༼ བོད་ཀྱི་དུས་བབ་ཚགས་ཤོག་སྤྱི་འཐོན་ཐེངས་ ༥༡༥ སྟེང་གི་རྩོམ་སྒྲིག་པའི་གཏམ། ༽
བོད་ནང་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་རེ་འདས་གྲོངས་སུ་ཕྱིན་སྐབས། ངྷ་རམ་ས་ལ་ན་མར་མེ་ཁྲོམ་སྐོར་ཞིག་དང་ཚད་མེད་ཡོན་ཏན་འགའི་སྐྱེལ་མ་ཡོད། ངྷ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་ཚོས་བཞུགས་སྒར་ཁུལ་གྱི་གྲྭ་བཙུན་འགའ་རེ་དང་སློབ་ཕྲུག་རེ་གཉིས། བོད་ནས་ཕེབས་པའི་གསར་འབྱོར་བ་སྐོར་ཞིག་གི་ལག་ཏུ་ལཱ་སྒྲོན་རེ་བཞག་ཅིང་། དོར་མའི་དབྱིབས་ཀྱི་མེག་ལོར་ཁྲོམ་གཞུང་ཆུང་ཆུང་དེར་སྐོར་བ་འགའ་བརྒྱབ་ནས་གཙུག་ལག་ཁང་གི་ཕྱོགས་སུ་བུད་འགྲོ འཆར་ཅན་ལྟ་བུའི་ལས་འགུལ་སྟབས་བདེ་དེ་རིགས་ནི། གཅིག་བྱས་ན་ཚོགས་པ་སྐྱིད་སྡུག་ཁག་གི་གོ་སྐབས་ཤིག་ཡིན་སྲིད་ལ། གོ་སྐབས་དེར་ཧབ་ཐོབ་རྒྱག་མཁན་རེ་ཟུང་བར་ལྐོག་གྱུར་གྱི་ཁ་དཔུང་ལྟ་བུའི་འགལ་བ་རེ་ཟུང་ཡང་ཡོད་སྲིད། མཚམས་ལ་རེར་འཆར་ཅན་གྱི་ལས་འགུལ་དེ་ཡང་བསྒྲུབ་མ་ཐུབ་པར་རྒྱལ་གཅེས་དཔའ་བོ་མང་པོ་ཞིག་གི་ཚེ་སྲོག་ལ་རིན་ཐང་དང་རྣམ་ཤེས་ལ་བདག་པོ་མེད་པར་རྒྱ་ཡན་དུ་ལུས་ཡོད།
ད་དུང་གཙུག་ལག་ཁང་དུ་མི་མང་ལ་མར་མེ་ཁྲོམ་སྐོར་གྱི་མཇུག་བསྡོམས་རིང་པོ་ཞིག་དང་། གཅིག་འཕྲོར་གཅིག་མཐུད་དང་། གཅིག་ལས་གཅིག་རྫིག་གི་གཏམ་བཤད་རྫོགས་མེད་ཅིག་གི་རྫོངས་པ་ཡོད། སྐབས་དེར་གསུང་སྐད་སུ་མཐོ་བ་དང་། ངར་ཤུགས་སུའི་ཆེ་བའི་འགྲན་རྩོད་རྣོ་ངར་ཆེ་ལ། ཁ་བཤད་དོན་ལ་གནས་མིན་ཇི་ལྟར་ཡང་། བྱང་ཆ་སོང་ཡོད་པའི་གཏམ་བཤད་པ་དག་གི་སྐད་ཆ་དེ་དག་གིས་མང་ཚོགས་ཚོར་གནས་སྐབས་རིང་སེམས་ཚོར་སྐྱེན་པོ་ཞིག་གི་གསོལ་སྟོན་བསྒྲིག་ངེས་ཡིན། དེ་ལྟར་ལས་འགུལ་གྲུབ་མཚམས་ཚོགས་པ་ཚོས་རྒྱལ་ཁ་ཆེན་པོ་ཞིག་བླངས་ཟིན་པ་ལྟར། འདོད་པ་ཁེངས་ཤིང་རློམ་སེམས་བསྣམས་ཏེ་ཕེབས་འགྲོ། ལས་འགུལ་ནང་ཞུགས་མཁན་ཚོར་ཡང་ཚད་མེད་ཡོན་ཏན་འུར་འདོན་གྱི་སྐད་ཤུགས་དང་། གཏམ་བཤད་པ་དག་གི་ངར་ཤུགས་ཀྱིས་སེམས་པ་ལྷུང་ལྷུང་བོར་གྱུར་ཏེ། ཅི་དྲན་འདི་དྲན་མེད་པར་ཁ་ཁུ་སིམ་པོར་རང་རང་སར་ལོག་འགྲོ།
སྤྱིར་གདུང་སེམས་མཉམ་སྐྱེ་དང་སྐྱིད་སྡུག་མཉམ་མྱོང་། གཅིག་རྒྱབ་གཉིས་ལངས་ཀྱི་ལས་འགུལ་འདི་རིགས་ཡི་རངས་བསྔགས་བརྗོད་ཀྱི་གནས་སུ་མཆིས་མོད། ད་ལྟའི་ངྷ་སའི་བྱེད་བབ་འདིའི་འོག་ནས་བལྟས་ན། དེ་ནི་ཀུན་སློང་རྣམ་དག་ཅིག་དང་སེམས་ཤུགས་བཅོས་མིན་ཞིག་གི་འགུལ་སྐྱོད་ལ་སུས་ཀྱང་ངོས་འཛིན་བྱེད་དཀའ། འདས་པོ་དག་གི་ཆེས་མཐའ་མཇུག་གི་སྐྱེལ་མ་དེར་ཞུགས་མཁན་ཚོའི་ཁྲོད་དུ་ཡང་། རྙིང་འབྱོར་ལས་གསར་འབྱོར་མང་ལ་ཕྱུག་པོ་ལས་དབུལ་བོ་མང་། ལས་བྱེད་ལས་ལས་མེད་མང་ལ་སྐྱ་བོ་ལས་སེར་མོ་མང་། ལས་འགུལ་ཆུང་ཆུང་འདི་རིགས་དང་བསྟུན་ཏེ། ཚོགས་པ་འགའ་རེ་ཡིས་རྩ་དོན་ཁྱབ་བསྒྲགས་ལས་ཚོགས་པ་ཁྱབ་བསྒྲགས་ལ་བརྩོན་ཞིང་། ལས་འགུལ་གྲུབ་འབྲས་ལས་ཞལ་འདེབས་བསྡུ་སློང་ལ་རེམ། གཏམ་བཤད་པ་རེ་ཟུང་གིས་ཀྱང་གོ་སྐབས་འདི་བཟུང་སྟེ། མི་མང་ལ་སྣང་བརྙན་ཡག་པོ་རེ་འཇོག་ཨེ་ཐུབ་ལ་ལྟ་ཞིང་། འགའ་རེ་ཡིས་མཁས་མིང་གི་མཚན་སྙན་བཅོས་མ་རེ་རག་ཨེ་ཐུབ་ལ་འབད།
ངྷ་རམ་ས་ལའི་ལས་འགུལ་འདི་ལྟར་རྒྱལ་ཁའི་ནང་མཇུག་བསྒྲིལ་སོང་བ་འདྲ་ཡང་། བོད་ནང་གི་བོད་མི་ཚོ་སྔར་བཞིན་ལྕགས་སྒྲོག་གི་སོ་ཁ་དང་། མེ་མདའི་ཁ་གཏད་དུ་ཨུ་ཚུགས་དང་དཔའ་ངར་གྱིས་འགྲེངས་ཡོད། དོ་ནུབ་འཛིན་དང་སང་ཉིན་འཛིན། ད་ལོ་གསོད་དང་སང་ལོ་གསོད་ཆ་མ་འཚལ་ཞིང་། ཕ་བསད་དེ་བུ་དང་བུ་བསད་དེ་ཐབ་ཀར་ཐུག་ཀྱང་ཞུམ་པ་མེད་པར་བདེན་ལུགས་རྩོད་ཀྱི་ཡོད། ཁོང་ཚོའི་ཆུ་བུར་མིག་གི་ལྟ་ས་དང་དམར་ཆུང་སྙིང་གི་ཉན་ས་བཙན་བྱོལ་གཞུང་དམངས་ཡིན་མོད། ཕྱི་ཕྱོགས་ནས་འདི་ལྟར་ཉི་མ་འཁྱོལ་ཐབས་དང་མི་ཚེ་བསྐྱལ་ཐབས་ཀྱིས་གྲུབ་འབྲས་མེད་པའི་ལས་འགུལ་ཙག་ཙིག་རེ་སྤེལ་ཏེ། གཏད་སོ་བྲལ་བའི་གཏམ་བཤད་ཆལ་ཆོལ་རེ་གནང་བསྟད་ན། “ནམ་རིང་ན་རྨི་ལམ་མང་།” ཞེས་པའི་དཔེ་ལྟར། གཞིས་སྲུང་སྤུན་ཟླའི་སེམས་པ་ཨ་ཐང་ཆད་དེ་ཕྱི་ལ་ཞེན་པ་ལོག་ཉེན་ཆེ་ལ། དམར་པོའི་གཞུང་ལ་བཟོད་བསྒོམས་བྱས་ཏེ་དགྲ་གཉེན་གྲོགས་སུ་བསྡེབ་ཉེན་ཡོད།
དྲ་གྲོགས་བཟོད་པ་ལྷ་རྩེ་དང་གནས་ཚང་གིས་གསུངས་པ་བདེན་པ་རེད། སྤྱིར་ལས་འགུལ་སྤེལ་སྟངས་དང་། གྲ་སྒྲིག་བྱེད་ཕྱོགས་མི་འགྲིག་པ་ཡོད་ཤས་ཆེ། འོན་ཀྱང་ཐབས་ལམ་འདི་དང་འདི་ཡོད་དོ་ཞེས་ཐབས་བྱུས་གཅིག་ཀྱང་མི་འདོན་པར་སྐྱོན་བརྗོད་འབའ་ཞིག་བྱས་ན་སྤྱི་ཚོགས་ནང་ཕན་ལས་གནོད་ཚབ་མི་ཆེའམ།
རྩོམ་སྒྲིག་པས་གཏམ་དེ་བསྐྱར་འགོད་བྱས་པ་ཡག་བྱུང་། མི་ཚང་མས་བསམ་ཚུལ་འདོན་མཁན་ཚོར་ཅིག་ཁྱེར་ཤོག་ཉིག་ཁྱེར་ཤོག ཁྱེར་ཤོག་དང་ང་ཚོས་བྱས་ཆོག ད་ལྟ་འདིི་ལས་ལྷག་ཅིག་མི་འདུག་གཱ་ཟེར་བ་འདི་ཐུན་མོང་གི་བཤད་སྟངས་ཤིག་རེད། སྐད་ཆ་འདི་དེང་སང་མི་ཚང་མས་བེད་སྤྱོད་ཚད་ལྡན་གཏོང་ཤེས་ཀྱི་ཡོད། ཡིན་ནའང་། རང་རང་གི་དམིགས་དོན་ལ་འདི་ལས་བྱེད་རྒྱུ་ཞིག་མ་རྙེད་པའི་ཁ་གསལ་བོ་མ་ཆགས་པ་ནི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོ་རེད། ཁོང་ཚོ་དག་གིས་ཁོང་ཚོ་ཅི་ལྟར་ཚུགས་པ་དང་། ཅིའི་ཕྱིར་བཙུགས་པའང་བརྗེད་སོང་བ་འདྲ་མིན་ན།
ཡང་ན་ཀླད་པ་བརྡར་ནས་ཟད་སོང་བ་ཡིན་ན། གནམ་ས་གཉིས་ཁ་འབྱར་རྒྱུར་སྒུག་མ་བསྡད་པར་མི་གཞན་ལ་གོ་སྐབས་སྤྲོད་དགོས་པ་རེད། རིགས་རུས་དང་རྒྱུ་དངོས་སྐྱ་སེར་དབྱེ་བ་མེད་པར་སྐོང་འགུག་གནང་ནས་བསམ་ཚུལ་བསྡུ་དགོས་པ་རེད། གང་ཡོང་ཅི་ཡོང་གིས་གང་བྱས་དོན་ལ་རྔོ་ཐོག་པ་ཞིག་མེད་ན། ད་ཚོགས་པ་དང་སྒྲིག་འཛུགས་གནས་དགོས་དང་མི་དགོས་ལ་བསམ་ཞིབ་བྱེད་དགོས་ཀྱི་རེད། ཡང་ན་ལས་དོན་གྱི་ངོ་བོ་བསྒྱུར་དགོས་ཀྱི་རེད། དེ་མིན་ན་ཚོགས་པའི་དམིགས་ཡུལ་ལ་འགྱུར་བ་གཏོང་དགོས་ཀྱི་རེད། མར་མེ་ཁྲོམ་སྐོར་དང་གཏམ་བཤད་རྫུག་པོ་རེ་དམངས་ཁྲོད་ཀྱི་ཤེས་ལྡན་པ་ཚོས་ཀྱང་འཁྱོང་གི་རེད་ལ། མི་མང་རང་ངོས་ནས་ཀྱང་འཁྱོང་གི་རེད། དེ་མིན་ན་གཞུང་གི་སྲིད་བྱུས་ལངས་ཕྱོགས་ལ་མཐུན་འགྱུར་གོང་ན་མེད་པ་གནང་ན་དགོས་པ་ཡོད་མེད་ལ་བསམ་ཞིབ་བྱེད་དགོས་ཀྱི་རེད། གང་ལྟར་འདི་ལྟར་བསྡད་དང་ན་འགྲིག་གི་མི་འདུག འདུག་སྟངས་འདི་ཆོ་ག་ཕྱག་ལེན་འདྲ་བོ་ཆགས་ནས། མི་མང་གིས་ཀྱང་དོན་དག་རེ་བྱུང་མཚམས། གཞུང་འབྲེལ་མ་ཡིན་པ་ཞིག་གིས་མར་མེ་ཁྲོམ་སྐོར་རེ་བྱེད་པ་ཐག་བཅད་ནས་བཤད་ཀྱི་ཡོད་པ་རེད།
དེ་མིན། གཞིས་ཆགས་ཁག་གི་མི་མང་གིས་འགོ་འཁྱོག་ཕྱིར་ཞལ་འདེབས་བསྡུ་རྒྱུ་འཕྲལ་དུ་བཅམ་འཇོག་བྱས་ནས། ཤེས་ཡོན་དང་དཔལ་འབྱོར་ཐད་རིག་པ་སྒྲིམ་དང་ན་བཙན་བྱོལ་ནང་ན་ལས་རྒྱུ་མེད་པ་མ་རེད། དཔེར་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་འདིས་ཆབ་སྲིད་སློབ་གླིང་ཞིག་གསར་འཛུགས་བྱེད་ཐུབ་ན། དེའི་ཐད་ཁྲིད་གཞི་གཙོ་བོ་ཞིག་བོད་ཡིག་ཐོག་གི་བོད་ཀྱི་རྒྱལ་རབས་དང་རྒྱལ་སྤྱིའི་བོད་ཀྱི་རྒྱལ་རབས་ལ་ལྟ་སྟངས་ཀྱི་འབྲེལ་ཡོད་དེབ་རྣམས་བཤིབ་བསྡུར་གྱིས་རྒྱལ་རབས་དབུས་སུ་བཞག་ཁར། སྲིད་དོན་ཚན་རིག་གི་སློབ་སྦྱོར་སྦྲགས་མ་སྤྲད་པ་ཡིན་ན། མི་གང་འཚམས་ཤིག་ཐོན་རྒྱུ་རེད་ལ། དེས་རྩ་དོན་ལ་ཕན་ཐོག་རྒྱུ་མ་གཏོགས་འདི་ལྟར་ཕྱིན་ན་ད་ལྟ་ལག་པ་འཛུགས་ས་མེད་པ་མྱོང་གྲུབ་རེད།
རྗེས་སུ་མོལ་ཆོག
ཁ་ཤས་ནང་བཞིན་ལྐོག་ལབ་དང་ལྐོག་གཏམ་ལ་དགའ་ཞིང་གོམས་པ་མིན་པར། བཤད་ཕཽད་པའི་རང་གཤིས་འདུག་པས་རྗེས་སུ་ཡི་རང་ཡོད།
ངས་ད་བར་བཤད་འདོད་ཀྱང་ཉན་མཁན་མ་རེག་པ་དང་། འབྲི་འདོད་ཀྱང་འགོད་ས་མ་རེག་པའི་སྐད་ཆ་དེ་དག་དེ་རིང་རྩོམ་སྒྲིག་པའི་སྨྱུག་ཁ་ནས་ཐོན་འདུག རང་ཉིད་ལ་མཚོན་ན། ད་ལྟའི་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་ཆེད་དུ་ལས་འགུལ་ཆེ་ཕྲ་གང་ཞིག་སྤེལ་ཡང་རྒྱག་གཅིག་མཆོངས་གཅིག་གིས་རྒྱབ་སྐྱོར་ཞུ་མཁན་གྲས་ཡིན། འོན་ཀྱང་། མང་ཚོགས་ཚང་མ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་འགུལ་ལ་ཉོབ་མེད་པ་དང་། སུན་མེད་མཁན་ཕལ་ཆེར་གཅིག་ཀྱང་ཡོད་མི་སྲིད་མོད། བོད་ནང་དུ་གནས་ཚུལ་རེ་བྱུང་སྐབས་སེམས་ཚོར་རྣོན་པོ་ཞིག་གིས་རྒྱབ་ནས་བསྐུལ། རྒྱ་ནག་ལ་ཞེ་འཁོན་དྲག་པོ་ཞིག་གིས་སྔོན་ནས་འཐེན། མེ་ཚིག་མེར་གཏུགས་ཀྱི་རེ་བ་རབ་རུབ་ཅིག་གིས་མགོ་བསྐོར་བཏང་སྟེ། སླར་ཡང་ལས་འགུལ་ནང་ཞུགས་ཀྱི་ཡོད།
ལས་འགུལ་རེ་རེ་སྤེལ་སྐབས་གྲུབ་འབྲས་ལྡན་པ་ཞིག་ཡོང་རྒྱུ་ཕར་ཞོག རྗེས་ན་བཤད་རྒྱུ་གླེང་རྒྱུ་མེད་པ་གཅིག་ཀྱང་བྱུང་མེད་པ་ཚང་མས་མཁྱེན་གསལ་ཡིན་ལ། ལས་འགུལ་རེ་རེའི་སྐབས་སུ་ཚོགས་པ་ཁག་གི་སྣེ་ཁྲིད་པ་ཚོས་གང་བཤད་པ་དང་། གང་བསྒྲུབས་པ་ཡང་ཚང་མའི་དགོངས་པར་སྔ་གསལ་རེད། ལྷག་པར་དུ་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ཞིག་གི་ངོས་ཐད་ནས་བལྟས་ན། ད་གཟོད་མགོ་འཛུགས་སྐབས་གང་བཤད་པ་དང་། མཇུག་བསྡུ་སྐབས་གང་བསྒྲུབས་པ་གསལ་བོར་རྟོགས་ཡོད་་་་་་་་་
བཤད་ལོང་བྱུང་ན་ད་དུང་རེ་རེ་བཞིན་བཤད་འདོད་ཡོད་ལ། བཤད་རྒྱུ་ཡང་ཡོད།
རྒྱུ་འབྲས་གོ་ཟློག་མི་བྱེད་པར་མགོ་འོག་ལུས་འགྲོ་ཞིག་ངེས་པར་དུ་གཞིས་བྱེས་གཉིས་ཀྱི་ཐོག་ནས་སྔོན་གྱི་སྐད་ཆ་ད་ཡོད་ལག་ལེན་གཉིས་མི་འགྱུར་བ་ཞིག་དགོས་ཀྱི་གཏམ་བཤད་ཡོད་ཚད་དངོས་དོན་དང་མི་མཐུན་པ་ཞིག་ལག་ལེན་བྱེད་པ་ཡིན་ན་དེ་ནི་ཕ་རོལ་པོ་ལ་གཡོ་འཕྲུལ་ཅན་དང་ངན་པ་ཁོག་སྦས་བྱེད་པའི་གནས་ཚུལ་ཞིག་གི་ལམ་ཁར་མ་འགྲོ་ན་ཡང་འགྲོ་བའི་དོག་གཞི་ཅན་མངོན་གསལ་གྱིས་འབྱུང་བ་འདི་ཡི་གནད་ནི་ཁས་བཤད་པ་དང་ལག་ཏུ་ལེན་པ་གཉིས་དངོས་འཛོལ་བྱུང་བའི་རྐྱེན་གྱིས་ཡིན་པ་གུས་པས་ངོས་འཛིན་བྱེད་ཀྱི་ཡོད།
ཁས་རང་སྐྱོང་དང་ཁོག་རང་བཙན་བརྗོད་པ་ཡང་གནད་འདི་ཉིད་ལས་ལྷག་འགྲོ་ས་རྐང་གཅིག་མེད།
དེརབརྟེན་གཞིས་བྱེས་གཉིས་ཆར་གཅིག་རྒྱབ་ཅིག་འདུག་དང་གཅིག་ཡིད་གཅིག་ཆེས་འདི་ཇི་སྲིད་བོད་ཞེས་པའི་མིང་འདི་མ་བོར་གྱི་བར་དུ་ཡལ་མི་སྲིད་པ་ཡིན་པ་ལ་དོག་གཞི་ཙམ་ཡང་འཆར་མི་དགོས་པར་སྙམས། གཞིས་ཀྱི་བོད་མི་རྣམས་ཀྱི་རང་མི་རིགས་ཀྱི་ཆེད་དུ་ལས་འགུལ་འདི་རིགས་ཐམས་ཅད་གཞིས་བྱེས་བོད་མི་ཡོད་དོ་ཅོག་གི་ཆེད་དུ་ལུས་སྲོག་ལོངས་སྤྱོད་ཕང་མེད་དུ་མྱོང་བ་ཞིག་ལས་བྱས་ཀྱི་བོད་མི་ཁོ་ནའི་ཆེད་དུ་མིན་པར་སྙམས།
བྱེས་ཀྱི་བོད་མི་ཚོགས་པ་སྐྱིད་སྡུག་གཞུང་དང་གཞུང་ཞབས་ཡོད་ཚད་ཀྱི་རང་ས་རང་སའི་ཁྱབ་ཁོང་ནས་དྲིལ་བསྒྲག་སྙན་ཞུ་སྤྱི་ཚོགས་ཞབས་ཞུ་ཐམས་ཅད་གཞིས་བྱས་བོད་མི་ཡོད་དུ་ཅོག་གི་དོན་དུ་ཡིན་གྱི་གཞིས་ཀྱི་བོད་མི་ཁོ་ནའི་ཆེད་དུ་ཡང་མིན་པར་སྣང་།
འདི་གཉིས་ནི་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་ཞིག་ལས་གཅིག་ཤི་ན་གཅིག་གི་ལྟད་མོ་ལྟ་འདུག་པ་ཞིག་ནི་མིན་པ་ཕྱི་གསལ་ནང་གསལ་ལ་བསྐྱར་ཟློས་དང་དོགས་སློང་དེ་ཙམ་མི་དགོས་པར་སྣང་།
བྱེས་ཀྱི་བོད་མི་ཡོངས་རྫོགས་འདི་སྐྱབས་བཅོལ་ས་རང་དབང་ལུང་པར་གནས་སྐབས་སུ་སྐྱབས་འཆའ་ས་ཞིག་ལས་གང་བྱེད་ན་བྱེད་ཆོག་ཆོག་དང་བཀའ་བཀོད་གང་གནང་ན་གནང་ཆོག་གིས་གནས་བཏང་ཞིག་གི་སྒང་ལ་མེད་པ་འདི་ནི་ཀུན་ཤེས་ཀུན་གསལ་རེད། དེར་བརྟེན་གཉིས་ཀའི་གནས་ཚུལ་དཀའ་ངལ་ལྗིད་པོ་ཞིག་གི་འོག་ཏུ་ཚུད་བསྡད་པའི་རྐྱེན་གྱིས་བྱ་སྒྲོ་རླུང་གོ་གཏེག་པ་བཞིན་ཅི་བྱེད་རང་དབང་མེད་པའི་གནས་སྟང་འདི་ཆགས་པ་ལ་ལེ་བརྡའ་བྱེད་སའི་འཁོར་ཡུག་ཞིག་མེད་པར་སྣང་། ཡིན་ན་ཡང་འགྱེལ་ས་ནས་ལང་པའི་རེ་བ་དང་། ཆད་ས་ནས་མཐུད་པའི་རེ་བ་ཞིག་གཞིས་བྱས་གཉིས་ཀྱི་ཆ་ནས་མ་བྱས་ན་མི་རིགས་དང་རིག་གནས་ཡོད་ཚད་མིང་གི་ལྷག་མ་ཙམ་ཡང་མེད་པར་འགྱུར་བའི་གཉེན་འཕྲང་ཅན་གྱི་དུས་སྐབས་འདིེར། ༧རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་མཆོག་གི་སྣེ་ཁྲིད་པའི་བོད་གཞིས་བྱེས་གཉིས་གཅིག་མོས་ཀྱི་ཐོག་ནས་ལོ་མང་རིང་དཔྱད་པ་ཉམ་མྱོང་སྨན་ཡོན་གང་དུ་ཆེ་བར་ཡང་ནས་ཡང་དུ་གཟིགས་ནས་ཀུན་མོས་ཀྱི་ཐོག་ནས་གཏན་ལ་ཕབ་པའི་ལམ་དབུ་མ་བོད་རྒྱ་གཉིས་ཆར་ལ་འདུག་བདེ་འཁོན་ཞི་གཏན་ཚུག་པ་ཞིག་གི་ལམ་ཀར་གཟིགས་ནས་ཡོངས་ཁྱབ་གསལ་བསྒྲག་དང་ཁས་ལེན་གཙང་མ་བྱས་ཚར་བའི་ཞུགས་ལ་མགོ་འོག་ལུས་ཆུད་མ་བྱས་པར་གནས་ཚུལ་ཛ་དྲག་པོའི་རང་བཙན་ཀྱི་སྐད་འབོད་སྐྱར་མཐུད་མང་པོ་འདི་རིགས་ཀྱིས་བོད་རྒྱ་གཉིས་མོས་ཀྱི་ལམ་ཁ་བཟང་པོ་འདི་ཇེ་སྡུག་ཇེ་ཞན་དུ་ཕྱིན་པ་ལས་བཟང་དུ་འགྲོ་བར་མི་འགྱུར་བ་ནི་གཙང་ཐག་ཆོད་ཀྱི་འདུག་པར་སྙམས།
མི་རིགས་ཀྱི་དོན་དུ་ཞུམ་པ་མེད་པའི་སྙིང་སྟོབས་ཕུལ་དུ་ཕྱིན་པའི་དཔའ་དཔའ་མོ་རྣམས་རང་སྲོག་བློས་བཏང་གི་ཕྱག་རྗེས་འཇོག་པ་རྣམས་ལ་གཞིས་བྱེས་བོད་མི་ཡོངས་ཀྱི་གདུང་སེམས་མཉམ་བསྐྱེད་དང་གུས་འདུད་ཞུ་དགོས་པ་ནི་དོན་དང་མཐུན་པ་ཞིག་ལས་སྤྱིར་རྩ་བའི་བསྒྲུབ་བྱ་སྒྲུབས་བྱེད་དང་འཆར་གཞི་ལས་ངོ་གང་ཡིན་ཁོག་ཏུ་ངེས་པའི་སྒོ་ནས་བྱེད་སྒོ་མཐའ་དག་སྤེལ་དགོས་འདུག་པ་ནི་ཤིན་ཏུ་གནད་ཆེ་བར་སྣང།
“གཞིས་སྲུང་སྤུན་ཟླའི་སེམས་པ་ཨ་ཐང་ཆད་དེ་ཕྱི་ལ་ཞེན་པ་ལོག་ཉེན་ཆེ་ལ། དམར་པོའི་གཞུང་ལ་བཟོད་བསྒོམས་བྱས་ཏེ་དགྲ་གཉེན་གྲོགས་སུ་བསྡེབ་ཉེན་ཡོད།” ཅེས་པ་འདི་ཡང་སྙིང་གཞིས་བཞུགས་སྤུན་ཟླ་ཚོར་ཆེ་མཐོང་བྱས་པ་ཞིག་རེད་དམ་ཡང་ན་ཁོང་ཚོའི་ལ་རྒྱ་དང་སེམས་ཤུགས་ལ་ཡིད་ཆེས་མེད་པའི་རྣམ་པ་ཞིག་རེད་དམ།
ཚོགས་པ་སྐྱིད་སྡུག་དང་སྐྱེ་བོ་སྒེར་གྱིས་ལས་འགུལ་ཆུང་ཙག་རེ་ལས་སྤེལ་མ་ཐུབ་ཀྱང་དེར་རྒྱབ་སྐྱོར་བྱ་དགོས་པ་ལས་གཤེ་ན་མི་འོས། ལྷག་པར་དུ་རྩོམ་སྒྲིག་པའི་གཏམ་ཡིན་ཞེས་སྣེ་འཁྲིད་དང་ཕྱོགས་སྟོན་གྱི་རྣམ་པ་རྩྭ་རྩེ་ཙམ་མེད་པར། ལས་འགུལ་ཆུང་ཙག་རེ་སྤེལ་ཐུབ་མཁན་དེ་ཚོར་ཡང་དེ་ལྟར་སྡང་བསྡད་ན། ནམ་ཉིན་མ་ཞིག་ལ་གསར་འགོད་པ་གཅིག་པུས་བོད་དོན་རྩོད་རྒྱུ་ཨེ་རེད། རྩོམ་སྒྲིག་པ་ཡང་དོར་མ་འདྲ་བའི་རྡ་སའི་ཁོར་ཡུག་འདི་ནས་ཐར་གྱི་མེད་པ་འདྲ།
རྩོམ་སྒྲིག་པའི་བཤད་པ་ལྟར། ཚོགས་པ་ཁྱབ་བསྒྲགས་ལ་ཤུགས་རྒྱག་གི་ཡོད་པ་དངོས་ཡོད་གནས་ཚུལ་ཞིག་རེད། ལྷག་པར་རྡ་རམ་ས་ལར་སོང་སྟེ། ཟླ་གཅིག་གཉིས་ལ་བསྡད་པ་ཡིན་ན་ཚོར་བ་འདི་མི་སུ་ལ་ཡང་སྟེར་ཐུབ་པ་ཞིག་རེད། ལས་འགུལ་རེ་སྤེལ་སྐབས་སྐུ་ངོ་རེ་ཡོང་སྟེ་རྫིག་ཐག་ཆོད་རེ་བཤད་ཀྱི་འདུག སྐད་ཆའི་ནང་དོན་ལ་ཞིབ་ཏུ་བསམ་བློ་བཏང་ན་གཏོང་བཤད་རང་རེད། དེ་བཞིན། ལས་འགུལ་ཆུང་ངུ་རེ་ལ་བརྟེན་ནས་ཞལ་འདེབས་བསྡུ་སློང་རྒྱག་མཁན་བུད་མེད་ཚོགས་པ་སྡུག་ཤོས་རེད། ཅི་ཟེར་རུང་མ་ཟེར་རུང་། ལས་འགུལ་ཐོག་ཤུགས་རྒྱག་གི་ཡོད་པར་ཡི་རངས་ཙམ་ཞུ་རྒྱུ་ཡིན།
དེང་སྤྱི་ཚོགས་བསམ་བཞིན་མི་ལ་སྐྱོན་བརྗོད་ཁོ་ན་བྱས་ནས་མ་སྡད་པར་སོ་སོ་རང་ཉིད་ཀྱང་ལས་འགུལ་འདྲ་སྤེལ། ཡང་ན་ཐབས་ལམ་གསར་པ་འདྲ་སྟོན་དང་དེ་ཕན་དོགས་ཆེ། ་ལྷག་བསམ་དག་མིན་གང་ཡིན་ཡང་ལས་འགུལ་སྤེལ་མཁན་ལ་སྐྱོན་བརྗོད་ཁོ་ན་བྱེད་ཀྱི་བསྡད་ན་དགྲ་གཉེན་སུ་ལ་ཕན་དོགས་ཡོད་མེད་མཁྱེན་དགོས།
ཚོགས་པ་ཁག་གིས་ལས་འགུལ་གང་ཐུབ་ཅི་ཐུབ་ཅིག་སྤེལ་བར་ཡིད་རངས་ཞུ་རྒྱུ་ལས་མ་འདས། ད་ཆ་བཙན་བྱོལ་བ་ཚོའི་ལུས་ཐོག་ནས་ཁྲག་བཙག་སྟེ་མཉམ་བྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ལ་ཕུལ་རྒྱུ་བྱུང་ན་ཛ་དྲག་འདིའི་ལན་ཞིག་འཁྱོལ་ཨེ་ཡོང་།
སྐུ་ཞབས་ཞོཊ་དུང་ངོ་ཤེས་རིམ ཞེས་པའི་ཟིན་བྲིས་འོག་ཏུ་མཆན་ཞིག་བཏབ་ཀྱང་དྲ་ཐོག་ཏུ་འགོད་ཐོན་མ་བྱུང་བས་གང་ཡིན་ཆ་མ་ཆོད།
རྩོམ་སྒྲིག་པའི་གཏམ་ཕྱེད་ལ་ངོས་ལེན་དང་ཕྱེད་ལ་དགག་པ་ཡོད། (འདས་པོ་དག་གི་ཆེས་མཐའ་མཇུག་གི་སྐྱེལ་མ་དེར་ཞུགས་མཁན་ཚོའི་ཁྲོད་དུ་ཡང་། རྙིང་འབྱོར་ལས་གསར་འབྱོར་མང་ལ་ཕྱུག་པོ་ལས་དབུལ་བོ་མང་། ལས་བྱེད་ལས་ལས་མེད་མང་ལ་སྐྱ་བོ་ལས་སེར་མོ་མང་) ངོས་ལེན་ཡོད་པ་ནི་བར་གྱི་ཚིག་དུམ་འདིའི་བསྟན་དོན་ཡིན་ལ་ལས་འགུལ་གང་རྩོམ་ཡང་འཛུལ་ཞུགས་བྱེད་འཁན་ཉུང་ལ་དེ་ལས་ཀྱང་གཞུང་འབྲེལ་གྱི་མི་སྣ་ཉུང་བ་མངོན་གསལ་རེད། འོན་ཀྱང་གོ་སྒྲིག་པ་ཚོས་ལས་འགུལ་རྩོམ་པར་ངེད་ཅག་གིས་དུས་ནམ་ཡང་བསྔགས་བརྗོད་ཞུ་དགོས་ལ། གལ་སྲིད་ཚོགས་སྐྱིད་རེ་ཟུང་གིས་སོ་སོས་ཁྱབ་བསྒྲག་གི་རྣམ་པ་ཡོད་ན་དེ་འཕྲལ་ཡོ་བསྲང་གི་ཀུན་སློང་གཏོང་བ་ལས་ཐམས་ཅད་ལ་དབྱུག་པ་ལེབ་རྡུང་ག་ལ་རུང་། དེ་ལྟར་བྱས་ན་ཡོད་པ་ནས་སེམས་ཤུགས་ཆག་པ་དང་དེ་ནས་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད། མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཡར་རྒྱས་གཏོང་དགོས་ལ་དེ་ཡང་གཞི་ཡོད་མེད་ཅི་རིགས་ཀྱི་སྐྱོན་རེ་ཟུང་སྟོན་ནས་སྡོད་པ་མ་ཡིན་པར་ཡར་རྒྱས་ཀྱི་ཐབས་ལམ་གནད་ལ་འཁེལ་བ་རེ་བསྟན་ན་དགེ་མཚན་ཧ་ཅང་ཆེ། བཀྲིས་བདེ་ལེགས
འོ་ན། ད་ག་རེ་གནང་དགོས་འདུག ལམ་སྟོན་གནང་རོགས། མང་ཚོགས་ལ་ཤེས་ཡོན་མེད། འཆར་སྒོ་མེད། ལམ་སྟོན་གནང་ཤོག དེ་མིན་སྡིག་དམོད་འདྲ་བོ་ཞིག་གིས་ཕན་ཐོགས་ས་མ་རེད།