མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐུགས་དཀྱེལ་ཆེ་བའི་གཟིགས་རྒྱང་། – ཀུན་བཟང་།

བོད་ཀྱི་དུས་བབ།
༢༠༡༡/༠༥/༠༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་ཏྭ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་ཐུགས་དཀྱེལ་ཆེ་ལ་གཟིགས་རྒྱང་རིང་བའི་རླབས་ཆེན་གྱི་ཐག་གཅོད།

ཀུན་བཟང་།

ཁ་སྔོན་སྤྱི་ཟླ་གསུམ་པའི་ཚེས་བཅུ་བཞིའི་ཉིན། སྐབས་བཅུ་བཞི་པའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་པའི་ཐོག  ༧གོང་ས་ཏྭ་ལའི་བླ་མ་མཆོག་ནས་ད་ཆ་སྐུ་ཉིད་ཀྱི་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ཐུགས་འགན་ཐམས་ཅད་།  མི་དམངས་ཀྱིས་འོས་འདེམས་བྱས་པའི་མགོ་ཁྲིད་སོ་སོར་གནང་རྒྱུ་དང་།  ཐེངས་དེའི་གྲོས་ཚོགས་ཀྱི་ཚོགས་དུས་དེའི་ཐོག་བཅའ་ཁྲིམས་གཙོ་བོར་གྱུར་བའི་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་དགོས་ངེས་རྣམས་བསྐྱར་བཅོས་ཀྱིས། ༧གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་ཆབ་སྲིད་དང་འཛིན་སྐྱོང་གི་བྱེད་སྒོ་གང་ཡང་མི་དགོས་པ་ཞིག་ངེས་པར་བྱ་དགོས་པའི་གསུང་འཕྲིན་ཞིག་བསྩལ་གནང་མཛད་ཡོད།  དེ་འདྲའི་གོང་ས་མཆོག་གི་སྐུ་ཉིད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་ཆ་ཆང་།  མི་དམངས་ཀྱི་འོས་འདེམས་བྱས་པའི་མགོ་ཁྲིད་སོ་སོར་གནང་རྒྱུའི་ཐག་གཅོད་དེ་ནི།  ༧གོང་ས་མཆོག་གི་ཐུགས་དཀྱེལ་ཆེ་ལ་གཟིགས་རྒྱང་རིང་བའི་རླབས་ཆེན་གྱི་ཐག་གཅོད་ཞིག་ཡིན་པ་མ་ཟད། ད་དུང་༧གོང་ས་མཆོག་ནས་བོད་མི་རིགས་ཀྱི་དམངས་གཙོའི་བྱ་གཞག་ཐོག་ལ་འཇོག་གནང་མཛད་པའི་མཛད་རྗེས་དུ་མའི་ཁྲོད་ཀྱི་ཆེས་རླབས་ཆེན་གྱི་མཛད་རྗེས་ཤིག་དང་།  ང་ཚོ་གཞིས་བྱེས་བོད་མི་ཡོངས་དང་། མ་འོངས་བོད་ཀྱི་མི་རབས་རྗེས་མ་ཚོས་ཡང་ཡང་བཀའ་དྲིན་རྗེས་དྲན་ཞུ་བའི་བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་གི་སྤོབས་པ་དང་།

དེའང་༧གོང་ས་མཆོག་ལ་སྐུ་ན་ཆུང་དུས་ནས་བོད་ལ་དམངས་གཙོའི་ལམ་ལུགས་ཀྱི་བསྒྱུར་བཅོས་གནང་རྒྱུའི་དགོངས་པ་ཡོད་ཅིང་།  དེའི་ཐོག་འབད་བརྩོན་ཡང་གང་ཐུབ་ཞིག་གནང་ཡོད་པ་དང་།  འོན་ཀྱང་སྐབས་དེའི་གནས་སྟངས་ཀྱི་རྐྱེན་པས་དམིགས་བསལ་གྱི་གྲུབ་འབྲས་ཆེན་པོ་ཞིག་ཐོན་མེད། 

 

ཡིན་ནའང་རྗེས་སུ་༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་འབྱོར་བྱུང་བ་ནས་བཟུང་། ༧གོང་ས་མཆོག་ནས་བོད་ཀྱི་དམངས་གཙོའི་བྱ་གཞག་ཐོག་འབད་བརྩོན་གང་ཡོང་གནང་ཏེ།  ད་ཆ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྤྱི་འཐུས་དང་བཀའ་བློན་ཁྲི་པ་མང་ཚོགས་ནས་ཐད་ཀར་འོས་འདེམས་བྱ་རྒྱུའི་དེང་རབས་ཀྱི་དམངས་གཙོའི་ལམ་སྲོལ་ཞིག་ལག་ལེན་བྱེད་ཐུབ་པ་བྱུང་ཡོད་ཅིང་།  ད་བར་འདས་ཟིན་པའི་ལོ་ངོ་ལྔ་བཅུ་ལྷག་རིང་།  བཙན་བྱོལ་བོད་མིའི་དམངས་གཙོའི་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཞིག་ཐོབ་ཐུབ་ཡོད།  དེ་ནི་བཙན་བྱོལ་བོད་མི་ཡོངས་དང་བོད་ནང་གི་གཞིས་ལུས་མི་མང་ཚོས་དགའ་སྤོབས་བྱེད་འོས་པའི་གནས་ཚུལ་བཟང་པོ་ཞིག་ཡིན་པ་ཙམ་དུ་མ་ཟད།  ད་དུང་ང་ཚོས་རྒྱུན་ཆད་མེད་པར་ང་ཚོའི་དམངས་གཙོའི་ལམ་ལུགས་མུ་མཐུད་འཐུས་སྒོ་ཇེ་ཚང་དུ་བཏང་བ་ཡིན་ན།  མཐའ་མཇུག་དེ་རྒྱ་ནག་གུང་ཁྲན་ཏང་གི་དབང་བསྒྱུར་ལ་འགྲན་རྩོད་དང་།  དེ་ལས་རྣམ་པར་རྒྱལ་ཐུབ་པའི་སྟོབས་ཤུགས་ཤིག་ལ་འགྱུར་ངེས་ཡིན་པས།  གནས་ཚུལ་དེ་རྒྱ་ནག་གཞུང་ནས་གསལ་པོ་ཤེས་ཀྱི་ཡོད་སྟབས། རྒྱ་ནག་གཞུང་ནས་ད་ཆའི་༧གོང་ས་མཆོག་གི་ཐག་ཆོད་དེའི་ཐོག་དེ་སྔ་ལས་ལྷག་པའི་དངངས་སྐྲག་དང་ཕྲག་དོག་ཆེན་པོ་ཞིག་བྱེད་ངེས་ཡིན།  དེ་བས་ང་ཚོ་བོད་མི་ཚོའི་ངོས་ནས་༧གོང་ས་མཆོག་གི་ཐག་གཅོད་གནང་བ་བཞིན་ཚང་མས་བློ་སེམས་གཅིག་སྒྲིལ་གྱི་སྒོ་ནས་བོད་མིའི་དམངས་གཙོའི་ལམ་ལུགས་མུ་མཐུད་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་པ་ཞིག་ཡིན།

 

ད་བར་བཙན་བྱོལ་བོད་མིའི་དམངས་གཙོའི་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཞིག་ཐོབ་ཡོད་རུང་།  ད་དུང་མུ་མཐུད་འཕེལ་རྒྱས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་ས་མང་། དཔེར་ན། རྒྱ་ནག་གཞུང་ནས་དུས་དང་རྣམ་པ་ཀུན་དུ་བཙན་བྱོལ་བོད་མིའི་དམངས་གཙོའི་ལམ་ལུགས་དེ་ནི། ཕྱི་ཚུལ་རྣམ་པའི་ཐོག་གི་དམངས་གཙོ་ཙམ་ཞིག་ལས།  དོན་དངོས་སུ་དེ་ནི་དེ་སྔའི་གདུག་རྩུབ་ཤིན་ཏུ་ཆེ་བའི་ཡུ་རོབ་ཀྱི་དུས་རབས་དཀྱིལ་མིའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ནང་བཞིན། ཏྭ་ལའི་བླ་མས་ཆོས་སྲིད་གཉིས་ཀྱི་དབང་ཆ་ཡོངས་རྫོགས་འཛིན་པའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཤིག་ཡིན་པ་དང་།  དེ་འདྲའི་ལམ་ལུགས་ཀྱི་བཅིངས་པའི་སྤྱི་ཚོགས་དེ་ནི་དབང་འཛིན་པ་ཚོའི་ལྷ་ཡུལ་ཞིག་དང་མི་དམངས་མང་ཚོགས་ཀྱི་དམྱལ་བ་གསོན་པོ་ཞིག་ཡིན་པའི་སྐྱོན་འཛུགས་བྱེད་ཀྱི་ཡོད། རྒྱ་ནག་གཞུང་གི་དེ་འདྲའི་སྐྱོན་འཛུགས་དེ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཆ་འཇོག་བྱེད་མཁན་མེད་ལ། ང་ཚོ་བོད་མི་ཚོས་ཀྱང་སྣང་ཆུང་བྱེད་ཀྱི་ཡོད།  ཡིན་ནའང་རྒྱ་ནག་གཞུང་གི་སྐྱོན་འཛུགས་དེས།  རྒྱ་ནག་གི་མི་དམངས་མི་ཉུང་བ་ཞིག་གི་ཁྲོད་བཙན་བྱོལ་བོད་མིའི་དམངས་གཙོའི་ལམ་ལུགས་དེ་བཞིན་མིང་དོན་མཚུངས་པའི་དམངས་གཙོའི་ལམ་ལུགས་ཤིག་ཡིན་མིན་ཐོག་ཐེ་ཚོམ་ཆེན་པོ་ཞིག་ཡོང་གི་ཡོད།  སྤྱིར་ཁོང་ཚོས་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལ་སྔ་ས་ནས་ཡིད་ཆེས་ཤོར་ཟིན་ཡོད་རུང་།  བོད་ལ་དོན་དངོས་སུ་ཏྭ་ལའི་བླ་མ་སྐུ་འཕྲེང་ལྔ་པ་ནས་དབུ་ཚུགས་ཏེ། ད་བར་ཏྭ་ལའི་བླ་མའི་སྐུ་ཕྲེང་རིམ་འབྱོན་ནས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་ཐུགས་འགན་ཆ་ཚང་བཞེས་པའི་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་བོད་ཀྱི་ལོ་རྒྱུས་གནས་སྟངས་དེ་འདྲ་ཞིག་ཆགས་ཡོད་ལ།  དེའི་ཐོག་༧གོང་ས་མཆོག་ནས་དབུ་ཁྲིད་གནང་བའི་བཙན་བྱོལ་བོད་མི་ཚོས།  བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དམངས་གཙོའི་ལམ་ལུགས་ཀྱི་བཅོས་བསྒྱུར་རབ་དང་རིམ་པ་གནང་ཞིང་།  ད་ཕན་ལོ་ངོ་ལྔ་བཅུ་ལྷག་ཙམ་ཞིག་ཕྱིན་ཟིན་ཡོད་ཀྱང་།  ད་དུང་༧གོང་ས་ཏྭ་ལའི་བླ་མ་མཆོག་ནས་གཞི་རྩའི་ཆོས་སྲིད་གཉིས་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་པའི་གནས་སྟངས་དེ་མུ་མཐུད་གནས་མུས་ལས་མཇུག་གཙང་མ་ཞིག་བསྒྲིལ་ཐུབ་མེད་སྟབས། ༧གོང་ས་མཆོག་ནས་ཀྱང་དེ་འདྲའི་བོད་ཀྱི་ལོ་རྒྱུས་ལས་གྲུབ་པའི་ཏྭ་ལའི་བླ་མའི་སྐུ་ཕྲེང་རིམ་བྱོན་ནས་ཆོས་སྲིད་གཉིས་ཀྱི་ཐུགས་འགན་ཡོངས་རྫོགས་བཞེས་པའི་ལམ་སྲོལ་དེ་ནི། དེང་དུས་འཇམ་གླིང་ཐོག་དར་སྲོལ་ཆེ་བའི་དམངས་གཙོའི་ལམ་སྲོལ་དང་ཐ་དད་ཡིན་ཞིང་།  བོད་ལའང་དེ་འདྲའི་ཡང་དག་པའི་དམངས་གཙོའི་ལམ་སྲོལ་ཞིག་འཛུགས་གལ་ཆེ་བར་གཟིགས་ཏེ། ད་བར་འབད་རྩོན་རྒྱུན་ཆད་མེད་པར་གནང་ཡོད། 

 

ལྷག་དོན་དུ་ད་རེས་ཉེ་ཆར་༧གོང་ས་མཆོག་ནས་ཏྭ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་ཆ་ཚང་བཞེས་པའི་དེ་སྔའི་ལམ་སྲོལ་དེ།  ད་ཆ་དངོས་སུ་མེད་པ་བཟོས་གནང་རྒྱུའི་ལོ་རྒྱུས་ཀྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པའི་ཐག་གཅོད་གནང་ཡོད།  ༧གོང་ས་མཆོག་ནས་ཐག་གཅོད་དེ་འདྲ་ཞིག་གནང་དགོས་པའི་དགོས་པ་རྒྱུ་མཚན་གྱི་ཐོག་ལ།  ད་ཆ་རྒྱལ་པོ་དང་བླ་མས་རྒྱལ་ཁབ་ལ་དབང་བསྒྱུར་བྱེད་པའི་དུས་ཚོད་ཡོལ་ཟིན་པ་དང་།  དེ་སྔོན་ལོ་རྒྱུས་ཀྱི་དགོས་དབང་ལ་བརྟེན་ཏེ་ཏྭ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཛིན་གྱི་ཐུགས་འགན་བཞེས་དགོས་བྱུང་པ་དང་།  ད་ཆ་ངའི་དུས་སུའང་ལོ་རྒྱུས་ཀྱི་དགོས་དབང་ལ་བརྟེན་ཏེ། ཏ་ལའི་བླ་མས་མུ་མཐུད་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ལས་འགན་ཁུར་མི་དགོས་པ་ཁག་མི་དམངས་ཀྱི་འོས་འདེམས་བྱས་པའི་མགོ་ཁྲིད་སོ་སོར་སྤྲོད་རྒྱུའི་དུས་ལ་བབས་ཡོད་པའི་བཀའ་བསྩལ་ཡོད། ད་དུང་༧གོང་ས་མཆོག་ནས་ང་མུའུ་བྷ་རག་ལྟར་བྱ་འདོད་མེད་ཅེས་དང་། ད་རེས་ངའི་ཐག་གཅོད་དེའི་ཐོག་ནས།  རྒྱ་ནག་གཞུང་གི་དུས་རྒྱུན་བཙན་བྱོལ་བོད་མིའི་དམངས་གཙོའི་ལམ་ལུགས་ལ་སྐྱོན་འཛུགས་བྱེད་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་དམངས་གཙོ་དེ་ནི་ཕྱི་ཚུལ་ཙམ་ཞིག་ལས།  དོན་དངོས་སུ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཤིག་ཡིན་པའི་བཤད་སྟངས་དེ་ཚོ་ཡང་། རང་བཞིན་དུ་ཁུངས་ལུང་མེད་པའི་གཏམ་འཆལ་ཞིག་ཏུ་འགྱུར་འགྲོ་རྒྱུ་ཡིན་ཞེས་སོགས་ཀྱི་བཀའ་སློབ་གནང་ཡོད།

 

༧གོང་ས་མཆོག་གི་ད་རེས་ཐག་གཅོད་དེ་ནི་བོད་མི་རིགས་ཀྱི་དམངས་གཙོའི་བྱ་བཞག་ལ་དམིགས་པ་ཞིག་ལས། གཞན་གྱི་གནོན་ཤུགས་འོག་དང་ཡང་ན་གཞན་ལ་ལད་མོ་བྱས་པའི་མཛེས་ཆོས་ཙམ་ཞིག་མ་ཡིན་པའི་གནས་ཚུལ་འགྲེལ་བརྗོད་ཧ་ཅང་གསལ་པོ་ཞིག་གནང་ཡོད།  ༧གོང་ས་མཆོག་གི་ཐག་གཅོད་དེ་ནི་བོད་མིའི་དམངས་གཙོའི་བྱ་བཞག་ཐོག་ལ་ཡུན་རིང་དགོངས་པ་ཟབ་པོ་བཞེས་པའི་མཐར་ཐུག་གི་ཡང་དག་པའི་ཐག་གཅོད་ཅིག་ཡིན་པ་སྨོས་མ་དགོས། དམངས་གཙོའི་ལམ་ལུགས་དེ་ནི་མི་དམངས་ཀྱི་རང་དབང་ཐོབ་ཐང་འགན་ལེན་ཆེ་ཤོས་བྱེད་ཐུབ་པ་དང་།  དབང་འཛིན་པ་ཚོ་ལ་ཚོད་འཛིན་ཆེ་ཤོས་བྱ་ཐུབ་པའི་འཐུས་སྒོ་ཚང་ཤོས་དང་དགེ་མཚན་མང་ཤོས་ལྡན་པའི་ཆབ་སྲིད་ལམ་ལུགས་ཤིག་ཡིན། སྤྱིར་དམངས་གཙོའི་ལམ་ལུགས་དེ་ལ་ཞན་ཆའང་ཡོད་ཡོད། ད་ཕན་འགྲོ་བ་མིའི་ཆབ་སྲིད་ལམ་ལུགས་ཐོག་ཐོན་པའི་ལམ་ལུགས་སྣ་ཚོགས་ཤིག་བྱུང་ཡོད་པའི་ཁྲོད་ནས་དམངས་གཙོའི་ལམ་ལུགས་དེ་ནི་མི་དམངས་ཀྱི་རང་དབང་ཐོབ་ཐང་འགན་ལེན་ཆེ་ཤོས་བྱེད་ཐུབ་པ་དང་།  དབང་འཛིན་པ་ཚོ་ལ་ཚོད་འཛིན་ཆེ་ཤོས་བྱེད་ཐུབ་པའི་འཐུས་སྒོ་ཚང་ཤོས་དང་དགེ་མཚན་མང་ཤོས་ལྡནཔའི་ལམ་ལུགས་ཤིག་ཡིན།  དེར་བརྟེན་ད་ཆ་དམངས་གཙོའི་ལམ་ལུགས་དེ་བཞིན་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཚོས་དགའ་ཞེན་ཆེན་པོ་བྱེད་པ་དང་།  མི་དམངས་ཀྱི་རང་དབང་ཐོབ་ཐང་ལ་མཐོང་ཆེན་བྱེད་མཁན་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཚོས་དེ་དང་དུ་ལེན་པའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་ཆགས་ཏེ། ད་ཆ་དམངས་གཙོའི་ལམ་ལུགས་དེ་འཛམ་གླིང་གི་འཕེལ་ཕྱོགས་གཙོ་བོ་ཞིག་ཏུ་གྱུར་ཡོད།  དེ་འདྲའི་མི་དམངས་ཀྱི་རང་དབང་ཐོབ་ཐང་འདོན་སྤེལ་ཆེན་པོ་བྱེད་པ་དང་།  དབང་འཛིན་པ་ཚོ་དམ་ལ་བཏགས་པའི་དམངས་གཙོའི་ལམ་ལུགས་དེ་ལ། ད་དུང་འཇིག་རྟེན་འདིའི་ཐོག་གནས་དང་གནས་མུས་ཡིན་པའི་སྲིད་དབང་སྒེར་གཅོད་པ་ཚོས་སྐྲག་སྣང་ཆེན་པོ་བྱེད་པ་དང་། ཁོང་ཚོས་དྲ་རྒྱ་དང་གསར་ཤོག་དུས་དེབ་ལ་སོགས་པའི་གསར་འགྱུར་རྒྱུད་ལམ་ཁག་ལ་དམ་དྲག་ཆེན་པོ་བྱས་ཏེ། རང་དབང་དང་དམངས་གཙོ་འདོད་པའི་མི་དམངས་ཚོར།  ཕྱི་ཕྱོགས་རྒྱལ་ཁབ་གཞན་གྱི་མི་དམངས་ཚོའི་དམངས་གཙོའི་གནས་ཚུལ་ཤེས་མི་ཐུབ་པ་བཟོ་བ་དང་།  ད་དུང་ཁོང་ཚོས་ཉེན་རྟོག་པ་དང་དམག་དཔུང་ལ་བརྟེན་ནས།  རང་ཉིད་ལ་ངོ་རྒོལ་བྱེད་མཁན་མི་དམངས་ཚོར་དྲག་གནོན་སོགས་བྱས་ཏེ།  གང་ལྟར་ཁོང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་ཁོ་པ་ཚོའི་དབང་ཆར་ཚད་མཐོའི་འགན་ལེན་བྱེད་པའི་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་དེ་མུ་མཐུད་གནས་ཐུབ་པའི་འབད་བརྩོན་ཆེན་པོ་ཞིག་བྱེད་ཀྱི་ཡོད། 

 

བྱང་ཨ་ཧྥི་རི་ཀ་དང་དབུས་ཤར་རྒྱལ་ཁབ་ཁག་ཅིག་གི་མི་དམངས་ཚོས་འུ་ཐུག་ཐབས་ཟད་དུ་གྱུར་ཏེ། མཐར་ཐང་ཆེན་དང་ཁྲོམས་གཞུང་དུ་བུད་དེ་ལོ་མང་རིང་རང་དབང་ཐོབ་ཐང་བཙན་འཕྲོག་བྱེད་མཁན་སྲིད་དབང་སྒེར་གཅོད་པ་ཚོར་ངོ་རྒོལ་བྱས་ཡོད་ཅིང་། ངོ་རྒོལ་ལས་འགུལ་དེ་དག་ཁྲོད་མི་མང་པོས་ཚེ་སྲོག་ཤོར་ཡོད། ལེ་བྷེ་ཡའི་སྲིད་དབང་སྒེར་གཅོད་པ་གྷ་ཌ་ཕིའི་ནས་ད་དུང་དབང་ཆ་བློས་གཏོང་བྱེད་འདོད་རྩ་བ་ནས་མེད་པར་མུ་མཐུད་དབང་ཆ་འཛིན་རྒྱུའི་འདོད་རྔམ་གྱིས་མྱོས་ཏེ། རང་ཉིད་ཀྱི་མི་དམངས་ཚོར་དམག་དཔུང་ལ་བརྟེན་ཏེ་དྲག་གནོན་བྱེད་ཀྱི་ཡོད། འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཁག་གི་དམངས་གཙོའི་འཕེལ་རིམ་ལ་བལྟས་ན།  མང་ཚོགས་ཁྲི་སྟོང་མང་པོས་ཚེ་སྲོག་གིས་དམངས་གཙོ་དང་རང་དབང་རྩོད་ཀྱི་ཡོད། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ། ལོ་ངོ་ཉི་ཤུ་ལྷག་ཙམ་ཞིག་གི་གོང་དུ་དེ་སྔའི་ཨུ་རུ་སུའི་མགོ་ཁྲིད་མི་སྣ་མི་ཧའ་ཡི་ཨེར། ཀོར་པ་ཆའོ་ཕུས་ཨུ་རུ་སུའི་མི་དམངས་ཀྱི་རང་དབང་དང་དམངས་གཙོའི་ཐོབ་ཐང་ལ་དགོངས་བཞེས་གནང་སྟེ། རང་གི་བླ་ན་མེད་པའི་ཨུ་རུ་སུའི་རྒྱལ་ཁབ་ཀྱི་སྲིད་འཛིན་དབང་ཆ་ཆ་ཚང་བློས་བཏང་སྟེ། ཨུ་རུ་སུའི་རྒྱལ་ཁབ་ཀྱི་དེ་སྔའི་ཚད་མཐོའི་དབང་ཆ་གཅིག་བསྡུས་ཀྱི་ཆབ་སྲིད་ལམ་ལུགས་དེ་དེང་གི་དམངས་གཙོའི་ལམ་ལུགས་ཀྱི་ཡར་ཐོན་ཅན་གྱི་ཕྱོགས་སུ་སྣེ་འཁྲིད་གནང་ཡོད་ལ། ཨུ་རུ་སུའི་མི་དམངས་ཚོས་ཁྲག་དང་ཚེ་སྲོག་བཅས་གང་ཡང་བློས་བཏང་བྱེད་མི་དགོས་པར། ཞི་བའི་ཐོག་ནས་ཁོང་ཚོ་རང་དབང་དང་དམངས་གཙོ་ལྡན་པའི་ཡར་ཐོན་ཅན་གྱི་སྤྱི་ཚོགས་སུ་བསྐྱོད་ཐུབ་པའི་རྨང་གཞི་གཏིང་གནང་ཐུབ་ཡོད།  སྟབས་ལེགས་པ་ཞིག་ལ།  ང་ཚོ་བོད་མི་ཚོ་ལའང་ཀོར་པ་ཆའོ་ཕུ་ནང་བཞིན་གྱི་མི་དམངས་ཀྱི་བདེ་སྡུག་དང་རང་དབང་དང་དམངས་གཙོའི་ཆེད་དུ།  རང་ཉིད་ཀྱི་ཆེས་མཐོའི་དབང་ཆ་ཆ་ཚང་བློས་བཏང་གནང་ཐུབ་མཁན་གྱི་དབུ་ཁྲིད་མི་སྣ་ཞིག་ཡོད་ལ། ཁོང་ནི་གོང་ས་ཏྭ་ལའི་བླ་མ་སྐུ་འཕྲེང་བཅུ་བཞི་པ་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་ཡིན། 

རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་།  རྒྱལ་ཁབ་དེ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་མཚུངས་པའི་ཡར་རྒྱས་གོང་འཕེལ་གཏོང་རྒྱུར།  གཙོ་བོ་རྒྱལ་ཁབ་དེའི་མི་དམངས་ཀྱི་ཧུར་བརྩོན་རང་བཞིན་ལ་བརྟེན་དགོས་པ་ལས།  དབུ་ཁྲིད་མི་སྣའི་རྣམ་དཔྱོད་ལ་ཡིད་ཆེས་བློས་འགེལ་ཅིག་པུ་བྱེད་མི་རུང་བ་ཞིག་ཡིན།

 

ང་ཚོ་བོད་མིར་རླབས་ཆེན་གྱི་དབུ་ཁྲིད་ཤིག་ཡོད་པ་དང་།  ད་ཆ་རླབས་ཆེན་གྱི་དབུ་ཁྲིད་དེས་བོད་ཀྱི་མ་འོངས་པའི་གནས་སྟངས་ལ་དགོངས་པ་ཟབ་པོ་བཞེས་ཏེ།  སྐུ་ཉིད་ཀྱི་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་སྐུ་དབང་ཐམས་ཅད་།  མི་དམངས་ཀྱི་འོས་འདེབས་བྱས་པའི་མགོ་ཁྲིད་མི་སྣ་སོ་སོར་གནང་ཞིང་།  ཏྭ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་ཆ་ཚང་བཞེས་པའི་ལམ་སྲོལ་དེ་མེད་པ་བཟོས་གནང་རྒྱུ་དང་།  བོད་ཀྱི་ལོ་རྒྱུས་ཐོག་ཡུན་རིང་གནས་པའི་ཆབ་སྲིད་ཟུང་འབྲེལ་གྱི་གནས་སྟངས་དེ་ནམ་ཡང་མཚམས་འཇོག་གནང་རྒྱུའི་དེ་འདྲའི་གཏིང་ཟབ་ལ་བློ་རྒྱ་ཆེ་བའི་རླབས་ཆེན་གྱི་ཐག་གཅོད་གནང་ཡོད་པས།  ད་ཆ་བོད་ཀྱི་དམངས་གཙོའི་བྱ་གཞག་དེ་བཞིན། འཛམ་གླིང་སྤྱི་ཡོངས་ཀྱི་འཕེལ་ཕྱོགས་དང་འཚམས་པའི་མུ་མཐུད་འཕེལ་རྒྱས་གཏོང་རྒྱུའི་གནད་འགག་དེ་བོད་ཀྱི་དབུ་ཁྲིད་ལ་རག་ལུས་མེད་པར། བོད་མི་དམངས་ཀྱི་རྣམ་དཔྱོད་ལ་རག་ལུས་ཡོད།  སྤྱི་ལོ་ ༡༦༤༢ ལོར་ཏྭ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག་ནས་དབུ་ཚུགས་ཏེ་། ཏྭ་ལའི་བླ་མའི་སྐུ་ཕྲེང་རིམ་བྱོན་ཚང་མས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་སྟེ། ད་བར་ལོ་གྲངས་ ༣༦༩ འདས་ཟིན་ཡོད་ཅིང་།  དེ་འདྲའི་ལོ་རྒྱུས་དུས་མཚམས་རིང་པོ་དེའི་ནང་། རྒྱུན་ཆད་མེད་པར་གནས་པའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེས།  བོད་མིའི་སྤྱི་ཚོགས་ནང་བག་ཆག་ཧ་ཅང་གཏིང་ཟབ་པོ་བྱུང་ཡོད་པ་དང་།  ད་ལྟའང་ལམ་ལུགས་དེ་བོད་མིའི་སྤྱི་ཚོགས་ནང་རྒྱུན་ལྡན་གྱི་གནས་སྟངས་ཤིག་དང་ཚང་མས་ཡིན་ཤག་ཤག་བྱེད་པའི་གནས་ཚུལ་ཞིག་ཆགས་ཡོད། 

 

ད་ཆ་༧གོང་ས་ཏྭ་ལའི་བླ་མ་མཆོག་ནས་དེ་འདྲའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེ་མཚམས་འཇོག་གནང་རྒྱུའི་ཐག་གཅོད་གནང་རྗེས། བཙན་བྱོལ་དུ་ཡོད་པའི་བོད་མི་དམངས་ཀྱི་འཐུས་མི་ཡིན་པའི་སྤྱི་འཐུས་རྣམས་པས་འཕྲལ་དུ་༧གོང་ས་མཆོག་གི་ཐག་གཅོད་དེ་དང་ལེན་ཞུ་ཐུབ་མེད་ཅིང་།  དེའི་ཐོག་མི་ཚོས་གོ་ཤེས་བྱེད་ཐུབ་པ་ཞིག་ཡིན། ཡིན་ནའང་།  སྤྱི་འཐུས་རྣམས་པས་དང་ལེན་ཞུས་གནང་མེད་པ་དེ།  བོད་མི་དམངས་ཀྱི་རྣོ་སེམས་ཟབ་པོ་བཞེས་པའི་མཐའ་མའི་ཐག་གཅོད་ཤིག་མིན་ངེས་ཡིན།  གང་ཡིན་ཟེར་ན།  གོང་ས་མཆོག་གི་ཐག་གཅོད་དེ་ནི་བོད་ཀྱི་ཆབ་སྲིད་ལམ་ལུགས་དེ་བཞིན། ཆོས་སྲིད་ཟུང་འབྲེལ་གྱི་རྣམ་པ་ལྡན་པའི་ལམ་ལུགས་དེ་མ་ཡིན་པར། དེ་དང་རྦད་དེ་ཐ་དད་དུ་འགྱུར་བའི་ཡང་དག་པའི་དམངས་གཙོའི་ལམ་ལུགས་ཀྱི་ཕྱོགས་སུ་སྣེ་འཁྲིད་གནང་བ་ཞིག་ཡིན་པས། དེ་ནི་བོད་ཀྱི་སྤྱི་ཚོགས་དེ་ཤེས་རིག་ལྡན་པ་དང་ཡར་ཐོན་གྱི་ཕྱོགས་སུ་བསྐྱོད་ཐུབ་པའི་རྨང་གཞི་ཞིག་ཡིན་ལ། དེ་འདྲའི་ཡང་དག་པའི་དམངས་གཙོའི་ལམ་ལུགས་དེས། མི་དམངས་ཀྱི་རང་དབང་ཐོབ་ཐང་ཚང་མ་འགན་ལེན་བྱེད་ཐུབ་ཀྱི་ཡོད་ཅིང་།  དེ་བས་དེ་འདྲའི་དམངས་གཙོའི་ལམ་ལུགས་དེ་ནི། བོད་མིའི་ཡང་དག་པའི་འགྲོ་ལམ་ཅིག་པུ་དེ་རང་ཡང་ཡིན་པས། དེར་བརྟེན་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཤེས་རིག་དཔལ་ཡོན་གྱི་ཕྱུག་ཤིང་།  དེ་བས་དམངས་གཙོ་དང་རང་དབང་ལ་དགའ་ཞེན་ཆེ་བའི་བོད་མི་དམངས་ཚོས།  སྤྱི་ནོར་༧གོང་ས་ཏྭ་ལའི་བླ་མཆོག་གི་དེ་འདྲའི་ཡང་དག་པའི་ལམ་བསྟོན་གནང་བར།  སྙིང་ཁོངས་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད་། ༧གོང་ས་མཆོག་གི་ལམ་སྟོན་གནང་བའི་དམངས་གཙོའི་འགྲོ་ལམ་ཐོག་བློ་སེམས་འགྱུར་མེད་ཀྱི་སྒོ་ནས་མདུན་བསྐྱོད་གནང་ངེས་ཡིན། 

མ་འོངས་༧གོང་ས་ཏྭ་ལའི་བླ་མ་མཆོག་གི་དབུ་ཁྲིད་མེད་པའི་འོག  བོད་མིར་གནད་དོན་དང་དཀའ་ངལ་དེ་བས་མང་བ་ཞིག་འཕྲད་སྲིད་ངེས་ཡིན་པས།  ད་ལྟ་ནས་ང་ཚོ་བོད་མི་ཚོས་བསམ་བློའི་ཐོག་ནས་གྲ་སྒྲིག་ཡག་པོ་ཞིག་བྱེད་དགོས།

        

གལ་ཏེ་༧གོང་ས་ཏྭ་ལའི་བླ་མ་མཆོག་ནས་ཐག་གཅོད་གནང་བ་བཞིན་ལག་ལེན་དོན་འཁྱོལ་བྱུང་ཚེ།  སླད་ཕྱིན་བོད་བཙན་བྱོལ་གཞུང་དང་མི་དམངས་ལ་གང་ཅིའི་དཀའ་ངལ་མང་པོ་འཕྲད་སྲིད་པ་ཞིག་ཡིན་ཞིང་།  དེའི་ཐོག་ད་ལྟ་ནས་བཟུང་མ་འོངས་བཙན་བྱོལ་གཞུང་གི་དབུ་ཁྲིད་དུ་འཁོད་རྒྱུའི་མི་སྣ་ཚོ་དང་། སྤྱི་འཐུས། དེ་བཞིན་བོད་མི་སྤྱི་ཡོངས་ནས་བསམ་བློའི་ཐོག་གི་གྲ་སྒྲིག་སྔ་ས་ནས་བྱེད་དགོས་པ་དང་།  དཀའ་ངལ་འཕྲད་སྐབས་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་པ་བྱེད་དགོས་པ་ལས།   དེ་ལས་ལྡོག་ཏེ་དེ་སྔ་བཙན་བྱོད་བོད་མིའི་ལོ་རྒྱུས་ཐོག་ཡང་ཡང་ཐོན་མྱོང་ཡོད་པའི་བོད་གཞུང་དམངས་གཉིས་ཀྱི་རང་རང་སོའི་དམངས་གཙོའི་ཐོབ་ཐང་ཆ་ཚང་༧གོང་ས་མཆོག་ལ་བརྩིས་ཕུལ་ཞུ་བའི་ཐབས་རྡུག་གི་གནས་ཚུལ་དེ་ཚོ་བསྐྱར་དུ་མ་ཐོན་པ་བྱ་དགོས་ལ།  ལྷག་པར་དུ་དེའི་ཐོག་མ་འོངས་པའི་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་མི་སྣ་དང་།  སྤྱི་འཐུས་རྣམས་པས་དགོངས་པ་ནན་པོ་ཞིག་བཞེས་དགོས་པ་ཞིག་ཡིན་ཞིང་། གལ་ཏེ་ད་ཕན་དགོངས་པ་བཞེས་ཡོད་ན་གླེང་མེད་དང་།  ད་དུང་དགོངས་པ་བཞེས་མེད་ན།  ངེས་པར་དུ་ད་ལྟ་ནས་མགོ་ཚུགས་ཏེ། སླད་ཕྱིན་༧གོང་ས་མཆོག་གི་ལམ་བསྟོན་མེད་པའི་སྐབས་སུ། བཙན་བྱོལ་གཞུང་ལ་གནད་དོན་དང་དཀའ་ངལ་གང་འདྲ་ཞིག་འཕྲད་སྲིད་མིན་ཐོག་ཞིབ་འཇུག་ནན་པོ་གནང་དགོས་པ་མ་ཟད། ད་དུང་ཇི་ལྟར་བྱས་ཏེ་གནད་དོན་དང་དཀའ་ངལ་དེ་ཚོ་སེལ་རྒྱུའི་ཐོག་བསམ་བློའི་གྲ་སྒྲིག་ཡག་པོ་ཞིག་ཡོད་པ་གནང་དགོས།  ལྷག་པར་དུ་དེའི་ཐོག་གི་གནད་འགག་གཙོ་བ་ཞིག་ནི།  ང་ཚོ་བོད་མི་ཚོ་ཡང་དག་པའི་དམངས་གཙོའི་ལམ་ལུགས་དེའི་ཐོག་བསྐྱོད་རྒྱུ་དེ་ནི། ༧གོང་ས་མཆོག་གི་དགོངས་པ་དང་། ང་ཚོ་བོད་མི་ཡོངས་ཀྱི་ཡང་དག་པའི་གདམས་ག་གནང་བ་ཞིག་ཡིན་པ་མ་མ་ཟད་།  ད་དུང་ང་ཚོ་བོད་མི་ཚོའི་ཡང་དག་པའི་བསྐྱོད་ལམ་ཅིག་པུ་དེ་རང་ཡིན་པར།  ང་ཚོས་ལུས་ངག་ཡིད་གསུམ་གྱི་ཐོག་ནས་ཡིད་ཆེས་བློས་འགེལ་བྱེད་ཐུབ་མིན་ལ་རག་ལུས་པ་ཡིན་ཞིང་།  གལ་ཏེ་ང་ཚོས་ཡང་དག་པའི་དམངས་གཙོའི་ལམ་ལུགས་དེ་༧གོང་ས་མཆོག་གི་དགོངས་དོན་དང་།  བོད་མི་ཡོངས་ཀྱི་ཡང་དག་པའི་གདམས་ག་གནང་བ་ཞིག་ཡིན་པར་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཡིད་ཆེས་བློས་འགེལ་གནང་བ་ཡིན་ན།  མ་འོངས་༧གོང་ས་ཏྭ་ལའི་བླ་མ་མཆོག་གིས་ཆབ་སྲིད་ཐུགས་འགན་མི་བཞེས་པ་དང་ཡང་ན་༧གོང་ས་མཆོག་བཞུགས་མེད་པའི་གནས་སྟངས་གང་འདྲ་ཞིག་ཐོན་པ་ཡིན་རུང་།  བོད་གཞུང་དམངས་གཉིས་བློ་སེམས་གཅིག་སྒྲིལ་གྱི་སྒོ་ནས་དཀའ་ངལ་དང་གནད་དོན་ཐམས་ཅད་གདོང་ལེན་བྱེད་ཐུབ་པ་དང་གནད་དོན་དང་དཀའ་ངལ་ཚང་མ་སེལ་ཐུབ་པ་ཞིག་ཀྱང་ཡིན། 

དམངས་གཙོ་ནི་ཡང་དག་པའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་པ་དང་།  དེ་དང་ཆབས་ཅིག་དམངས་གཙོ་ནི་གནད་དོན་ཐམས་ཅད་ཀྱི་མགོ་ཚུགས་ས་ཤིག་ཀྱང་ཡིན། 

         

སྲིད་དབང་སྒེར་གཅོད་ཀྱི་ཆབ་སྲིད་ལམ་ལུགས་འོག  སྤྱི་ཚོགས་ཐོག་ཐག་གཅོད་བྱེད་ཐབས་ཐུབ་མེད་པའི་གནད་དོན་མང་དག་ཞིག་དང་དཀའ་ངལ་མང་པོ་ཞིག་ཐོན་གྱི་ཡོད་རུང་།  ཡིན་ནའང་ལམ་ལུགས་དེའི་ངོ་བོའི་ཐོག་ནས་གནད་དོན་དང་དཀའ་ངལ་ཐམས་ཅད་སྦད་གང་ཐུབ་བྱེད་པ་ལས་།  སྲིད་གཞུང་ནས་གནད་དོན་དང་དཀའ་ངལ་གདོང་ལེན་བྱེད་མི་ཐུབ་པ་དང་། དེ་བས་གནད་དོན་དང་དཀའ་ངལ་དེ་ཚོ་སེལ་ཐུབ་ཐབས་མེད་པ་ཞིག་ཡིན།  ཡིན་ནའང་དམངས་གཙོའི་ལམ་ལུགས་འོག་སྤྱི་ཚོགས་ཐོག་གནས་པའི་གནད་དོན་དང་དཀའ་ངལ་ཐམས་ཅད་།  དམངས་གཙོའི་ཐོབ་ཐང་རྩོད་ལེན་བྱེད་པའི་གོ་རིམ་བརྒྱུད་དེ་ཚང་མ་ཕྱིར་འདོན་ཡོང་གི་ཡོད་པ་མ་ཟད་།  ད་དུང་སྲིད་གཞུང་ནས་གནད་དོན་དང་དཀའ་ངལ་ཚང་མ་གདོང་ལེན་བྱས་ཏེ་དེ་ཚོ་སེལ་ཐུབ་པའི་འབད་བརྩོན་ཆེན་པོ་བྱེད་དགོས་ཀྱི་ཡོད་པས།  དེར་བརྟེན་དམངས་གཙོའི་སྤྱི་ཚོགས་ནང་།  གང་སར་གནད་དོན་དང་དཀའ་ངལ་མཐོང་རྒྱུ་ཡོད་པས།  མ་འོངས་པའི་བོད་མིའི་དམངས་གཙོའི་སྐྱོད་ལམ་དེའི་ཐོག་གནད་དོན་དང་དཀའ་ངལ་མང་པོ་ཞིག་འཕྲད་རྒྱུ་ཡིན་པ་གླེང་མི་དགོས་པས།  གལ་སྲིད་བོད་མི་སུ་འདྲ་ཞིག་གིས་གནད་དོན་དང་དཀའ་ངལ་འཕྲད་རྒྱུར་སྐྲག་ནས།  སོ་སོའི་དམངས་གཙོའི་ཐོབ་ཐང་སླར་ཡང་སྟབས་བདེ་པོའི་སྒོ་ནས་༧གོང་ས་མཆོག་ལ་བརྩིས་ཕུལ་ཞུ་ཐབས་བྱས་ཤིང་།  ༧གོང་ས་མཆོག་ནས་བསྐྱར་དུ་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་དགོས་པའི་དགོས་འདུན་བཏོན་པ་ཡིན་ན།  དེ་ནི་༧གོང་ས་མཆོག་གི་ཐུགས་དང་རྒྱབ་འགལ་བྱས་པ་ཞིག་ཡིན་པ་མ་ཟད།  བོད་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་ཡང་ཡོངས་སུ་རྒྱབ་འགལ་བྱས་པ་དང་།  བོད་ཀྱི་སྤྱི་ཚོགས་ཡར་རྒྱས་དང་གོང་འཕེལ་གཏོང་རྒྱུན་ཕན་ཐོགས་མེད་པ་ཞིག་ཡིན་པས།  དེར་བརྟེན་ང་ཚོས་མ་འོངས་པར་གནད་དོན་དང་དཀའ་ངལ་ཆེན་པོ་གང་འདྲ་ཞིག་འཕྲད་རུང་།  ཞུམ་པ་མེད་པར་བློ་སྟོབས་ཆེན་པོའི་སྒོ་ནས་༧གོང་ས་མཆོག་གི་ལམ་བསྟོན་གནང་བ་དང༌། ང་ཚོ་བོད་མི་ཡོངས་ཀྱི་གདམས་ག་བྱས་པའི་ཡང་དག་པའི་དམངས་གཙོའི་འགྲོ་ལམ་ཐོག་མདུན་བསྐྱོད་བྱེད་དགོས། 

༧གོང་ས་མཆོག་དང་ཀོར་པ་ཆའོ་ཕུ་རྣམས་གཉིས།  འགྲོ་བ་མིའི་རིགས་དེ་མུ་མཐུད་ཡར་ཐོན་ཅན་གྱི་སྤྱི་ཚོགས་ཕྱོགས་སུ་སྐུལ་འདེད་མཛད་རྒྱུར་། གཟེངས་སུ་ཐོན་པའི་མཛད་རྗེས་འཇོག་གནང་མཁན་གྱི་འཛམ་གླིང་གི་རླབས་ཆེན་མི་སྣའི་མིང་གཞུང་ཐོག་མཉམ་དུ་འཁོད་ངེས་ཡིན།

 

ད་ལོའི་སྤྱི་ཟླ་གསུམ་པའི་ཚེས་གཉིས་ཀྱི་ཉིན་མོ་དེ་ནི།  དེ་སྔའི་ཨུ་རུ་སུའི་མགོ་ཁྲིད་མི་སྣ་མི་ཧའ་ཡི་ཨེར།  ཀོར་པ་ཆའོ་ཕུ་དགུང་གྲངས་བརྒྱ་བཅུ་ལ་ཕེབས་པའི་འཁྲུངས་སྐར་གྱི་ཉིན་མོ་དེ་ཡིན་ཞིང་། ཉིན་དེར་ད་ཆའི་རོ་ཤི་ཡའི་སྲིད་འཛིན་Dmitry Medvedev རྡེ་མི་ཐ་རུས། མེ་རྡེ་ཕུ་རྡི་ཕུ་མཆོག་ནས་སྲིད་འཛིན་ཕོ་བྲང་དུ།  ཀོར་པ་ཆའོ་ཕུ་མཆོག་ལ་རོ་ཤི་ཡའི་ཆེས་མཐོའི་གཟེངས་བསྟོད་ཀྱི་རྟགས་མ་ཕུལ་གནང་ཞིང་།  ཁོང་གི་འཁྲུངས་སྐར་དུས་ཆེན་ལ་བཀྲིས་རྟེན་འབྲེལ་ཞུས་གནང་ཏེ།  ཐེངས་འདིའི་ཀོར་པ་ཆའོ་ཕུའི་འཁྲུངས་སྐར་ཉི་མོ་དེ། འདས་པའི་ལོ་ངོ་ཉི་ཤུའི་རིང་བྱུང་མྱོང་མེད་པའི་རྒྱ་ཆེ་ཟབ་རྒྱས་ཞིག་བྱུང་ཡོད་ལ།  དེ་དང་དུས་མཚུངས་རོ་ཤི་ཡའི་དམངས་ཁྲོད་དུའང་།  མི་དམངས་ཀྱི་དང་བླངས་ཐོག་ཀོར་པ་ཆའོ་ཕུ་མཆོག་ལ་ཐུགས་རྗེ་ཆེ་ཞུ་བའི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པ་དང་།  རོ་ཤི་ཡའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྲོམས་གཞུང་གང་སར།  ཀོར་པ་ཆའོ་ཕུ་ལ་ཐུགས་རྗེ་ཆེ་ཞུ་ཞེས་བྲིས་ཡོད་པའི་འཕྲེད་དར་ཆེན་པོ་དེ་འདྲ་གང་སར་བཙུགས་ཡོད་པ་མཐོང་རྒྱུ་ཡོད་ཅིང་།  ད་ཆ་རོ་ཤི་ཡའི་མི་དམངས་ཁྲོད་ཀོར་པ་ཆའོ་ཕུའི་བརྩི་མཐོང་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད་ལ།  ཡིན་ནའང་ཀོར་པ་ཆའོ་ཕུས།  དང་ཐོག་དེ་སྔའི་ཨུ་རུ་སུའི་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་དེ་ལ་འགྱུར་བ་གཏོང་རྒྱུའི་ཕྱག་ལས་དབུ་ཚུགས་གནང་སྐབས།  ཨུ་རུ་སུའི་སྐབས་དེའི་ཁེ་ཕན་ལྡན་པའི་དཔོན་རིགས་ཚོ་བརྗོད་མི་དགོས་པར། མི་དམངས་མང་པོ་ཞིག་གིས་ཀྱང་། ཁོང་གི་ཕྱག་ལས་གནང་ཕྱོགས་ལ་མོས་མཐུན་མེད་པའི་རྣམ་འགྱུར་སྣ་ཚོགས་བསྟན་ཡོད། ལྷག་པར་དུ་རྗེས་སུ་ཨུ་རུ་སུའི་དེ་སྔའི་རྒྱལ་ཁབ་ཆེན་པོ་དེ་ཁ་ཐོར་དགུ་ཐོར་དུ་ཕྱིན་ཞིང་།  དཔལ་འབྱོར་གྱི་གནས་སྟངས་དཀའ་འཚེགས་ཆེ་བའི་གནས་སུ་གྱར་བ་དང་། ད་དུང་གནད་དོན་དང་དཀའ་ངལ་མང་པོ་ཞིག་ཐོན་ཡོང་སྐབས།  ཐ་ན་ཨུ་རུ་སུའི་མི་མང་པོ་ཞིག་གིས་ཀོར་པ་ཆའོ་ཕུ་མཆོག་ལ་ཚང་མ་ཀོར་པ་ཆའོ་ཕུས་བཟོས་སོང་ཞེས་པའི་སྐྱོན་བརྗོད་དེ་འདྲ་ཤུགས་ཆེ་བྱས་ཡོད་།  ཡིན་ནའང་དེ་ནས་རིམ་བཞིན་རོ་ཤི་ཡའི་མི་དམངས་ནས་དམངས་གཙོའི་ལམ་ལུགས་ཀྱི་དགེ་མཚན་ལོངས་སྤྱོད་བྱེད་ཐུབ་པ་དང་།  རང་རང་སོ་སོའི་དཔལ་འབྱོར་འཕེལ་རྒྱས་འགྲོ་བ།  དེ་བཞིན་ཁོང་ཚོའི་རང་དབང་ཐོབ་ཐང་ཚང་མ་ལམ་ལུགས་རང་བཞིན་གྱི་འགན་ལེན་བྱེད་ཐུབ་ཅིང་། རྒྱལ་ཁབ་ཀྱི་གནས་སྟངས་ཀྱང་ཉིན་བཞིན་བཟང་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་པའི་གནས་ཚུལ་མང་དག་ཞིག་གཟིགས་ཏེ།  ད་ཆ་ཁོང་ཚོས་དེ་སྔ་ཀོར་པ་ཆའོ་ཕུས་གནང་བའི་ཕྱག་ལས་དེ་དག་ནི།  འགྲོ་བ་མིའི་སྤྱི་ཚོགས་ཡར་རྒྱས་གཏོང་རྒྱུའི་ཐོག་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ནུས་པ་ཆེན་པོ་འདོན་གནང་མཛད་པ་ཤ་ཏག་ཡིན་པར་གཅིག་འགྱུར་གྱི་ངོས་འཛིན་ཞུ་བཞིན་ཡོད་ལ། མི་ཚོས་ཡིད་ཆེས་བྱེད་ཆོག་པ་ཞིག་ལ། ༧གོང་ས་ཏྭ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག་ནས།  ད་བར་བོད་ཀྱི་དམངས་གཙོའི་བྱ་གཞག་ཐོག་མཛད་པའི་ཕྱག་ལས་ཐམས་ཅད་དང་།  ལྷག་པར་དུ་ཉེ་དུས་གནང་བའི་ཐག་གཅོད་དེའི་ཐོག གཅིག་བྱས་ན་གནས་སྐབས་ཕལ་ཆེར་བོད་མིའི་ཁྲོད་གོ་བ་ཡག་པོ་ལེན་མི་ཐུབ་པའི་གནས་ཚུལ་ཡོང་སྲིད་ཀྱང་།  དེ་ནས་སླད་ཕྱིན་༧གོང་ས་མཆོག་གི་ཐག་གཅོད་གནང་བ་བཞིན་ལག་ལེན་དོན་འཁྱོལ་ཡོང་བ་བྱེད་སྐབས།  གནད་དོན་དང་དཀའ་ངལ་མང་དག་ཞིག་འཕྲད་ངེས་ཡིན་པ་དང་། ཡང་དེ་འདྲའི་གནད་དོན་དང་དཀའ་ངལ་མང་པོ་ཞིག་འཕྲད་སྐབས་། མི་འགའ་རེར་ཕྱིར་བཤོལ་བྱེད་རྒྱུའི་འདོད་པ་ཡང་ཡོང་སྲིད་པ་ཞིག་ཡིན། ཡིན་ནའང་དེ་ཚོ་ཚང་མ་སྐབས་འཕྲལ་ཙམ་ཞིག་ལས་།  རིམ་བཞིན་༧གོང་ས་མཆོག་གི་ད་ཆ་གནང་བའི་རླབས་ཆེན་གྱི་ཐག་གཅོད་དེའི་ཁྲོད་ནས།  མི་ཚོས་མཛད་མཐའ་མེད་པའི་རང་དབང་དང་དམངས་གཙོ་ལྡན་པའི་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་ཐུབ་པ་དང་།  བོད་ཀྱི་མ་འོངས་པར་འོད་སྣང་ལྡན་པའི་མདུན་ལམ་ཆེན་པོ་ཞིག་ཡོད་པ་གཟིགས་ཐུབ་སྐབས།  ཁོང་ཚོས་དེ་བས་༧གོང་ས་མཆོག་ལ་དད་གུས་ཆེན་པོ་ཞུ་ངེས་ཡིན་ལ།  སྐབས་དེར་༧གོང་ས་མཆོག་དང་ཀོར་པ་ཆའོ་ཕུ་རྣམས་གཉིས།  འགྲོ་བ་མིའི་རིགས་དེ་མུ་མཐུད་ཡར་ཐོན་ཅན་གྱི་སྤྱི་ཚོགས་ཕྱོགས་སུ་སྐུལ་འདེད་མཛད་རྒྱུར། གཟེངས་སུ་ཐོན་པའི་མཛད་རྗེས་འཇོག་གནང་མཁན་གྱི་འཛམ་གླིང་གི་རླབས་ཆེན་མི་སྣའི་མིང་གཞུང་ཐོག་མཉམ་དུ་འཁོད་ངེས་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

ཆུ་ཚོད་ ༨ སྔོན་ལ།
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

ཆུ་ཚོད་ ༨ སྔོན་ལ།
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

ཆུ་ཚོད་ ༡༢ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

ཆུ་ཚོད་ ༡༣ སྔོན་ལ།
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 3

  1. རླུང་རྟ་རྒྱལ། says:
    ལོ་ 14 སྔོན།

    ངས་བོད་ནས་རྒན་མོ་དཀྱུས་མ་ཞིག་ལ་ཁོ་མོས་༧གོང་ས་མཆོག་བོད་ལ་སླེབས་ཐུབ་མིན་དང་མོ་རང་༧གོང་ས་མཆོག་ལ་མཇལ་འདོད་ཡོད་མེད་སྐོར་དྲིས་པར་མོས་ང་ལ་འདི་ལྟར་བརྗོད་བྱུང་།
    བོད་ལ་མཚོན་ན་༧གོང་ས་མཆོག་ནི་དགུང་སྔོན་གནམ་གྱི་ཉི་མ་ལྟ་བུ་རེད།གནམ་ཉི་མ་མེད་ན་གནམ་ངོ་རྒྱུན་པར་རུབ་འགྲོཆར་ཆུ་འབབ་རྒྱུ་མེད་འགྲོལོ་ཏོག་སྐྱེས་རྒྱུ་མེད་འགྲོཟས་ཟ་རྒྱུ་མེད་འགྲོཕྱུགས་འཚོ་རྒྱུ་མེད་འགྲོད་ངའི་མི་ལུས་ཟེར་བ་མེད་འགྲོ

    Reply
  2. ལྐོག་ཤེས་ says:
    ལོ་ 14 སྔོན།

    བསྐྱར་བཟློས་དང་རྙོགས་གཡོས་འདུག མདོར་བསྡུས་ན་མི་འདི་ཡང་དམར་པོའི་འོ་མས་གསོ་བའི་་བུ་ཕྲུག་ཅིག་ཡིན་པ་ཤེས་ཐུབ་གི རྒྱུ་མཚན་རླབས་ཆེན་ཟེར་བའི་ཚིག་མ་ཎི་འདོན་འདོན་བྱེད་པ་དང་ལྟ་བའི་ཁ་ཕྱོགས་ལས་ཤེས་ཐུབ་གི མི་འདིའི་རིགས་ནམ་རྒྱུན་༧་གོང་ས་མཆོག་ལ་མི་དགའ་བའི་རིགས་ཡིན་ཡང་དེང་སྐབས་ཅི་ཞིག་གོ་བ་བཞིན་༧་གོང་ས་མཆོག་ལ་དད་གུས་ཡོད་ཁུལ་གྱིས་ཁོང་གི་གསུངས་བརྩི་དགོས་སོགས་བཤད་ནས་དད་ལྡན་མི་མང་ལ་ཕུ་བརྒྱུགས་གི་འདུག ཕྱོགས་གཞན་པ་ཞིག་ནས་རྒྱ་ནག་གིས་འདི་འདྲ་ཟེར་གི་འདུག་ཟེར་ནས་མི་མང་ལ་་འཇིགས་སྣང་བཟོ་གི་འདུག ཡིན་པ་ནི་བོད་པའི་ནང་༧་གོང་ས་མཆོག་གི་གྲིབ་མ་ཙམ་ཡང་ཡོད་མི་ཆོག་པར་བཟོ་དགོས་པ་དེ་རེད། དེ་ལྟར་བྱས་ན་ཁོ་ཚོར་ཅི་ཞིག་ཐོབ་གི་ཡོད་ན། ཡང་ཁ་གཅིག་གི་ནང་ནས་དམངས་གཙོའི་ལམ་ལ་འགྲོ་ན་ཡག་པོ་ཡིན་རབས་མང་པོ་མང་པོ་བཤད་གིན་འདུག ཁ་གཞན་པ་ཞིག་གི་ནང་ནས་བོད་མི་མང་གི་སྐུ་ཚབ་ཀྱི་བརྒྱ་ཆ་དགུ་བཅུས་ཐག་བཅད་བྱས་པ་འགྲིག་མི་འདུག་ཟེར།

    Reply
  3. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མི་མང་གི་འོས་བདེམས་བྱས་པའི་བཀའ་སྤྱི་གཉིས་ལ་གནང་རྒྱུ་ཐུགས་ཐག་བཅད་ནས་སྤྱི་འཐུས་གྲོས་ཚོགས་ནང་བགྲོ་གླེང་རིམ་པ་རྒྱུད་ནས་ཐུགས་ཐག་བཅད་པ་ནི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་ཟུར་དུ་བསྐོས་ཡོད་པ་དང་། བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཕྱག་ལས་གཙོ་བོ་ད་ཡོད་བཅའ་ཁྲིམས་ནང་འཁོད་ཡོད་པའི་༸རྒྱལ་བ་རིན་པོ་ཆེའི་སྐུ་དབང་དང་འབྲེལ་བ་ཡོད་པའི་དོན་ཚན་ཁག་ལ་བསྐྱར་བཅོས་དང་མཁོ་བསྡུ་གནང་ཕྱོགས་ཟིན་བྲིས་སྤེལ་ཏེ་ཕྱི་ཟླ་ལྔ་བའི་ནང་མི་མང་ཚོགས་ཆེན་ཆེན་མོ་གཏན་འབེབས་གནང་རྒྱུ་ཡིན་ཀྱང་། བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་ནས་སྐལ་མེད་སར་སྐེ་སྲིང་ནས་དྲང་བདེན་མིན་པའི་ཀྱག་ཀྱོག་ལམ་ནས་༸གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བ་མེད་པའི་བཅའ་ཁྲིམས་ཀྱི་སྡེ་ཚན་འགའ་རེ་ལ་རང་འདོད་ཁོ་ནས་བསྐྱར་བཅོས་བྱ་རྒྱུའི་ཟིན་བྲིས་ཤིག་ཀྱང་སྤེལ་ཡོད་པ་ཁ་སང་ཨེ་ཤའི་རླུངས་འཕྲིན་གྱི་ལྟར་མེད་ལས་རིམ་ནང་བགྲོ་གླེང་ཞིག་བྱས་སོང་། བགྲོ་གླེང་དེར་མཉམ་ཞུགས་གནང་མཁན་ད་ཡོད་མདོ་སྟོད་སྤྱི་འཐུས་སེར་རྟ་ཚུལ་ཁྲིམས་ལགས་དང་། དབུས་གཙང་སྤྱི་འཐུས་གསར་པ་ཤར་གླིང་ཟླ་སྒྲོན་ལགས། བཀའ་ཁྲི་སྔོན་འགྲོའི་འོས་མཉམ་ཞུགས་པ་ཕུར་བུ་རྡོ་རྗེ་ལགས། དེ་སྔ་བོད་གཞུང་གི་དྲུང་ཆེ་གནང་མྱོང་བའི་བླ་མ་དབང་འདུས་རྒྱལ་མཚན་ལགས་རིམ་གཙོ་སྐྱོངས་བ་ཚེ་བརྟན་རྡོ་རྗེ་སོགས་བགྲོ་གླེང་ཧ་ཅང་འཁྲུག་པོ་ཞིག་གནང་སོང་། བགྲོ་གླེང་ཐོག་མཉམ་ཞུགས་གནང་བའི་མི་སྣ་དེ་དག་གི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་དབང་ཚད་དང་། ལས་འགན་སོགས་ལ་བགྲོ་གླེང་དང་། སྐྱོན་བརྗོད་ཀྱང་ནན་མོ་ཞིག་གནང་སོང་། སྐྱོན་བརྗོད་གནང་ཡུལ་གཙོ་བོ་ནི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གིས་གཏན་འབེབས་མཛད་པའི་ཟིན་བྲིས་ནང་བཀའ་བློན་ཕྱག་རོགས་བདེམས་ཕྱོགས་དང་བཀའ་བློན་གྱི་ལས་ཡུན་སོགས་ལ་དེ་སྔའི་བཅའ་ཁྲིམས་ལ་གསལ་འཁོད་ཡོད་པ་ཞིག་ལ་བསྒྱུར་བ་ཞིག་བཏང་ཡོད་པ་དེའི་བསྐོར་ལ་རེད་འདུག དེ་ཡང་བསྒྱུར་བ་བཏང་ཕྱོགས་ནི་དེ་སྔ་བཅའ་ཁྲིམས་ནང་བཀའ་བློན་སུ་འདྲ་ཞིག་ཡིན་ཀྱང་ལས་ཡུན་ནི་ཐེངས་གཉིས་ལས་གནང་མི་ཆོག་པ་དང་། བཀའ་བློན་ཕྱགས་རོགས་ཡང་བཀའ་ཁྲིའི་མིང་འདོན་བྱས་པའི་གང་ཟག་རྣམས་ལ་སྤྱི་འཐུས་གྲོས་ཚོགས་ནས་རྒྱབ་བསྐྱོར་ངེས་ཅན་ཞིག་ཐོབ་དགོས་པ་མཁོད་ཡོད་ཀྱང་། དེར་བསྒྱུར་བ་བཏང་ནས། ཟིན་བྲིས་ནང་བཀའ་ཁྲི་བ་དང་ཕྱག་རོགས་བཀའ་བློན་གྱི་ལོ་དུས་ཡུན་ཚད་མེད་པ་བཟོས་ཡོད་པ་དང་། བཀའ་བློན་ཕྱག་རོགས་དེ་ཡང་བཀའ་བློན་ཁྲི་བའི་གང་བསྐོས་ལས་སྤྱི་འཐུས་ལྷན་ཚོགས་སུ་བགྲོ་གླེང་འགྲོ་མི་དགོས་པ་སོགས་བཟོས་ཡོད་པ་དེའི་བསྐོར་རེད་འདུག ཁོང་རྣམས་ནས་བཀའ་ཁྲི་ལ་ལས་ཡུན་གྱིས་དུས་ཚོད་ཡོད་པ་དེ་ནི་མང་གཙོའི་རྒྱལ་ཁབ་སྤྱི་བགྲོས་བཞིན་ཡིན་པ་དང་ད་དུང་སྤྱི་འཐུས་ལ་ཡང་ལས་ཡུན་ངེས་ཅན་ཞིག་བཟོ་དགོས་ཡོད་པ་དང་། བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ལས་ཡུན་ཧ་ཅང་ཐུང་ཐུང་དེ་འདྲ་ཞིག་ལ་ཧ་ར་ཧུ་རེ་བྱས་བཅའ་ཁྲིམས་ལ་བཟོས་བཅོས་བཏང་བ་ནི་འོས་བཞིན་མཚམས་པ་ཞིག་མིན་པའི་བསྐོར་གསལ་པོ་གསུང་སོང་བྱས་ན་དྲ་གྲོགས་ཁྱོད་རྣམས་ལ་དགོངས་ཚུལ་དང་མ་འོངས་བོད་ཀྱི་མདུན་ལམ་ཆེད་ཐབས་ལམ་གསར་པ་གང་ཡོད་དམ་ཞེས་ངས་དྲི་བ་འདྲི་བཞིན་ཡོད། ཞུ་དག་བྱ་ལོང་མ་བྱུང་བས་དག་ནོར་དང་བཏགས་ནོར་ཡོད་ན་དགོངས་པ་མ་འཛོམས་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese