གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཟླ་འདིའི་ཚེས་ ༩ ཉིན་རྔ་པ་ཀིརྟི་དགོན་གྱི་རང་ལོ་ ༢༡ ཡིན་པའི་གྲྭ་བློ་བཟང་རིན་ཆེན་ཁོང་རང་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག་ལ། ཁོང་ནི་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་འཚམས་རིང་ཚང་གི་ཡིན་ཞིང་། མ་མིང་ལ་ཚེ་དབང་སྐྱིད་ཟེར། ཐེངས་འདིར་ཁོང་རྔ་པ་རང་སྐྱོང་ཁུལ་གསང་བའི་ལས་ཁུངས་ཉེན་རྟོག་པ་མཉམ་རུབ་ཐོག་འཛིན་བཟུང་བྱས་པ་ཞིག་ཡིན་ཡང་། ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་མི་སུ་གཅིག་གིས་ཀྱང་ཤེས་རྟོགས་ཐུབ་ལ། ད་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཡང་ཤེས་རྟོགས་ཐུབ་མི་འདུག
དེང་སྐབས་རྔ་པ་ཀིརྟི་དགོན་པ་གཙོ་བོར་གྱུར་པའི་རྔ་པའི་དགོན་གྲོང་གཉིས་ནང་སྔར་བཞིན་དམ་དྲག་བྱེད་མུས་ཡིན་པ་དང་། ཀིརྟི་དགོན་པའི་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་མུ་མཐུད་སྤེལ་བཞིན་ཡོད་པ་མ་ཟད། དགེ་འདུན་རྣམས་ཀྱི་གྲྭ་ཤག་རེ་རེ་བཞིན་དམག་མི་དང་ཉེན་རྟོག་པས་བཀག་སྡོམ་བྱས་ཤིང་། བརྙན་ཕབ་འཕྲུལ་ཆས་དང་སྒྲ་ལེན་འཕྲུལ་ཆས་གང་སར་བཙུགས་ཏེ་གྲྭ་པ་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ཆུ་ཚོད་ཉེར་བཞིའི་རིང་ལྟ་རྟོག་བྱེད་མུས་ཡིན་འདུག
ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་བཏང་འབྱོར་བྱུང་།