མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངོས་ཀྱི་ཡང་སྲིད་སྐོར་ང་རང་གིས་ཐག་གཅོད་བྱ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་ཐེངས་བཅུ་གཅིག་པའི་མཇུག་བསྡོམས་ཉིན། ༧གོང་ས་མཆོག་གིས་ཁོང་གི་ཡང་སྲིད་སྐོར་ལ་ ༼ ྋགོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་གཞིས་བྱེས་བོད་མིས་མཚོན་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་སེར་སྐྱ་ཀུན་དང༌། བོད་དང་བོད་མིར་འབྲེལ་ཆགས་ཀྱི་སྐྱེ་འགྲོ་ཡོངས་ལ་སྩལ་བའི་གལ་ཆེའི་བཀའ་ཡིག ༽ ཅེས་པ་ཆ་ཚང་གཤམ་དུ་བཀོད་ཡོད།  


༄༅། ། རྡོ་རྗེ་འཆང་ཏཱ་ལའི་བླ་མའི་སྐྱེ་ཕྲེང་བཅུ་བཞི་པ་ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་ བ་བསྟན་འཛིན་རྒྱ་མཚོར་འབོད་པའི་གཏམ། གཞིས་བྱེས་བོད་མིས་མཚོན་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་སེར་སྐྱ་ཀུན་དང༌། བོད་དང་བོད་མིར་འབྲེལ་ཆགས་ཀྱི་འཇིག་རྟེན་སྐྱེ་འགྲོ་ཡོངས་ལ་བཟློ་བ། དེ་ཡང་གངས་ལྗོངས་ཆོས་ཀྱི་ཞིང་སར་སྔོན་བྱོན་རྒྱལ་བློན་པཎ་གྲུབ་རྣམས་ཀྱི་བཀའ་ དྲིན་ལས་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་ཡོངས་སུ་རྫོགས་པའི་༸རྒྱལ་ བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དང༌། དེ་འབྲེལ་གྱི་རིག་པའི་གནས་མཐའ་དག་དར་ཁྱབ་གཏིང་ཟབ་བྱུང་སྟེ་འཇིག་རྟེན་སྤྱི་ དང༌། ཁྱད་པར་ཤར་གླིང་འདིར་ནང་བསྟན་གཙོ་བོར་གྱུར་པའི་རིག་པའི་གནས་ཡོངས་ཀྱི་འབྱུང་ གནས་ལྟ་བུར་གྱུར་ཏེ་རྒྱ་བོད་ཧོར་གསུམ་གྱིས་མཚོན་པའི་གྲངས་ལས་འདས་པའི་སྐྱེ་ འགྲོ་མང་པོའི་འཕྲལ་ཡུན་གྱི་ཕན་བདེ་སྒྲུབ་པའི་ལག་རྗེས་རླབས་ཆེན་དོན་སྙིང་ལྡན་པ་བྱུང༌། དེ་ལྟའི་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་བྱུང་རབས་ཀྱི་འཕེལ་རིམ་ནང་མཁས་གྲུབ་ གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་མང་པོའི་ཡང་སྲིད་ངོས་འཛིན་བྱེད་པའི་བོད་ཀྱི་ ཐུན་མིན་སྲོལ་རྒྱུན་དར་བ་དེས་བསྟན་འགྲོ་སྤྱི་དང༌། དགེ་འདུན་འདུས་སྡེ་སོགས་ལ་ཕན་རླབས་ཚད་མེད་བྱུང་ཡོད།
ཕྱི་ལོ་བརྒྱ་ཕྲག་བཅོ་ལྔ་པའི་ནང་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་རྗེ་དགེ་ འདུན་གྲུབ་པའི་ཡང་སྤྲུལ་དུ་ངེས་རྙེད་ངོས་འཛིན་བྱུང་སྟེ་དགའ་ལྡན་ཕོ་བྲང་གི་ བླ་བྲང་ཚུགས་པ་ནས་བཟུང་རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་ཡང་སྤྲུལ་ངོས་འཛིན་ཞུ་ རྒྱུའི་སྲོལ་ཚུགས་ཏེ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོར་ཏཱ་ལའི་བླ་མའི་མཚན་ གནས་དང༌། སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་དགའ་ལྡན་ཕོ་བྲང་གི་གཞུང་བསྐྱངས་ཏེ་ བོད་ཀྱི་ཆོས་སྲིད་གཉིས་ཀའི་དབུ་ཁྲིད་གནང་བ་སོགས་ད་ལྟའི་བར་ལོ་གྲངས་དྲུག་ བརྒྱ་བརྒལ་བའི་རིང་རྒྱལ་དབང་སྐུ་ཕྲེང་ན་རིམ་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་ གྱི་ལམ་ནས་བྱུང་ཞིང༌། ཕྱི་ལོ་ ༡༦༤༢ ལོར་དགའ་ལྡན་ཕོ་བྲང་གི་གཞུང་དབུ་བརྙེས་ཏེ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་ བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་གནང་རྒྱུའི་ལམ་སྲོལ་མི་ལོ་ ༣༦༩ ཙམ་སོང་བ་དེ་ངོས་ནས་འཛམ་གླིང་ཀུན་ལ་དར་ཁྱབ་འགྲོ་དང་འགྲོ་བཞིན་པའི་མང་གཙོའི་ ལམ་ཆེན་ཐོག་དགའ་སྤོབས་ངང་ནས་བསྐྱོད་འདུན་གྱིས་མཇུག་བསྒྲིལ་བྱས་ཟིན་ཞིང༌། འབྱུང་འགྱུར་ཏཱ་ལའི་བླ་མའི་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་དད་ལྡན་མང་ཚོགས་ ཀྱིས་ཐག་གཅོད་དགོས་པའི་གསལ་བསྒྲགས་ཕྱི་ལོ་ ༡༩༦༩ ཙམ་ནས་བྱས་ཟིན། འོན་ཀྱང་གནད་དོན་འདིའི་སྐོར་ད་དུང་ལམ་སྟོན་ཁ་གསལ་ཞིག་མ་བྱུང་ན་དད་ལྡན་མང་ ཚོགས་ཀྱིས་ཏཱ་ལའི་བླ་མའི་སྐུ་ཕྲེང་རྗེས་མ་ངོས་འཛིན་བྱེད་རྒྱུའི་མངོན་འདོད་ ཤུགས་ཆེ་ཡོང་སྲིད་པའི་ཁར། སྲིད་དབང་འཛིན་མཁན་རྣམས་ཀྱིས་སྲིད་དོན་གྱི་དགོས་མཁོར་བསྟུན་ཏེ་ཡང་སྲིད་ངོས་ འཛིན་བྱེད་ཐབས་ལོག་པ་སྤྱད་རྒྱུའི་ཉེན་ཁའང་དངོས་མཐོང་ལ་བརྟེན། རྒྱལ་དབང་སྐུ་ཕྲེང་རྗེས་མའི་སྐོར་དོགས་གཞི་དང་འཁྱོག་བཤད་བྱ་ཡུལ་མེད་པའི་ ཚིག་ཐག་ཆོད་པོའི་ལམ་སྟོན་གསལ་པོ་ཞིག་ངོས་རང་ལུས་སེམས་གཉིས་ཀ་ཧ་ཅང་བདེ་ཐང་ ཡོད་པའི་སྐབས་འདིར་ངེས་པར་དུ་བྱེད་དགོས་པར་མཐོང་ཞིང༌། ལམ་སྟོན་འདིའི་གནད་དོན་ཆ་ཚང་ཞིབ་གསལ་ཞིག་གོ་རྟོགས་ཐུབ་པའི་ཆ་རྐྱེན་དུ། ཡང་སྲིད་ངོས་འཛིན་གྱི་གནས་ལུགས་དང༌། དེའི་གཞི་རྩའི་ལྟ་གྲུབ་རྣམས་ཚུལ་བཞིན་ཤེས་དགོས་རྒྱུ་མེད་དུ་མི་རུང་བས་དེ་ དག་མདོ་ཙམ་བརྗོད་ན།


སྐྱེ་བ་སྔ་ཕྱི།
ཡང་སྲིད་དམ་སྤྲུལ་སྐུའི་གནས་ལུགས་ཁས་ལེན་པ་ལ་སྐྱེ་བ་སྔ་ཕྱི་ཁས་བླང་བ་ཞིག་ ངེས་པར་དུ་དགོས། སེམས་ལྡན་གྱི་སྲོག་ཆགས་རྣམས་སྐྱེ་བ་སྔ་མ་ནས་འདིར་སྐྱེ་བ་དང༌། ཚེ་འདིའི་ལུས་རྟེན་ཞིག་པའི་རྗེས་སྐྱེ་བ་ཕྱི་མར་འགྲོ་བས་སྐྱེ་བ་སྔ་ཕྱི་ རྒྱུན་མི་ཆད་པར་ཡོད་པ་ནི་རྒྱ་གར་དུ་གནའ་དུས་སུ་བྱུང་བའི་ཆོས་ལུགས་དང་གྲུབ་ མཐའ་སྨྲ་བ་རྣམས་ཀྱི་ནང་ནས་རྒྱང་འཕེན་པ་མ་གཏོགས་ཚང་མས་འདོད་ཅིང༌། དེང་རབས་ཀྱི་རྟོག་དཔྱོད་ཅན་ཁག་ཅིག་མ་མཐོང་བ་ཙམ་རྒྱུ་མཚན་དུ་བྱས་ནས་སྐྱེ་བ་ སྔ་ཕྱི་མེད་པར་སྨྲ་ཡང༌། གཟུ་བོའི་བློ་ཅན་གྱི་ཚན་རིག་པ་འགས་མ་མཐོང་བ་ཙམ་ལས་མེད་པའི་ཁ་ཚོན་མི་གཅོད།
ཆོས་ལུགས་དང་གྲུབ་མཐའ་སྨྲ་བ་མང་པོས་སྐྱེ་བ་སྔ་ཕྱི་འདོད་པ་མཚུངས་ཀྱང༌། སྐྱེ་བ་ལེན་པ་པོའི་སྐྱེས་བུ་དང༌། སྐྱེ་བ་ལེན་ཚུལ། སྐྱེ་བ་སྔ་ཕྱིའི་ཉིང་མཚམས་སྦྱོར་ཚུལ་སོགས་ཀྱི་རྣམ་གཞག་མི་མཐུན་པ་མང་ཞིང༌། སྐྱེ་བ་ཕྱི་མ་ལས་སྔ་མ་མེད་པར་འདོད་མཁན་གྱི་ཆོས་ལུགས་ཀྱང་ཡོད།
ནང་པ་སངས་རྒྱས་པ་རྣམས་ཀྱིས་སྤྱི་མཐུན་དུ་སྐྱེ་བ་ཐོག་མ་མེད་པ་དང༌། ལས་ཉོན་སྤངས་ཏེ་འཁོར་བ་ལས་གྲོལ་བའི་ཐར་པ་ཐོབ་ན་ལས་ཉོན་དབང་གིས་སླར་མི་སྐྱེ་ བས་ལས་ཉོན་གྱི་སྐྱེ་བ་མཐའ་མ་ཡོད་ཀྱང་རིག་པ་རྒྱུན་མི་ཆད་པ་ཕལ་ཆེ་བས་འདོད། སྐྱེ་བ་སྔ་ཕྱི་མེད་པར་འདོད་ན་སངས་རྒྱས་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ ཀུན་ཤེས་རྒྱུད་དུལ་མ་དུལ་ནས་བཞག་དགོས་པ་དང་འགལ་བར་འགྱུར་ཞིང༌། རིགས་པས་དཔྱད་ནའང་སྣོད་བཅུད་རྣམས་རྒྱུ་མེད་རྐྱེན་མེད་ལས་འབྱུང་བར་ཁས་བླང་ དགོས་པར་འགྱུར་བས། ནང་པ་ཞིག་ཡིན་ཕྱིན་སྐྱེ་བ་སྔ་ཕྱི་ངེས་པར་དུ་ཁས་བླང་དགོས།
སྐྱེ་བ་སྔ་མ་དྲན་ལམ་དུ་ཡོད་པ་རྣམས་ལ་སྐྱེ་བ་སྔ་ཕྱི་ལྐོག་གྱུར་མིན་ཡང༌། སོ་སྐྱེ་ཕལ་པ་མང་ཆེ་བ་འཆི་སྲིད་དང༌། བར་སྲིད། སྐྱེ་སྲིད་བཅས་ཀྱི་བརྒྱུད་རིམ་དུ་སྔོན་གྱི་གནས་ཐམས་ཅད་བརྗེད་པ་དེ་དག་ལ་ སྐྱེ་བ་སྔ་ཕྱི་དངོས་སྟོབས་ཀྱི་རིགས་པས་བསྒྲུབ་དགོས་པས་ཅུང་ཟད་ལྐོག་གྱུར་ ཡིན། བཀའ་བསྟན་རྣམས་སུ་སྐྱེ་བ་སྔ་ཕྱི་སྒྲུབ་པའི་རིགས་པ་དུ་མ་ཞིག་གསུངས་ཡོད་པ་ རྣམས་ཆེ་ལོང་ཙམ་བསྡུ་ན། རིགས་འདྲ་སྔོན་སོང་དང༌། ཉེར་ལེན་སྔོན་སོང༌། གོམས་པ་སྔོན་སོང༌། མྱོང་བ་སྔོན་སོང་གི་རིགས་པ་བཅས་སུ་འདུ་ཞིང༌། དེ་དག་གི་དགོངས་དོན་མཐར་ཐུག་གསལ་རིག་གི་སེམས་རང་གི་ཉེར་ལེན་གསལ་རིག་ཅིག་ མེད་ན་བེམ་ཆོས་གསལ་རིག་གི་ཉེར་ལེན་དུ་མི་རུང་བའི་གནད་དེར་ཐུག་ཡོད། འདི་ནི་ཤིན་ཏུ་གསལ་བའི་དངོས་དོན་ཞིག་སྟེ། རིགས་པའི་ལམ་ནས་བློས་དཔྱད་པའམ། རྫས་སྦྱོར་གྱི་ཚོད་བལྟ་གང་གི་སྒོ་ནས་གསལ་རིག་གི་རྒྱུན་གསར་པ་ཞིག་རྒྱུ་མེད་ དམ་མི་མཐུན་པའི་རྒྱུ་ལས་གྲུབ་པ་མེད་པ་དང༌། ཕྲ་བའི་གསལ་རིག་རྒྱུན་ཆད་པའི་རྒྱུ་རྐྱེན་ཡང་མེད་པ་དཔོག་ནུས། དེང་རབས་ཀྱི་སེམས་ཁམས་རིག་པ་བ་དང༌། དངོས་ཁམས་རིག་པ་བ། ཀླད་ཁམས་རིག་པ་བ་སུས་ཀྱང་རྒྱུ་མེད་ལས་སམ། ཡང་ན་བེམ་རྫས་ཀྱིས་གསལ་རིག་སྐྲུན་ཐབས་དངོས་མཐོང་དང་ཚོད་དཔག་གང་ཡང་བྱས་ཐུབ་ མེད། ལྷག་པར་ཚེ་རབས་མང་པོའམ་འདས་མ་ཐག་པའི་སྐྱེ་བ་སྔོན་མ་དྲན་ཏེ་དེའི་གནས་ལུས་ ལོངས་སྤྱོད་ཉེ་དུ་སོགས་འཁྲུལ་མེད་ངོས་འཛིན་ཐུབ་མཁན་གནའ་དུས་ཙམ་མ་ཟད། དེང་དུས་ཀྱང་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་ཧ་ཅང་མང་པོ་བྱུང་དང་ཡོང་བཞིན་པ་འདི་ དག་གི་མྱོང་དྲན་ལ་སྙོན་ཐབས་བྱེད་པ་ནི་གཟུ་བོའི་དཔྱོད་ཚུལ་དྲང་པོ་ཞིག་མ་ཡིན་ པར་མངོན་སུམ་ལ་བསྙོན་པ་ཡིན། བོད་ལུགས་ཡང་སྲིད་ངོས་འཛིན་བྱེད་སྲོལ་ཡང་སྔོན་གནས་རྗེས་དྲན་གྱི་མྱོང་བ་ལ་ བརྟེན་པའི་དཔྱོད་ཚུལ་ཚད་ཐུབ་ཅིག་ཡིན།


སྐྱེ་བ་ལེན་ཚུལ།
རྣམ་ཤེས་རྒྱུན་ཆད་མེད་པར་ཚེ་འདིའི་ལུས་རྟེན་དོར་རྗེས་ཕྱི་མའི་ལུས་རྟེན་ལ་ ཉིང་མཚམས་སྦྱར་ཏེ་སྐྱེ་བ་བླངས་པ་དེ་ལའང༌། ལས་ཉོན་གྱི་དབང་གིས་སྐྱེ་བ་དང༌། སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་སྐྱེ་བ་གཉིས་ཡོད་ཅིང༌། དང་པོ་ནི་མ་རིག་པའི་དབང་གིས་དགེ་སྡིག་གི་ལས་བསགས་པ་རྣམས་ཀྱི་བག་ཆགས་རྣམ་ ཤེས་ཀྱི་སྟེང་དུ་བཞག་པ། འཆི་དུས་སུ་སྲེད་ལེན་སྲིད་པས་གང་གསོས་བཏབ་པ་དེས་སྐྱེ་བ་ཕྱི་མ་འཕངས་ཏེ་བདེ་ འགྲོ་དང་ངན་འགྲོ་ཅི་རིགས་པའི་ལུས་སུ་དབང་མེད་ཀྱིས་སྐྱེ་བ་ལེན་པ་རྣམས་ཏེ། སོ་སྐྱེ་རྣམས་ནི་ཟོ་ཆུན་གྱི་འཁྱུད་མོ་ལྟར་རང་དབང་མེད་པར་སྐྱེ་འཆིའི་འཁོར་ ལོ་བར་མེད་དུ་འཁོར་བ་ཡིན། དེ་ལྟའི་གནས་སྐབས་སུའང་རྒྱུན་དུ་དགེ་བར་འགྲུས་པ་དང༌། འདུན་པ་དང་གོམས་པའི་དབང་གིས་འཆི་ཁར་དགེ་བའི་ལས་ལ་གསོས་བཏབ་སྟེ། བདེ་འགྲོར་སྐྱེ་བའི་ཐབས་སོ་སྐྱེས་ཀྱང་བསྒྲུབ་ཏུ་ཡོད། འཕགས་ལམ་ཐོབ་པའི་བྱང་སེམས་རྣམས་ལས་ཉོན་གྱི་དབང་གིས་སླར་མི་སྐྱེ་ཡང༌། འགྲོ་བ་ལ་དམིགས་པའི་སྙིང་རྗེའི་དབང་གིས་གཞན་ཕན་སྒྲུབ་པའི་སྨོན་ལམ་ལ་བརྟེན་ ནས་ཡུལ་དུས་ཕ་མ་སོགས་རང་དབང་གིས་བདམས་ཏེ་གཞན་དོན་འབའ་ཞིག་གི་ཕྱིར་སྐྱེ་བ་ ལེན་པ་དེ་དག་ནི་སྙིང་རྗེ་དང་སྨོན་ལམ་དབང་གིས་སྐྱེ་བ་ཡིན།


སྤྲུལ་སྐུའི་མཚན་དོན།
བོད་སྲོལ་ངོས་འཛིན་བྱེད་པའི་ཡང་སྲིད་རྣམས་ལ་སྤྲུལ་སྐུ་ཞེས་པའི་ཐ་སྙད་རྒྱུན་ འཇགས་སུ་སོང་བ་ནི་དད་ལྡན་རྣམས་ཀྱི་བཀུར་ཚིག་ངག་རྒྱུན་དུ་འཇགས་པར་སྣང༌། སྤྱིར་སྤྲུལ་སྐུ་ཞེས་པ་ཕར་ཕྱིན་ཐེག་པའི་གཞུང་ལས་སངས་རྒྱས་ཀྱི་སྐུའི་རྣམ་ གྲངས་གསུམ་མམ་བཞི་བཤད་པའི་སྐབས་ཀྱི་སྐུ་བྱེ་བྲག་པ་ཞིག་གི་དངོས་མིང་ཡིན་པ་ དང༌། དེ་ཡང་འཆིང་བ་ཀུན་ལྡན་གྱི་སྐྱེ་བོ་ཞིག་ཐེག་པ་ཆེན་པོའི་ལམ་དུ་ཞུགས་ཏེ་བསོད་ ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་བརྟེན་ནས་སེམས་སྟེང་གི་དྲི་མ་གློ་བུར་བ་ཉོན་མོངས་ པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་ཏེ་དྲི་མ་དང་བྲལ་བའི་སེམས་དེས་ ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པ་དེ་ལ་ཡེ་ཤེས་ཆོས་སྐུ་དང༌། དེ་འདྲའི་སེམས་ཀྱི་ཆོས་ཉིད་དེར་ངོ་བོ་ཉིད་སྐུར་འབོད་ཅིང༌། དེ་ནི་རང་དོན་མཐར་ཕྱིན་པའི་མཐར་ཐུག་གི་སྐུའམ་ཆོས་ཀྱི་སྐུ་ཡིན། འོན་ཀྱང་སྐུ་དེ་ནི་སངས་རྒྱས་ནང་ཕན་ཚུན་ཙམ་ལས་གཞན་ལ་སྣང་དུ་མི་རུང་བས་གཞན་ དོན་སྒྲུབ་པའི་ཆ་རྐྱེན་དུ་གཞན་ལ་སྣང་རུང་གི་གཟུགས་སྐུ་མེད་དུ་མི་རུང་བས། སར་གནས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་དུ་རུང་ཞིང༌། འོག་མིན་གྱི་གནས་སུ་བཞུགས་པ་སོགས་ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་མཐར་ཐུག་ལ་ ལོངས་སྤྱོད་རྫོགས་པའི་སྐུ་དང༌། དེས་སྤྲུལ་པའི་སོ་སྐྱེ་རང་ག་བར་ཡང་སྣང་དུ་རུང་བའི་ལྷ་དང་མི་སོགས་ལུས་རྟེན་ ཅི་རིགས་པར་སྤྲུལ་སྒྱུར་མཛད་པ་ལ་སྤྲུལ་སྐུ་སྟེ་སྐུ་འདི་གཉིས་ལ་གཞན་དོན་ གཟུགས་སྐུའི་ཐ་སྙད་བྱས།
སྤྲུལ་སྐུ་ལའང་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཞིང༌། ཡུལ་དུས་ཁྱད་པར་བར་སྐྱེ་བ་མངོན་པར་སྐྱེ་བ་སོགས་མཛད་པ་བཅིུས་སྟོན་མཁན་གྱི་ མཆོག་གི་སྤྲུལ་སྐུ་བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་ལྟ་བུ་དང༌། བཟོ་ཡི་གནས་ཀྱིས་འགྲོ་དོན་མཛད་པའི་བཟོ་བོའི་སྤྲུལ་སྐུ། ལྷ་མི་དུད་འགྲོ ཆུ་དང་ཟམ་པ། སྨན་དང་ལྗོན་ཤིང་སོགས་ཅི་རིགས་པའི་སྤྲུལ་པས་འགྲོ་དོན་མཛད་པའི་སྐྱེ་བ་སྤྲུལ་ སྐུ་གསུམ་དུ་ཡོད་པ་ལས་བོད་དུ་ཡང་སྲིད་དུ་ངོས་འཛིན་བྱས་པའི་དམ་པ་རྣམས་ལ་ སྤྲུལ་སྐུའི་མིང་གིས་བསྙད་པ་ནི་སྐྱེ་བ་སྤྲུལ་སྐུའི་ཁོངས་སུ་འདུ་དགོས་ཤིང༌། སངས་རྒྱས་ཀྱི་སྐྱེ་བ་སྤྲུལ་སྐུ་མཚན་ཉིད་པ་ཡིན་པའི་བླ་སྤྲུལ་མང་པོ་ཡོད་ངེས་ ཀྱང༌། ཀུན་ལ་མ་ཁྱབ་པས་བོད་ཀྱི་སྤྲུལ་སྐུའི་ཁྱུ་ཚོགས་ནང་སློབ་པ་འཕགས་པ་དང༌། སོ་སྐྱེ་ཚོགས་སྦྱོར་བ་དང་ལམ་མ་ཞུགས་ཅི་རིགས་ཡོད་པ་སྨོས་མ་དགོས་ཤིང༌། དེ་དག་ལ་འདྲ་འབྲེལ་རྒྱུ་མཚན་གྱིས་སྤྲུལ་སྐུ་ ཞེས་བཏགས་པར་མངོན། འཇམ་དབྱངས་མཁྱེན་བརྩེ་དབང་པོས། སྐུ་ཡི་བཀོད་པ་སྔ་མ་བསྡུས་ནས་ཕྱི་མ་བཟུང་བར་སྐྱེ་བ་དང། སྤྲུལ་གཞི་མ་བསྡུས་པར་སྤྲུལ་པ་གཞན་དག་སྟོན་པ་སྤྲུལ་པ་ཞེས་བཞེད། ཅེས་གསུངས།


ཡང་སྲིད་ངོས་འཛིན།
སྐྱེ་བོ་བྱེ་བྲག་པའི་སྐྱེ་བ་སྔོན་མ་ངོས་བཟུང་སྟེ་སུ་ཞིག་སུའི་སྐྱེ་བ་ཡིན་པ་ གསལ་བར་སྟོན་པའི་ཚུལ་སངས་རྒྱས་ཞལ་བཞུགས་པའི་སྐབས་ནས་བྱུང་སྟེ། དེ་བཞིན་གཤེགས་པས་ལས་འབྲས་ཀྱི་རྣམ་གཞག་བསྟན་པའི་སྐབས་སྐྱེ་བ་གང་དུ་ལས་ཅི་ ཞིག་བསགས་པས་ད་ལྟ་འབྲས་བུ་འདི་མྱོང་བའི་ཚུལ་རྒྱ་ཆེར་བསྟན་པ་འདུལ་བ་ལུང་སྡེ་ བཞི་དང༌། སྐྱེས་རབས། མདོ་མཛངས་བླུན། མདོ་སྡེ་ལས་བརྒྱ་པ་སོགས་ཀྱིས་མཚོན་མདོ་རྒྱུད་ཕལ་མོ་ཆེའི་ནང་གྲངས་ལས་འདས་པ་ ཞིག་བཞུགས་ཤིང༌། སྟོན་པ་འདས་པའི་རྗེས་སུ་རིམ་པར་བྱོན་པའི་རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱི་རྣམ་ ཐར་དུའང་སྐུ་ཕྲེང་སྔོན་མ་རྣམས་སུ་གང་དུ་གང་གི་སྐུ་སྐྱེ་བཞེས་པའི་ཚུལ་ཧ་ཅང་ མང་པོ་མཇལ་དུ་ཡོད་ཀྱང༌། བོད་སྲོལ་ལྟར་ཡང་སྲིད་ངོས་འཛིན་གྱིས་སྐུ་ཕྲེང་གྲངས་ཀ་བརྩི་བའི་ལམ་ནི་མ་ བྱུང་ངོ༌།།


བོད་དུ་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ།
བོད་དུ་ནང་ཆོས་མ་དར་གོང་གི་བོན་ལུགས་སུའང་སྐྱེ་བ་སྔ་ཕྱི་ཡོད་པར་འདོད་པ་དང༌། ནང་ཆོས་དར་རྗེས་བོད་མི་ཤེས་ལྡན་ཚང་མས་སྐྱེ་བ་སྔ་ཕྱི་ཡོད་པར་ཡིད་ཆེས་བྱེད་ ཅིང༌། བསྟན་འཛིན་གྱི་སྐྱེས་ཆེན་མང་པོའི་སྐུ་ཕྲེང་སྔོན་མ་གང་དང་གང་དུ་སྐྱེ་བ་བཞེས་ ཏེ་འགྲོ་དོན་མཛད་པའི་ཚུལ་ལ་རྟོག་ཞིབ་དང༌། དད་འདུན་གསོལ་འདེབས་བྱེད་པའི་གོམས་གཤིས་ཡོངས་ཁྱབ་ཏུ་གྱུར། མ་ཎི་བཀའ་འབུམ་དང༌། བཀའ་ཐང་སྡེ་ལྔ་སོགས་ཆེས་སྔ་བའི་བོད་གཞུང་རྣམས་དང༌། ཕྱི་ལོ་བརྒྱ་ཕྲག་བཅུ་གཅིག་པའི་ནང་དཔལ་མཉམ་མེད་ཇོ་བོ་ཆེན་པོ་བོད་དུ་བཞུགས་ སྐབས་གསུངས་པའི་ཞུ་ལན་ནོར་བུའི་ཕྲེང་བ་དང༌། བཀའ་གདམས་བུ་ཆོས་སོགས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྐྱེས་རབས་ཀྱི་ཕྲེང་བ་ སྟོན་པའི་ཚད་ལྡན་གྱི་གཞུང་མང་པོ་བྱུང༌། འོན་ཀྱང་ད་ལྟའི་ཡོངས་གྲགས་ཀྱི་ཆེད་གཉེར་ཡང་སྲིད་ངོས་འཛིན་བྱེད་སྲོལ་འདིའི་ ཐོག་མ་ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་པའི་འགོ་སྟོད་དུ་ཀརྨ་པཀྵིའི་སློབ་མ་རྣམས་ ཀྱིས་ཁོང་ཀརྨ་པ་དུས་གསུམ་མཁྱེན་པའི་ལུང་མཐུན་ཡང་སྤྲུལ་དུ་ངོས་འཛིན་གྱིས་དད་ མོས་བྱས་པ་ནས་བྱུང་བར་གྲགས་ཤིང༌། དེ་ནས་བཟུང་ད་ལྟའི་བར་ལོ་བརྒྱད་བརྒྱ་བརྒལ་བའི་རིང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་ བྱུང་ཟིན་པ་དང༌། ཕྱི་ལོ་བརྒྱ་ཕྲག་བཅོ་ལྔ་པའི་ནང་མཁའ་འགྲོ་ཆོས་ཀྱི་སྒྲོན་མེའི་ཡང་སྲིད་ཀུན་ དགའ་བཟང་མོ་ངོས་འཛིན་གྱིས་ད་བར་བསམ་སྡིང་རྡོ་རྗེ་ཕག་མོའི་སྐུ་ཕྲེང་བཅུ་ཕྲག་ བརྒལ་བ་བྱུང་ཟིན། བོད་དུ་ཡང་སྲིད་ངོས་འཛིན་བྱས་པའི་སྤྲུལ་སྐུ་རབ་བྱུང་དང༌། སྔགས་འཆང༌། སྐྱེས་པ་དང་བུད་མེད་ཅི་རིགས་བྱུང༌། ལམ་སྲོལ་འདི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་གཞན་དང་ཆོས་ལུགས་གཞན་དུའང་ དར་ཁྱབ་ཀྱིས་ད་ཆ་ས་དགེ་བཀའ་རྙིང་ཇོ་ནང་བོ་དོང་བོན་དང་བཅས་པའི་ནང་ཡང་སྤྲུལ་ ངོས་འཛིན་བྱས་པའི་བླ་སྤྲུལ་བསྟན་པའི་ཞབས་འདེགས་སྒྲུབ་མཁན་དང་སྐབས་རེ་ཞབས་ འདྲེན་ཞུ་མཁན་ཡང་ཡོང་བ་ཀུན་གྱི་མཐོང་ཆོས་སུ་ཡོད་པ་འདི་ཡིན།
རྗེ་ཙོང་ཁ་པའི་དངོས་སློབ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་གཙང་བཀྲིས་ ལྷུན་པོའི་གདན་ས་བཏབ་ཅིང༌། སློབ་ཚོགས་བསྐྱངས་ཏེ་ཕྱི་ལོ་ ༡༤༧༤ ལོར་དགུང་གྲངས་གྱ་བཞིའི་ཐོག་དགོངས་པ་གཞན་དོན་དུ་གཤེགས། དང་ཐོག་དེའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་རྩོལ་བ་བྱེད་མཁན་མ་བྱུང་ཡང༌། ཕྱི་ལོ་ ༡༤༧༦ ལོར་གཙང་རྟ་ནག་ཏུ་འཁྲུངས་པའི་ཁྱེའུ་སངས་རྒྱས་ཆོས་འཕེལ་གྱིས་སྔོན་གནས་རྗེས་ དྲན་གྱི་གསུང་འཁྲུལ་མེད་ངོ་མཚར་ཅན་དུ་མ་བྱོན་པ་ལ་བརྟེན་ནས་ངོས་འཛིན་མ་ཞུས་ ཐབས་མེད་དུ་གྱུར། དེ་ནས་བཟུང་ད་ལྟའི་བར་རྒྱལ་དབང་སྐུ་ཕྲེང་ན་རིམ་དགའ་ལྡན་ཕོ་བྲང་བླ་བྲང་དང༌། དགའ་ལྡན་ཕོ་བྲང་གཞུང་གིས་རྩད་གཅོད་ངོས་འཛིན་ཞུ་རྒྱུའི་སྲོལ་རྒྱུན་ཚུགས་སོ།།


ཡང་སྲིད་ངོས་འཛིན་གྱི་ཐབས་ལམ།
ཡང་སྲིད་ངོས་འཛིན་བྱེད་སྲོལ་དར་རྗེས་དེའི་ཐབས་ལམ་ཡང་རིམ་བཞིན་གོང་འཕེལ་ གྱིས་སྲོལ་རྒྱུན་དུ་འཇགས་པ་རྣམས་ཀྱི་ནང་ནས་གཙོ་ཆེ་ཤོས་གོང་མའི་འདའ་ཁའི་ཞལ་ གདམས་དང༌། ལམ་སྟོན་ནམ་བརྡ་མཚོན་བསྟན་པ། ཡང་སྲིད་སོ་སོས་ཆུང་དུས་ནས་སྔོན་གནས་རྗེས་དྲན་གྱི་གཏམ་ཚད་འཛིན་འཕེར་བ་བཤད་ པ་དང༌། གོང་མའི་ཅ་དངོས་དང་ཉེ་འཁོར་ངོས་འཛིན་བྱས་པ་གཉིས་གཙོར་བཟུང་ཐོག ཚད་ལྡན་གྱི་སྐྱེས་བུ་དམ་པར་ཐུགས་དམ་བརྟགས་ཞུས། འཇིག་རྟེན་པའི་ལྷ་སྲུང་སྐུ་ཁོག་ཏུ་བརླམས་པ་རྣམས་ལ་ལུང་ཞུས། ལྷ་མོ་བླ་མཚོ་སོགས་སྲུང་མའི་བླ་མཚོ་ཁག་ཏུ་མཚོ་མཇལ་བཅས་ཐབས་ལམ་འདྲ་མིན་ཧ་ཅང་ མང་པོ་ཡོད་པ་དང༌། འོས་སྤྲུལ་གཅིག་ལས་མང་བ་བྱུང་སྟེ་འཁྲུན་ཐག་གཅོད་དཀའ་བར་གྱུར་ཚེ་རྟེན་གྱི་ སྤྱན་སྔར་བདེན་པ་བདར་ཏེ་ཟན་རིལ་བསྒྲིལ་ནས་ཐག་གཅོད་བྱེད་སྲོལ་ཡང་བྱུང༌།


མ་འདས་སྤྲུལ་སྐུ།
སྤྱིར་ཡང་སྲིད་ཅེས་པ་གོང་མ་འདས་པའི་རྗེས་སུ་དེ་ཉིད་སླར་མིའི་ལུས་སུ་སྐྱེ་བ་ ཞིག་དགོས་པས་སོ་སྐྱེ་ཞིག་ལ་མ་འདས་སྤྲུལ་སྐུ་ཡོང་ཐབས་མེད་ཀྱང༌། སར་གནས་ཀྱི་འཕགས་པ་དུས་གཅིག་ཏུ་ལུས་བརྒྱ་སྟོང་དུ་མར་སྤྲུལ་བསྒྱུར་ནུས་པ་ རྣམས་ལ་མ་འདས་སྤྲུལ་སྐུ་ངེས་པར་ཡོང་ཆོག འོན་ཀྱང་བོད་ཀྱི་སྤྲུལ་སྐུ་ངོས་འཛིན་བྱེད་སྲོལ་དུ། རྒྱུད་གཅིག་པའི་སྤྲུལ་སྐུ་དང༌། ལས་སྨོན་གྱིས་འབྲེལ་བའི་སྤྲུལ་སྐུ། བཀའ་བབས་པའམ་བྱིན་གྱིས་བརླབས་པའི་སྤྲུལ་སྐུ་སོགས་ཅི་རིགས་ཡོད་པ་དང༌། སྤྲུལ་སྐུ་ཕེབས་པའི་དགོས་དོན་གཙོ་བོ་གོང་མའི་སྐུ་ཚེའི་རིང་བསྟན་འགྲོའི་བྱ་ བ་འཕྲོ་ཅན་དུ་ལུས་པ་རྣམས་མཇུག་སྐྱོང་བྱ་རྒྱུའི་ཆེད་ཡིན་ལ། བླ་མ་སོ་སྐྱེ་ཞིག་ཡིན་ན་རྒྱུད་གཅིག་པའི་ཡང་སྲིད་ཀྱི་ཚབ་ཏུ་རང་དང་ལས་སྨོན་ གྱིས་འབྲེལ་བའི་ལས་དག་གི་སྐྱེ་བོ་གཞན་སྤྲུལ་སྐུར་ངོས་འཛིན་བྱེད་པ་དང༌། ཡང་ན་རང་གི་བུ་སློབ་བམ་གཞོན་སྐྱེས་གཞན་ལ་ཆོས་བརྒྱུད་ཀྱི་བཀའ་ཕབ་སྟེ་སྤྲུལ་ སྐུར་ངོས་འཛིན་བྱེད་པ་ཅི་རིགས་ཡོང་སྲིད་པས་སོ་སྐྱེ་ལའང་རྒྱུད་གཅིག་མིན་པའི་ ཡང་སྲིད་མ་འདས་སྤྲུལ་སྐུ་ཡོང་ཆོག་པ་དང༌། ཡང་གོང་མ་གཅིག་ལ་སྐུ་གསུང་ཐུགས་སྤྲུལ་སོགས་ཡང་སྲིད་མང་པོ་དུས་གཅིག་ཏུ་ཕེབས་ པའང་ཡོད། ཉེ་བའི་མི་རབས་ནང་ཡོངས་གྲགས་ཀྱི་མ་འདས་སྤྲུལ་སྐུ་བདུད་འཇོམས་འཇིགས་བྲལ་ཡེ་ ཤེས་རྡོ་རྗེ་དང༌། བཅོ་བརྒྱད་ཁྲི་ཆེན་ངག་དབང་མཁྱེན་རབ་སོགས་དུ་མ་ཡོད།


གསེར་བུམ་དཀྲུགས་འདོན།
སྙིགས་མའི་རྒུད་ཚོགས་བདོ་བ་དང་མཉམ་དུ་ཡང་སྲིད་ངོས་འཛིན་བྱས་པའི་བླ་ཆེན་ཇེ་ མང་དུ་གྱུར་ཐོག འགའ་ཤས་སྲིད་དོན་དང་འབྲེལ་ཞིང༌། ཚུལ་མིན་གཡོ་སྒྱུས་ངོས་འཛིན་རྫུན་མ་ཇེ་མང་དུ་སོང་བ་བཅས་ཀྱིས་བསྟན་སྲིད་ལ་ གནོད་ཚབས་ཅི་ཆེ་འབྱུང་བཞིན་པའི་ཐོག ཕྱི་ལོ་ ༡༧༩༡ ནས་ ༡༧༩༣ བར་བོད་དང་གོར་ཁ་དམག་འཁྲུག་སྐབས་བོད་གཞུང་གིས་མན་ཇུའི་དམག་རོགས་གཉེར་དགོས་ བྱུང་བ་དང༌། གོར་དམག་མཐར་སྐྲོད་རྗེས་མན་ཇུའི་དཔོན་རིགས་རྣམས་ཀྱིས་བོད་གཞུང་གི་འཛིན་ སྐྱོང་ཚགས་ཚུད་ཡོང་ཐབས་ལ་བསྙད་པའི་གྲོས་འདེབས་དོན་ཚན་ཉེར་དགུ་ཡོད་པ་ཞིག་ བཏོན་པའི་ནང་ཏཱ་ལའི་བླ་མ་དང༌། པཎ་ཆེན་བླ་མ། གཞན་ཡང་ཧོ་ཐོ་ཐུ་རྣམས་ཀྱི་ཡང་སྲིད་གསེར་བུམ་དཀྲུགས་ཏེ་ཐག་གཅོད་དགོས་པའི་ འདུན་གྲོས་བཏོན་ཡོད། དེར་བརྟེན་རྒྱལ་དབང་དང་པཎ་ཆེན་སྐུ་ཕྲེང་རེ་ཟུང༌། བླ་ཆེན་གཞན་གང་འཚམས་བཅས་གསེར་བུམ་དཀྲུགས་འདོན་བྱས་པ་མ་ཟད། གསེར་བུམ་དཀྲུགས་འདོན་གྱི་ཆོ་ག་ཡང་ྋརྒྱལ་བ་འཇམ་དཔལ་རྒྱ་མཚོས་ལྗགས་རྩོམ་མཛད། དེ་འདྲའི་ལམ་སྲོལ་གཏོད་པའི་རྗེས་སུའང་རྒྱལ་དབང་སྐུ་ཕྲེང་དགུ་པ་དང༌། བཅུ་གསུམ་པ། ངོས་རང་བཅུ་བཞི་པ་བཅས་གསེར་བུམ་དཀྲུགས་འདོན་བྱས་མེད་ཅིང༌། རྒྱལ་དབང་སྐུ་ཕྲེང་བཅུ་པའང་ཡང་སྲིད་ངེས་རྙེད་ཟིན་སྟབས་དངོས་དོན་དུ་གསེར་ བུམ་དཀྲུགས་མེད་ཀྱང༌། མན་ཇུའི་གཡར་ངོ་མ་ལྡོག་པར་གསེར་བུམ་དཀྲུགས་ཚུལ་གསལ་བསྒྲགས་ཙམ་བྱས། དངོས་སུ་གསེར་བུམ་དཀྲུགས་འདོན་བྱས་པ་ྋརྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་དང་བཅུ་ གཉིས་པ་གཉིས་ལས་བྱུང་མེད་ཁར། བཅུ་གཉིས་པའང་གསེར་བུམ་མ་དཀྲུག་གོང་གཏན་འཁེལ་ཟིན་པས་གསེར་བུམ་གྱི་ལམ་ནས་ ངོས་འཛིན་བྱས་པ་གཅིག་ལས་མ་བྱུང༌། དེ་བཞིན་པཎ་ཆེན་སྐུ་ཕྲེང་རིམ་བྱོན་ནང་བརྒྱད་པ་དང་དགུ་པ་གཉིས་ལས་གསེར་བུམ་ དཀྲུགས་འདོན་བྱས་པ་བྱུང་མེད། ལམ་སྲོལ་འདི་མན་ཇུའི་བཙན་ཤུགས་ཙམ་ལས་བོད་མིས་ཡིད་ཆེས་བྱ་ཡུལ་དང་ཆོས་ལུགས་ ཀྱི་བྱེད་ཐབས་ཤིག་མིན་ཡང༌། དྲང་བདེན་གྱིས་ལག་བསྟར་བྱས་ན་ཟན་རིལ་བསྒྲིལ་བའི་ཐབས་ལམ་དང་མཚུངས་པ་ལྟ་བུར་ བརྩིས་ཆོག་པར་སྣང༌།
ཕྱི་ལོ་ ༡༨༨༠ ལོར་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་སྐབས་བོད་ དང་མན་ཇུའི་མཆོད་ཡོན་གྱི་འབྲེལ་བ་མ་ཆད་ཅིང༌། མན་ཇུའི་གནོན་ཤུགས་ཕྲན་བུ་ཡོད་སྐབས་ཡིན་ཡང་པཎ་ཆེན་སྐུ་ཕྲེང་བརྒྱད་པ་དང༌། གནས་ཆུང་དང་བསམ་ཡས་ཆོས་སྐྱོང་བཅས་ཀྱི་ལུང་བསྟན། ལྷ་མོའི་བླ་མཚོའི་མཚོ་མཇལ་བཅས་སྒོ་གང་ས་ནས་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་ བྱུང་སྟབས་གསེར་བུམ་དཀྲུགས་འདོན་མ་དགོས་པར་ངོས་འཛིན་བྱུང་སྐོར་ྋགོང་ས་མཆོག་ རང་གིས་ཆུ་སྤྲེལ་ཞལ་གདམས་སུ། ངོས་ཐོག་མར་སྔར་སྲོལ་གསེར་བུམ་དཀྲུགས་འདོན་མ་དགོས་པར་ལུང་བརྟག་དོན་གསལ་ སྲིད་ཞིའི་འདྲེན་མཆོག་རྒྱལ་དབང་གི་སྐྱེ་གྲལ་དུ་བརྟག་དཔྱད་ངོས་འཛིན་གྱིས་ གདན་ཁྲིར་འཁོད་ནས་བཟུང་། ཞེས་གསུངས་པ་ལས་གསལ་བར་རྟོགས་ནུས།
ཕྱི་ལོ་ ༡༩༣༩ ལོར་ངོས་རང་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པར་ངོས་འཛིན་བྱེད་སྐབས་བོད་རྒྱ་མཆོད་ ཡོན་གྱི་འབྲེལ་བ་ཆད་ཟིན་པས། གསེར་བུམ་དཀྲུགས་འདོན་དགོས་མིན་གླེང་གཞི་བྱུང་མེད་ཅིང༌། ལྷ་བླའི་ལུང་དོན་དང༌། ལྷ་མོའི་བླ་མཚོའི་མཚོ་གཟིགས་སོགས་རྩེ་མཐུན་གྱིས་ངོས་འཛིན་བྱ་སྒོ་རྣམས་བོད་ ཀྱི་རྒྱལ་ཚབ་དང༌། བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་བཅས་ནས་ཐག་གཅོད་བྱས་པ་ལས་རྒྱ་ཕྱོགས་ནས་ཐེ་ བྱུས་གང་ཡང་བྱས་མེད་པ་ཡོངས་གྲགས་ཀྱང༌། རྗེས་སུ་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགས་བསམ་བཏང་དྲན་སྐྱེས་ ཀྱིས་གསེར་བུམ་དཀྲུགས་མི་དགོས་པའི་བཀའ་འཁྲོལ་སྤྲད་ཚུལ་དང༌། ཨུའུ་ཀྲུང་ཞིང་གིས་ངོས་ཀྱི་ཁྲི་འདོན་མཛད་སྒོའི་གཙོ་སྐྱོང་བྱེད་ཚུལ་སོགས་ རྫུན་གཏམ་གསར་ཤོག་ཐོག་སྤེལ་བ་དེ་དག་བདེན་པ་མིན་སྐོར་རྒྱ་ནག་མི་དམངས་སྤྱི་ མཐུན་རྒྱལ་ཁབ་ཀྱིས་རླབས་ཆེན་ཡར་ཐོན་ཅན་དུ་བརྩིས་པའི་རྒྱ་ནག་རྒྱལ་ཡོངས་མི་ དམངས་འཐུས་ཚོགས་རྒྱུན་ལས་ཀྱི་ཚོགས་གཞོན་ང་ཕོད་ངག་དབང་འཇིགས་མེད་ཀྱིས་ཕྱི་ ལོ་ ༡༩༨༩ ཟླ་ ༧ ཚེས་ ༣༡ ཉིན་བོད་རང་སྐྱོང་ལྗོངས་ཀྱི་སྐབས་ལྔ་པའི་མི་དམངས་འཐུས་མི་ཚོགས་འདུ་ཐེངས་ གཉིས་པའི་ཐོག་ཡིག་ཆའི་བདེན་དཔང་གི་ལུང་འདྲེན་དང་བཅས་ཏེ་ཞིབ་ཕྲ་འགྲེལ་བརྗོད་ བྱས་མཐར། “གོང་མིན་ཏང་གིས་སྐྱག་རྫུན་བཤད་པ་དེ་ལྟར་ང་ཚོ་གུང་ཁྲན་ཏང་གིས་དེའི་རྗེས་སུ་ རྒྱུགས་ནས་མུ་མཐུད་སྐྱག་རྫུན་བཤད་དགོས་དོན་ག་རེ་ཡོད་དམ། ཞེས་ནན་བཤད་བྱས་འདུག་པ་ལས་གསལ་པོ་ར་འཕྲོད་ཐུབ།


ངན་གཡོའི་རེ་སྟོང་།
བར་སྐབས་བླ་བྲང་འབྱོར་ལྡན་ཁག་གི་ཕྱག་གཉེར་ཆོས་ཀྱིས་རྒྱུད་མ་དུལ་ཞིང༌། འདི་སྣང་ཆགས་སྡང་གིས་མྱོས་པ་འགའ་རེས་ཆོས་མིན་གྱི་ལམ་ནས་ཡང་སྲིད་ངོས་འཛིན་ བྱེད་མཁན་བྱུང་བས་བསྟན་པ་དང༌། དགེ་འདུན། སྤྱི་ཚོགས་བཅས་ལ་གནོད་ཚབས་བྱུང་བའི་ཁར། མན་ཇུའི་སྐབས་ནས་བཟུང་རྒྱ་ནག་གི་སྲིད་དོན་དབང་འཛིན་པ་ན་རིམ་གྱིས་བོད་སོག་ ཐོག་ཐེ་བྱུས་སླད་ཆོས་དང་བླ་སྤྲུལ་སྲིད་དོན་གྱི་ལག་ཆར་བཟུང་སྟེ་གཡོ་ཐབས་རིམ་ སྤེལ་བྱས་པ་དང༌། དེང་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཅིག་སྡུད་དབང་འཛིན་པ་རྣམས་ ཀྱང་རང་ཉིད་ཆོས་མེད་དམར་པོའི་ལྟ་གྲུབ་འཛིན་མཁན་ཡིན་པར་ཁས་འཆེ་བཞིན་དུ་ཆོས་ ལུགས་ལ་ཐེ་བྱུས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་བཙན་བཀའ་དང༌། ཕྱི་ལོ་ ༢༠༠༧ ཟླ་ ༩ ཚེས་ ༡ ནས་ལག་བསྟར་བྱས་པའི་བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་ དམ་བྱེད་ཐབས་ཀྱི་བཀའ་རྩ་ཨང་ལྔ་པ་ཟེར་བ་སོགས་སྤེལ་བ་ནི་ངོ་ཚ་བྲལ་བའི་མ་རབས་ ཀྱི་སྤྱོད་ཚུལ་བཞད་གད་ཀྱི་གནས་སུ་གྱུར་པ་ཞིག་ཡིན་ནའང༌། བོད་མིའི་ཐུན་མིན་ལེགས་བྱང་གི་ལམ་སྲོལ་འདི་དག་རྩ་མེད་གཏོང་ཐབས་ཀྱི་ངན་བྱུས་ འོག་བླ་སྤྲུལ་ཡང་སྲིད་ངོས་འཛིན་ལ་མི་འོས་པའི་བྱེད་ཐབས་སྣ་ཚོགས་སྤེལ་ཏེ་བོད་ རིགས་ཡོངས་ཀྱི་སྙིང་ལ་གསོས་དཀའི་རྨ་ཁ་ཞིག་བཟོས་དང་བཟོ་བཞིན་པ་མ་ཟད། ངོས་ནམ་ཤི་ལ་བསྒུགས་ཏེ་ྋརྒྱལ་དབང་སྐུ་ཕྲེང་བཅོ་ལྔ་པ་ཞིག་ཁོང་ཚོས་རང་འདོད་ ལྟར་ངོས་འཛིན་གྱིས་བོད་དང་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་རྣམས་ཀྱིས་མཚོན་ རྒྱལ་སྤྱིའི་མང་ཚོགས་མགོ་སྐོར་སླུ་བྲིད་བྱ་རྒྱུའི་བྱུས་ངན་གཏིང་ཟབ་ཅིག་ཡོད་ པ་བར་སྐབས་ཀྱི་ཁྲིམས་སྒྲིག་ཁག་དང༌། བསྒྲགས་གཏམ་རིམ་པ་ནས་ཧ་ཅང་གསལ་པོར་གྱུར་ཟིན་པར་བརྟེན། བསྟན་འགྲོ་སྤྱིའི་འཕྲལ་ཡུན་གྱི་ལེགས་ཚོགས་ལ་དམིགས་ཏེ་དེ་འདྲའི་བྱུས་ངན་ལམ་ ལྷོང་མི་ཡོང་བའི་སྔོན་འགོག་བྱ་རྒྱུ་ངོས་ཀྱི་གཡོལ་དུ་མེད་པའི་ཁུར་འགན་ཞིག་ ཡིན་པར་ངོས་འཛིན་གྱིས་བསྒྲགས་གཏམ་འདི་སྤེལ་རྒྱུ་ཡིན།


རྒྱལ་དབང་སྐུ་ཕྲེང་རྗེས་མ།
ཇི་ལྟར་གོང་དུ་བརྗོད་ཟིན་པ་བཞིན་སླར་ཡང་ཡང་སྤྲུལ་སྲིད་པ་གཟུང་རྒྱུ་ནི་གོང་ མ་རང་ཉིད་ཀྱིས་རང་དབང་གིས་སམ་མཐའ་མར་ཡང་ལས་བསོད་སྨོན་ལམ་གྱི་དབང་གིས་སྐྱེ་ བ་བླང་དགོས་པ་ཞིག་ཡིན་སྟབས། དེ་གང་དུ་ཇི་ལྟར་སྐྱེ་བ་དང༌། ཐབས་ཚུལ་ཇི་ལྟ་བུས་ངོས་འཛིན་བྱེད་པ་བཅས་ནི་ཡང་སྲིད་སྐྱེ་བ་འཛིན་མཁན་གྱི་གང་ ཟག་ཉིད་ལ་ཐུན་མིན་དུ་དབང་བ་ཞིག་ལས། གཞན་སུས་ཀྱང་བཙན་དབང་དང༌། གནོན་ཤུགས། རང་འདོད་ལྟར་གང་བྱུང་བྱ་ས་མེད་པ་ནི་བདེན་པའི་གནས་ཚུལ་ཡིན། ལྷག་པར་དུ་ཡང་སྤྲུལ་གྱི་རྣམ་གཞག་ལྟ་ཞོག སྐྱེ་བ་སྔ་ཕྱི་ཙམ་ཡང་བསམ་བཞིན་ཁས་ལེན་མི་བྱེད་པའི་ཆབ་སྲིད་དབང་འཛིན་པ་རྣམས་ ཀྱིས་བླ་མའི་ཡང་སྤྲུལ་སྤྱི་དང༌། ཁྱད་པར་རྒྱལ་བ་ཡབ་སྲས་ཀྱི་ཡང་སྤྲུལ་ངོས་འཛིན་ལ་དབང་ཤུགས་ཁོ་ནས་ཐེ་བྱུས་ བྱེད་པ་ནི་ཆེས་མ་འཚམས་ཤིང༌། སོ་སོའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་ཡང་རྒྱབ་འགལ་དུ་སོང་བའི་རྫུན་སྤྱོད་ངན་གཡོ་ ངོ་ཚ་བྲལ་བ་ཞིག་ཡིན་པ་ཀུན་གྱི་མཐོང་ཆོས་སུ་གྲུབ་གཤིས། དེ་རིགས་བྱུང་ཚེ་དེ་ལ་བོད་མི་རིགས་དང༌། བོད་བརྒྱུད་ནང་བསྟན་རྗེས་འཇུག་གི་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ནས་ནམ་ཡང་ངོས་ ལེན་དང༌། མོས་མཐུན་བྱེད་ཐབས་མེད། ངོས་རང་རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་སོན་སྐབས་ཆོས་བརྒྱུད་བླ་ཆེན་ ཁག་དང༌། བོད་མིས་མཚོན་འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་རྒྱལ་དབང་སྐུ་ཕྲེང་ རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་བྱེད་འཆར་ཡིན། གལ་ཏེ་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་དང༌། སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ་ དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང༌། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌། རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་ བཞིན་བྱེད་དགོས་པ་དང༌། ངོས་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན་ ཞིང༌། དེ་ལྟར་ཚུལ་མཐུན་རྩད་གཅོད་ངོས་འཛིན་བྱུང་བའི་ཡང་སྤྲུལ་ཞིག་ལས་གཞན་དུ་སྲིད་ དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་ སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་སུས་ ཀྱང་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་བྱེད་མི་དགོས་པ་ཡིད་འཇགས་དགོས། དྷ་རམ་ས་ལ་ནས་བོད་རྒྱལ་ལོ་ ༢༡༣༨ རབ་བྱུང་བཅུ་བདུན་པའི་ལྕགས་ཡོས་ཟླ་ ༧ ཚེས་ ༢༧ ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ ལ་བྲིས་པ་དགེ་བར་གྱུར་ཅིག། །།

 

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

ཆུ་ཚོད་ ༢༠ སྔོན་ལ།
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 27

  1. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    རྒྱ་ནག་གིས་རྒྱ་བའི་ཡང་སྲིད་གཅིག་བཟོ་གཏན་ཁེལ་བ་རེད།བཙན་བྱོལ་ནས་རྒྱལ་བའི་ཡང་སྲིད་གཅིག་བཟོ་གཏན་ཁེལ་བ་རེད།དེ་དུས་དོན་ངོ་མའི་ཐོག་ནས་རྒྱལ་བའི་ཡང་སྲིད་གཉིས་ཆགས་སོང་བ་རེད།གསེར་བུམ་དཀྲུག་ནས་རྒྱལ་བའི་ཡང་སྲིད་ངོས་འཛིན་སྟངས་དེ་སྔ་མོ་ནས་བོད་ལ་དར་ཡོད་ཅིང་ལམ་སྲོལ་དེའི་ཐོག་ནས་རྒྱལ་བ་སྐུ་ཕྲེང་དགུ་པ་དང་བཅུ་པ་གཉིས་ངོས་འཛིན་བྱས་ཡོད་ཅིང་པཎན་ཆེན་སྐུ་ཕྲེང་ཁ་ཤས་ལམ་སྲོལ་དེའི་ངོས་འཛིན་བྱས་ཡོད།རྒྱ་ནག་ལ་ཁ་གཡར་ས་ཞིག་སྔ་མོ་ནས་བཟོ་ཚར་བ་རེད།གནས་ཚུལ་དེ་གོང་མ་ཆན་ལུང་ལ་བླ་མ་དེ་ཚོས་གུས་ཞབས་དང་མགོ་བཏགས་བྱ་ཆེ་བའི་རྒྱུ་མཚན་གྱིས་བྱུང་བའི་ནག་ཉེས་ཤིག་རེད།
    གསར་བུམ་དཀྲུག་སྟངས་དེ་ནང་པ་སངས་རྒྱས་པའི་ལུགས་སྲོལ་ཆགས་ཀྱི་མེད་ལམ་སྲོལ་དེ་རྒྱ་ནག་གི་ཤོ་རྒྱ་ལམ་སྲོལ་གྱི་དམང་ཁྲོད་ཀྱི་ལམ་སྲོལ་ཞིག་རེད།གནས་ཚུལ་དེ་ཚོ་ཆ་ཚང་མཁྱེན་པ་གནང་ན་ལེགས།

    Reply
  2. མྱི་ནག་ཚང་། says:
    ལོ་ 14 སྔོན།

    རྒྱ་ནག་གིས་ཏཱ་ལའི་བླ་མས་ཁོང་གི་ཡང་སྲིད་ཐག་གཅོད་བྱ་ཆོག་གི་མ་རེད། དེ་ཁྲིམས་འགལ་རེད། ཀྲུང་དབྱང་དབུས་གཞུང་གིས་ཐག་གཅོད་དགོས་པ་རེད་ཟེར།

    སེམས་ལ་གང་ཤར་ཞིག་བཤད་པ་མ་གཏོགས། རྒྱུ་མཚན་དང་གོ་རིམ་ཟེར་བ་ཞིག་མི་འདུག ཡ་མཚན།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ད་ནས་བཟུང་ཚང་མས་སེམས་བདེ་བ་བབས་ནས་༸རྒྱལ་བའི་ཡང་སྲིད་སྐོར་ལ་འཆར་སྣང་འདྲ་མིན་མ་བཤད་རོགས། དོན་གྱི་བདག་པོ་བཞུགས་བཞིན་དུ་རྨོངས་བཤད་དང་ཀུ་ཅོ་འདོན་མཁན་དེ་ཚོ་ངལ་གསོས་ཤིག
    ཚང་མས་བསམ་ཤེས་དགོས་པ་ནི་ང་ཚོ་ནུབ་གླིང་ལ་དཔེ་བལྟས་ནས་མི་རྒྱུརགས་པར་རང་གི་རིག་གཞུང་གི་གོམས་སྲོལ་གཞི་ལ་བཞག་པའི་སྤྱི་ཚོགས་ལམ་ལུགས་ཅི་འདྲ་ཞིག་དགོས་མིན་ལ་བསམ་བློ་མ་ནོར་བ་གཏོང་དགོས། སྲིད་ལས་ཆོས་མི་དགོས་པ་དང་རྒྱལ་སྲིད་བླ་མས་སྐྱོང་བར་མི་རིགས་པ་སོགས་ཀྱི་ལྟ་ངན་དེ་དག་ནི་༸རྒྱལ་བའི་ཡང་སྲིད་ཀྱི་འགོག་རྐྱེན་ཡང་ཆགས་ཉེན་ཆེ་བ་ཤེས་པར་མཛོད།

    Reply
  4. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ས་སྟེང་ཞི་བའི་དད་དཔོན་གོང་ས་མཆོག
    ནང་བསྟན་ཆོས་ཀྱི་རྒྱལ་པོ་ཀརྨ་པ།།
    འཁོན་རིགས་བསྟན་པའི་མངའ་བདག་ས་སྐྱ་པ།།
    འགྲོ་བའི་མགོན་པོ་གསུམ་ལ་གསོལ་བ་འདེབས།།

    Reply
  5. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    དུས་བབ་རྩོམ་སྒྲིག་ཁང་ནོར་མི་འདུག་ནང་པའི་ཆོས་ཀྱི་གཞུང་ལུགས་ནས་ལྟ་ན་བོན་པོ་ཚང་བོད་བརྒྱུད་ནང་བསྟན་གཏན་ནས་ཆགས་ཀྱི་མ་རེད།ནང་པའི་མཚན་ཉིད་བཞགས་དུས་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་རིགས་སུ་གནས་བ་དེནང་པའི་མཚན་ཉིད་རེད།དཀོན་མཅོག་གསུམ་གྱི་ནང་ནས་སངས་རྒྱས་དཀོན་མཆོག་དེ་རྒྱལ་བ་ཤཀྐྱ་མུ་ནེ་རང་ལ་གོ་དགོས་བས་བོན་པོ་ཚང་གིས་སྟོན་པ་སངས་རྒྱས་དཀོན་མཆོག་དེ་བོན་སྟོན་པ་གཤེན་རབ་ལ་བཞགས་ཀྱི་ཡོད་པས་རྒྱུ་མཚན་དེས་བོན་པོ་ནང་པ་ཆགས་མེད་པས་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་ཞེས་བརྗོད་པ་དེ་རིགས་པ་ཡང་དག་གིས་དོན་ལ་གནས་པ་ཞིག་རེད།ངས་བོན་པོ་ནང་པ་མ་རེད་ཟེར་བ་དེས་བོན་པོ་སྡུག་ཆགས་ཤིག་རེད་བཤད་ཀྱི་མེད།ནང་པ་ཡག་པོ་ཡིན་པ་དང་བོན་པོ་སྡུག་ཆགས་ཡིན་པའི་ལྟ་གྲུབ་དེ་ང་ལ་ཆ་མཚོན་ན་གཏན་ནས་མེད།འོན་ཀྱང་ནང་པ་ཚོས་གཞུང་ལུགས་ནས་ཕྱི་ནང་གི་ཁྱད་པར་བཞགས་ཡོང་དུས་དེ་འདྲ་ཞིག་རང་བཞིན་དུ་ཆགས་ཡོད།

    Reply
  6. ཚང་མ། says:
    ལོ་ 14 སྔོན།

    གཡག་ལགས།
    ༼ དེ་རིང་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་ཐེངས་བཅུ་གཅིག་པའི་མཇུག་བསྡོམས་ཉིན། ༽
    ཞེས་བཀོད་འདུག་པ་ནོར་འཁུལ་གང་ཡང་མི་འདུག
    ཁྱེད་རང་གི་དང་པོ་ནང་པ་སངས་རྒྱས་པའི་མཚན་ཉིད་དང་སྐྱབས་འགྲོའི་རྣམ་བཞག་ལ་
    སོགས་ལ་ལེགས་སྦྱོང་དང་།
    ད་གཟོད་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དེ་ཉིད་བོད་བརྒྱུད་ནང་བསྟན་ཡིན་
    མིན་ལ་ཐེ་ཚོམ་མེད་པར་རྟོགས་སླ་བས་དེ་མིན་བོད་ལ་དར་བ་ཚང་མ་བོད་བརྒྱུད་ནང་བསྟན་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ།

    Reply
  7. འོས་ལངས། says:
    ལོ་ 14 སྔོན།

    རྒྱལ་བ་དོན་གྱི་བདག་པོས་གསུངས་པ་ལ་མངོན་པར་བསྟོད་ཏོ།། གལ་ཆེའི་རང་བཞིན་ཅན་གྱི་གསུང་འདི་འདྲ་དགོས་ངེས་སུ་འདུག འགན་མི་འཁུར་ཞིང་ཡས་བཤད་མས་བཤད་ལ་གཡམ་རྒྱུག་བྱེད་པའི་བླ་ཆེན་མི་ཆེན་དུ་རློམ་མཁན་ཚོར་དེ་བས་ཀྱང་གསུང་བཤད་གནད་འགག་ཅན་འདི་འདྲ་ཤིན་ཏུ་དགོས་ངེས་སུ་མཐོང་།

    Reply
  8. གཡག says:
    ལོ་ 14 སྔོན།

    མ་འདས་པའི་སྤྲུལ་སྐུ་ལ་ཡང་རིགས་མང་པོ་ཡོད། འོན་ཀྱང་བོད་ཀྱི་སྤྲུལ་སྐུ་ངོས་འཛིན་བྱེད་སྲོལ་དུ། རྒྱུད་གཅིག་པའི་སྤྲུལ་སྐུ་དང༌། ལས་སྨོན་གྱིས་འབྲེལ་བའི་སྤྲུལ་སྐུ། བཀའ་བབས་པའམ་བྱིན་གྱིས་བརླབས་པའི་སྤྲུལ་སྐུ་སོགས་ཅི་རིགས་ཡོད་ཅེས་གསུངས་བ་ནི་དགོངས་གཞི་ཅན་དང་དོན་གྱི་ནང་སྙིང་ལྗིད་པའི་ཞལ་གདམས་ཤིག་ཡིན་པས། ང་ཚོས་ཅི་ནས་ཀྱང་གོ་བ་ལེན་ཤེས་དགོས་པ་རེད།

    ༧རྒྱལ་དབང་ཐམས་ཅད་མཁྱེན་པའི་དགོངས་གཞི་ལས་མ་འདས་བར་གསལ་པོ་ཁ་གསལ་དུ་ཞུས་ན། ལས་སྨོན་གྱིས་འབྲེལ་བའི་སྤྲུལ་སྐུའམ་བཀའ་བབས་པའམ་ཡང་ན་བྱིན་གྱིས་བརླབས་པའི་སྤྲུལ་སྐུ་ནི་དེང་གི་ཕོ་རྒོད་སེང་གེ་ལ་ངོས་འཛིན་ཞུས་ན་ཏག་ཏག་རེད་བསམ་པ་བྱུང་བས། རྒྱལ་དབང་མཆོག་གི་དགོངས་གཞིའམ་ཡང་ན་ལས་སྨོན་གྱིས་འབྲེལ་བའི་སྤྲུལ་སྐུ། བཀའ་བབས་པའམ་བྱིན་གྱིས་བརླབས་པའི་སྤྲུལ་སྐུ་ཅི་རིགས་ཡོད་གསུངས་པའི་དོན་ཡང་དེ་ལས་མ་འདས་པར་ངེས་པས་རྒྱ་ཆེ་དྲ་གྲོགས་དང་བློ་ལྡན་ཡོངས་ཀྱིས་ཐུགས་བསམ་ནན་ཏུ་གཏོང་གནང་ཞུ།

    Reply
  9. གཡག says:
    ལོ་ 14 སྔོན།

    ཡ་ཡ་་་་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལགས། དེ་རིང་ངས་འསི་ནས་འདི་ལྟར་མི་བཤད་ཀ་མེད་ཆགས་སོང་། དང་པོ་ཡིག་མགོ་ཀློག་དུས་ནས་༼ དེ་རིང་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་ཐེངས་བཅུ་གཅིག་པའི་མཇུག་བསྡོམས་ཉིན། ༽ཞེས་བཀོད་འདུག་པས། གཡུང་དྲུང་གི་བོན་དེ་ཡང་བོད་བརྒྱུད་ནང་བསྟན་མ་རེད་ཟེར་གྱིན་ཡོད་དམ། འདི་ཁྱོད་དུས་བབ་རྩོམ་སྒྲིག་པའི་དགོངས་གཞི་ཁོ་ན་རེད་དམ།

    སྔར་སྲོལ་བཞིན་༧སྐྱབས་མགོན་རྣམ་འདྲེན་བཅུ་བཞི་ཆེན་པོའི་དགོངས་གཞི་བཞྀན་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པ་ཞེས་པའི་ཞལ་རླངས་དྲོན་མོ་དེ་རང་སྲོལ་བཞག་ན་མི་འགྲིག་པར་ཅིའི་ཕྱིར་ཨུ་ཚུགས་བསྐྱོན་གནང་བ་ཡིན། དེ་རིང་མང་པོ་མི་བཤད་འདིའི་ཐད་ལ་གསལ་བཤད་ཅིག་དང་ཡང་ན་ཁུངས་ལུངས་གསལ་པོ་ཞིག་སྟོན་རྒྱུའི་རེ་བ་ཆེ།

    Reply
  10. གནས་ཚང་། says:
    ལོ་ 14 སྔོན།

    གོང་ས་མཆོག་གིས་བཀའ་གསལ་བོ་ཞིག་ཕབ་བཞག རྒྱལ་དབང་བཅུ་གསུམ་པ་ཆེན་མོའི་རང་བཙན་བསྒྲགས་གཏམ་དང་ཆ་འདྲ་བོ་འདུག ཡིན་ནའི། ད་བོད་ཀྱི་བླ་ཆེན་ལྷན་རྒྱས་ནས་ཇི་ལྟར་གཞོགས་འདེགས་གནང་མིན་ཁོ་ན་ལས་ལྷག་མི་འདུག གལ་སྲིད་བླ་ཆེན་ཚོ་གོང་སའི་བཀའ་རྗེས་སུ་ཤར་མར་མ་འབྲངས་པ་ཡིན་ན། ཕྱི་དགྲ་དང་ནང་གཤེད་མཉམ་འཛོམས་ཀྱིས་བྱ་བ་འདིར་ལམ་འགྲོ་ཡོང་རྒྱུར་བར་ཆད་གཏོང་ངེས་རེད།

    Reply
  11. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    ཡིད་བཞིན་ནོར་བུའི་བཀའ་ལུང་གསེར་གྱི་ཚངས་ཐིག་ཆབ་ཚང་མཇལ་སོང་། མིག་ནས་མཆི་མ་བསྲན་མ་ཐུབ་པའི་སྐྱོ་བ་ཚད་མེད་ཅིག་ངམ་ངམ་གྱིས་གཞུར་བྱུང་རྒྱ་མི་གུང་བྲན་ཞེས་དམར་ཕྱོགས་ལ་བློ་འགེལ་ཆོས་མེད་རྒྱང་འཕེན་པ་འདི་ཚོས། བོད་འདི་ཟོས་པ་མ་ཚད་འཛམ་གླིང་ཡོད་ཚད་མགོ་བསྐོར་དང་བསླུ་བྲིད་གཡོ་སྒྱུ་བཙན་ཤད་ཀྱིས་བཅོས་བསྒྱུར་བྱེད་ཆིས་བྱེད་པའི་སྒང་འདི་ལ། ༧ཡིད་བཞིན་གྱི་ནོར་བུ་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་མགོན་བོད་མི་མགོ་ནག་ཡོངས་ཀྱི། ལྟ་བའི་མིག་དང་ཁོག་པའི་སྙིང་། ཡོད་ཚད་ཀྱི་ཡོད་ཚད་ཁྱེད་ལ་མི་རེ་བ་དང་། ཁྱེད་ལ་མི་བརྟེན་པ་སུ་གཅིག་ཀྱང་མེད་པ་མ་ཚད། ཁྱེད་ནི་ད་ལྟ་སྐུ་འཚོ་རི་དབང་ལྟར་ལྷུན་ཆག གསུང་འཚོ་བདེན་དོན་གྱི་མཆིད་བཟང་འཛམ་གླིང་གང་སར་དད་ལྡན་སྐྱེ་བོ་ཡོངས་ཀྱི་ཕྱག་གི་རྟེན་དད་པའི་གཞི་ལ་བཀོད་ཅིང་། གཡོ་མེད་ཐུགས་ཀྱི་བྱམས་བརྩེའི་འཛུམ་མདང་རིས་མེད་ཀྱི་སྐྱེ་འགྲོ་ཀུན་ལ་ཞི་བདེའི་དད་དཔོན་ཆེན་པོའི་གཟིགས་པ་གཡོ་དང་བྲལ་བའི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་འདི་ཉིད་ལ། མཚན་དམོད་དང་ལོགས་བསྐུར། གསུངས་ཡོད་ཚད་ལོགས་པར་བདོ་བའི་སྐད་དུ་བསྒྱུར་ནས་འདི་ལྟ་བུའི་གནས་སྟང་ཡ་ང་བ་ལ་བསྒྱུར་བ་མ་ཚད། ད་དུང་འདི་ལྟར་འདའ་ཁའི་ཞལ་ཆེམ་ལྟ་བུ་བོད་མི་མང་ཡོངས་ལ་སྩལ་གནང་དགོས་པར་བྱུང་བ་ནི་ཤིན་ཏུ་ཡིད་མུག་པོར་གྱུར་སོང་། གུས་པའི་བསམ་ཚུལ་ཐུང་ངུ་ཞིག་ལ་གལ་སྲིད་༧ཡིད་བཞིན་ནོར་བུའི་ཡང་སྤྲུལ་ངོས་འཛིན་གྱི་དུས་སུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུ་དྲུང་བོན་བཅས་ཀྱི་ཆོས་བརྒྱུད་ནང་ནས།
    བླ་སྤྲུལ་མཁན་པོ་ཚད་ལྡན་རེ་ད་ལྟ་ནས་འདེམས་སྒྲུག་བྱེད་ནས་ཡང་སྤྲུལ་གྱི་ཐད་ཚོགས་ཆུང་ཞིག་འཛུགས་དགོས་པར་སེམས། ཚོགས་ཆུང་དེས་འཛམ་གླིང་གང་སར་གཞན་སུ་གཅིག་གིས་༧རྒྱལ་བའི་ཡང་སྤྲུལ་ལ་ལག་པ་འཆང་མི་ཆོག་པའི་གསལ་བསྒྲག་དུས་ནས་དུས་སུ་བསྐྱང་ནས་ཐང་ཟེར་དུས་ཐིང་ལབ་ཆོག་ཆོག་ཞིག་ཡོད་ན་དགེ་མཚན་ཆེན་པོ་ཞིག་འདུག་པར་མངོན། དེ་མིན་ངོ་ཚ་མེད་པའི་ཁྱི་གུ་གུང་བྲན་དམར་པོས་གཡོ་སྒྱུ་གང་འདྲ་ཞིག་དང་། མགོ་བསྐོར་གང་འདྲ་ཞིག རྫུན་གཏམ་ག་འདྲ་ཞིག་བཤད་ཆིས་བྱེད་པ་ཕྱི་གསལ་ནང་གསལ་ལ་ངེས་པར་དུ་བོད་མི་ཡོངས་ཀྱིས་གདོང་ལེན་དུས་ནས་དུས་སུ་བྱེད་དགོས་པ་ནི་ཤིན་ཏུ་གལ་ཆེ་སྙམས། ༧ཡིད་བཞིན་གྱི་ནོར་བུ་ཁྱེད་ལ་ཐུགས་འཚེར་བཟོ་བ་འདི་དག་བོད་མི་རིགས་ཡོད་དོ་ཅོག་གི་བདེ་དོན་དང་བདེན་དོན་ཁོ་ནའི་ཆེད་དུ་ཡིན་པ་ངེད་བོད་མི་ཡོངས་ཀྱི་དུས་ནམ་ཡང་བརྗེད་ཀྱི་མེད། ༧ བོད་མིའི་སྐྱབས་མགོན་ཆེན་པོ།

    འདི་ནས་བཟུང་སྟེ་སྐྱེ་དང་སྐྱེ་བ་རུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང། །སྙིང་བརྩེ་དང་ལྡན་བླ་མ་ལ་གུས་ཤིང་། །མགོན་པོ་ཁྱེད་ཀྱི་རྣམ་ཐར་བསྙེན་གྱུར་ཅིག

    Reply
  12. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    འགྱུར་མེད་བསྟན་འཛིན་ལགས་ཉིད་ཀྱི་གསུང་པའི་སྐད་ཆར་ཉིད་ནས་བདག་པོ་རྒྱག་དགོས། སེམས་ནད་གང་ཡོད་འདིར་བཀོད་པ་ཡིན་ན་རྟག་རྟག་གཅིག་སྡོད་ཀྱི་མ་རེད། མི་མང་གི་འཁྲོད་དུ་དུག་རྩ་མ་དཀྲམས་མ་ཡག་གིས་རེད། དགྲ་དགའ་གཉེན་སྡུག་གིས་ཕྱག་ལས་མ་གནང་ན་ཡག་གིས་རེད། བདེན་པ་ཡིན།

    Reply
  13. འཇམ་དབྱངས། says:
    ལོ་ 14 སྔོན།

    བཀའ་ཡིག་རིན་པོ་ཆེའི་ནང་གི རྒྱལ་དབང་སྐུ་ཕྲེང་རྗེས་མ། ཞེས་པའི་དོན་ཚན་ནང་གི་ “སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་” ཞེས་པར་”བཅུ་བཞི་པའི་ཡང་སྲིད་”ཅེས་འབྲི་དགོས་པར་སྣང་ཞིང་། ཡང་”ལུས་དང་གྲིབ་བཞིན་”ཞེས་པ་དེ་”ལུས་དང་གྲིབ་མ་བཞིན་”ཞེས་པར་བཅོས་དགོས་པར་སྣང་བས། དྲུང་ཡིག་ཆེན་མོས་དགོངས་དཔྱད་གནང་འཚལ་ལོ།།

    Reply
  14. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    རྩ་གསུམ་བླ་མའི་བཀའ་ལུང་འཁྲུལ་མེད་འདི།།
    བོད་མི་འདི་ཕྱི་གཉིས་ཡོད་རློམ་མཁན་ཚོར།།
    ལག་ལེན་གསེར་གྱི་ཐིགས་པ་བྱེད་དགོས་པ།།
    ད་ནས་བཟུང་དེ་བརྡ་ལན་གནངས་པ་བསྟོད།།

    Reply
  15. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    མ་འོངས་པར་སྐུ་ཕྲེང་བཅོ་ལྔ་པ་ཡང་སྲིད་བརྩད་གཅོད་བྱེད་ཚེ་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་ཚོགས་པ་ཞིག་འཛུགས་ནས་ལས་དོན་དེ་བསྒྲུབ་རྒྱུ་ཡིན་ཞེས་གསུངས་འདུག དགེ་རྩ་ཚོགས་པ་ཟེར་རུང་མ་ཟེར་རུང་ཡང་སྲིད་བརྩད་གཅོད་ཚོགས་ཆུང་ལ་གོ་དགོས་པས་ཚོགས་མི་ཚད་ལྡན་ཞིག་ཡོང་བའི་རེ་བ་ཡོད། མདོར་ན་ར་སྒྲེང་དང་ཀེའུ་ཚང་ལྟ་བུའི་མི་སྣ་ཞིག་ཡོང་དགོས་པ་དེ་གནད་འགག་ཞིག་རེད། དེ་མིན་བླ་ཆེན་དགེ་བཤེས་མིང་ཆེན་པོ་ཡོད་པ་ཙམ་གྱིས་ཧང་སང་རྒྱུ་ཅང་མེད།

    Reply
  16. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    (ངོས་རང་རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་སོན་སྐབས་ཆོས་བརྒྱུད་བླ་ཆེན་ཁག་དང༌། བོད་མིས་མཚོན་འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་བྱེད་འཆར་ཡིན།) ཞེས་ཕེབས་གསལ་ལྟར་༧མགོན་པོ་གང་ཉིད་དགུང་གྲངས་༨༥ཙམ་ལ་ཐག་གཅོད་གནང་འཆར་ཡོད་འདུག་པས་དེ་དུས་བོད་འབངས་ལྷ་སྡེ་མི་སྡེ་ཡོངས་ཀྱིས་ཡང་སྲིད་ཅི་ནས་བྱོན་པའི་གསོལ་བ་ཕུར་ཚུགས་སུ་འདེབས་དགོས་པ་རེད། ཕྱིས་མ་དྲགས་རོགས།
    དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ།།
    སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་།།
    ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས།།
    བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག།

    ཞར་བྱུང་དུས་བབ་དྲྭ་རྒྱ་འགན་ཡོད་ནས་འགྱུར་མེད་བསྟན་འཛིན་ཟེར་བ་དེའི་མཆན་ལ་བརྟག་ཞིབ་ཀྱིས་སྟངས་འཛིན་གནང་ན་ཡག་པོ་འདུག མི་དེ་མདའ་དཀྲུགས་ཕུག་དཀྲུགས་བྱེད་མཁན་ཞིག་ཡིན་པ་ཁྱེད་ཚོས་མ་མཁྱེན་པ་ཨེ་ཡིན། ང་འདྲ་བས་སྐབས་རེ་གནད་དུ་ཕིགས་པའི་མཆན་རེ་བཀོད་ན་ཁྱེད་ཚོས་སྟངས་འཛིན་ཡིན་ཁུལ་གྱིས་བཀག་གི་འདུག འགྱུར་བསྟན་ཟེར་བ་ཁོས་གནས་ཚུལ་གསར་ཐོན་ཡོད་ཚད་ལ་ཉག་ཉོག་ཅི་ཙམ་བཤད་ཀྱང་དག་འཐེར་མེད་པར་བཀོད་ཀྱང་གནང་བ་ནི་ཏོག་ཙམ་ཁྱད་མཚར་ཞིག་མཐོང་གི་འདུག དྲྭ་གྲོགས་གཞན་ལ་ཡང་དེ་མཚུངས་ཀྱི་དགོངས་ཚུལ་ཡོད་པ་སྨྲོས་མི་དགོས་པ་རེད།།

    Reply
  17. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཏཱ་ལི་སྐུ་ཕྲེང་བཅོ་ལྔ་པ་དེ་དྲུང་པ་ཚང་དབྱངས་རྒྱ་མཚོ་ནང་བཞིན་སྤྱོད་པ་འཁྱལ་སོང་བ་ཞིག་མི་ཡོང་བའི་རེ་བ་ཡོད
    སྤུལ་སྐུ་དེ་ཚོ་སྐུ་ཕྱེང་སྔོན་མདེ་བཞིན་རེ་བ་ཆེ་པོ་རེ་བྱ་ནས་ཡང་སྲིད་རེ་ངོས་འཛིན་བྱ་དུས་མཚམས་རེ་དེ་ངོས་འཛིན་མ་བྱས་ན་ཏག་ཏག་ཡིན་བསམ་པའི་ཞབས་འདྲེན་བཞགས་མཁན་གྱིས་ཁེང་ཚར་ཡོད།

    Reply
  18. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    གནའ་སྔ་མོ་འདྲ་ཡིན་ན་བླ་མ་སྤུལ་སྐུ་ལ་དད་པ་དག་སྣང་ཡོད་ཀྱང་དེང་སང་སྤྲུལ་སྐུ་ཚོས་ཁྱིམ་པ་མི་ནག་ལས་སྡུག་པའི་མཛད་པ་སྐྱོངས་སྟངས་ལ་མཇལ་དུས་རྦད་དེ་ཞེན་པ་ལོག་སོང།
    སྔོན་མ་བཀའ་གདམ་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་འཇིག་རྟེན་ཆོས་བརྒྱད་ཟེར་བ་དེ་རྒྱབ་ལ་གཡུགས་འདུག་ཅིང་ཁོང་ཚོས་སྒྲུབ་བྱ་ངོ་མ་དེ་ཐར་པ་དང་ཐམ་ཅད་མཁྱེན་པའི་ལམ་ཁ་རེད་འདུག
    དེང་སང་བླ་མ་སྤུལ་སྐུ་འདི་ཚོས་འཇིག་རྟེན་ཆོས་བརྒྱད་དད་དུ་ལེན་ཞིང།
    ཁོང་ཚོས་འཐོབ་བྱ་དང་དམིགས་ཡུལ་ངོ་མ་དེ་རྒྱུ་དང་དབང་སྙན་གྲགས་དང་ཐོབ་ཐང་ཁོ་ན་རེད་འདུག
    ད་དངོས་གནས་བླ་མའི་ཡང་སྲིད་དང་སྤུལ་སྐུ་ལམ་ལུག་ལ་རྦད་དེ་ཞེ་ལོག་ཚར་སོང།
    ཁོང་ཚོས་སྟོན་པ་ཤཀྐྱ་མུ་ནེའི་མཛད་པ་དེ་ལྡོག་ཕྱོགས་ནས་སྐྱོངས་ཀྱི་འདུག
    ད་དངོས་གནས་ཞེ་ལོག་ཚར་སོང།
    ཁོང་ཚོ་ལ་རྒྱུ་དང་དབང་ཡོད་ན་ལས་རྒྱུ་འབྲས་དང་ངོ་ཚ་ཟེར་བ་དེ་རྒྱངས་རིང་པོ་ཆགས་འདུག
    ང་དངོས་གནས་ཞེ་ལོག་ཚར་སོང།

    Reply
  19. རྒྱལ་བསྟན། says:
    ལོ་ 14 སྔོན།

    ༸གོང་ས་མཆོག་གི་བཀའ་ལུང་རྡོ་རྗེའི་སྟོབས་ཀྱིས་རྒྱ་དམར་གྱིས་བརྩམ་བཞིན་པའི་གཡོ་སྒྱུ་ཕྱེ་མར་འཐག་སོང་། རྒྱ་དམར་གྱི་གཡོ་ཧམ་ག་རེ་བཤད་གྲབས་ཡོད་ན།
    ༸གོང་ས་མཆོག་གི་ཡང་སྲིད་ནི་བོད་མི་ཙམ་མ་ཟད་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་ཡོངས་ལ་གནད་དགག་ཤིན་ཏུ་ཆེ་བ་ཞིག་རེད། ང་རང་སྒེར་གྱི་བསམ་ཚུལ་ལྟར་ན། ༸གོང་ས་མཆོག་གི་ཡང་སྲིད་དེ་མ་འདས་སྤྲུལ་སྐུ་ཕེབས་ན་ལེགས་ཤོས་སུ་མཐོང་གི་འདུག སྤྲུལ་སྐུ་དེ་༸གོང་ས་མཆོག་སྐུ་ངོ་མས་ཐུགས་ཐག་བཅད་ཟིན་པས་ཡང་སྲིད་སྐོར་གྱི་རྙོག་དྲ་རྩ་བ་ནས་ཡོང་མི་སྲིད་པ་ཞིག་རེད་ལ། ཡང་སྲིད་དེར་ལྷ་མི་ཀུན་ཡིད་ཆེས་བྱས་ཆོག་པ་ཞིག་རེད།

    Reply
  20. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཨ་མ་བཤད་མཁས་ན་བུ་ལ་སྤྲུལ་སྐུ་འཁྲུངས་ཞེས་པའི་དམང་ཁྲོད་ཀྱི་གཏམ་བརྒྱུད་ལ་བྱུང་སྟངས་ལ་ཚོད་དཔག་ན་གནའ་སྔ་མོ་ནས་དབང་དང་རྒྱུ་ད་དུ་རྒྱབ་སྐྱོར་ཡོད་ན་ཡང་སྲིད་ཟེར་བ་དེ་ལས་སླབ་མོ ཞིག་ཡིན་པ་ཤེས་ཐུབ།དེང་སང་ཡང་དབང་དང་རྒྱུ་ཡོད་ཡོད་ན་ཡང་སྲིད་ཟེར་བ་དེ་ལས་སླ་མོ་ཞིག་ཆགས་ཡོད་པ་མཐོང་ཆོས་རེད།
    དེང་སང་དབང་དང་རྒྱུ་ཡོད་པའི་ཡང་སྲིད་སྐུ་སྐྱེ་མིང་དུ་གྲགས་པ་མི་ཉུང་བ་ཞིག་གིས་སེར་གོས་གྱོན་ནས་ནག་ཆང་བག་མེད་ལོངས་སུ་སྤྱོད་པའི་བསྟན་པ་དར་ནས་དམ་ཆོས་འདུལ་བ་ཟེར་བ་དེ་རྒྱངས་རིང་པོ་ཞིག་བ་བཞགས་ཡོད།
    དེ་ཚོའི་རིགས་ལ་ངས་ངུར་སྨྲིག་གྱོན་པའི་སྤྱང་ཀི་ཞེས་མིང་འདོག་གི་ཡོད།གང་ཡིན་ཞེན་ན་སྟོན་པ་ཤཀྐྱ་མུ་ནེས་དབང་དང་རྒྱུ་ཡོད་ཚད་ལ་གནང་བ་དམིག་བསལ་གང་ཡང་སྤྲད་མེད་པས་སོ།
    ད་ཐེངས་ཀྱི་ཆོས་ཚོགས་འདིའི་ཐོག་ལ་བླ་མའི་ཡང་སྲིད་རྫུན་བཟོ་ལམ་ལུགས་མེད་པ་མ་བཟོས་བ་དེ་བློ་ཕམ་བྱུང།

    Reply
  21. དཀར་མཚོ་སྐྱིད། says:
    ལོ་ 14 སྔོན།

    རྒྱ་ནག་གུང་ཁྲན་ཏང་དང་བོད་ནང་གི་བླ་དཔོན་རྣམས་ཀྱིས་ད་ཐེངས་༸་གོང་ས་མཆོག་གིས་འཛམ་གླིང་ཡོངས་ལ་བཀའ་བསྩལ་བའི་གསུང་གི་ཉིང་བཅུད་འདི་༼གལ་ཏེ་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་དང༌། སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ་ དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང༌། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌། རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་ བཞིན་བྱེད་དགོས་པ་དང༌། ངོས་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན་ ཞིང༌། དེ་ལྟར་ཚུལ་མཐུན་རྩད་གཅོད་ངོས་འཛིན་བྱུང་བའི་ཡང་སྤྲུལ་ཞིག་ལས་གཞན་དུ་སྲིད་ དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་ སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་སུས་ ཀྱང་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་བྱེད་མི་དགོས་པ་ཡིད་འཇགས་དགོས།༽ཞེས་པ་ནི་ངེས་པར་དུ་དང་ལེན་དང་བརྩི་སྲུང་ཞུ་དགོས་པ་ཡིན།

    Reply
  22. སྟག་ཕྲུག says:
    ལོ་ 14 སྔོན།

    བཀའ་ཡིག་འདི་བོད་པ་ཙམ་དུ་མ་ཟད་བོད་རྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཡོངས་རྫོགས་ཀྱིས་ངེས་པར་དུ་ཤེས་དགོས་པ་དང་བློ་རུ་ངེས་དགོས། དེ་དང་འབྲེལ་༸གོང་ས་མཆོག་གིས་བཀའ་ཤོག་ནང་དུ་སྤྱིར་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་བྱ་བའི་ལེགས་ཉེས་གཉིས་ཀ་གསལ་པོར་བཀའ་གནང་འདུག་པས། འབྲེལ་ཡོད་ཚང་མས་ཐུགས་སུ་བཞག་ནས་སྤྲུལ་སྐུའི་ལམ་ལུགས་འདི་དྲི་མེད་དྭངས་གཙང་ཞིག་ཡོང་ཐབས་གནང་རྒྱུ་ཤིན་ཏུ་གལ་ཆེའོ།།
    གནས་ཚུལ་དུས་ཐོག་ཏུ་བཀོད་པར་དུས་བབ་དྲ་བའི་ལས་བྱེད་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  23. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    བཀའ་ཡིག་དུས་བབ་དྲྭ་རྒྱར་ནང་འདྲེན་གནང་བར་དུས་བབ་དྲྭ་རྒྱ་སྤྱོད་མཁན་ཚང་མའི་ཚབ་ཞུས་ནས་ངོས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  24. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    ༄༅།། སྤྱིར་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་རྣམས་དང་ཡང་སྒོས་ངོས་གངས་ཅན་པ་ཡོངས་ཀྱི་ཕྱིར་༧རྒྱལ་བ་དོན་གྱི་བདག་པོའི་ཡང་སྲིད་ཕེབས་ཕྱོགས་ཀྱི་ཟབ་གསལ་བཀའ་ཡིག་ཞལ་གདམས་ཀྱི་ཚུལ་དུ་བསྩལ་བ་འདི་མཇལ་སྐབས་དད་གུས་བླ་ལྷག་དུ་འཕེལ་ཅིང་དགའ་སྐྱོ་འདྲེས་མའི་ཚོར་བ་ཟད་མི་ཤེས་པ་ཞིག་གིས་མནན་བྱུང་། འདི་ནི་མ་འོངས་དུས་ཀྱི་རླབས་ཆེན་རྩ་འཛིན་ཞུ་རྒྱུའི་ལོ་རྒྱུས་ཀྱི་ཡིག་ཆ་རིན་ཐང་བྲལ་བ་ཞིག་རེད། །
    དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ།།
    སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་།།
    ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས།།
    བླ་མའི་བྱིན་རླབས་སེམས་ལ་འདུག་པར་ཤོག།

    Reply
  25. སྤེན་པ། says:
    ལོ་ 14 སྔོན།

    དུས་བབ་ཀྱིས་གནས་ཚུལ་དུས་ཐོག་ཏུ་བཀོད་པར་ཐུགས་རྗེ་ཆེ། བཀའ་ཤིག་འདིར་ཞིབ་ཏུ་གཟིགས་དང་། རྒྱ་ནག་ལ་འགྲམ་ལྕག་ཚ་ཐག་གཅོད་ཅིག་གཞུས་འདུག

    Reply
  26. nimasamdup says:
    ལོ་ 14 སྔོན།

    ༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་མ་འོངས་པར་ཁོང་གི་ཡང་སྲིད་ཕེབས་སྟངས་སྐོར་ལ་འདི་ལྟར་གསུངས་འདུག ( དད་ལྡན་མང་ཚོགས་ལ་གོ་བསྡུར་བྱས་ཏེ་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་བྱ་འཆར་ཡོད། ཏཱ་ལའི་བླ་མའི་ཡང་སྲིད་དགོས་ན། ལས་དོན་དེ་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་འགན་འཛིན་རྣམ་པས་འཁུར་དགོས། སྐབས་དེར་ཆོས་བརྒྱུད་བླ་ཆེན་རྣམས་དང་། ངས་ཀྱང་ཞལ་ཆེམས་ཡི་གེ་འཇོག་རྒྱུ་ཡིན། ཆོས་སྐྱོང་ཁག་ལ་བཀའ་ལུང་ཞུས་ཏེ་སྔོན་སྲོལ་ལྟར་ཐག་གཅོད་བྱ་རྒྱུ་ཡིན། ) ཞེས་གསུངས་འདུག་པ་འདི་ཚང་མས་སྙིང་བཅིངས་བྱ་དགོས་པའི་དོན་དག་རྡོག་རྡོག་དེ་རེད།

    Reply
  27. བཀྲ་ཤིས། says:
    ལོ་ 14 སྔོན།

    ༼བར་སྐབས་བླ་བྲང་འབྱོར་ལྡན་ཁག་གི་ཕྱག་གཉེར་ཆོས་ཀྱིས་རྒྱུད་མ་དུལ་ཞིང༌། འདི་སྣང་ཆགས་སྡང་གིས་མྱོས་པ་འགའ་རེས་ཆོས་མིན་གྱི་ལམ་ནས་ཡང་སྲིད་ངོས་འཛིན་ བྱེད་མཁན་བྱུང་བས་བསྟན་པ་དང༌། དགེ་འདུན། སྤྱི་ཚོགས་བཅས་ལ་གནོད་ཚབས་བྱུང་༽། གནད་དོན་དོ་སྣང་དགོས་པ་ཞིག་ཡིན། དེང་སང་བོད་པའི་སྦྱི་ཚོགས་ནང་བླ་མ་ཆེ་གེ་མོའི་སྤྲུལ་སྐུ་ཟེར་བ་འདི་ཕལ་ཆེར་ཡིད་སྟོན་བྱེད་མི་རུང་བ་ཞིག་ཆགས་ཡོད། དེའི་རྒྱུན་མཚན་གོང་དུ་གསུང་པ་བཞིན་བླ་མའི་ཡང་སྲིད་རྫུ་་བཟོའི་ལམ་ལུགས་དར་ཁྱབ་ཆེ་རུ་སོང་བ་ལན་པ་ཡིན། ད་རུང་སྐུ་དྲག་མི་དྲག འབྱོར་ལྡན་ཕྱུགས་པོ་སོགས་མགོ་བདེ་ཚོས་བུ་ཕྲུག་སྤྲུལ་སྐུ་རུ་ངོས་འཛིན་བྱེད་པ་འདི་དག་ནང་པ་སངས་རྒྱས་པའི་ཆོས་ལུགས་དང་ཡོངས་སུ་འགལ་བ་ཁོ་ན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese