མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཤག་གི་གསལ་བཤད་དང་གྲོས་ཚོཊ་ནང་གི་གླེང་གཞི་ཁག་ཅིག་གི་ཐོག་བཅར་འདྲི།

བོད་ཀྱི་དུས་བབ།
༢༠༡༡/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་སྟེང་། བཀའ་ཤག་སྐབས་བཅུ་བཞི་བའི་སྲིད་བྱུས་ལངས་ཕྱོགས་དང་མ་འོངས་ལས་འཆར་སྐོར་གྲོས་ཚོགས་ནང་གསལ་བཤད་གནང་བ་དང་། གྲོས་ཚོགས་འཐུས་མི་ཚོས་བོད་པའི་རྩ་དོན་གཙོས་པའི་བོད་ཕྱི་ནང་གི་གནད་དོན། བྱེ་བྲག་གིས་བཙན་བྱོལ་ནང་གི་གནས་ཚུལ་ཁག་ཅིག་ཐོག་བགྲོ་གླེང་དང་གྲོས་ཆོད་བཞག་པའི་ཐོག་སྤྱི་འཐུས་རྒན་གྲས་ཁག་ཅིག་ལ་དགོངས་འཆར་བསྡུས་ཡོད།

སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་སུ་སྐབས་བཅུ་བཞི་པའི་བཀའ་ཤག་གིས་སྤྱི་འཐུས་ལྷན་ཚོགས་སུ་གནང་བའི་གསལ་བཤད་ནང་མ་འོངས་ལས་འཆར་དང་རྩ་བའི་ལྟ་གྲུབ་ཐོག་ཁ་གསལ་མིན་པའི་བསམ་ཚུལ་ཡོང་གི་ཡོད་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། “ ང་རང་ལ་མཚོན་ནའང་སྤྱི་འཐུས་རྣམ་པས་གསུངས་པ་ལྟར། ཐེངས་འདིའི་བཀའ་ཤག་གི་གསལ་བཤད་ནང་འཛིན་སྐྱོང་གི་ལས་དོན་རེ་རེ་བཞིན་དམིགས་སུ་བཀར་ཏེ་གསལ་བཤད་གནང་མི་འདུག་བསམ་པ་བྱུང་སོང་། ད་ལྟའི་བར་བོད་མི་ཚང་མའི་སེམས་སུ་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཐུབ་ན་བསམ་གྱི་ཡོད་པ་རེད། བཀའ་ཤག་གིས་ལོ་སྔོན་མ་ནས་༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་རྒྱུ་ཡིན། ཞེས་གསལ་བསྒྲགས་བྱས་པ་རེད། དེའི་ཐོག་གསལ་བསྒྲགས་ཤུགས་ཆེར་གནང་བ་ཡིན་ན་གནས་སྟངས་གང་འདྲ་ཞིག་ཆགས་མིན་དང་གང་འདྲ་ཞིག་འབྱུང་མིན་ཐོག་ལ་བསམ་ཚུལ་མང་པོ་ཞིག་ཡོང་གི་ཡོད་པ་རེད། ཆབ་སྲིད་ཐོག་ནས་སྔོན་མའི་སྲིད་བྱུས་རྒྱུན་འཛིན་གནང་གི་ཡིན་ཞེས་གསུངས་ཡོད་ཀྱང་། བོད་དོན་ཆེད་རྒྱ་ནག་དང་མཉམ་དུ་འབྲེལ་མོལ་བྱ་རྒྱུའི་ཐོག་ཐབས་ལམ་གང་འདྲ་ཡོད་མེད་དང་། རྒྱལ་སྤྱིའི་ཐོག་བོད་དོན་དྲིལ་བསྒྲགས་ཤུགས་ཆེ་རུ་གཏོང་སྟངས་གང་འདྲ་ཡིན་མིན་སོགས་གསལ་བོ་མི་འདུག འདི་དག་ང་རང་གིས་གྲོས་ཚོགས་ནང་དུའང་ཞུས་པ་ཡིན། བཀའ་བློན་ཁྲི་པའི་དམ་འབུལ་དང་དེའི་རྗེས་ཀྱི་གཏམ་བཤད་མང་པོའི་ནང་ཆིག་སྒྲིལ་དང་གསར་གཏོད། རང་མགོ་རང་ཐོན་བཅས་ཀྱི་ལྟ་གྲུབ་གསུམ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཀའ་འཁྲོལ་ཐོབ་པ་ཡིན་ན། ལག་ལེན་བསྟར་བར་དཀའ་ངལ་མེད། ཅེས་གསུངས་ཡོད་པ་རེད། སྤྱི་འཐུས་ལྷན་ཚོགས་ནང་ཉེ་ཆར་བཀའ་ཤག་གི་དམ་འབུལ་སྐབས་གསུངས་པ་ལས་ལྷག་པའི་གནས་ཚུལ་གསར་བ་གང་ཡང་ཕེབས་མ་སོང་། དེ་འདྲའི་གནས་སྟངས་འོག་སྤྱི་འཐུས་ལྷན་ཚོགས་ཀྱིས་ངོས་ལེན་དང་རྒྱབ་སྐྱོར་གནང་དགོས་པ་ཡིན་ན། འགྲོ་ལུགས་འགྲོ་སྟངས་གསར་བ་གང་ཡང་མེད་པར་གནས་སྟངས་གང་འདྲ་ཆགས་ཡོང་བསམ་པའི་སེམས་ཚོར་གྲོས་ཚོགས་ནང་ཞུས་པ་ཡིན། གཅིག་བྱས་ན་རིམ་བཞིན་དེ་དག་ཁ་ཇེ་གསལ་དུ་ཡོང་གི་རེད་ལ། ཇེ་གསལ་ཏུ་གཏོང་རྒྱུའི་རེ་བ་ཡང་བྱེད་ཀྱི་ཡོད། དེ་མ་གཏོགས་བཀའ་ཞིག་གི་ལས་གཞི་གསར་པའི་ཐོག་རྒྱབ་སྐྱོར་བྱེད་དང་མི་བྱེད་ཀྱི་གཞི་རྩ་ལྷག་གི་ཡོད་པ་མ་རེད ” ཅེས་བརྗོད་བྱུང་།

            ཡང་ཁོང་ལ་ཐེངས་འདིའི་བཀའ་ཤག་གི་གསལ་བཤད་དེ་སྐབས་སྔོན་མ་དག་དང་བསྡུར་ན་མ་འདྲ་བའི་ཆ་གང་འདྲ་ཡོད་མེད་དྲིས་པར། “ སྔོན་མ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་བཀའ་ཤག་གི་གསལ་བཤད་ཐོག་མ་གནང་སྐབས་ལས་འཆར་མི་འདྲ་བ་ཁག་ ༥༥ ལྷག་གྲོས་ཚོགས་སུ་གསལ་བཤད་གནང་བ་རེད། སྐབས་དེར་ཁ་གསལ་བོ་གང་འཚམ་ཡོད་ཀྱང་། དེའི་ཐོག་གྲོས་ཚོགས་ནང་བགྲོ་གླེང་མང་པོ་བྱུང་སྟེ། མཐའ་མར་བོད་རྒྱ་འབྲེལ་མོལ་གྱི་ཁོར་ཡུག་བསྐྲུན་ཐབས་སོགས་ཀྱི་ཐད་ལ་གྲོས་ཚོགས་ཀྱི་བཀའ་འཁྲོལ་ཡོད་མེད་ཀྱི་གནས་སྟངས་མང་པོ་ཆགས་པ་རེད། ཐེངས་འདིར་ཤེས་ཡོན་གྱི་སྐོར་ནས་འབྱུང་འགྱུར་ལོ་ ༢༠ནང་ཆེད་ལས་པ་ཆིག་ཁྲི་ཐོན་པའི་སྐོར་བཀོད་འདུག  ང་རང་གི་ངོས་ནས་ཆེད་ལས་པ་ཆིག་ཁྲི་ལས་མ་མཐར་བོད་ཡིག་གི་ཆེད་ལས་པ་ ༥༠༠ ཐོན་ཐུབ་པའི་ཐབས་ཤེས་གནང་དགོས་པའི་འབོད་སྐུལ་ཞུས་པ་ཡིན། དེ་བཞིན། གཞིས་ཆགས་ཁག་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་མགོ་སྒྲིལ་སྟངས་དེ་རྒྱ་ནག་གིས་བཤད་བཞིན་པའི་ཁ་གཏད་རོགས་སྐྱོར་གྱི་རྣམ་པ་ཡིན་ནམ། ཡང་ན་གཞིས་ཆགས་རེ་རེའི་ནང་གི་ཐོན་ཁུངས་གང་ཡོད་པ་དེ་བོད་རིགས་སྤྱི་མཐུན་ཚོགས་པ་བརྒྱུད་དེ་ཕྱི་རྒྱལ་དུ་ཚོང་འདྲེན་བྱ་འཆར་ཡིན། ལྷག་དཀར་སྲུང་གཙི་བྱ་འཆར་ཡོད་པ་དེ་གངས་ཅན་སྐྱིད་གཤོངས་ལྟ་བུར་ལས་འགུལ་དེའི་རིགས་ཅི་ལྟར་མགོ་རྩོམ་མིན་བཅས་ལ་ལན་གསལ་བོ་ཡོང་བའི་རེ་བ་བྱེད་ཀྱིན་ཡོད ” ཅེས་བརྗོད་བྱུང་།

 

སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་སུ་ཐེངས་འདིའི་བཀའ་ཤག་གི་གསལ་བཤད་སྤྱི་ཡོངས་ཀྱི་ཐོག་དགོངས་ཚུལ་གང་འདྲ་ཡོད་མེད་དང་། བཀའ་ཤག་གིས་མ་འོངས་པར་ལས་དོན་གཙོ་བོ་གང་དང་གང་གནང་དགོས་པར་མཐོང་མིན་དྲིས་པར་ཁོང་གིས། “ སྐབས་བཅུ་བཞིའི་བཀའ་ཤག་གིས་གྲོས་ཚོགས་སུ་གནང་བའི་གསལ་བཤད་ཤོག་ལྷེ་གསུམ་དང་ཕྱེད་ཀའི་ནང་། བོད་ཕྱི་ནང་གཉིས་ཀྱི་ལས་དོན་དང་ནང་སྲིད་དང་ཤེས་རིག འཕྲོད་བསྟེན། དཔལ་འབྱོར་བཅས་དབྱེ་བ་དང་ཞིབ་ཕྲ་མེད་པ་དེ་གསལ་བོ་རེད། ཡིན་ནའང་སྙིང་བསྡུས་རེ་བསྟན་ཡོད་སྟབས་འདི་ཚང་མི་འདུག་ཟེར་ནས་ལབ་རྒྱུ་ཁག་པོ་རེད། མ་འོངས་པར་གང་འདྲ་བྱ་དགོས་མིན་གྱི་ཐད་ནས། ཉེ་ཆར་བཀའ་ཤག་གི་གསལ་བཤད་གནང་སྐབས་ཁོ་རང་གཅིག་པུ་རེད། ཞིབ་ཕྲའི་གནས་ཚུལ་རྗེས་སུ་རིམ་པས་ཡོང་བའི་རེ་བ་ཡོད ”  ཅེས་བརྗོད་བྱུང་།

            ཡང་ཁོང་ལ། ཉེ་ཆར་གྲོས་ཚོགས་ནང་བཀའ་བློན་ཁྲི་པས་ཤེས་རིག་བཀའ་བློན་གྱི་འགན་འཁུར་བ་ཡིན་ན་ལས་དོན་འཐུས་ཤོར་འགྲོ་ཉེན་ཡོད་པའི་བསམ་ཚུལ་བྱུང་བའི་ཐད་དགོངས་ཚུལ་གང་འདྲ་ཡོད་མེད་དྲིས་པར། “བཀའ་ཤག་སྐབས་བཅུ་གཉིས་པའི་བཀའ་ཤག་ལ་མཚོན་ན་བཀའ་བློན་ཁྲི་པ་རྩིས་པའི་བཀའ་བློན་བཞི་མ་གཏོགས་མེད་ཀྱང་འཐུས་ཤོར་འདི་ཕྱིན་སོང་ཟེར་ནས་མཛུབ་མོ་འཛུགས་ས་མེད། ཐེངས་འདིར་བཀའ་བློན་ཁྲི་པ་གཙོས་པའི་བཀའ་བློན་བདུན་ཡོད་སྟབས། བཀའ་བློན་ཁྲི་པའི་སྤྱི་ཡོངས་ཀྱི་ཆབ་སྲིད་དང་སྲིད་བྱུས་ཀྱི་སྒང་ལ་དགོངས་པ་བཞེས་ཏེ། ཤེས་རིག་བཀའ་བློན་ཁ་ཁ་བྱུང་ན་ཡག་གི་རེད་བསམ་གྱི་ཡོད། ཡིན་ནའང་། དེ་སྔ་ནས་བཀའ་ཁྲི་མཆོག་གིས་ཤེས་རིག་ཐོག་ཤུགས་རྒྱག་འཆར་ཡོད་པ་དང་། དེའི་ཐོག་ཁོང་ཉིད་ལ་སེམས་ཤུགས་ཆེན་པོ་ཡོད་སྟབས་ཁོང་གིས་འགན་འཁུར་བ་རེད། དེའི་ཐད་ནས་དམིགས་གསལ་ཕྱག་ལས་འཐུས་ཤོར་འགྲོ་རྒྱུའི་དོགས་པ་མེད། བཀའ་བློན་ཁྲི་པས་འབྱུང་འགྱུར་ལོ་ ༢༠ ནང་བོད་ཕྱི་ནང་གཉིས་སུ་ཆེད་ལས་པ་ཐོན་ཚད་ཀྱི་ཐད་ནས་མང་པོ་གསུངས་སོང་། ང་རང་གིས་བསམ་ན། སྤྱིར་བཏང་ཆེད་ལས་པ་དང་རིགས་གཅིག་རྐང་འཛིན་དེ་ཁ་ཁ་རེད། ཆེད་ལས་པ་དེ་ཤེས་ཡོན་པ་ཡིན་དགོས་ཀྱི་མི་འདུག་བསམ་གྱི་ཡོད། དེའི་ནང་ཤིང་བཟོ་དང་ལྷ་བྲིས། འཚེམ་བཟོ་སོགས་ང་ཚོ་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་མང་པོ་ཞིག་ཉམས་དམས་སུ་འགྲོ་བཞིན་པའི་རིགས་ཚུད་ཡོད་པ་རེད་བསམ་གྱི་འདུག ད་ལྟའི་ཆར་བོད་ནང་ལ་མཚོན་ན་བཟོ་ལས་མང་ཆེ་བ་རྒྱ་མིས་བཟུང་ཡོད་པ་དང་། བཙན་བྱོལ་ནང་ལ་མཚོན་ན་བཟོ་ལས་མང་ཆེ་བ་རྒྱ་གར་བའི་ལག་ཏུ་བཞག་ཡོད་སྟབས། དེ་དག་ཡོངས་རྫོགས་བོད་པ་རང་གིས་བྱ་ཐུབ་རྒྱུའི་ཐད་བསམ་བློ་གཏོང་དགོས་པ་རེད་བསམ། ཤེས་ཡོན་གྱི་ཐོག་ནས་ཀྱང་ཚན་རིག་དང་ཁྲིམས་བཅས་ཀྱི་ཐོག་རྒྱལ་སྤྱིའི་གནས་ཚད་དང་མཐུན་པའི་རིགས་གཅིག་རྐང་འཛིན་ཐོན་རྒྱུ་སོགས། བཀའ་ཁྲིའི་ལས་ཡུན་ལོ་ ༥ དང་ ༡༠ ལས་མེད་ཀྱང་། བརྒྱ་ཆ་བརྒྱ་མ་འགྲུབ་ཀྱང་བརྒྱ་ཆའི་ ༥༠ འགྲུབ་ཐུབ་པ་ཡིན་ནའང་ཡག་པོ་རེད ” ཅེས་གསུངས་བྱུང་ལ། ཡང་ཁོང་གིས། “ ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུའི་ཐད། ༸གོང་ས་མཆོག་གིས་ཀྱང་ཁོང་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་འདུན་ཡོད་སྐོར་གསུངས་ཡོད་པ་རེད། གནད་དོན་འདིའི་ཐད་ད་ལྟའི་རྒྱ་ནག་གི་གནས་བབ་དང་རྒྱ་ནག་གི་བྱ་སྤྱོད་སོགས་ལས་རྒྱལ་ཁབ་གསུམ་པ་བཞི་པ་ཞིག་གི་དབུ་ཁྲིད་དང་དུས་མཉམ་དུ་སྐུ་མདུན་གྱི་སྐུ་ཕྱཱ་ལ་ཉེན་ཁ་མེད་པའི་ཐོག་གདན་འདྲེན་ཞུ་ཐུབ་ན། བོད་ནང་འགྱུར་བ་འགྲོ་རྒྱུ་དང་བོད་ནང་གི་བོད་མི་ཚོའི་སྐོམ་པ་ཆུ་འདོད་ལྟར་༸གོང་ས་མཆོག་གི་གསུང་ཐོས་པ་དང་མཇལ་ཁ་རག་པའི་གོ་སྐབས་ཤིག་ཤར་ཐུབ་ཀྱི་རེད། གལ་ཆེ་ཤོས། བོད་ནང་གི་གནས་སྟངས་ལ་གཞིགས་ཏེ། དམིགས་བསལ་ཆབ་སྲིད་ཀྱི་དཀའ་ངལ་སེལ་ཐབས་ལ་ཤུགས་རྒྱག་རྒྱུ་དང་བོད་རྒྱ་འབྲེལ་མོལ་གྱི་ལམ་ནས་ང་ཚོ་བོད་ནང་མགྱོགས་པོ་ལོག་པའི་ཐད་ལ་ལས་རིམ་བསྒྲིགས་རྒྱུ་གལ་ཆེན་པོ་རེད”  ཅེས་གསུངས་བྱུང་།

 

སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་སུ་ཐེངས་འདིའི་གྲོས་ཚོགས་ནང་ཆབ་སྲིད་ཐོག་བགྲོ་གླེང་གནང་སྟངས་གང་འདྲ་བྱུང་ཡོད་མེད་དྲིས་པར་ཁོང་གིས། “ སྤྱིར་བཏང་གྲོས་ཚོགས་ཀྱི་སྐབས་གང་ཡིན་ཡང་ཆབ་སྲིད་ཀྱི་ཐོག་ལ་བགྲོ་གླེང་མང་པོ་གནང་གི་ཡོད་པ་རེད། ད་རེས་ཀྱི་གྲོས་ཚོགས་ནང་སྤྱི་འཐུས་གསར་པ་མང་པོ་ཞིག་གིས་ཆབ་སྲིད་ཀྱི་གནས་སྟངས་ཡག་པོ་མཁྱེན་གྱི་འདུག་ལ། ལྷག་པར་དུ་རྒྱ་ནག་གི་སྐོར་ལ་ཤེས་མཁན་དང་དོ་སྣང་ཡོད་མཁན་མང་པོ་ཞིག་བསླེབས་འདུག གྲོས་ཚོགས་ཀྱི་སྐབས་སུའང་གཙོ་བོ། བོད་ནང་རྒྱ་ནག་གི་ཆབ་སྲིད་གནས་སྟངས་འོག་ཛ་དྲག་ཆགས་ཡོད་པ་དང་། ལྷག་པར་དུ་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཅིག་གི་ནང་བོད་དེ་ལོ་རྒྱུས་ཀྱི་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་ཁུངས་སྐྱེད་ཡིག་ཆ་མང་པོ་འཛིན་སྐྱོང་གི་ངོས་ནས་བསྡུ་རུབ་དང་འགྲེམས་སྤེལ་བྱ་རྒྱུའི་ཐོག་སྤྱི་མོས་གྲོས་ཆོད་ཕྱིན་པ་མ་ཟད། རྒྱལ་སྤྱིའི་ཐོག་ཁྲིམས་མཐུན་གྱི་ངོས་འཛིན་ཡོང་ཐབས་ལ་འབད་བརྩོན་བྱ་རྒྱུའི་བགྲོ་གླེང་ཚད་མཐོན་པོ་གནང་སོང ” ཅེས་བརྗོད་བྱུང་།

            ཡང་ཁོང་ལ་སྐབས་བཅུ་བཞི་པའི་སྤྱི་འཐུས་ཁྲོད་ནམ་རྒྱུན་གྲོས་ཚོགས་ནང་རྒྱ་ནག་གི་སྲིད་བྱུས་དང་དེའི་འགྱུར་བའི་ཐོག་དོ་སྣང་དང་རྒྱུས་ལོན་ཡོད་མཁན་གྱི་སྤྱི་འཐུས་ཁག་ཅིག་ཡོད་པ་རེད། ཐེངས་འདིའི་གྲོས་ཚོགས་དེའི་ཐད་ཀྱི་གནས་ཚད་གང་འདྲ་ཡིན་མིན་དྲིས་པར་ཁོང་གིས། “ སྤྱིར་བཏང་སྤྱི་འཐུས་ཁྲོད་བོད་ནས་ཡོང་མཁན་དང་རྒྱ་གར་ནས་འཚར་ལོངས་བྱུང་བའི་རིགས། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཡོང་མཁན་མཉམ་འདུས་བྱས་ཡོད་ཀྱང་། རྒྱ་ནག་གི་ཕྱོགས་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་པའི་རྣམ་པ་མཐོང་བྱུང་། ལྷག་པར་དུ་ད་རེས་གྲོས་ཚོགས་ནང་བོད་ནང་ལོགས་ནས་རྒྱ་ནག་གི་སློབ་གྲྭ་རིམ་པ་བརྒྱུད་དེ་མཐོ་རིམ་སློབ་གྲྭ་སློབ་མཐར་ཕྱིན་ཏེ་རྒྱ་ཡིག་གི་གནས་ཚད་མཐོ་བོ་ཡོད་མཁན་དང་ཆབ་སྲིད་ཀྱི་གནས་སྟངས་འོག་རྒྱ་ནག་གི་བཙོན་དུ་ཚུད་དེ་ལོ་མང་བསྡད་མྱོང་མཁན་མང་པོ་ཞིག་བསླེབས་ཡོད་སྟབས། གྲོས་ཚོགས་ཀྱི་ལས་རིམ་ནང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་སྐོར་ལ་སྔར་ལས་ལྷག་པའི་རྒྱུས་མངའ་ཆེན་པོ་འདུག་བསམ་སོང་། གཙོ་བོ། སྤྱི་འཐུས་རྣམ་པས་དུས་རྒྱུན་དུ་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་འགུལ་བསྐྱོད་བྱེད་སྟངས། ཚོང་ལས་དཔལ་འབྱོར་དང་མཉམ་དུ་རྒྱལ་སྤྱིའི་སྟེང་ཆབ་སྲིད་ཀྱི་ལས་ཀ་བྱེད་ཕྱོགས་བཅས་ལ་དོ་སྣང་དང་རང་ངོས་ནས་རྒྱུས་ལོན་བྱས་རྗེས། སྤྱི་འཐུས་གྲོས་ཚོགས་ནང་རྒྱ་ནག་གི་སྲིད་ཇུས་འགྱུར་བ་དང་ལྷག་པར་དུ་བོད་ཐོག་འཛིན་པའི་སྲིད་ཇུས་བཅས་ཐོག་གླེང་སློང་ཚད་མཐོ་བོ་བྱེད་ཐུབ་པ་ཡིན་ན། ཕྱོགས་གཅིག་ནས་གྲོས་ཚོགས་ཀྱི་ལས་རིམ་ཆ་ཚང་ཐད་ཀར་རྒྱང་སྲིང་བྱེད་ཀྱི་ཡོད་པ་དང་། གྲོས་ཚོགས་ཀྱི་ལས་རིམ་གསར་ཤོག་གི་ངོ་བོའི་ཐོག་ས་གནས་མང་པོའི་ནང་འགྲེམ་གྱི་ཡོད་སྟབས། ཉེ་ཁུལ་གྱི་ས་གནས་ཁོ་ན་མིན་པར་ཡུལ་ལུང་ཁུག་ཀྱོག་མང་པོའི་ནང་ཡོད་པའི་བོད་མི་ཚོས་རྒྱ་ནག་གི་བྱེད་སྟངས་དང་བོད་ནང་གི་ཛ་དྲག་གནས་སྟངས་སོགས་རྟོགས་ཐུབ་པའི་དགེ་མཚན་ཆེན་པོ་འདུག་བསམ་ཡོད་ལ། དེ་ཧ་ཅང་གལ་ཆེན་པོ་ཞིག་དང་གནད་འགག་ཆེན་པོ་ཞིག་ཏུ་མཐོང་གི་ཡོད ” ཅེས་བརྗོད་བྱུང་ལ། མཐའ་མར་ཁོང་གིས། “ ང་རང་ཚོ་བཙན་བྱོལ་དུ་འབྱོར་ཏེ་ལོ་ ༥༠ ལྷག་ཕྱིན་ཟིན་པ་རེད། འདས་པའི་དུས་སུ་ང་ཚོས་ལས་དོན་གང་བསྒྲུབ་ཀྱང་གཞིས་བྱེས་ལྷན་འཛོམས་དང་བོད་དོན་བདེན་མཐའ་སེལ་བའི་ཆེད་དུ་ལས་དོན་བསྒྲུབ་ཡོད་པ་རེད། མ་འོངས་པར་ཡང་དེ་དག་གཞི་ལ་བཞག་སྟེ་གཙོ་བོ། བོད་ནང་གི་བོད་མི་ཚོས་དཀའ་ངལ་དང་མནར་གཅོད་གང་འདྲ་མྱོང་གི་ཡོད་མེད་ཀྱི་ཐོག་དོ་སྣང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་ཡོད། དེའི་ཐད་གྲོས་ཚོགས་ཀྱི་འཐུས་མི་དང་འཛིན་སྐྱོང་བཀའ་ཤག  ལས་བྱེད། བཙན་བྱོལ་མི་མང་བཅས་ཚང་མས་དོ་སྣང་བྱ་ཡུལ་གཙོ་བོ་འཛིན་ཐུབ་པ་ཡིན་ན། བོད་གཞིས་བྱེས་གཉིས་ཀྱི་མཐུན་ལམ་དང་ང་རང་ཚོའི་འཐབ་རྩོད་བཅས་ཀྱི་ཐོག་གྲུབ་འབྲས་ཡག་པོ་ཡོང་ཐུབ་ཀྱི་རེད་བསམ་གྱི་ཡོད ” ཅེས་གསུངས་བྱུང་།

 

སྤྱི་འཐུས་པདྨ་འབྱུང་གནས་ལགས་སུ་ཐེངས་འདིར་གྲོས་ཚོགས་ནང་ལྷན་ཁང་ཁག་གི་ལས་བསྡོམས་བསྣམས་ཡོང་སྟངས་གང་འདྲ་འདུག་ཞེས་དྲིས་པར་ཁོང་གིས། “ ལྷན་ཁང་ཁག་གི་ལས་བསྡོམས་གྲོས་ཚོགས་སུ་བསྣམས་ཡོང་སྟངས་དེ་གཙོ་བོ། ལྷན་ཁང་སོ་སོའི་ཡན་ལག་ལས་ཁུངས་ཁག་གིས་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་ལྷན་ཁང་སོ་སོར་འབུལ་གྱིན་ཡོད་རེད།  དེར་ཡང་ལས་བསྡོམས་རྒྱས་པ་ཞིག་དང་བསྡུས་པ་གཅིག་བཅས་གཉིས་ཡོད་ཅིང་། ལས་བསྡོམས་རྒྱས་པ་དེའི་ནང་དབུས་ལས་ཁུངས་སོ་སོའི་ལས་བསྡོམས་ཕྱོགས་བསྒྲིགས་བྱས་ཡོད་པ་དང། གྲོས་ཚོགས་ནང་སྙན་སེང་ཞུ་བར་ལས་བསྡོམས་བསྡུས་པ་ཞིག་ཡོད་པ་དེ་ལྷན་ཁང་ཁག་བདུན་གྱི་བཀའ་བློན་རྣམ་པས་སྤྱི་འཐུས་གྲོས་ཚོགས་ནང་སྙན་སྒྲོན་ཞུ་བཞིན་པ་དེ་ནམ་རྒྱུན་གྱི་འགྲོ་སྟངས་ལྟ་བུ་རེད། ལས་བསྡོམས་རྒྱས་པ་དེ་སྤྱི་འཐུས་རྒྱུན་ལས་ལ་གནང་སྟེ་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་གི་ཡོད་པ་རེད། སྤྱི་འཐུས་རྒྱུན་ལས་ནང་ཆབ་སྲིད་དང་འཛིན་སྐྱོང་རྟོག་ཞིབ་སྡེ་ཚན། རྒྱུན་གྲོན་སྡེ་ཚན་བཅས་གསུམ་ཡོད་པ་རེད། ང་ཚོ་ཆབ་སྲིད་སྡེ་ཚན་ལྟ་བུར་མཚོན་ན། སྐུ་ཚབ་དོན་གཅོད་ཁག་དང་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་དང་བཅས་པ་དང་། གཞན་པའི་རྟོག་ཞིབ་སྡེ་ཚན་དང་དཔལ་འབྱོར་དང་འབྲེལ་བའི་རིགས་དེ་རྒྱུན་གྲོན་སྡེ་ཚན་གྱིས་ཤོག་གྲངས་རེ་རེ་བཞིན་རྟོག་ཞིབ་གནང་སྟེ། ཐུགས་དོགས་ཡོད་པ་དང་ཐག་མ་ཆོད་པའི་རིགས་ཡོད་པ་ཡིན་ན། དྲི་བ་བཟོས་ཏེ་གྲོས་ཚོགས་ནང་འཁྱེར་ཡོང་གི་ཡོད་པ་རེད། ཐེངས་འདིར་གྲོས་ཚོགས་ནང་རང་སྐྱོང་སྡེ་ཚན་ཁག་གི་ལས་བསྡོམས་ཁག་ཅིག་བསླེབས་མེད་པའི་བསམ་ཚུལ་ཡོང་གི་འདུག གྲོས་ཚོགས་ནང་བསླེབས་པ་དེ་ལས་བསྡོམས་བསྡུས་པ་ཡིན་སྟབས་ཆ་ཚང་བསླེབས་ཐུབ་ཡོད་པ་མ་རེད། ཡིན་ནའང་། ལས་བསྡོམས་རྒྱས་པའི་ནང་ང་རང་གིས་ཤེས་ཚོད་ལ་ཐེངས་འདིར་ཝར་ནཱ་མཐོ་སློབ་ཀྱི་ལས་བསྡོམས་དང་བལ་ཡུལ་ནང་གི་གངས་ཅན་བདེ་རྩ་བཅས་ཁག་ཅིག་བསླེབས་མི་འདུག ” ཅེས་གསུངས་བྱུང་།

            ཡང་ཁོང་ལ་དེ་སྔོན་གྲོས་ཚོགས་ནས་གཏན་འབེབས་གནང་བའི་ལས་དོན་ཁག་འཛིན་སྐྱོང་གི་ལག་བསྟར་ཏག་ཏག་ཐུབ་ཡོད་མེད་དྲིས་པར། “ འཛིན་སྐྱོང་གི་ཕྱག་ལས་དེ་གྲོས་ཚོགས་ཀྱི་མངོན་འདོད་དང་ཐག་གཅོད་གཞིར་བཟུང་གནང་གི་ཡོད་སྟབས། གྲོས་ཚོགས་ཀྱི་ཐག་གཅོད་གང་གནང་བ་དེའི་ཁྱབ་ཁོངས་དང་བཅས་པར་བཀོད་ཁྱབ་གནང་སྟེ་ཕྱག་ལས་གནང་གི་ཡོད་པ་རེད། ང་རང་ལ་མཚོན་ན་བརྒྱད་ཅུ་གྱ་གྲངས་ནས་སྤྱི་འཐུས་བྱས་བསྡད་པ་རེད། ཕྱག་ལས་མ་གནང་བ་མིན་པར། ལས་བསྡོམས་ནང་བཀོད་དང་མ་བཀོད་མང་པོ་ཞིག་ཡོང་གི་ཡོད་པ་རེད། སྔོན་མ་ལས་ཡག་པོ་འདུག་བསམ་སོང་། སྔོན་མར་ཕྱི་རྒྱལ་གྱི་དོན་གཅོད་ཁག་གི་ལས་བསྡོམས་དེ་ཚིག་ཐོ་ལྟ་བུ་ཞིག་ལས་མེད་སྟབས། གྲོས་ཚོགས་ཀྱི་ངོས་ནས་ལོ་གཅིག་རིང་ལས་ཀ་འདི་ལས་བྱས་མེད་དམ། ཅེས་དྲི་བ་བཀོད་མྱོང་བ་རེད། གང་ལྟར། དེ་སྔོན་དང་བསྡུར་ན་ལས་བསྡོམས་བཀོད་སྟངས་སོགས་ཡག་ཏུ་ཕྱིན་འདུག་བསམ་གྱི་ཡོད། ཐེངས་འདིའི་ལས་བསྡོམས་ཁག་ལས་འདོད་པ་ཚིམ་པ་དེ་ང་རང་ཆབ་སྲིད་སྡེ་ཚན་གྱི་ཁོངས་གཏོགས་སུ་ཡོད་སྟབས། ཕྱི་དྲིལ་ལས་ཁུངས་དང་སྐུ་ཚབ་དོན་གཅོད་ཁག་གི་ལས་འགན་ཁག་དངོས་ནས་ཚགས་ཚུད་ཡོང་འདུག་བསམ་གྱི་ཡོད། ལས་ཀ་ཏག་ཏག་བསྒྲུབས་ཡོད་མེད་ཀྱི་ཐད་ནས།   ད་ལྟའི་བར་ཏག་ཏག་འགྲོ་བཞིན་པ་རེད། ཡིན་ནའང་། ང་རང་གི་ངོས་ནས་ཡིག་ཐོག་ཏུ་ཡོད་པའི་ལས་བསྡོམས་ནང་གང་འཁོད་པ་དེ་སྤྱི་འཐུས་ཚོ་ཕྱོགས་བགོས་ཀྱི་ས་ཁུལ་སོ་སོར་ཕེབས་སྐབས་ཐུགས་ཞིབ་གནང་བ་ཡིན་ན། ས་གནས་ས་ཐོག་ཏུ་དངོས་སུ་ཕེབས་སྐབས་ལས་དོན་བསྒྲུབ་ཡོད་མེད་དང་འགྲུབ་ཡོད་མེད་ར་འཕྲོད་ཐུབ་ཀྱི་རེད་བསམ་གྱི་ཡོད ” ཅེས་བརྗོད་བྱུང་།

 

སྤྱི་འཐུས་ཡོངས་གླིང་ཟླ་བ་ཚེ་རིང་ལགས་སུ་ཐེངས་འདིའི་བཀའ་ཤག་གིས་སྤྱི་འཐུས་གྲོས་ཚོགས་སུ་གནང་བའི་གསལ་བཤད་ཐོག་སྒེར་ངོས་ནས་དགོངས་ཚུལ་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། བཀའ་ཤག་གི་གསལ་བཤད་ཐད་བཀའ་བློན་ཁྲི་པའི་འོས་བསྡུའི་སྐབས་ནས་མང་ཚོགས་ལ་ཁས་ལེན་དམ་བཅའ་ཆིག་སྒྲིལ་དང་གསར་གཏོད། རང་མགོ་རང་ཐོན་བཅས་ལྟ་གྲུབ་གསུམ་གྱི་ཐོག་གསུངས་པ་རེད། ཐེངས་འདིར་དེ་དག་གསལ་བོར་བཀོད་མེད་པ་གསལ་བོ་རེད། ལྟ་གྲུབ་གང་ཞིག་བཟུང་བའི་རྗེས་སུ་འགྲུབ་མ་འགྲུབ་གནས་ཚུལ་ཡོང་སྲིད་ཀྱང་། ལྟ་གྲུབ་ལ་གཞིར་བཞག་ཏེ་ལས་འཆར་ཞིག་དགོས་ཀྱི་ཡོད་པ་རེད། མ་འོངས་པར་བཀའ་ཁྲི་མཆོག་གིས་གསུངས་བསྡད་པ་དེ་དག་ལས་ཆིག་སྒྲིལ་གྱི་ཕྱོགས་ནས་ད་ལྟའི་བར་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ། བོད་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ཁག  བོད་ཕྱི་ནང་གཉིས་བཅས་ཀྱི་ཆིག་སྒྲིལ་ཐོག་བཤད་དགོས་པའི་གནས་སྟངས་ཡོད་པ་མ་རེད། ཡིན་ནའང་། མི་ལ་ཉོན་མོངས་དུག་གསུམ་དང་རྣམ་རྟོག་གྱིས་བསྒྲིབས་ཏེ། ང་ཚོའི་སྤྱི་ཚོགས་ནང་གནས་ཚུལ་ཆུང་ཙག་མ་མཐུན་པ་དང་མ་འགྲིག་པའི་རིགས་མང་པོ་ཞིག་ཡོང་གི་ཡོད་སྟབས། དེ་རིགས་ཆིག་སྒྲིལ་གྱི་ལྟ་གྲུབ་ཐོག་ཕྱག་ལས་གནང་ཐུབ་པ་ཡིན་ན། ཡག་པོ་ཡོང་གི་རེད་ལ། དེ་བཞིན་གསར་གཏོད་ཀྱི་ཆ་ནས་ཀྱང་། སྔར་མ་བྱས་པའི་རིགས་བྱས་པ་ཡིན་ན། ཕན་རླབས་དང་རྒྱུན་གནས་ཆེ་ཆུང་། མི་རིགས་དང་རྒྱལ་ཁབ་ཀྱི་དོན་དག་ལ་ཕན་ཐོགས་ཡོད་མེད་ལ་གཞིགས་པའི་གསར་གཏོད་དགོས་ཀྱི་རེད་མ་གཏོགས། གསར་གཏོད་བྱས་པའི་དབང་གིས་མི་རིགས་དང་རྒྱལ་ཁབ་ལ་ཕན་ཐོགས་མེད་པའི་རིགས་བྱུང་བ་ཡིན་ན་དེ་ལ་ཧང་སངས་དགོས་པ་དེ་འདྲ་གང་ཡང་མ་རེད་བསམ་གྱི་འདུག

    ཡང་རང་ཁ་རང་གསོའི་ཐད་ནས། བོད་ནས་གསར་དུ་འབྱོར་བའི་རིགས་མང་པོ་ཞིག་མང་ཉུང་ལ་མ་ལྟོས་པར་སྔོན་མ་ནས་ད་ལྟའི་བར་ཡོང་བསྡད་པ་རེད། དེ་དག་གི་བློ་གཏད་ས་དང་རེ་བ་བཅོལ་ས་དེ་བོད་མིའི་སྒྲིག་འཛུགས་ཆགས་བསྡད་ཡོད་པ་རེད། ངྷ་ས་གཡས་གཡོན་དང་ཡུལ་གྲུ་གཞན་དུ་ཡོད་པའི་གསར་འབྱོར་གཙོས་སྔོན་མ་གཞིས་ཆགས་ནང་ཡོད་བསྡད་པའི་ནང་མི་གཅིག་གཉིས་དེ་དག་མི་མང་པོ་ཆགས་ཡོད་སྟབས། དེ་དག་ལ་དཀའ་ངལ་ཡོད་པའི་ཐད་རྒྱ་གར་གཞུང་གིས་ཐོབ་ཐང་སྤྲོད་ཀྱི་མེད་པའི་གནས་སྟངས་སོགས་བྱུང་ཚེ་གནས་ཚུལ་ཁ་ཁ་རེད། ཡིན་ནའང་། ད་ལྟའི་བར་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་མིའི་ངལ་སེལ་ཚོགས་པ་སོགས་ཀྱི་མིང་ཐོག་ནས་ས་ཆ་ཉོས་ཏེ་སྡོད་ཁང་མཁོ་སྒྲུབ་བྱ་རྒྱུ་དང་། སྒེར་གྱི་མིང་ཐོག་ནས་ཉོ་མི་ཐུབ་པའི་རིགས་ལ་གཞུང་ངོས་ནས་རྒྱབ་སྐྱོར་འོག་ས་ཆ་ཉོ་རྒྱུ་སོགས་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་གྱི་འདུག  ད་ལྟའི་ཆར་ཤེས་རབ་དགའ་ཚལ་སློབ་གླིང་དང་དགོན་སྡེ་ཁག་ནས་ཡོང་བའི་མི་མང་པོ་ཞིག་བོད་ནང་ལོག་མ་ཐུབ་པའི་གནས་ཚུལ་ཡོང་གི་ཡོད་པ་དེ་དག་ལ་སྡོད་ཁང་སོགས་ཀྱི་ཐོག་ནས་མཐུན་རྐྱེན་མཁོ་སྒྲུབ་བྱ་ཐུབ་པ་ཡིན་ན། ད་ལྟའི་བཀའ་ཤག་གིས་ཆིག་སྒྲིལ་དང་རང་ཁ་རང་གསོའི་ལྟ་གྲུབ་གཞིར་བཞག་གིས་བསྒྲུབ་ཐུབ་པ་ཡིན་ན། བོད་མི་སྤྱི་སྒེར་གཉིས་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་གྱི་འདུག ” ཅེས་བརྗོད་བྱུང་ལ།

    ཡང་ཁོང་ལ་ལྷན་ཁང་ཁག་གི་ལས་བསྡོམས་ཐད་བཀའ་འདྲི་ཞུས་པར་ཁོང་གིས། “ ལས་བསྡོམས་ཀྱི་ཐད་ནས་རང་དབང་ཅན་གྱི་སྡེ་ཚན་མང་པོ་ཞིག་འཁོད་མེད་པའི་གནས་སྟངས་ཆགས་འདུག དེ་དག་ལོ་རྒྱུས་ཀྱི་ཐོག་ནས་ཧ་ཅང་གལ་ཆེན་པོ་ཞིག་ཏུ་མཐོང་བྱུང་། ལས་ཀའི་གྲུབ་འབྲས་ཀྱི་ཐད་ནས་ད་ལྟའི་བར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གང་གནང་མིན། དཔེར་ན། མི་མང་གི་འཐུང་ཆུ་དང་འཕྲོད་བསྟེན། ཤེས་ཡོན་བཅས་ཕྱོགས་ཡོངས་ནས་མཐོང་ཡོད་སྟབས། དམིགས་བསལ་བཀོད་དགོས་པའི་གནད་འགག་དེ་འདྲ་མཐོང་གི་མི་འདུག ”  ཅེས་བརྗོད་བྱུང་།

 

སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་སུ་སྐབས་བཅོ་ལྔ་པའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་གཉིས་པའི་ནང་བཀའ་ཤག་གིས་གནང་བའི་གསལ་བཤད་ཐོག་མའི་ཐོག་དགོངས་ཚུལ་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། ང་རང་ལ་མཚོན་ན་ཐེངས་འདིའི་བཀའ་ཤག་གསར་བའི་གསལ་བཤད་དེ་སྔོན་མ་བཀའ་བློན་ཁྲི་པ་བཞེངས་སྐབས་ཀྱི་གཏམ་བཤད་དང་ཕྱིས་སུ་བཀའ་ཁྲིར་འདེམས་ཐོན་བྱུང་རྗེས་ཀྱི་བཀའ་སློབ་ཁག་ཐེངས་འདིའི་གྲོས་ཚོགས་སུ་གསལ་བཤད་གནང་བ་ཞིག་ལས། མ་འོངས་པའི་ལས་འཆར་གྱི་ཐད་ནས་སྲིད་བྱུས་ཉམས་ཞིབ་ཁང་གསར་འཛུགས་གནང་རྒྱུ་ལས་དམིགས་བསལ་གྱི་ལས་གཞི་གསར་བ་མེད་པའི་ཚོར་སྣང་བྱུང་སོང་། ཆེད་ལས་པའི་ཐོག་ནས་མ་འོངས་པའི་ལོ་ ༢༠ དུས་ཡུན་བཞག་ཡོད་སྟབས། ང་ཚོར་ལབ་ས་མེད་པའི་གནས་སྟངས་ལྟ་བུ་ཞིག་དང་། རྩིས་རྒྱག་པའི་ཐོག་དགོངས་པ་བཞེས་པ་ཡིན་ན། བཀའ་ཤག་གི་གསལ་བཤད་ནང་ལྟ་ས་མེད་བསྡད་པ་ཞིག་ཆགས་འདུག ཡིན་ནའང་། ང་རང་ལ་ཡིད་ཆེས་དང་རེ་བ་ཞིག་ཡོད་པ་དེ་འཛིན་སྐྱོང་བཀའ་ཤག་གིས་ཧུར་བརྩོན་གནང་གི་རེད་བསམ་པ་འདི་ཡིན། གཙོ་བོ་སྔར་ཡོད་འཛིན་སྐྱོང་གི་ལས་དོན་གང་ཡོད་པ་དེ་ཉམས་ཆག་ཏུ་མི་འགྲོ་བའི་ཐོག་རིམ་གྱིས་ལས་གཞི་གསར་བ་གང་བྱ་མིན་ཐག་གཅོད་བྱ་རྒྱུ་གལ་ཆེན་པོ་རེད ” ཅེས་བརྗོད་བྱུང་།

    ཡང་ཁོང་ལ་ཐེངས་འདིར་སྤྱི་འཐུས་གཅིག་གིས་བཙན་བྱོལ་ནང་བོད་ཀྱི་གསོ་བ་རིག་པ་དང་ནུབ་ཕྱོགས་ཀྱི་གསོ་རིག་མཉམ་འབྲེལ་བྱས་ཏེ་བོད་ནང་དང་། རྒྱལ་སྤྱིའི་ཐོག་ཕན་ནུས་འཐོན་པ་གནང་དགོས་སྐོར་གསུངས་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་མེད་དྲིས་པར། “ འཕྲོད་བསྟེན་གྱི་ཕྱོགས་ནས་ད་ལྟའི་བར་ལས་གཞི་གང་འགྲོ་བཞིན་པ་དེ་ལས་དམིགས་བསལ་ཡར་རྒྱས་འགྲོ་རྒྱུ་ཁག་པོ་རེད་བསམ་གྱི་ཡོད། གང་ཡིན་ཞེ་ན། ད་ལྟའི་བར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་མང་པོ་ཞིག་ཏུ་སྨན་པ་མེད་པའི་དཀའ་ངལ་འཕྲད་བསྡད་ཡོད་པ་རེད། དཀའ་ངལ་དེ་ལམ་སེང་སེལ་ཐུབ་པ་ཞིག་ཀྱང་མ་རེད། ཡིན་ནའང་། ད་རེས་ཀྱི་འཕྲོད་བསྟེན་བཀའ་བློན་སྨན་པ་ཡིན་པའི་དབང་གིས་སྤྱི་ཚོགས་ནང་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལ་གང་ཡིན་ཡང་ཞུ་གཏུག་སྐབས་གནད་དོན་མགོ་འཚོས་པ་ཞིག་དང་དཀའ་ངལ་ངོ་སྤྲོད་བྱ་རྒྱུ་ལས་སླ་བོ་ཡོང་གི་རེད་བསམ་གྱི་ཡོད། གནད་དོན་མང་པོ་ཞིག་འཆར་གཞི་གཏོང་བར་དཔལ་འབྱོར་ལ་རག་ལུས་ཡོད་པ་རེད། སྤྱི་ཡོངས་ཀྱི་ཐོག་ནས་ཐེངས་འདིའི་ལྷན་ཁང་ཁག་གི་ལས་བསྡོམས་གྲོས་ཚོགས་ནང་འཁྱེར་ཡོང་བ་དེ་ལས་བསྡོམས་འཁྱེར་ཡོང་མཁན་གྱི་ངོས་ནས་གྲུབ་འབྲས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ལ། ང་རང་གི་ངོས་ནས་ཀྱང་སྐྱོན་བརྗོད་བྱེད་སའི་གཞི་ཞིག་མེད་པ་དེ་ལ་འདོད་པ་ཁེངས་ནས་བསྡད་ཡོད། དེ་ཡང་གཙོ་བོ། སྔོན་མའི་བཀའ་ཤག་གིས་ཡང་དག་པའི་དམངས་གཙོ་དང་འཚེ་བ་མེད་པ། དྲང་བདེན་བཅས་ལ་གཞི་བཅོལ་ཏེ་བསྒྲུབས་ཡོད་སྟབས། མཛད་གཙོ་རྣམ་པ་དང་འབྲེལ་ཡོད་ལས་བྱེད་ཚང་མའི་སེམས་ནང་ཡིད་ཆེས་ཡོད་པའི་ཐོག་ནས། དམིགས་བསལ་གྱི་སྐྱོན་བརྗོད་བྱེད་ས་མེད་པར་བསྔགས་བརྗོད་ཞུ་འོས་པ་ཞིག་ཆགས་ཡོད་པ་རེད ” ཅེས་བརྗོད་བྱུང་། མཐར་ཁོང་ལ་གཞིས་ཆགས་སྲ་བརྟན་གྱི་དཀའ་ངལ་གཙོ་བོ་གང་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་མེད་དྲིས་པར། “ ང་རང་ལ་མཚོན་ན་ཁྲིམས་དང་སྒྲིག་གཞི་དམ་པོ་བྱེད་པ་ཙམ་མིན་པར། གཞིས་ཆགས་ཁག་ཏུ་འཚོ་བའི་རྟེན་གཞི་ཡག་པོ་ཞིག་བསྐྲུན་རྒྱུ་དང་ མི་མང་གི་འཚོ་རྟེན་དང་དཀའ་ངལ་ཤེས་རྟོགས་ཡོང་ཆེད་བཀའ་བློན་རྣམ་པ་གཞིས་ཆགས་ཁག་ཏུ་ཕེབས་ཏེ། ས་གནས་ས་ཐོག་གི་གནས་སྟངས་རྒྱུས་ལོན་བྱས་ཏེ་འཆར་གཞི་གཏོང་དགོས་ཀྱི་འདུག དེ་ལྟར་བྱས་པ་ཡིན་ན་མ་འོངས་པའི་ལོ་ལྔའི་ནང་གང་བྱ་དགོས་མིན་དང་གང་བྱ་ཐུབ་མིན་གསལ་བོ་མཁྱེན་ཡོང་གི་རེད་ལ། དེ་དང་མཉམ་དུ་རྗེས་སུ་གང་བྱས་ཡོད་མེད་དང་གང་འགྲུབ་ཡོད་མེད་ཀྱང་རྩིས་སྤྲོད་བྱ་རྒྱུར་ཕན་ཐོགས་ཀྱི་རེད ” ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༣ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༥ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༦ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༧ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༧ སྔོན་ལ།

མཆན། 8

  1. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    དམར་ཁ་ཚ་ལ་ཞུ་རྒྱུ།
    རྒྱ་མི་མགྲིན་ཚབ་པ་ཟེར་བ་དེ་ཁ་ནས་བཤད་རྒྱུ་ལས་སླ་ཡང་ཁུང་སྐྱེལ་ར་སྤྲོད་བྱ་དགོས་ཐུག་པའི་ཉིན་མོ་ཁྱེད་རང་གི་སྐད་ཆ་དེ་ཁ་ཕར་འཁོར་ནས་ཁྱོད་རང་སྐེ་གཅོད་ས་ཞིག་ཏུ་འགྱུར་ཉེན་ཆེ་བས།
    དེ་ལུགས་གནང་རོགས།
    ངས་གང་བཤད་དེ་ང་རང་ཉིད་ཀྱིས་གཏན་ཚིགས་ལོ་རྒྱུས་དངོས་ཡོད་དང་མཐུན་པ་ཞིག་གླེང་ཡོད།
    མཚང་ཐོག་ཏུ་ཕོག་ན་ངས་སྐད་ཆ་དེས་ནུས་པ་ཐོན་སོང་བ་རེད།

    Reply
  2. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    མི་ཞིག་རྒྱ་མི་ཉུལ་མ་རེད་བཤད་རྒྱུ་ལས་སླ་ཡང་ཁུལ་སྐྱེལ་དཔང་རྟགས་མ་བྱས་ན་རང་ཉིད་ཀྱི་བཤད་པའི་སྐད་ཆས་རངཉིད་ཀྱི་སྐེ་བཏུབ་ཉེན་ཆེ་བས་དེ་དུས་བློ་འགྱོད་མེད་པར་དགོས།
    ཧེ་ཧེ་དམར་ཁ་ཚ་ཟེར་བ་དེ་ངའི་སྔ་མོ་ནས་བཏབ་པའི་མཆན་ཚང་མ་མཉམ་དུ་སྤུང་ནས་གང་ས་རུ་ཁྱབ་བསྒྲགས་བྱ་གི་འདུག་མུ་མཐུད་ནས་སྤེལ་རོགས།
    ང་ལ་ཞེད་སྣང་གང་ཡང་མེད།
    ཁྱེད་རང་དང་ངེད་གཉིས་ལྟ་བུ་བོང་བུ་འདྲ་བོ་མི་ནུས་མེད་དེ་ཚོས་ནམ་ཡང་མི་ཚེའི་ནང་དུ་རྒྱ་ནག་གི་མགྲིན་ཚབ་པ་ཞིག་འཇོན་གྱི་མ་རེད།
    རྒྱ་ནག་གི་དངུལ་དངོས་ཟ་དགོས་བསམ་ཀྱང་ཟ་རྒྱི་རེག་གི་མ་རེད།
    ཁྱོད་དང་ངེད་གཉིས་ལྟ་བུ་ལ་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་དེས་མགྲིན་ཚབ་པ་བྱ་བའི་ནུས་པ་ཡོད་པ་མ་རེད།
    མི་ཁྱོད་ལྟ་བུ་བློ་མིག་ཁབ་ལས་དོགས་མཁན་ཚོ་ལ་ང་རང་སྙིང་རྗེ་བ་ལས་གཞན་བྱ་ཐབས་གང་མི་འདུག
    མི་ཞིག་རྒྱ་མི་ཉུལ་མ་རེད་བཤད་རྒྱུ་ལས་སླ་ཡང་ཁུལ་སྐྱེལ་མ་བྱས་ན་རང་ཉིད་ཀྱི་བཤད་པའི་སྐད་ཆས་རང་ཉིད་ཀྱི་སྐེ་བཏུབ་ཉེན་བས་དེ་དུས་བློ་འགྱོད་མེད་པར་དགོས།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    གྲོས་ཚོགས་རྗེས་མ་ལ་བཀའ་ཤག་གིས་ལས་འཆར་བསྣམས་ཡོང་གི་རེད། ལས་འཆར་མི་འདུག་ཅེས་ལེ་བདའ་བྱེད་རན་ད་དུང་མ་རེད།
    ཆོས་རིག་བཀའ་བློན་འཚམས་པོ་ཡོད་མེད་ཇི་ལྟར་ཡང་ཆོས་བརྒྱུད་ཁག་ལ་སོ་སོའི་གཙོ་འཛིན་དང་རང་སྐྱོང་ནུས་པ་ཡོད་པས་ཉེན་ཁ་ཅི་ཡང་མེད། འོན་ཀྱང་ཤེས་ཡོན་སྲིད་བྱུས་གསར་བ་རྒྱུན་སྐྱོང་ཐད་ལ་ནུས་པ་ཆེ་རུ་གཏོང་རྒྱུ་ཧ་ཅང་གལ་འགངས་ཆེ། དེ་མིན་དབུ་མའི་ལམ་གྱི་ཞི་མོལ་སྐོར་ལ་ཡང་དམིགས་བསལ་བྱེད་རྒྱུ་ཅང་མེད་པ་རེད།
    གལ་ཆེ་ཤོས་དེ་གསར་གཏོད་ཡར་རྒྱས་དམིགས་བསལ་མ་འཁྱོངས་ཀྱང་མི་སྐྱོན་ཉམས་ཆག་ལ་མི་འགྲོ་བ་ཞིག་གནང་ཐུབ་དགོས།

    Reply
  4. རིན་འཕེལ། says:
    ལོ་ 14 སྔོན།

    བསྟན་འཛིན་འགྱུར་མེད་ཟེར་པ་ཁྱོས་ཡག་པོ་ཉོན།. རྒྱུ་མཚན་དང་གནས་ལུགས་ག་ཚོད་བཤད་ཀྱང་ཁྱོས་རུས་རྐང་ལ་འཐུམ་པའི་ཁྲག་རྒྱུན་དེ་བོད་པ་ཞིག་གིས་ཁྲག་ཡིན་པ་བསུབ་ཐབས་མེད་པ་དྲན་པར་བྱོས། གནས་སྐབས་ཀྱི་ཁེ་སང་ཙིག་ཙག་ཆེད་མཐར་ཐུག་རང་ཉིད་དང་མི་རིགས་ཤིག་གི་ཉེ་ཅན་དུ་འགྱུར་མི་རུང་ངོ།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    སྤྱི་འཐུས་ཚང་མས་ཡག་པོ་གསུངས་འདུག་པས་དགའ་པོ་བྱུང་ཞུ་རྒྱུ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་ཟད་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་བོད་ཡིག་གི་ཐོག་ནས་ཆེད་ལས་པ་ཐོན་ཐུབ་པའི་ཐབས་ཤེས་གནང་དགོས་ཀྱི་འདུག་ཞེས་ཞུས་པར་དགའ་པོ་བྱུང་། ཐུགས་རྗེ་ཆེ།
    གངས་ལྷ་མོ་དང་བསོད་ནམས་རྒྱལ་མཚན་ལགས་གཉིས་ཀྱི་གྲོས་འཆར་དེར་ཕུན་པོ་བྱུང་ཞུ་རྒྱུ་ཡིན། དགའ་པོ་བྱུང་། ཐུགས་རྗེ་ཆེ། ཁྱེད་རྣམ་པ་གཉིས་སྤྱི་འཐུས་སུ་ཕེབས་པས་གྲུབ་འབྲས་དང་པོ་ཡིན་པར་ངོས་འཛིན་བྱས་ཀྱི་ཡིན་ལགས།

    Reply
  6. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    མི་དཀྱུས་མ་བདག་ལྟ་བུ་ལ་ཆབ་སྲིད་མི་འཁོར་ཡང་བྱིས་བློ་ལ་གང་འཆར་དང་གང་དྲན་ཕྲན་བུ་ཞིག་ཞུ་འདོད་བྱུང་།
    སྐབས་དེའི་གྲོས་ཚོགས་སུ་བཀའ་ཁྲི་མཆོག་ནས་གསལ་བཤད་གནང་སྐབས་བཀའ་ཤག་ནས་བཀའ་སློབ་ཁྲི་པ་མི་གཅིག་ལས་ཕེབས་ཐུབ་མེད་སྟབས་ལས་འཆར་
    ཚང་མ་ཁ་གསལ་བཟོ་ཐབས་མེད་པ་ཞིག་རེད།
    གང་ལགས་ཞུ་ན་བཀའ་ཤག་གི་ལས་འཆར་ཁག་གང་ཡོད་བཀའ་བློན་རྣམས་ཚང་འཛོམས་ཐོག་གཏནའབེབ་ཁ་གསལ་བཟོས་ནས་གྲོགས་ཚོགས་སུ་སྙན་གསན་ཞུ་
    དགོས་པ་དང་གྲོས་ཚོགས་ནང་མང་མོས་རྒྱག་སྐྱོར་འཚོལ་དགོས་པ་དེ་དངོས་བདེན་རེད་མོད།
    གལ་ཆེའི་ལས་འཆར་ཁག་རྣམས་བཀའ་བློན་ཕྱག་རོགས་རྣམས་དང་གྲོས་བསྡུ་དང་བཀའ་ཤག་ནང་མང་མོས་གཏན་འབེབ་མེད་པར་གྲོས་ཚོགས་སུ་ཁ་གསལ་བཟོ་
    ཐབས་གཏན་ནས་མེད་པ་ཞིག་རེད། བཀའ་ཁྲི་མི་གཅིག་གིས་ཐག་གཅོད་དང་ཁ་གསལ་བཟོས་ཀྱང་བཀའ་ཤག་ནང་མང་མོས་རྒྱབ་སྐྱོར་མ་བྱུང་ཚེ་ལས་འཆར་རྣམས་ལས་རིམ་དུ་འགྲོ་ཐབས་མེད་པ་
    ཞིག་རེད།་གསལ་པོ་མ་བཟོ་པའི་རྒྱུ་མཚན་དེ་རེད།་དེ་ལྟུ་བུའི་དཀའ་ངལ་ཞིག་འཕྲད་ཡོད་པ་ནི་སྤྱི་མཐུས་རྣམས་ནས་མཁྱེན་བཞིན་པ་ཡིན་ན་ཡང་ད་དུང་ཁ་གསལ་མི་འདུག་གཏན་འབེབ་མི་འདུག་ཅེས་སྐད་ངན་ཤོར་བ་ནི་དམིགས་ཡུལ་དང་རྒྱུ་མཚན་གཞན་ཞིག་ཡོད་སྲིད་སྙམ།

    Reply
  7. དམར་ཁ་ཚ། says:
    ལོ་ 14 སྔོན།

    འགྱུར་མེད་བསྟན་འཛིན་ཟེར་བའི་མཆན་འདེབས་མཁན་འདི་ལ་གཟབ་གཟབ་གནང་རོགས།
    དྲ་གྲོགས་རྣམ་པ་ལགས། འགྱུར་མེད་བསྟན་འཛིན་ཟེར་བ་འདི་ནི་རྒྱ་གཞུང་གི་མགྲིན་ཚབ་དང་། བོད་པ་ནང་ཁུལ་དང་ཆོས་ལུགས་ནང་ཁུལ་ལ་གཏོར་གཤིག་གཏོང་བའི་རྒྱ་དམར་གཞུང་གི་མགྲིན་ཚབ་བྱེད་བཞིན་པའི་དྲ་འབུ་ཞིག་ཡིན།
    ཁོ་བོས་བཀོད་པའི་མཆན་འདི་དག་ལས་དོན་གནད་ཆེན་པོ་བཞི་ཡི་ཕྱོགས་ནས་དཀྲུགས་ཤིང་བརྒྱབ་ཡོད།
    ༡༽ཏཱ་ལའི་སྐུ་ཕྲེང་བཅོ་ལྔ་ཞེས་རྒྱ་དམར་གྱི་མགྲིན་ཚབ་པའི་ཚིག་བེད་སྤྱོད་བཏང་སྟེ་༸གོང་ས་མཆོག་གི་མཛད་མཛད་དང་། སྐུ་སྒེར་ཡིག་ཚང་ལ་སོགས་ལ་དམའ་འབེབ་མཐོང་ཆུང་སྣ་ཚོགས་ཤིག་བྱས་ཡོད།
    ༢༽བོན་པོ་ནང་པ་མ་ཡིན་པ་དང་། ཇོ་ནང་ས་སྐྱའི་ཁོངས་ཡིན་ཚུལ། ༸རྒྱལ་དབང་ལྔ་བའི་སྐབས་ཀྱི་གོ་རིམ་སྒྲིག་སྟངས་བཞིན་བླ་ཆེན་ཚོས་བཞུགས་གྲལ་ཆ་སྙོམས་མིན་པ་སོགས་བཤད་དེ་ཆོས་ལུགས་ནང་ཁུལ་གྱི་མཐུན་ལམ་གཏོར་གཤིག་དང་། འགལ་ཟླ་སྣ་ཚོགས་ཤིག་བཤད་ཡོད་ཡོད།
    ༣༽བཀའ་ཁྲི་དང་སྤྱི་འཐུས་ལྷན་ཚོགས་ནི་ནར་མ་སོན་པའི་བྱིས་པ་ཡིན་ཚུལ་གྱིས་གཞུང་གི་མཛད་གཙོ་རྣམ་པར་དམའ་འབེབས་ཁྱད་གསོད་སྣ་ཚོགས་ཤིག་བཤད་ཡོད།
    ༤༽རང་ཉིད་བཙན་བྱོལ་ནང་ཐང་ཆད་ཚུལ་དང་། ཕ་ཡུལ་ལ་ལོག་གི་ཡིན་སོགས་གཞིས་ལུས་བོད་མི་བསམ་མེད་ཚོ་བཙན་བྱོལ་སྤྱི་ཚོགས་ལ་བློ་ལོག་ཏུ་འཇུག་པའི་ངན་གཏམ་སྣ་ཚོགས་ཤིག་སྨྲས་ཡོད།

    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༢ ཉིན་འདོན་སྤེལ་བྱས། སྐུ་སྒེར་ཡིག་ཚང་དང་བླ་ཆེན་མི་ཆེན་ཚོས་སྟག་སེང་ཁ་འཐབ་ཀྱི་བར་ནས་བཀའ་ཁྲི་དང་སྤྱི་འཐུས་ཟེར་བ་དེ་ནར་མ་སོན་པའི་བྱིན་པ་ཉམས་ཆུང་ཞིག་རེད།དྲ་གྲོགས་ཚོས་གནས་ཚུལ་འདི་མ་ཤེས་ན་བཙན་བྱོལ་ནང་གི་ཆབ་སྲིད་དང་འགྲོ་སྟངས་མ་ཤེས་པ་རེད།

    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༡ ཉིན་འདོན་སྤེལ་བྱས། སྐུ་སྒེར་ཡིག་ཚང་དང་བླ་ཆེན་མི་དྲག་ཚོས་ས་འོག་དར་ཐག་བར་ནས་བཀའ་ཁྲི་མི་གཅིག་གིས་ཆོས་ལུགས་རིས་མེད་ཟེར་བ་དེ་ཚིག་སྐམ་པོ་རང་རེད།བློ་སེང་བཀའ་ཁྲི་ལ་བསླེབས་ནས་བཟུང་ཆོས་ལུགས་དད་པ་རང་དབང་ཤོར་བ་རེད།དོན་དམ་པའི་ཆོས་ལུགས་དད་པ་རང་དབང་ཟེར་བ་འདི་ཚིག་སྐམ་པོ་རང་རེད།ཁོང་ལ་ཁག་ཡོད་པ་མ་རེད།ཡུལ་ལྷ་གཞི་བདག་མང་པོའི་ངོ་སྲུང་དགོས་དུས་ཆོས་ལུགས་དད་པ་རང་དབང་ཤོར་བ་རེད།ཁག་མེད།

    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༡ ཉིན་འདོན་སྤེལ་བྱས། སྐུ་སྒེར་ཡིག་ཚང་གི་མི་མངོན་པའི་ས་འོག་དར་ཐག་དེ་མ་ཆད་བར་དུ་ཆོས་ལུགས་རིས་མེད་ཟེར་བ་དེ་གཏན་ནས་ཡོང་རྒྱུ་མེད་པའི་སྐད་ཆ་ཞིག་རེད།ཚོགས་འདུ་ཚོགས་ཤིང་སྐད་ཆ་བཤད་བ་ཙམ་གྱིས་ཆོས་ལུགས་རིས་མེད་ཟེར་བ་ཞིག་ཡོང་གི་མ་རེད།

    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༡ ཉིན་འདོན་སྤེལ་བྱས། ཆོས་ལུགས་རིས་མེད་ཟེར་བ་འདི་རྣ་ཡི་ཐོས་དུས་ཡིད་སུན་ཚར་སོང།དེ་རིང་ཆན་ཆད་དུ་ཆོས་ལུགས་རིས་མེད་བྱས་པའི་ལོ་རྒྱུས་ཤིག་ཡོད་མ་རེད།ད་དུང་ཡང་ཁག་པོ་རེད།

    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༥ ཉིན་འདོན་སྤེལ་བྱས། དུས་བབ་རྩོམ་སྒྲིག་ཁང་ནོར་མི་འདུག་ནང་པའི་ཆོས་ཀྱི་གཞུང་ལུགས་ནས་ལྟ་ན་བོན་པོ་ཚང་བོད་བརྒྱུད་ནང་བསྟན་གཏན་ནས་ཆགས་ཀྱི་མ་རེད།ནང་པའི་མཚན་ཉིད་བཞགས་དུས་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་རིགས་སུ་གནས་བ་དེནང་པའི་མཚན་ཉིད་རེད།དཀོན་མཅོག་གསུམ་གྱི་ནང་ནས་སངས་རྒྱས་དཀོན་མཆོག་དེ་རྒྱལ་བ་ཤཀྐྱ་མུ་ནེ་རང་ལ་གོ་དགོས་བས་བོན་པོ་ཚང་གིས་སྟོན་པ་སངས་རྒྱས་དཀོན་མཆོག་དེ་བོན་སྟོན་པ་གཤེན་རབ་ལ་བཞགས་ཀྱི་ཡོད་པས་རྒྱུ་མཚན་དེས་བོན་པོ་ནང་པ་ཆགས་མེད་པས་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་ཞེས་བརྗོད་པ་དེ་རིགས་པ་ཡང་དག་གིས་དོན་ལ་གནས་པ་ཞིག་རེད།ངས་བོན་པོ་ནང་པ་མ་རེད་ཟེར་བ་དེས་བོན་པོ་སྡུག་ཆགས་ཤིག་རེད་བཤད་ཀྱི་མེད།ནང་པ་ཡག་པོ་ཡིན་པ་དང་བོན་པོ་སྡུག་ཆགས་ཡིན་པའི་ལྟ་གྲུབ་དེ་ང་ལ་ཆ་མཚོན་ན་གཏན་ནས་མེད།འོན་ཀྱང་ནང་པ་ཚོས་གཞུང་ལུགས་ནས་ཕྱི་ནང་གི་ཁྱད་པར་བཞགས་ཡོང་དུས་དེ་འདྲ་ཞིག་རང་བཞིན་དུ་ཆགས་ཡོད།

    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༤ ཉིན་འདོན་སྤེལ་བྱས། ཏཱ་ལི་སྐུ་ཕྲེང་བཅོ་ལྔ་པ་དེ་དྲུང་པ་ཚང་དབྱངས་རྒྱ་མཚོ་ནང་བཞིན་སྤྱོད་པ་འཁྱལ་སོང་བ་ཞིག་མི་ཡོང་བའི་རེ་བ་ཡོད
    སྤུལ་སྐུ་དེ་ཚོ་སྐུ་ཕྱེང་སྔོན་མདེ་བཞིན་རེ་བ་ཆེ་པོ་རེ་བྱ་ནས་ཡང་སྲིད་རེ་ངོས་འཛིན་བྱ་དུས་མཚམས་རེ་དེ་ངོས་འཛིན་མ་བྱས་ན་ཏག་ཏག་ཡིན་བསམ་པའི་ཞབས་འདྲེན་བཞགས་མཁན་གྱིས་ཁེང་ཚར་ཡོད།
    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༤ ཉིན་འདོན་སྤེལ་བྱས། གནའ་སྔ་མོ་འདྲ་ཡིན་ན་བླ་མ་སྤུལ་སྐུ་ལ་དད་པ་དག་སྣང་ཡོད་ཀྱང་དེང་སང་སྤྲུལ་སྐུ་ཚོས་ཁྱིམ་པ་མི་ནག་ལས་སྡུག་པའི་མཛད་པ་སྐྱོངས་སྟངས་ལ་མཇལ་དུས་རྦད་དེ་ཞེན་པ་ལོག་སོང།
    སྔོན་མ་བཀའ་གདམ་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་འཇིག་རྟེན་ཆོས་བརྒྱད་ཟེར་བ་དེ་རྒྱབ་ལ་གཡུགས་འདུག་ཅིང་ཁོང་ཚོས་སྒྲུབ་བྱ་ངོ་མ་དེ་ཐར་པ་དང་ཐམ་ཅད་མཁྱེན་པའི་ལམ་ཁ་རེད་འདུག
    དེང་སང་བླ་མ་སྤུལ་སྐུ་འདི་ཚོས་འཇིག་རྟེན་ཆོས་བརྒྱད་དད་དུ་ལེན་ཞིང།
    ཁོང་ཚོས་འཐོབ་བྱ་དང་དམིགས་ཡུལ་ངོ་མ་དེ་རྒྱུ་དང་དབང་སྙན་གྲགས་དང་ཐོབ་ཐང་ཁོ་ན་རེད་འདུག
    ད་དངོས་གནས་བླ་མའི་ཡང་སྲིད་དང་སྤུལ་སྐུ་ལམ་ལུག་ལ་རྦད་དེ་ཞེ་ལོག་ཚར་སོང།
    ཁོང་ཚོས་སྟོན་པ་ཤཀྐྱ་མུ་ནེའི་མཛད་པ་དེ་ལྡོག་ཕྱོགས་ནས་སྐྱོངས་ཀྱི་འདུག
    ད་དངོས་གནས་ཞེ་ལོག་ཚར་སོང།
    ཁོང་ཚོ་ལ་རྒྱུ་དང་དབང་ཡོད་ན་ལས་རྒྱུ་འབྲས་དང་ངོ་ཚ་ཟེར་བ་དེ་རྒྱངས་རིང་པོ་ཆགས་འདུག
    ང་དངོས་གནས་ཞེ་ལོག་ཚར་སོང།

    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༤ ཉིན་འདོན་སྤེལ་བྱས། རྒྱལ་དབང་ལྔ་པའི་དུ་ཀུ་ལིའི་གོས་བཟང་ནང་དུ་།འདི་གའི་ཁྲིའི་ལྔ་ཆའི་ཐོག་ཏུ་མགྲོ་མགོན་འཕགས་པ་རིན་པོ་ཆེ་དང།བཞི་ཆའི་ཐོག་ཏུ་ཕག་གྲུ།སུམ་ཆའི་ཐོག་ཏུ་ཀརྨ་པ་ཞྭ་ནག་དང་དམར།དེ་འོག་ཏུ་འབྲུག་དང་དང་།འབྲི་གུང་དགའ་ལྡན་ཁྲི་པ་ཞེས་འཁོད་ཡོད།དེང་སང་བླ་ཆེན་ཚོ་ལོ་རྒྱུས་ཀྱི་འགན་ཁུར་མེད་པའི་གོ་རིམ་སྒྲིག་སྟངས་གཞན་ཞིག་གི་ཐོག་ནས་འགྲོ་བཞིན་འདུག་པས།གནས་ཚུལ་འདི་རྒྱུ་མཚན་གང་ཞིག་ལ་ཐུག་ཡོད།

    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༣ ཉིན་འདོན་སྤེལ་བྱས། དབང་དང་རྒྱུ་ཡོད་མཁན་ཚོས་སེར་གོས་གྱོན་ནས་ནག་ཆང་བགས་མེད་ལོངས་སུ་སྤྱོད་ནས་ནང་བསྟན་ཆོས་ལུགས་ཀྱི་མགོ་རྣ་ཐུར་ནས་ཐུར་དུ་མ་ཁྲིད་རོགས་ཞུ་གི་ཡིན།
    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༣ ཉིན་འདོན་སྤེལ་བྱས། ཇོ་ནང་ལོ་རྒྱུས་ཐོག་ནས་ས་སྐྱ་ཆགས་ཀྱི་ཡོད་ཀྱང་དུས་རབས་འདི་ནང་དུ་ཇོ་ནང་རང་རྐང་ཕེར་བའི་ཆོས་བརྒྱུད་གཞན་ཞིག་ཆགས་ན་བཟང་ཕྱོགས་ཀྱི་འགྱུར་བ་ཡིན་པ་ལས་སྡུག་པོ་གང་ཡང་མ་རེད།སྔོན་མ་རྒྱ་གར་ནས་བོད་དུ་ནང་བསྟན་ཆོས་ལུགས་དར་དུས་བཀའ་རྙིང་ས་དགེ་ཟེར་བ་ཞིག་ཁ་ཁ་ཡོད་པ་མ་རེད།འོན་ཀྱང་བོད་དུ་བཀའ་རྙིང་ས་དགེ་ཟེར་བ་ཞིག་བརྒྱུད་པ་མི་འདྲ་བའི་དབང་གིས་བྱུང་བ་རེད་།དེ་ལ་ངོ་བོའི་ཐོགས་ནས་ལེགས་ཆ་མ་གཏོགས་ཉེས་ཆ་གང་མེད་ཀྱང།མཚམས་རེ་ཆོས་ལུགས་མི་སྣས་མ་འགྲིགས་པ་བྱས་ནས་ལོ་རྒྱུས་ཐོག་ལ་ནག་ཐིག་ཀྱང་བྲིས་མྱོང་ཡོད་དེ་ཚོ་ཆོས་ལུགས་མི་སྣ་སྒེར་གྱིས་ཉེ་རིང་ཆགས་སྡང་རྩོད་ནས་མ་འགྲིགས་པ་བཟོས་བ་རེད།ལེགས་ཆ་བྱུང་ན་བོད་ལ་བོད་བརྒྱུད་བརྒྱ་ཡོད་ཀྱང་མང་སྐྱོན་ཡོད་པ་མ་རེད།ཉེན་ཁ་བྱུང་ན་ཆོས་ལུགས་གཅིག་ཡིན་ཀྱང་རྙོག་དྲ་ཆགས་ཀྱི་རེད།དེ་ཚོ་ནི་འཛིན་སྐྱོངས་བྱ་མཁན་ཚོས་འགྲིགས་མ་གྲིགས་ཀྱི་ཆ་གཉིས་ཀ་ཡོང་ཆོག་བ་རེད།བོད་པའི་ཆོས་བརྒྱུད་གཞན་ཚོའི་ནང་དུ་ཡང་འགྲིགས་མ་འགྲིགས་ཀྱི་ཆ་གཉིས་ཀ་ཡོད་པ་རེད།ཇོ་ནང་ལ་ཡང་དེ་དེ་བཞིན་ཡོང་རྒྱུ་རེད།
    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༣ ཉིན་འདོན་སྤེལ་བྱས། བླ་ཆེན་ཚོ་ལོ་རྒྱུས་ཀྱི་འགན་ཁུར་ཡོད་པའི་གོ་རིམ་མི་སྒྲིག་པར་རང་སྣང་གང་ཤར་བྱས་ནས་གོ་རིམ་སྒྲིག་ན་བོད་མི་རིགས་ཁ་འཐོར་དུ་འགྲོ་བའི་ཉེན་ཁ་ཆེ་བས་གཟབ་པར་འཚལ།
    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༣ ཉིན་འདོན་སྤེལ་བྱས། གནའ་སྔ་མོ་ལྟར་ན་སྤུལ་སྐུ་ལམ་ལུགས་ཀྱི་བྱས་རྗེས་བཤད་ན་བཤད་མི་ཚར་བ་བཤད་རྒྱུ་ཡོད་ཅིང་དེང་སང་ལྟར་ན་སྤུལ་སྐུ་ཚོས་ནོར་འཁྲུལ་་གླེང་ན་གླེང་མི་ཕོད་པར་ཆགས་ཡོད།སྤུལ་སྐུ་ལམ་ལུགས་འདི་མུ་མཐུད་ནས་གནས་དགོས་ན་སྤུལ་སྐུ་ལམ་ལུགས་ལ་དག་ཐེར་བྱ་དགོས་བ་ཞིག་ཆགས་ཡོད།སྤུལ་སྐུ་ཚོས་ཆོས་ལུགས་སྦྱང་ཤིང་སྤུལ་སྐུ་ཚོས་ནང་པའི་ཆོས་ཀྱི་ལྟ་གྲུབ་དང་གནས་སྟངས་ཆ་ཚང་སློབ་སྦྱོང་བྱ་ནས་ཤེས་དགོས་བ་ཞིག་ཆགས་ཡོད།ཕྲུག་གུ་ལོ་གཉིས་གསུམ་ཅན་བྱིས་པ་སྣབ་ལུད་དེ་ཚོ་སངས་རྒྱས་ཀྱི་སྤྲུལ་བ་རེད་ཅེས་འགྲེལ་བཤད་བརྒྱབ་ནས་ཁོ་ཚོ་ལ་སློབ་སྦྱོང་གང་ཡང་མེད་ཀྱང་དབང་དང་གོ་ས་ཡོད་ན་རང་སྣང་གང་ཤར་བྱ་ནས་བསྟན་བ་མགོ་ནས་བཤིགས་ཀྱི་ཡོད་པའི་གནས་ཚུལ་འདི་ཚོ་ངེས་ངས་དུ་ད་ཐེངས་ཞིབ་འཇུགས་དང་བགྲོ་གླེང་བྱ་ནས་སྒྲིག་གཞི་དང་གྲོས་ཆོད་བཞགས་དགོས་བ་ཞིག་ཆགས་ཡོད།འདི་ལྟར་སྤུལ་སྐུའི་ཡང་སྲིད་ལམ་ལུགས་ལ་དག་ཐེར་མ་བྱས་ན་མི་རིངས་པར་སྤུལ་སྐུ་ལམ་ལུགས་འདི་མི་ཡུལ་ནས་མཇུག་སྒྲིལ་རྒྱུ་ཐེ་ཚོམ་མེད་པར་བཤད་ཐུབ།
    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༣ ཉིན་འདོན་སྤེལ་བྱས། བླ་ཆེན་ཚོ་འཛོམ་དུས་རྒྱལ་དབང་ལྔ་པས་གདན་ཐོབ་ནང་བཞིན་གོ་རིམ་སྒྲིག་ན་ལེགས་པོ་འདུག་སྒྲིག་གཞི་དང་ལོ་རྒྱུས་ཀྱི་འགན་ཁུར་མེད་པའི་རང་སྣང་གང་ཤར་གྱི་གོ་རིམ་སྒྲིག་ན་ཏག་ཏག་ཆགས་ཀྱི་ཡོད་པ་མ་རེད།ངས་བསམ་ན་བླ་ཆེན་མང་པོ་ཞིག་ཚོགས་འདུ་ལ་ཕེབས་དཀའ་ཡོད་པ་དེ་ལོ་རྒྱུས་ཀྱི་འགན་ཁུར་མེད་པའི་གོ་རིམ་སྒྲིག་པའི་རྐྱེན་གྱིས་བྱུང་བར་འདོད།
    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༣ ཉིན་འདོན་སྤེལ་བྱས། དབང་དང་རྒྱུ་ཡོད་ན་ནག་ཆང་བག་མེད་ལོངས་སུ་སྤྱོད་བཞིན་པའི་མཁན་སྤྲུལ་དགེ་བཤེས་གྲྭ་པ་མི་ཉུང་བ་ཞིག་གིས་ངུར་སྨྲིག་ལུས་ལ་གྱོན་ནས་ནག་ཆང་བག་མེད་དུ་ལོངས་སུ་སྤྱོད་ཅིང་རྒྱལ་ཁབ་ཕྱི་ནང་ལ་རང་དབང་གིས་རྒྱུ་ནས་དད་པས་ཕུལ་བའི་དངུལ་དངོས་ཡོད་ཚད་བག་མེད་ལོངས་སྤྱོད་ཁོ་ན་བྱ་ནས།དམ་ཆོས་འདུལ་བ་ཟེར་བ་དེ་རྒྱངས་རིང་པོ་ཞིག་ལ་བཞགས་པའི་ཞབས་འདྲེན་དེའི་རིགས་མ་འོངས་པར་མི་ཡོང་བའི་ཐབས་ལམ་གང་ཡོད་སྐོར་ལ་བླ་ཆེན་རྣམས་ཀྱིས་དགོངས་པ་ནན་པོ་བཞེས་དགོས་བ་ཞིག་ཆགས་ཡོད།གྲོས་ཚོགས་འདིའི་ཐོག་ཏུ་དེའི་སྐོར་བགྲོ་གླེང་བྱ་དགོས་བ་ཞིག་ཆགས་ཡོད།

    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༢ ཉིན་འདོན་སྤེལ་བྱས། སྐུ་སྒེར་ཡིག་ཚང་གིས་མི་མངོན་པའི་འཆིང་ཐག་དག་བླ་ཆེན་མི་ཆེན་ཚོ་སྟག་སེང་ཁ་འཐབ་པའི་བར་ནས་བཀའ་ཁྲི་དང་བཀའ་བློན་སྤྱི་འཐུས་འདི་ཚོ་ནར་མ་སོན་པའི་བྱིན་ཞིག་གི་ནུས་ཤུགས་ཙམ་ལས་གང་ཡང་མེད།འདི་ཚོ་ལ་ཇོ་ནང་ལ་ཐོབ་ཐང་སྤྲད་པའི་དབང་ཆ་གང་ཡང་མེད།རྒྱལ་བ་ཇོ་ནང་པ་ལ་ཡང་ཆོས་ལུགས་ཀྱི་ཐོབ་ཐང་ལོས་དགོས།དེ་མ་ཚད་བོད་པ་ཁ་ཆེ་དང་བོད་པ་ཡེ་ཤུ་ལ་ཡང་ཐོབ་ཐང་གཅིག་མཚུང་དགོས་བ་རེད།དེ་ནི་སྐུ་སྒེར་ཡིག་ཚང་དང་བླ་ཆེན་མི་ཆེན་ཚོས་སྤྲད་དགོས་བ་ཞིག་ལས་གཞན་ཞུ་གཏུགས་བྱས་ན་གྲུབ་འབྲས་གཏན་ནས་ཡོད་པ་མ་རེད།དོན་ངོ་མར་སྐུ་སྒེར་ཡིག་ཚང་གིས་བཀའ་ཡིག་གཅིག་གནང་ན་དེ་མ་ཐག་ཏུ་ཇོ་ནང་ལ་ཐོབ་ཐང་རེག་ཚར་བ་རེད།གཞན་དེའི་དབང་ཆ་སུ་ལ་ཡང་ཡོད་པ་མ་རེད།
    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༢ ཉིན་འདོན་སྤེལ་བྱས། སངས་རྒྱས་དང་བྱ་ཆུབ་སེམས་པའི་སྐུ་སྐྱེའི་མིང་ཁུར་མཁན་མང་པོ་ཞིག་གིས་ནག་ཆང་བག་མེད་ལོངས་སྤྱོད་ཅིང།རྒྱུད་དང་དབང་ཡོད་ན་དམ་ཆོས་འདུལ་བ་ཟེར་བ་དེ་རྒྱངས་རིང་པོར་བཞགས་མཁན་གྱི་སྐུ་སྐྱེ་སྤུལ་སྐུ་དང་མཁན་བླ་དགེ་བཤེས་མང་པོ་ཞིག་གིས་བོད་ནང་བསྟན་ཆོས་ལུགས་ཀྱི་མིང་དང་མགོ་ཐུར་དུ་ཁྲིད་བཞིན་ཡོད་པས་གནས་ཚུལ་འདི་ཚོས་ངེས་པས་དུ་བགྲོ་བགྲོ་གླེང་དང་གྲོས་ཆོད་བཞགས་དགོས་བ་ཞིག་རེད།ད་དུང་རྒྱལ་ཁབ་ཕྱི་ནང་དུ་ཁྱི་བཞིན་འཁྱམ་ཉུལ་བྱེད་བཞིན་པའི་གྲྭ་ཆས་གྱོན་པའི་སྤྱང་ཀི་མང་པོ་ཞིག་ཉིན་མོ་ཞབས་བསྟན་གྱི་དངུལ་དེ་མཚན་མོ་གཞང་ཁང་ནང་དུ་ཞལ་འདེབས་བྱ་མཁན་ཉུང་ཉུང་གཏན་ནས་མ་རེད་འདི་ཚོ་རིགས་ལ་ཕྱིན་ཆད་གང་འདྲ་ཞིག་བྱ་མིན་ཆོས་བརྒྱུད་སོས་སོས་འགན་ཁུར་ནས་གང་འདྲ་བྱ་དགོས་མིན་ཐད་ལ་ཐག་གཅོད་དང་བགྲོ་གླེང་ངེས་པར་དུ་བྱ་དགོས།

    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༣ ཉིན་འདོན་སྤེལ་བྱས། མི་ཉག་བཙན་པོ་གས་།སྐུ་སྒེར་ཡིག་ཚང་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་རྒྱལ་དབང་ཀརྨ་པ་ཕེབས་བཞུགས་རང་དབང་མེད་པར་བཟོས་བ་རེད་ངས་བཤད་མེད་ལ་དེ་ལྟར་ཡིན་མི་སྲིད་པ་རེད།རྒྱུ་མཚན་ནི་རྒྱལ་དབང་ཀརྨ་པ་འཛམ་གླིང་གང་དུ་ཕེབས་ཀྱས་མཚན་སྙན་གྲགས་ག་ཚོད་རྒྱས་ཀྱས་དེས་བོད་མི་རིགས་དང་ནང་བསྟན་ཆོས་ལུགས་ལ་ཕན་པ་ལས་དེས་གཏན་ནས་གནོད་ཀྱི་མ་རེད།ཡིན་ན་ཡང་གཞུང་འཛིན་མི་སྣའི་ནང་དུ་ཕྱོགས་རེ་མ་གཏོགས་མ་གཏོགས་མི་མཐོང་ཞིང་ཕྱི་ལག་ནང་སྦྲེལ་བྱེད་པའི་མི་་ངན་རེ་ཟུང་མེད་ཅེས་ངས་བཤད་ཤེས་ཀྱི་མེད།དེས་ཚོ་རྒྱལ་དབང་ཀརྨ་པའི་ཕེབས་བཞུགས་རང་དབང་ལ་འགོགས་རྐྱེན་བཟོ་གི་མ་རེད་ཅེས་ངས་བཤད་མི་ཤེས།

    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༩ ཉིན་འདོན་སྤེལ་བྱས། ཨ་འདུས་མིག་ཆུ་ཟེར་བ་འདི་ཡོད་ཚད་ལ་དག་སྣང་སྒོམ་ནས་འཇིག་རྟེན་ནས་ནོར་བ་ནམ་ཡང་གླེང་མི་ཆོག་ཅེས་པའི་ཐ་ཚིག་བསྒྱགས་མཁན་ཞིག་ཡིན་རྒྱུ་མ་རེད།
    འོན་ཀྱང་ཁོ་རང་གི་སྐད་ཆ་གང་བཤད་པ་དེ་སུ་ཞིག་ལ་སྤྲེལ་ལད་དང་ཁོ་རང་ལ་སྙན་གྲགས་དང་བཀུར་སྟི་ཡང་ན་དངུལ་དངོས་གང་རུང་ཞིག་འཐོབ་རེའི་ཆེད་དུ་བྲིས་བ་ལས་ཁོ་རང་གི་འདོད་ཚུལ་ངོ་མ་གང་ནས་ཡིན།
    ཁོའི་རྩོམ་ཡིག་ཆ་ཚང་བཀླགས་ཡོང་དུ་ཁོ་རང་ཕྱི་རོལ་དུ་གདོང་པགས་གཞན་ཞིག་ཁུར་ཞིག་ནང་དུ་བསམ་བློ་དང་དམིགས་ཡུལ་གཞན་ཞིག་ཁུར་མཁན་གྱི་དུས་རབས་ཉེར་གཅིག་གི་མི་ངོ་མ་ཞིག་ཡིན་པར་འདོད།
    རྡ་རམ་ས་ལ་འདི་ནག་པོ་སོལ་བ་འདྲ་ཞིག་རེད་བཤད་མ་ཕོད་ཀྱང་དཀར་པོ་དུང་འདྲ་ཞིག་རེད་ནམ་ཡང་བཤད་མི་ཐུབ།

    Reply
  8. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཁྱེད་རང་ཚོ་བོད་མི་རིགས་ཀྱི་སྤྱི་མི་ཡིན་པས་ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་རེ་བའི་མི་ཞིག་མ་ཆགས་པའི་རེ་བ་ཡོད།
    གལ་སྲིད་ཁྱེད་ཚོ་ཆོས་ལུགས་ལུང་ཚན་ཕྱོགས་རེ་བའི་མི་ཞིག་ཆགས་པའི་ཉིན་མོ་དེ་ནས་བཟུང་ཁྱེད་ལ་གུས་ཞབས་བྱ་རྒྱུ་བཞགས་ནས་ཉིན་མོ་དེ་ནས་བཟུང་ཁྱོད་ཚོའི་འགྲོ་ལུགས་འདུག་སྟངས་ལ་ཚོད་འཛིན་དང་དགག་སྒྲུབ་ཁ་གཏད་དམའ་འབེབས་བྱ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese