དུས་འདིའི་ཐོག་བཅའ་ཁྲིམས་གཙོ་བོར་གྱུར་པའི་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་དགོས་ངེས་རྣམས་བསྐྱར་བཅོས་ཀྱིས་ངོས་ནས་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་ཆབ་སྲིད་དང་འཛིན་སྐྱོང་གི་བྱེད་སྒོ་གང་ཡང་མ་དགོས་པ་ཞིག་ངེས་པར་བྱེད་དགོས།

སྐབས་འདིར་ནན་བརྗོད་བྱ་རྒྱུ་ཞིག་ལ། བར་སྐབས་དེར་བཙན་བྱོལ་བོད་མིའི་སྡོད་སྒར་ཁག་གིས་མཚོན་བོད་ཕྱི་ནང་གི་མང་ཚོགས་དང༌། མི་སྒེར་མང་པོས་ལྷག་བསམ་ཟོལ་མེད་ཀྱིས་ངོས་ལ་སྔར་བཞིན་ཆབ་སྲིད་ཀྱི་འགན་ཁུར་མུ་མཐུད་བྱ་དགོས་རེ་བསྐུལ་བྱུང་ཡང༌། ངོས་ཀྱི་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་ཁུར་བྱེད་འདོད་མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་འཐབ་རྩོད་བློས་བཏང་བ་ཞིག་གཏན་ནས་མ་ཡིན་པར་བོད་མིའི་འཕྲལ་ཕུགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན། བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་རྒྱུན་གནས་ཐུབ་པ་དང༌། བོད་མིའི་དྲང་བདེན་གྱི་འཐབ་རྩོད་རྒྱུན་སྐྱོང་ཐུབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་ཞིང༌། ཅི་སྟེ་ད་དུང་ལོ་བཅུ་ཕྲག་འགའ་ཤས་མུ་མཐུད་གནས་དགོས་པ་བྱུང་ན་ངོས་ནས་འགོ་ཁྲིད་བྱེད་མ་ཐུབ་པའི་དུས་ཤིག་ངེས་པར་ཡོང་རྒྱུ་ཡིན་པ་ནི་ཚང་མས་ཤེས་གསལ་དང༌། ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་ཆ་ཚང་ྋརྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ངོས་ཀྱིས་མཐུན་འགྱུར་བྱེད་ཐུབ། དེ་མིན་འདི་མུར་ལུས་ཏེ་ནམ་ཞིག་གློ་བུར་ངོས་ཀྱི་འགོ་ཁྲིད་མེད་པའི་དུས་སྐབས་ཤར་ཚེ་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ཞིག་ཡོང་སྲིད་པས་དེ་འདྲ་མི་ཡོང་ཆེད་ད་ལྟ་ནས་ངེས་པར་ལག་ལེན་བྱེད་དགོས་པ་དེ་བོད་མི་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ཏུ་གྱུར་ཡོད། ངོས་རང་བོད་ཀྱི་ཡུལ་མི་ཞིག་ཡིན་པ་དང༌། བོད་མི་རིགས་དང་རྒྱལ་དབང་སྐུ་ཕྲེང་དབར་ལས་སྨོན་གྱི་འབྲེལ་བའི་དབང་གིས་རྒྱ་ཆེའི་མང་ཚོགས་ཚང་མའི་ཡིད་ཆེས་བློ་གཏད་ཡོད་པ་དེ་སྲིད་དུ་ངོས་ནས་བསྟན་སྲིད་སྤྱི་དོན་ཡལ་བར་འདོར་མི་སྲིད་ཅིང༌། བོད་ཀྱི་རྩ་དོན་སྒྲུབ་ཐབས་དང༌། ཆོས་ཕྱོགས་ཀྱི་བྱེད་སྒོ་མཐའ་དག་རྒྱུན་འཁྱོངས་ངེས་པར་བྱེད་རྒྱུར་ཚང་མས་བློ་གཡེང་མི་དགོས།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༣༡ པའི་ནང་སྡེ་སྲིད་ལྷན་ཚོགས་ཀྱི་ཆ་རྐྱེན་ཞིག་ཡོད་ཀྱང་དེ་ནི་སྔོན་སྲོལ་རྒྱུན་སྐྱོང་ལྟ་བུ་དང་བར་བརྒལ་གྱི་ཆ་རྐྱེན་ཙམ་ལས་ྋརྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་བྱེད་མི་དགོས་པའི་ཆ་རྐྱེན་ཞིག་ཏུ་གྱུར་མེད། དཻར་བརྟེན་ད་ལམ་བཅའ་ཁྲིམས་བསྐྱར་བཅོས་སྐབས་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་འགྱུར་བ་བཏང་ནས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མི་སྣས་དུས་ཡུན་ངེས་ཅན་དུ་བྱ་རྒྱུའི་ཆ་རྐྱེན་བསྐྲུན་ཏེ་བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ངེས་པར་བཟོ་དགོས་ཤིང༌། དེའི་འོག་རྗེས་འབྲེལ་དོན་ཚན་གཞན་དག་དང༌། ཁྲིམས་སྒྲིག་གཞན་ཁག་བསྐྱར་བཅོས་བྱ་རྒྱུའི་ཆེད་ཚོགས་ཆུང་ཟུར་འཛུགས་སམ་ལས་རིམ་ཇི་དགོས་ཚོགས་དུས་འདི་རང་དུ་གཏན་འབེབས་ལག་བསྟར་ངེས་པར་དུ་ཐུབ་པ་དགོས་རྒྱུ། དེ་ལྟར་བྱུང་མཚམས་མ་འོངས་བོད་ཀྱི་རྩ་ཁྲིམས་འཆར་ཟིན་དང་ཆབ་སྲིད་ལམ་སྟོན་སོགས་ངོས་ཀྱིས་སྤེལ་བའི་སྲིད་དོན་གྱི་ཡིག་ཆ་འགའ་ཤས་རང་བཞིན་ནུས་མེད་དུ་འགྲོ་རྒྱུ་དང༌། དགའ་ལྡན་ཕོ་བྲང་ཞེས་པའི་མིང་བྱང་ཡང་སྐབས་བསྟུན་འགྱུར་བ་གཏོང་དགོས་དེ་དོན་ཡིད་འཇགས་འཚལ། གྲོས་ཚོགས་ཀྱི་བྱེད་སྒོ་ཁག་ལམ་ལྷོང་ཡོང་བའི་སྨོན་འདུན་བཅས་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་ཆོས་སྨྲ་བ་བསྟན་འཛིན་རྒྱ་མཚོས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༡ དགེ་བར་བྲིས།།  ཞེས་བསྟན་འདུག 

 

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༢༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 12

  1. བསང་ཆུ་འབྲུག་བྷེ། says:
    ལོ་ 14 སྔོན།

    རྒྱལ་བ་དོན་གྱི་བདག་པོས་འདི་འདྲའི་ཁ་གསལ་གཏིང་ཟབ་ཀྱི་ལམ་བཟང་བོ་ཞིག་སྟོན་གྱིན་པ་ལ།ད་དུང་བོད་མིའི་སྤྱི་ཚོགས་ཀྱི་ལས་སྣེ་ཚོས་གོ་བ་ཙམ་ལོན་གྱི་མེད་པ་འདི་དངོས་གནས་ཡིད་སྐྱོ།་ངུ་ཤོར།སེམས་ཕངས། ད་ནི་བོད་ལ་དོན་གྱི་ཤ་ཚ་ཡོད་མཁན་ཚོས་བསམ་བློ་གཏོང་དགོས། ཕ་ཡིས་བུ་ལ་བདམས་པའི་བཀའ་གསུང་འདི་དངོས་གནས་དུས་ལ་བབ་ཡོད།

    Reply
  2. ཇོ་བོ་རྣམས་གཉིས། says:
    ལོ་ 14 སྔོན།

    དགའ་ལྡན་ཕ་བྲང་སྒོ་རྒྱབ་རྒྱུ་ཡིན་ནམ་མིན་ཞེས་པའི་འགྲོ་གླེང་སྐབས་ངས་ང་ཆུང་དུས་དར་ཁྱབ་ཆེ་བའི་གཞས་དགའ་ལྡན་གཡུ་ཡི་ཕོ་བྲང་མཇལ་དུས། མིག་ཆུ་རང་དབང་མེད་པར་ཤོར་བྱུང་ཟེར་བ་དེ་ད་ལྟ་གཏང་རན་འདུག་བསམ་བྱུང།

    Reply
  3. རླུང་བུ། says:
    ལོ་ 14 སྔོན།

    ཁོང་གི་ཐུགས་དགོངས་དེ་དེ་བཞིན་དུ་འགྲུབ་པར་ཤོག་ཅིག། ཁོང་གི་ཞབས་པད་བསྐལ་བ་རྒྱ་མཚོའི་བར་དུ་བརྟན་པར་གྱུར་ཅིག།
    རླབས་ཆ་ེབའི་བཀའ་མོལ་འདི་ཐེངས་གཅིག་བཀླགས་ཚེ་དངོས་གནས་ཡིད་སེམས་གཏིང་ནས་འཁུལ་བྱུང་། ༸རྒྱལ་བ་བཅུ་གསུམ་པ་ཆེན་པོའི་ཆུ་སྤེལ་ཞལ་གདམས་ཞུ་བ་དེ་ཡང་དྲན་བྱུང་། ད་ནི་དངོས་གནས་ཉིན་འགྱངས་ཞག་ཕུད་དུ་མ་སོང་བར་འབྲེལ་ཡོད་ཚོས་གྲོས་བསྡུར་ལེགས་པར་གནང་སྟེ་ཁོང་གི་བཀའ་གསུང་བཞིན་མདུན་སྐྱོད་བྱ་རྒུ་ལས། ལམ་དང་ལུགས་སྲོལ་ལྟར་གྱི་གསོལ་འདེབས་ཀྱིས་འཐུས་པར་མི་བྱེད་པའི་རེ་བ་ཞུལརྒྱུ་མཚན་ནི་བོད་བསྟན་སྲིད་འདི་ཁོང་གི་ཐུགས་ཀྱིས་འདོར་མི་སྲིད་པའི་ཡིད་ཆེས་གཙང་མ་ཡོད།

    Reply
  4. གངས་ཅན། says:
    ལོ་ 14 སྔོན།

    ལོ་རྒྱུས་ཀྱི་བྱུང་རིམ་དང་མང་གཙོའི་འཕེལ་རིམ། སྐབས་སུ་བབ་པའི་ལས་དོན་རྣམས་བཀའ་སློབ་ལམ་སྟོན་ཟབ་ཅིང་རྒྱས་པ་གསུང་འདུག་ལ། ཚང་མས་སློབ་སྦྱོང་བྱས་ཏེ་རང་དོན་རང་གཅེས་ཀྱིས་རང་གི་རྒྱལ་ཁབ་དང་མི་རིགས་འདིའི་ཐོབ་ཐང་རྩོད་ལེན་དང་རིག་གཞུང་སྲུང་སྐྱོབ་ལ་གང་དགའ་ཅི་ལེགས་དང་། མི་སྣ་གསོ་སྐྱོང་ལ་འབད་འབུངས་བྱེད་རྒྱུ་ཁ་ཚ་དགོས་གཏུགས་སུ་ངེས། ད་ལྟ་བར་དུ་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་གསོ་སྐྱོང་བྱེད་པའི་ནུས་པ་འདང་མེད་པ་དང་འཐུས་ཤོར་འདུག་བསམ་པ་ལྟ་བུ་ཞིག་འདུག

    Reply
  5. སོག་ནག་ཚང་། says:
    ལོ་ 14 སྔོན།

    ལས་ཀྱི་སྣེ་མོར་འཁོད་པའི་འུ་ཚང་གི་སྤྱི་འཐུས་རྣམ་པ། ཡིད་བཞིན་ནོར་བུའི་བཀའ་སློབ་འདི་ཕ་མས་ཕྲུ་གུ་ལ་བསླབ་བྱ་གནང་པ་ལྟར་གསུང་འདུག བཀའ་གསུང་ཟབ་མོ་འདིའི་དགོངས་དོན་མཐའ་དག་གྲོས་ཚོགས་ཀྱི་ར་བ་ནས་གང་དགེ་ཅི་དྲགས་ཀྱི་ཐབས་ལམ་བཙལ་ནས་སྤྱི་སྨན་ཁོ་ན་བསམ་གཞིགས་གནང་བའི་དུས་ལ་བབ་འདུག དེ་མི་དགའ་ཁ་འཐེན་འཁྱེར་བྱས་ཏེ་ཐ་གུ་སྣེ་ཤོར་བྱུང་ན་འགྱོད་པ་རྟས་མི་ཟིན་པ་འབྱུང་རྒྱུ་ཟུར་བལྟས་ལེབ་མཐོང་རེད། ད་ནི་ང་ཚོ་བྱིས་པ་ཞིག་ལ་མཚོན་ན་རང་གི་རྐང་མགོར་ལངས་པའི་དུས་ལ་བབ་ཡོད། ད་ལྟ་བར་དུ་ཡིད་བཞིན་ནོར་བུས་གཡས་སྐྱོར་གཡོན་སྐྱོར་བྱས་ནས་ཡོང་ནི་རེད། ད་ང་ཚོ་ལངས་ཐུབ་པའི་ཡིད་ཆེས་དང་རེ་བ་གནང་གི་ཡོད། ང་ཚོས་ཁོང་གི་རེ་བ་གསོན་པོ་འདི་ཆུད་ཟོས་སུ་གཏོང་མི་ཉན།

    Reply
  6. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    ཐུགས་དགོངས་དེ་དག་དེ་བཞིན་དུ་འགྲུབ་པར་ཤོག་།།
    གང་གསུངས་པ་ཐམས་ཅད་དེ་བཞིན་དུ་ལག་སྟར་རྒྱུ་ཡིན་།།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ༸གོང་ས་མཆོག་གི་གསུང་འཕྲིན་བླ་ན་མེད་པ་ཅིག་གནང་བ་ལ། བཀའ་དྲིན་བླ་ལྷག་ཏུ་ཆེེེ།
    ༸སྐུ་ཚེ་ཡུན་བརྟན་ཤོག ཤོག ཤོག །

    Reply
  8. ཆོས་འཕེལ། says:
    ལོ་ 14 སྔོན།

    འདི་ཕྱིའི་གཉིས་ཀྱི་རེ་ལྟོས་འཆའ་ཡུལ་༧གོང་ས་སྐྱབས་མགོན་ཆེན་པོ་ནི། དོན་གྱི་ཆོས་སྲིད་ཀྱི་ཐམས་ཅད་མཁྱེན་པ་དངོས་རང་རེད། ད་ལྟའི་བཀའ་བློན་ཁྲི་པ་ནི་དངོས་གནས་གནད་འགག་ཤིན་ཏུ་ཆེན་པོ་ཡིན་པ་དང་། བཀའ་བློན་ཁྲི་བ་ཕེབས་མཁན་དེས། བོད་ནང་དུ་སྙིང་སྟོབ་བསྐྱེད་ཐུབ་པ་དང་། ཤུག་རྐྱེན་ཐེབ་ཐུབ་མཁན་ཞིག་དགོས་ཀྱི་ཡོད་པ་དེ་ཚང་མས་མ་བརྗེད་པ་བྱ་དགོས།
    བསྟན་འཛིན་རྣམ་རྒྱལ་གྱིས་ཕྱི་རྒྱལ་ཕྱོགས་སུ་འཇོན་ན་ཡང་བོད་ནང་དུ་ཤུགས་རྐྱེན་ཇི་འདྲ་ཞིག་ཐེབས་ཐུབ་མིན་ནི། ཁོང་གི་རྗེས་འབྲངས་བོད་དུ་ཡོད་པའི་སྙིང་སྟོབ་དང་། བསམ་ཕྱོགས་ལ་གནོ་བསམ་ལེགས་པར་གཏོང་དགོས་པ་ཞིག་ཆགས་འདུག་ལ། བློ་བཟང་སེང་གེས་ཤུགས་རྐྱེན་ཐེབས་ཡུལ་གྱི་མིའི་བློ་སྟོབ་དང་བསམ་ཕྱོགས་ལ་ཡང་ངེས་པར་བསམ་གནོ་ལེགས་པར་འདོན་དགོས་པར་སྣང་། གང་ལྟར་རང་རང་ལ་ཞིབ་དཔྱད་ལེགས་པར་གནང་། འཆོལ་ཁ་དང་ཆོས་ལུགས་ཀྱིས་དབང་གིས་རང་དགའ་གཉེན་ཕྱོགས་ཀྱིས་འོས་འཕེན་གྱིན་འདུག་ན། རང་རང་ལ་་ཞེ་སྡང་ལང་ནས་ལྡོག་ཕྱོགས་དེ་ལ་འོས་འཕེན་དགོས་ལ། སོ་སོའི་རྣམ་དཔྱོད་ཀྱིས་བོད་དོན་ལ་འདི་ལེགས་ཀྱི་འདུག་བསམ་པའི་ངེས་ཤེས་ཞིག་འདུག་ན་དེ་ལ་འོས་འཕེན་རྐྱང་བྱེད་དགོས། བཀྲ་ཤིས་བདེ་ལེགས

    Reply
  9. གནས་ཚང་། says:
    ལོ་ 14 སྔོན།

    རྒྱབ་བསྐྱོར་བརྒྱ་ཆའི་བརྒྱ་ཐམ་པ་ཡོད།

    སྔར་ཆུ་སྤྲེལ་ཞལ་གདམས་མ་བརྩིས་པར་རྒྱལ་ཁབ་ཤོར་མཁན་ཚོ་འཁོར་དང་བཅས་པའི་རྗེས་སུ་འགྲོ་ལྡོག་མི་གནང་བར་བོད་མི་རང་ལ་དགོས་པའི་དོན་ཆེན་འདིར་དམིགས་པའི་ཡེ་ཤེས་དབྱིངས་དཔྱད་ལ་བརྩི་བཀུར་དོ་ནན་ཡོང་བའི་འབོད་སྐུལ་ཡོད།

    Reply
  10. དཀར་མཚོ་སྐྱིད། says:
    ལོ་ 14 སྔོན།

    གོང་ས་༸མཆོག་གི་བཀའ་སློབ་འདི་ནི་བོད་གཞིས་བྱེས་མི་དམངས་ཀྱི་སེམས་སུ་ན་ཟུག་ཆེན་པོ་ཞིག་སྐྱེས་ཡོད་ནའང་དོན་དངོས་སུ་ཁོང་གི་ཐུགས་ཀྱི་བཞེད་དགོངས་མཐའ་དག་གི་དོན་སྙིང་ལ་གོ་བ་ཟབ་མོ་ཞིག་ལྡན་ཡོད་པས་ངེས་པར་དུ་བསམ་གཞིག་བྱེད་དགོས་ངེས་ཡིན་པ་དང་དགའ་ལྡན་ཕོ་བྲང་ཞེས་པའི་མིང་བྱང་ལ་འགྱུར་བ་གཏོང་དགོས་ན་བདག་གི་བསམ་པར་བོད་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་བྲིས་ན་ལེགས་པར་སྙམ།

    Reply
  11. ལོ་གསར། says:
    ལོ་ 14 སྔོན།

    ༇། །ཐོག་མ་གནམ་ལོ་གསར་བཞད་ལ་མཚམས་འདྲི་ཞུ།
    ༧གོང་ས་མཆོག་གིས་གསུང་འཕྲིན་འདི་ནི་དེང་དུས་འཛམ་གླིང་ནང་ལ་དབུ་ཁྲིད་ཆེས་ཧ་ཅང་མང་ཡང་དོན་ལ་རང་སྡེ་ཆོས་ལུགས་དང་རང་གིས་ལུང་མཚན་སོགས་ཡོད་ཚད་ལས་རང་གིས་རྒྱལ་ཁབ་ལ་ཞེ་ཕུག་ནས་ཐུགས་བསམ་བཞེས་མཁན་ཡིན་ལ། འདི་ནི་ཞལ་ནས་གསུང་ཐེངས་དང་པོ་ག་ལ་ཡིན། དེ་འདྲ་ཡིན་དུས་ད་ནི་བོད་མི་རྣམས་ཀྱིས་ཐུགས་བསམ་འདི་རྟོགས་ཐུབ་པ་ཤོག་ཞུ་ཡག་ཡིན།།

    Reply
  12. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    དངོས་གནས་རྡོ་སྦིས་དགེ་བཤེས་ཤེས་རབ་ཀྱིས་འདི་ལས་ཀྱང་གསལ་ཞིག་འབྲི་དགོས་ཚེ་བོང་བུས་ཀྱང་གོ་བ་ཞི་དགོས་པ་འདྲ་ཞེས་པ་ལྟར། བཀའ་གསུང་འདི་ལས་གསལ་ཞིག་ཇི་ལྟར་བྱས་ནས་གསུང་རྒྱུ། ད་ནི་གྲོས་ཚོགས་ཀྱིས་བསམ་བསམ་བློ་ཡག་པོ་བཏང་ནས་བསྒྱུར་བཅོས་གཏོང་རྒྱུ་ཚོ་ལ་ཏན་ཏན་ཅིག་བཟོ་དགོས་པ་མིག་མཐོང་ལག་ཟིན་དུ་ངེས་འདུག

    ༼ ད་ཆ་གལ་ཆེའི་གནད་དོན་འདི་ཉིན་འགྱངས་ཞག་འཕུལ་དུ་མ་བཞག་པར་ད་རེས་གྲོས་ཚོགས་ཀྱི་ཚོགས་དུས་འདིའི་ཐོག་བཅའ་ཁྲིམས་གཙོ་བོར་གྱུར་པའི་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་དགོས་ངེས་རྣམས་བསྐྱར་བཅོས་ཀྱིས་ངོས་ནས་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་ཆབ་སྲིད་དང་འཛིན་སྐྱོང་གི་བྱེད་སྒོ་གང་ཡང་མ་དགོས་པ་ཞིག་ངེས་པར་བྱེད་དགོས།༽བཀའ་གསུང་དེའི་དོན་ལ་དཔྱད་ན་དཔོགས་ནུས་སོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese