མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེ་གཏོང་མཁན་གྱི་སྐད་མགོ་མེ་གསོད་མཁན་ལས་མཐོ།

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན། རེ་བའི་རླུང་འཕྲིན་གྱི་གསར་འགོད་པ་ཅིན་རུའུ་ཡིས་བོད་ཀྱི་གནད་དོན་ཞིབ་འཇུག་པ་སྐུ་ཞབས་གནམ་ལོ་ཡག་ལགས་སུ།  ཉེ་ཆར་རྒྱ་གཞུང་ << མི་དམངས་ཉིན་རེའི་ཚགས་པར>> གྱི་ཕྱི་གླིང་པར་ངོས་སུ“སི་ཁྲོན་བོད་ཁུལ་གྱི་ན་གཞོན་སེར་མོ་བས་རང་ལུས་མེར་བསྲེག་གི་དོན་རྐྱེན་གླེང་བ” ཞེས་པའི་རྩོམ་ཡིག་ཅིག་སྤེལ་འདུག་པའི་སྐོར་ལ་བཅར་འདྲི་གླེང་མོལ་བྱས་ཏེ། རྩོམ་ཡིག་དེའི་བཀོད་པའི་འཁྱོག་བརྗོད་ཧམ་བཤད་ཁག་ཐེར་འདོན་བྱས་ཡོད་པ་རེད།

ཅིན་རུའུ།  སྐུ་ཞབས་གནམ་ལོ་ཡག ཁྱོད་བདེ་མོ། <<མི་དམངས་ཉིན་རེའི་ཚགས་པར>>གྱི་ཕྱི་གླིང་པར་ངོས་སུ་སྤེལ་བའི་རྩོམ་ཡིག་དེར་ཁྱོད་ཀྱིས་ལྟ་སྟངས་ག་རེ་འཛིན་བཞིན་ཡོད་དམ།

གནམ་ལོ་ཡག ངས་རྩོམ་ཡིག་དེ་མཐོང་སོང་། རྩོམ་མཁན་ཡོད་པའི་རྩོམ་ཡིག་ཅིག་རེད། རྩོམ་མཁན་གྱི་མིང་ལ་ཧྭ་ཙི་འབོད་ཀྱི་འདུག རྒྱ་ནག་ལ་མིང་འདི་བཀོལ་མཁན་ཅུང་མང་ནའང་། རྩོམ་ཡིག་འདི་བཞིན་ལྕམ་ཧྭ་ཙི་ལགས་ཀྱི་ཡིན་སྲིད་པ་ཞིག་རེད། གནས་ཚུལ་ཡོང་ཁུངས་ལྟར་ན། པིས་ཧྭ་ནི་འཐབ་ཕྱོགས་གཅིག་གྱུར་ཁང་གི་བོད་འབྲེལ་སྲིད་ཇུས་ཐད་ཀྱི་མི་སྣ་གཙོ་བོ་ཞིག་རེད་ལ། ཧ་ལམ་ལོ་ན་ལྔ་བཅུའི་དཀྱིལ་ལ་སླེབས་ཟིན་པའི་པིས་ཧྭ་ལགས་སྔར་ཐེན་ཅིན་ནན་ཁེ་སློབ་ཆེན་ནས་སློབ་མཐར་ཕྱིན་པ་དང་། དུས་རབས་སྔ་མའི་ལོ་རབས་དགུ་བཅུ་བའི་ནང་མཁྲེགས་འཛིན་མི་སྣ་ཀྲུའུ་ཞའོ་མེན་གྱི་གཞོགས་འདེགས་འོག་དཔོན་གནས་ཀྱི་ལམ་ནང་ཞུགས་ཡོད་པའི་ཁར། གོ་སའང་འཕར་འདུག ཁོ་མོའི་པིར་མིང་ལ“ཧྭ་ཙི”བཀོལ་ནས་བོད་ཀྱི་གནད་དོན་འཁྱོག་བཤད་ཀྱི་རྩོམ་ཡིག་ཁ་ཤས་རྒྱ་དམར་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་མྱོང་། ཕྱི་ལོ ༢༠༠༢ ལོེར་ངྷ་རམ་ས་ལ་དང་པེ་ཅིན་བར་འབྲེལ་མོལ་བྱུང་བ་ནས་རྒྱ་དམར་གཞུང་གིས་པིས་ཧྭ་དང་ཀྲུའུ་ཞའོ་མེན་གཉིས་འཐབ་ཕྱོགས་གཅིག་གྱུར་ཁང་ནས་ལས་གནས་སྤོར་འདུག པིས་ཧྭ་ལགས་པེ་ཅིན་བོད་རིག་པའི་ལྟེ་གནས་ཟེར་བའི་འགན་འཛིན་གཞོན་པ་ཆགས་འདུག ཧ་ལམ་ལོ་གསུམ་གྱི་རྗེས་ནས་ཁོ་མོ་ཡང་བསྐྱར་འཐབ་ཕྱོགས་གཅིག་གྱུར་ཁང་དུ་ལས་གནས་སྤོར་ཞིང་། བོད་ཀྱི་ལས་དོན་ཁང་གི་འགན་འཛིན་དུ་གྱུར་ཡོད་པས། གོ་ས་འཕར་ཟིན་པར་ལྟ་ཆོག་པ་ཞིག་རེད།

ལས་ཁུངས་འདི་དག་ནི་རྒྱ་དམར་དཔོན་རིགས་ཀྱིས་ཡོངས་གྲགས་ཀྱི་ལམ་ནས་ཏཱ་ལའི་རུ་ཚོགས་དང་ནུབ་ཕྱོགས་རྒྱ་རྒོལ་སྟོབས་ཤུགས་ཟེར་བའི་རྒྱ་ནག་ལ་ནང་ཟིང་སློང་བ་དང་འཇིག་ཉེན་བཟོ་བཞིན་པའི་སྒྲུབ་བྱེད་ཇེ་ཆེར་གཏོང་བ་དང་མིན་པ་ཡིན་པར་བཟོ་བའི་ལག་ཆ་རེད་ལ། སྣང་ཚུལ་འདི་བཞིན་ཚད་མཐོའི་རིམ་པར་སླེབས་ནས་ངན་འགྱུར་འཁོར་རྒྱུན་གྱི་ཁྲོད་དུ་ཞུགས་ཡོད། དོན་ལ་ལས་ཁུངས་འདི་དག་གིས་ཕྱི་དགྲའི་ཞེད་སྣང་གསར་བཟོ་བྱས་ནས་འགྲོ་གྲོན་འབོར་ཆེན་གྱི་སྔོན་རྩིས་འོས་མཐུན་གྱི་ལམ་ནང་འཇུག་གིན་པ་དང་། རྒྱ་ནག་གི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་ཐད་ནུས་ཤུགས་ཆེན་པོ་འདོན་བཞིན་པའི་འཁྲབ་སྟོན་བྱེད་ཀྱིན་ཡོད།

འཁྲབ་སྟོན་འདིས་མི་རིགས་ཁག་གི་འབྲེལ་བར་དོ་ཕོག་དང་འགལ་བ་ཛ་དྲག་ཏུ་གཏོང་བཞིན་ཡོད་པའི་ཁར། རྒྱལ་སྤྱིའི་སྒང་གི་རྒྱ་ནག་གི་རྣམ་པ་ཡང་ནག་པོ་བཟོ་བཞིན་ཡོད། ཡིན་ནའང་། འཛམ་གླིང་སྟེང་མི་འདི་དག་གིས་ངོ་མདངས་ཙམ་ཡང་མ་འགྱུར་བའི་ལམ་ནས་མི་རྣམས་ལ་བཤད་ཕོད་པ་ནི། ཉེ་ཆར་བོད་ནང་དུ་བྱུང་བའི་ངོ་རྒོལ་མཐའ་དག་ངྷ་རམ་ས་ལ་དང་རྒྱལ་བ་རིན་པོ་ཆེ་ཡི་བྱ་སྤྱོད་དུ་བཤད་ངེས། རྟོག་བཟོ་རང་བཞིན་གྱིས་བསྐྲུན་པའི་གཏམ་རྒྱུད་འདི་དག་ལ་ཉན་སྐབས་འོས་འཚམ་རང་བཞིན་གྱི་ཆ་ཡོད་པའང་ཁོ་རང་ཚོའི་ཁེ་ཕན་ལ་འབྲེལ་བ་ཆགས་ཡོད་པས་ཡིན་ལ། ཁོ་རང་ཚོས་རང་ཉིད་ཡང་དག་པར་སྒྲུབ་སླད་གཞན་སྡུག་བསྔལ་འོག་འཇུག་གིན་ཡོད། སྐབས་ལ་ལར་རང་ཉིད་ཀྱང་རང་ཉིད་ཀྱིས་བཟོས་པའི་གཡོ་འོག་ཏུ་ལྷུང་གི་འདུག

ལོ་གཉིས་ཀྱི་ཡར་སྔོན། ཧོང་ཀོང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་བ་ལྟར་ན། པིས་ཧྭ་ཡི་གློག་ཀླད་ནང་གློག་རྡུལ་རྐུན་མ་འཛུལ་ནས་བོད་འབྲེལ་གསང་བའི་ཡིག་ཆ་བོར་བརླག་བྱུང་བས། རྒྱ་དམར་མཐོ་རིམ་དཔོན་རིགས་ལ་དངངས་སྐྲག་བསླངས་ཡོད་པར་མ་ཟད། ཧུའུ་ཅིན་ཐོ་ཡིས་དངོས་སུ་དོན་རྐྱེན་དེར་ཞིབ་བརྩད་གཏོང་དགོས་པའི་བཀའ་ཕབ་ཡོད་འདུག དེར་བརྟེན་ནས་ཅང་ཙེ་མེན་དུས་རབས་ཀྱི་མི་སྣ་སྐད་གྲགས་ཅན་པིས་ཧྭ་ལགས་ལས་དབྱུང་གཏོང་དགོས་ཐུག་འདུག་ལ། དེི་ནི་རང་ལྟ་མཆོག་འཛིན་དང་ཧམ་པས་རང་ཉིད་བརླག་པ་ཞིག་ཀྱང་ཡིན་འདུག སྐབས་དེར་པིས་ཧྭ་ངོ་ཤེས་པའི་མིས་བཤད་པ་ལྟར་ན། སྒོར་མོ་དང་དབང་ཆར་ཧམ་སེམས་ཆེ་དྲགས་པའི་མཇུག་འབྲས་ཡིན་པར་བཤད། དེ་བས། དེང་གི་ཆར་པིས་ཧྭ་ཕྱི་ལ་ཐོན་པ་ནི་ཉེས་པ་ཁུར་ནས་བྱས་རྗེས་འཇོག་འདུན་ཅན་དུ་གྱུར་ཡོད་པས། ཁོ་མོའི་སྐད་ཆའི་ནང་དུ་རང་ཉིད་ཀྱི་ཉེས་པ་ཇི་ལྟར་མེད་པ་བཟོ་ཐབས་ཀྱི་ངན་འཆར་ལས་ཡང་དག་པའི་ལྟ་ཚུལ་ཞིག་ཡོད་མི་སྲིད་པ་ཞིག་རེད།

ཅིན་རུའུ། རྩོམ་ཡིག་ལས་བསྟན་དོན་ལྟར་ན། ཉེ་ཆར་བྱུང་བའི་བོད་ཀྱི་གྲྭ་བའི་རང་ལུས་མེར་བསྲེག་ཐད་རྒྱལ་ནང་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣས་ན་གཞོན་གྲྭ་བའི་རྩང་སྤྱོད་ཀྱི་ངན་འབྲས་ལ་སེམས་ཁུར་བྱེད་ཀྱིན་པར་མ་ཟད། བྱ་སྤྱོད་འདིས་བོད་བརྒྱུད་ནང་བསྟན་གྱི་མཚན་སྙན་ལའང་གནོད་པ་བཟོས་མི་ཡོང་ངམ་སྙམ་ནས་སེམས་ཁུར་ཆེན་པོ་གནང་བཞིན་འདུག ཁྱོད་རང་གིས་བཤད་སྟངས་འདིར་ལྟ་ཚུལ་ག་རེ་འཛིན་བཞིན་ཡོད་དམ།

གནམ་ལོ་ཡག ཕྱོགས་གཅིག་ནས་རྒྱལ་ནང་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣས་ན་གཞོན་སེར་མོ་བའི་ཚེ་སྲོག་མཇུག་བསྡུས་པར་སེམས་ཁུར་བྱེད་ཀྱིན་པར་མ་ཟད། རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣས་ཀྱང་སེམས་ཁུར་གནང་བཞིན་འདུག ཡིན་ནའང་། སེམས་ཁུར་གནང་སྟངས་ལ་རྩ་བའི་ཁྱད་པར་ཡོད་ཅིང་། རྒྱལ་ནང་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣས་རྒྱ་དམར་གཞུང་གི་ལངས་ཕྱོགས་གཞིར་བཞག་གིས་སྐད་ཆ་བཤད་ཀྱིན་པས། ཁོ་རང་ཚོས་རང་ལུས་མེར་བསྲེག་གཏོང་དགོས་ཐུག་པའི་བོད་ཐོག་བཟུང་བའི་སྲིད་ཇུས་ཀྱི་བསྐུལ་འདེད་གླེང་སློང་བྱེད་ཕོད་ཀྱི་མ་རེད། རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣས་མཇུག་འབྲས་དང་ཚེ་སྲོག་གཞིར་བཞག་གིས་སྐད་ཆ་བཤད་ཀྱི་འདུག་ལ། མེར་བསྲེག་གཏོང་རྐྱེན་ཡང་གླེང་འདུག ཕྱོགས་གཞན་ཞིག་ནས་རང་ལུས་མེར་མཆོད་གཏོང་བ་ནི་གནའ་སྔ་མོ་ནས་ནང་བསྟན་ལས་རིགས་ཀྱིས་ངོས་ལེན་དང་བརྒྱུད་འཛིན་གནང་བཞིན་པ་ཞིག་རེད་ལ། ཕྲན་གྱིས་རྒྱ་ནག་གི་མཁས་པའི་སར་ཤེས་ཚུལ་ལྟར་ན། རྒྱ་ནག་གི་ལོ་རྒྱུས་སྟེང་དུ་མཐེ་བོང་མེར་མཆོད་གཏོང་བ་དང་ལུས་པོ་མེར་མཆོད་གཏོང་བ་ཐེངས་དུ་མར་བྱུང་མྱོང་ཞིང་། དེ་ནི་དད་ལྡན་པའམ་ཉམས་ལེན་པས་མི་རྣམས་ལ་རང་ཉིད་ཀྱི་དད་སྤོབས་དང་ཐུན་མོང་མ་ཡིན་པའི་ངེས་འབྱུང་གི་སྣང་ཚུལ་ཞིག་སྟོན་བཞིན་པར་མ་ཟད། རྒྱ་ནག་རི་བོ་རྩེ་ལྔར་ཡོད་པའི་དགོན་པ་དེ་ཡོན་རྒྱལ་རབས་ནས་བོད་བརྒྱུད་ནང་བསྟན་ལ་བསྒྱུར་བ་ཞིག་ཡིན་ཞིང་། ཐོག་མའི་ཆར་དགོན་པ་དེའི་མིང་ལ་རྒྱལ་སྲས་མེར་མཆོད་དགོན་འབོད་ཀྱི་ཡོད་ལ། རྒྱ་ནག་གི་རྒྱལ་བོ་ཞིག་གི་སྲས་ཀྱིས་རང་ལུས་མེར་མཆོད་བཏང་བར་རྗེས་དྲན་དུ་བཞེངས་པའི་དགོན་པ་ཞིག་ཏུ་བཤད། ད་དུང་དགེ་སློང་ཞུའུ་ཡོན (༡༨༤༠ ནས ༡༩༥༩) རང་ལོ ༥༨ སྟེང་ནས་ཉིན་པའོ་དགོན་པར་བསྐྱོད་ནས་སངས་རྒྱས་ཀྱི་རང་བསྲེལ་ལ་མཇལ་ཞིང་། མཐེ་བོང་མེར་མཆོད་ལ་ཕུལ་ནས་ཨ་མར་བསྔོ་སྨོན་གསུངས་འདུག འོན་ཀྱང་། རྒྱ་དམར་གཅིག་སྡུད་ལམ་ལུགས་འོག་འཚར་ལོངས་བྱུང་མཁན་གྱི་མི་རྣམས་ལ་མི་རིགས་ཀྱི་ཤེས་རིག་དང་མི་རིགས་ཀྱི་དཔའ་བོར་རྒྱུས་ལོན་བྱེད་པའི་གོ་སྐབས་བརླགས་འདུག

དེང་སྐབས་བྱ་སྤྱོད་འདི་བཞིན་བོད་མི་བརྒྱུད་ནས “ རང་ལུས་མེར་མཆོད་ཀྱིས་རང་དབང་སྐྱོབ་པའི ” ཚད་མཐོར་སླེབས་ཡོད། འདི་ན་རང་ལུས་མེར་མཆོད་ཀྱིས་གཞན་ལ་རང་དབང་ཡོང་བར་འབོད་བསྐུལ་གནང་བཞིན་པ་ལས་གཞན་གནོད་ཀྱི་ཆ་ཙམ་ཡང་འདྲེས་མི་འདུག་ལ། ད་དུང་རྒྱ་ནག་དམངས་གཙོ་ཅན་ལ་འགྱུར་བར་ཡར་ཐོན་རང་བཞིན་གྱི་ཤུགས་རྐྱེན་བསྐྲུན་སྲིད་པ་ཞིག་རེད། རྒྱ་དམར་གཞུང་གིས་མཐོང་མི་འདོད་པའང་དེ་རེད། དྲང་མོར་ཞུས་ན། བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣར་ཁག་གཉིས་ཡོད་ཅིང་། རིགས་གཅིག་དེ་གཉའ་གནོན་མྱོང་མཁན་གྱི་སར་འགྲེངས་ནས་རང་དབང་འཚོལ་སྙེག་བྱེད་མཁན་དུ་གྱུར་ཡོད་ལ། གྲངས་འབོར་གྱི་ཆ་ནས་མང་ཆེ་བ་རེད། རིགས་གཞན་གཅིག་དེ་གཉའ་གནོན་མྱོང་མཁན་གྱི་སྟེང་དུ་འགྲེངས་ནས་གཉའ་གནོན་གཏོང་མཁན་ལ་རོགས་རམ་བྱེད་ཀྱིན་པས། འདི་ནི་ནང་བསྟན་ཉམས་ལེན་པའི་ངོ་ཚ་རེད་ལ། ནང་བསྟན་མཚན་སྙན་ལ་གནོད་པའི་འགོའང་ཚུགས་ཟིན་པ་རེད། དངོས་གནས་དྲང་གནས་ནང་བསྟན་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ན། གཉའ་གནོན་གཏོང་མཁན་གྱི་ཆེད་དུ་སྐད་ཆ་བཤད་མི་སྲིད་པའི་ཁར། ཐབས་བརྒྱ་ཇུས་སྟོང་གིས་གཉའ་གནོན་གཏོང་མཁན་གྱི་བྱ་སྤྱོད་ལ་འགྱུར་བ་ཨེ་ཐུབ་ལྟ་རྒྱུ་ལས་ལྷག་མེད།

ཅིན་རུའུ།  རྩོམ་ཡིག་ལས་བསྟན་དོན་ལྟར་ན། དེ་ལས་ཀྱང་ཧང་སངས་པ་ནི་ཕྱི་རྒྱལ་དུ་ཡུལ་གྱར་བྱས་པའི་ཏཱ་ལའི་བླ་མ་དང་བོད་མིའི་སྐྱིད་སྡུག་ཁག་ཅིག་གིས་དོན་རྐྱེན་འདི་དག་ཤེས་རྟོགས་བྱས་པའི་མགྱོགས་ཚད་ལ་ཧང་སངས་དགོས་པར་མ་ཟད། ཐལ་ཆེ་རང་བཞིན་འབུར་དུ་ཐོན་ཡོད། ཁོ་རང་ཚོས་རང་ལུས་མེར་བསྲེག་དོན་རྐྱེན་བྱུང་ཡུལ་གྱི་འདྲ་པར་དང་གནས་ཚུལ་སོགས་གསར་འགྱུར་བརྒྱུད་ལམ་སྟེང་དུ་ཐོག་མར་གཏོང་བཞིན་འདུག ད་དུང་རང་ལུས་མེར་བསྲེག་བཏང་ནས་གཤེགས་ཟིན་པ་རེ་ལ་ཧིན་སྒོར ༤༠༠༠༠༠ དང་རྨས་སྐྱོན་ཕོག་མཁན་རེ་ལ་ཧིན་སྒོར ༣༠༠༠༠༠ གསབ་དངུལ་སྤྲད་པའི་གོང་ཚད་བཅད་འདུག ཁྱོད་ཀྱིས་དོན་དག་འདི་དག་ཤེས་ཀྱི་ཡོད་དམ།

གནམ་ལོ་ཡག ངས་ཧྭ་ཙི་ལགས་ཀྱི་རྩོམ་ཡིག་ཀློག་རྗེས། རྒྱ་གར་ནང་ཁ་པར་བཏང་ནས་རྒྱུས་ལོན་བྱས་པ་ཡིན། ཀིརྟི་བྱེས་པ་གྲྭ་ཚང་འདུ་བའི་ངས་ངོ་ཤེས་པའི་ཚོགས་སྐྱིད་ཁག་ཏུ་མེར་བསྲེག་གཏོང་མཁན་ལ་གསབ་དངུལ་སྤྲད་རྒྱུ་བྱས་པའི་དོན་དག་ཅིག་བྱུང་མི་འདུག ཡིན་ནའང་། མི་སེམས་ལ་གཡོ་འགུལ་སློང་བའི་དོན་རྐྱེན་ཁག་གི་གནས་ཚུལ་ཁོང་ཚོར་འབྱོར་འདུག་ལ། གནས་ཚུལ་འབྱོར་རྗེས་ཕྱི་བསྒྲགས་གནང་རྒྱུ་ནི་ལྡོག་མེད་ཀྱི་འོས་འགན་ཞིག་དང་གྱོང་གུད་མྱུར་སྐྱོབ་ཀྱི་བྱེད་ཐབས་ཤིག་ཀྱང་རེད།

བོད་མིའི་ཡུལ་སྲོལ་གོམས་གཤིས་ཀྱི་ཆ་ནས་བཤད་ན། མི་གྲོངས་རྗེས། མི་ཚང་དེར་དངུལ་ཡོད་མཁན་གྱིས་དངུལ་སྤྲོད་པ་དང་ཇ་ཡོད་མཁན་གྱིས་ཇ་སྤྲོད་པ། མར་ཡོད་མཁན་གྱིས་མར་སྤྲོད་པ་དང་རས་ཡོད་མཁན་གྱིས་རས་སྤྲོད་སྲོལ་ཡོད་ལ། དེ་ནི་གྲོངས་མཁན་གྱི་ནང་མིར་སེམས་གསོ་དང་འདས་མཆོད་བྱེད་རོགས་གནང་བ་ཞིག་རེད། ཧ་ལམ་མི་མང་ཆེ་བས་ན་ནིང་མཚོ་སྔོན་ཡུལ་ཤུལ་དུ་བྱུང་བའི་ས་ཡོམ་སྐབས་སུ་བོད་མི་ཚོའི་གཏོང་ཕོད་དང་རོགས་རེས་སྙིང་སྟོབས་གཟིགས་ཡོད་ལས་ཆེ།

ཡིན་ནའང་། ལྕམ་ཧྭ་ཙི་ལགས་ཀྱིས་འདི་ལྟར་མང་ཚོགས་ལ “ གུན་གསབ་རིན་དོད ” ཟེར་བ་བསྒྲགས་སྐབས། ང་ཚོས་བསམ་བློ་གཞན་ཞིག་མི་གཏོང་རང་གཏོང་ཆགས་པ་ནི། ཁོ་མོས་ཕྱི་རྒྱལ་གྱི་ཚོགས་པ་ཁག་གིས་མེར་མཆོད་གཏོང་མཁན་གྱི་ནང་མིར་གུན་གསབ་རོགས་དངུལ་སྤྲད་ཀྱིན་པར་ཁ་གཡར་ནས། རྒྱ་དམར་གཞུང་ལ་མེར་མཆོད་གཏོང་མཁན་གྱི་ནང་ཚང་ཁག་ལ་གཉའ་གནོན་དང་ཁེར་རྐྱང་དུ་གཏོང་བའི་སྒྲུབ་བྱེད་མཁོ་སྤྲོད་བྱེད་ཀྱིན་པ་ཞིག་རེད། དུས་མཚུངས་སུ་མི་རྣམས་ལ་བོད་མིས་རང་ལུས་མཆོད་མེར་ཕུལ་བར་འཁྱོག་འགྲེལ་རྒྱག་གིན་པ་ཞིག་ཡིན་པས། “ མེ་གཏོང་མཁན་གྱི་སྐད་མགོ་མེ་གསོད་མཁན་ལས་མཐོ ” ཞེས་པའི་གཏམ་དཔེ་དེ་ཡང་བསྐྱར་མི་རྣམས་ཀྱི་མིག་ཁར་ཐེངས་ཤིག་འགྲེམས་སྟོན་བྱས་པ་ལས་མ་འདས།

ཅིན་རུའུ།  རྩོམ་ཡིག་ལས་བསྟན་དོན་ལྟར་ན། ནམ་རྒྱུན “ འཚེ་མེད་ཞི་བར ” ཁས་ཆེ་མཁན་ཏཱ་ལའི་བླ་མས་རྒྱ་གར་ངྷ་རམ་ས་ལ་ནས “ དམིགས་བསལ་གསུང་ཆོས ” ལ་འགོ་འཛིན་དང་སྣེ་ཁྲིད་ཀྱིས་ཟས་གཅོད་བྱ་འགུལ་ལ་ཞུགས་ཤིང་། རང་ལུས་མེར་བསྲེག་གཏོང་མཁན་ལ་རྒྱབ་བསྐྱོར་དང་རོགས་རེས་སྐད་ཆ་བཤད་འདུག ཁྱོད་ཀྱིས་ལྟ་ཚུལ་ག་རེ་འཛིན་བཞིན་ཡོད་དམ།

གནམ་ལོ་ཡག གནད་དོན་འདི་ཕྱོགས་གཉིས་ཀྱི་ལམ་ནས་ལྟ་དགོས་པ་ཞིག་རེད།

གཅིག སྔར་ནང་བའི་སྟོན་པས་ཀྱང་བསྔགས་བརྗོད་གནང་མྱོང་བའི་བྱ་སྤྱོད་ཅིག་དེང་སྐབས་ “ རང་ལུས་མེར་མཆོད་ཀྱིས་གཞན་གྱི་རང་དབང་སྐྱོབ་པའི་མཐོ་སར་སླེབས” ཡོད་པས། སྟོན་པ་ཤཀྱྰ་ཐུབ་པ་ལས་བརྒལ་ན་འདོད་ཀྱིན་པ་ཞིག་གིས་མ་གཏོགས་བྱ་སྤྱོད་འདི་བཞིན་བསྙོན་འབྱིན་བྱེད་བདེ་ཆགས་ཀྱི་མེད་ལ། སྒོས་སུ་བྱ་སྤྱོད་འདི་བཞིན་ནང་བསྟན་པ་ཡོངས་ཀྱིས་གཞན་ཕན་གྱི་ཆ་ཤས་ཤིག་ལ་ལྟ་བཞིན་པས། བྱ་སྤྱོད་འདིས་མི་སེམས་ལ་གཡོ་ཡོམ་སློང་ཐུབ་ཀྱི་ཡོད་པ་ལས་གཞན་ལ་གནོད་པའི་ཆ་མེད་ཅིང་། མི་སེམས་ལ་གཡོ་ཡོམ་བསླངས་པའང་མི་རྣམས་ཀྱི་རྒྱུ་འབྲས་བློ་མིག་སད་དུ་འཇུག་རྒྱུ་དང་རང་དབང་ཕྱིར་མི་རྣམས་ལ་སྤྲོད་དགོས་པའི་འབོད་བསྐུལ་ལས་མ་འདས།

གཉིས། རྒྱལ་བ་རིན་པོ་ཆེ་ཡིས་འདས་པོར་བསྔོ་སྨོན་གསུང་བའི་ཆོ་ག་དེ་གཙོ་སྐྱོང་གནང་ཡོད་པ་དང་སྨྱུང་གནས་བྱ་འགུལ་ལའང་ཞུགས་འདུག་པ་ལས་ཟས་གཅོད་བྱ་འགུལ་མ་རེད། ཆོས་ལུགས་ལ་རྒྱུས་མངའ་ཅུང་ཙམ་ཡོད་མཁན་ཞིག་ལ་མཚོན་ན། སྨྱུང་གནས་བྱ་འགུལ་ནི་ཆོས་ལུགས་མང་ཆེ་བར་ཡོད་ཅིང་། ཆོས་དད་ཀྱི་རྩ་གནད་གཞིར་བཞག་གིས་དུས་ཚེས་ངེས་ཅན་ལ་ཟས་མི་ཟ་ཞིང་། དགེ་བ་སྒྲུབ་པའི་ཚད་མཐོ་བའི་འཚོ་བ་རོལ་སྟངས་ཤིག་རེད། དེ་བས། སྨྱུང་གནས་དང་ཟས་གཅོད་གཉིས་ལ་འདྲ་མཉམ་གྱིས་ལྟ་རུང་བ་ཞིག་མིན། རྒྱ་ནག་གི་གནའ་བོའི་གོམས་སྲོལ་ལ་མཚོན་ནའང་། མཐོ་རྒྱལ་བོ་ནས་དམའ་འབངས་མིའི་བར་དུ་འདས་མཆོད་སྨྱུང་གནས་དང་ཆོས་ལུགས་ཆོ་གའི་སྨྱུང་གནས་སྲུང་བརྩི་བྱེད་ཀྱིན་ཡོད། དེ་མཚུངས་སུ་འདས་པོར་བསྔོ་སྨོན་གསུངས་པ་ནི་ནང་བའི་རྗེས་འཇུག་པ་སྤྱི་ཡི་རེ་སྨོན་ཞིག་རེད་ལ། སྒོས་སུ་རྒྱལ་བ་རིན་པོ་ཆེ་ཡིས་བསྔོ་སྨོན་གསུངས་རྒྱུ་རེག་ན་རྩ་ཆེན་ཞིག་ཏུ་མཐོང་བཞིན་ཡོད་པས། དེར་མི་རིགས་དང་ཤ་མདངས་ཀྱི་དབྱེ་བ་མེད་པར་མ་ཟད། གནས་ཚུལ་ལ་རྒྱུས་ཡོད་མཁན་ཚོས་བཤད་པ་ལྟར་ན། རྒྱ་ནག་གི་སྲིད་འཛིན་ཟུར་བ་ཀྲའོ་ཙི་ཡང་གིས་ཀྱང་མི་བརྒྱུད་ནས་རྒྱལ་བ་རིན་པོ་ཆེར་རང་ཉིད་འདས་རྗེས་བསྔོ་སྨོན་གསུང་རོགས་ཞེས་ཞུས་འདུག དེ་བས། ཧྭ་ཙི་ལགས་ཀྱིས་ཆོས་ལུགས་ཤེས་རིག་ཐད་ཅི་ཡང་མགོ་ཚོས་ཀྱི་མེད་པའི་འཁྲབ་སྟོན་ཞིག་གནང་འདུག་ལ། འདི་ནི་རྒྱ་དམར་གྱི་ཁྱད་ཆོས་ཡོད་པའི་འཁྲབ་སྟངས་ཤིག་ཀྱང་རེད།

ཅིན་རུའུ།  རྩོམ་ཡིག་ལས་ད་དུང་བསྟན་དོན། ན་གཞོན་གྲྭ་བ་ཚོས་རང་ལུས་མེར་བསྲེག་མ་བཏང་བའི་ཡར་སྔོན་བོད་ལ་རང་དབང་དགོས་དང་བོད་རང་བཙན་སོགས་ཀྱི་འབོད་སྐད་བསྒྲགས་ཡོད་པས། འདིས་ཆབ་སྲིད་ཀྱི་དགོས་འདུན་ཞིག་འདོན་གྱི་ཡོད་པ་རེད། ཁྱོད་ཀྱིས་བལྟས་ན་རྒྱུ་རྐྱེན་ཅི་ཞིག་གིས་ཁོང་ཚོས་སྐད་འབོད་དེ་ལྟར་བྱེད་དགོས་ཐུག་པ་རེད་དམ། གསལ་བཤད་ག་རེ་གནང་བཞིན་ཡོད་དམ།

གནམ་ལོ་ཡག ལྕམ་ཧྭ་ཙི་ལགས་ཀྱིས་འདིར་ཕྱེད་ཀ་ལས་བཤད་མེད་པའི་ཁར། སྐད་འབོད་གཅིག་ལ་འཁྱོག་བཤད་བྱས་འདུག ངས་སྐད་འབོད་གཞན་དེ་འདིར་ཁ་སྐོང་བྱེད་ཆོག་ལ། དེ་ནི “ རྒྱལ་བ་རིན་པོ་ཆེ་བོད་ལ་ལོག་དགོས ” ཞེས་པ་དེ་རེད།  ཁོ་མོ་ཅིའི་ཕྱིར “ རྒྱལ་བ་རིན་པོ་ཆེ་བོད་ལ་ལོག་དགོས ” ཞེས་པའི་བརྗོད་ཚིག་འདིར་གཡོལ་བཞིན་ཡོད་དམ། དོན་ལ་སྔར་རྒྱ་དམར་དམག་དཔུང་གིས་བོད་བཙན་བཟུང་བྱས་པ་ནི་རྒྱལ་སྤྱིའི་དམར་ཤོག་རིང་ལུགས་འཐབ་ཇུས་ཀྱི་ཆ་ཤས་ཤིག་ཡིན་ཞིང་། རྗེས་ནས་རྒྱལ་བ་རིན་པོ་ཆེ་ཡིས་དབུ་ཁྲིད་པའི་བོད་གཞུང་སྐྱབས་བཅོལ་ལ་འགྲོ་དགོས་ཐུག་པ་ནི “ གཡས་རྒོལ་ལས་འགུལ ” གྱི་ཐོན་རྫས་སུ་གྱུར་ཡོད། དེ་བས་རྒྱ་དམར་གཞུང་གིས “ ཨུ་ཡོན་ཀྲང་གཞོན་པ་ཟུར་བ་ཁོང ” ཕ་ཡུལ་ལ་ལོག་རྒྱུར་ཁ་གཏད་སྐབས། “ གཡས་རྒོལ་ལས་འགུལ་གྱི་ཉེས་ཕོག་པ་ཀུན ” ལ་དཀར་འདོན་བྱེད་པའམ། ཡང་ན་མའོ་ཙེ་ཏུང་གི་ཡང་དག་རང་བཞིན་སྲུང་སྐྱོབ་བྱེད་པའི་གནད་དོན་ལ་འཕྲད་ཡོད། གལ་སྲིད་མའོ་ཙེ་ཏུང་ནི “ ནོར་འཁྲུལ་གསུམ་དང་བྱས་རྗེས་བདུན ” ཅན་ཞིག་ཏུ་གཏན་འཁེལ་ཡོད་པ་དེར་འགུལ་ལྕོག་བརྒྱབ་པ་ཡིན་ན། རྒྱ་དམར་སྲིད་གཞུང་རང་ཉིད་ཀྱིས་རྒྱ་ནག་མི་དམངས་ལ་དབང་བསྒྱུར་བྱེད་པའི་ཁྲིམས་མཐུན་རང་བཞིན་ལའང་འགུལ་ལྕོག་བརྒྱབ་ཟིན་པ་ཞིག་ཡིན།

ཧྭ་ཙི་ལགས་ཀྱིས་སྐད་འབོད་གཅིག་ལ་འཁྱོག་བཤད་བྱས་འདུག ཁོ་མོས “ བོད་རང་བཙན” ཞེས་པ་ནི་དོན་ལ་བོད་མི་རྣམས་ཀྱིས་ “ བོད་ཀྱི་རྒྱལ་ཁབ་བསྐྱར་གསོ ” དགོས་ཞེས་བཤད་ཀྱི་ཡོད་པ་རེད། “ གྲོས་མཐུན་དོན་ཚན་བཅུ་བདུན” ཟེར་བའི་ནང་དུའང “ བོད་དེ་བཞིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་དུ་ལོག་པ ” ཞེས་བཀོད་ཡོད་པས། བོད་འདི་བཞིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་དུ་མ་ལོག་པའི་ཡར་སྔོན་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་བསྟན་ཡོད། དེ་བས། བོད་མི་རྣམས་ཀྱིས་རྒྱ་དམར་གཞུང་གི་གདུག་རྩུབ་སྲིད་ཇུས་དང་། ཁྱིམ་གཞི་བཙན་འཕྲོག་དང་གཏོར་སྐྱོན། ལ་རྒྱར་རྡོག་བརྫིས་གཏོང་བཞིན་པར་ཁ་གཏད་ནས་རང་ཉིད་ཀྱི་རྒྱལ་ཁབ་བསྐྱར་གསོ་བྱེད་འོས་པའི་དགོས་ངེས་རང་བཞིན་ཤེས་ཡོད་པ་རེད་ལ། རྒྱ་དམར་སྲིད་གཞུང་དང་ཁ་བྲལ་ནས་གཉའ་གནོན་མྱོང་མི་དགོས་པར་ཆོས་དད་འདུ་བའི་རང་དབང་གི་འཚོ་བར་རོལ་འདུན་ཡོད་པ་མཚོན་གྱི་ཡོད་པ་རེད། ཡང་ཅིག་བཤད་ན། བོད་ཀྱིས་རང་ཉིད་ལ་སྔར་མེད་པ་ཞིག་ནས་རང་བཙན་དགོས་ཞེས་བཤད་ཀྱི་མེད་པར་རང་ཉིད་ལ་སྔར་ཡོད་པ་ཞིག་བསྐྱར་གསོ་བྱེད་དགོས་ཞེས་བཤད་ཀྱི་ཡོད་པ་རེད། འདི་ནི་ལོ་རྒྱུས་ཀྱི་དོན་དངོས་རེད་ལ། བོད་རྒྱའི་བར་དུ་དོན་དངོས་གོ་བརྡ་འཕྲོད་རྒྱུ་ནི་དེ་བས་ཀྱང་གལ་ཆེན་རེད།

ཅིན་རུའུ།  རྩོམ་ཡིག་ལས་བསྟན་དོན་ལྟར་ན། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་རྒྱ་འདུན་བླ་མས(སྒྲ་སོར་འཇོག་བྱས་ཡོད)དཔྱད་བརྗོད་སྤེལ་དོན། མི་ཁ་ཤས་ཀྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཐལ་ཆེ་རིང་ལུགས་ལ་བསྒྱུར་བཞིན་པར་དོགས་ཟོན་བྱེད་དགོས། ཁྱོད་ཀྱིས་འདིའི་ཐད་ཇི་ལྟར་བསམ་བློ་གཏོང་གི་ཡོད་དམ།

གནམ་ལོ་ཡག གནད་དོན་འདི་ནང་བསྟན་གྱིས་ད་ལྟའི་སྲིད་དོན་ལ་ཐེབས་ཀྱིན་པའི་ཤུགས་རྐྱེན་ཁྲོད་བཞག་ནས་དབྱེ་ཞིབ་བྱེད་དགོས་པ་ཞིག་རེད། དེ་ལས་ལྡོག་ན། དུ་བ་ལས་གྲོང་སྡེ་མཐོང་མི་ཐུབ་པའི་དཔེ་རུ་འགྱུར་སྲིད་པར་འདོད།

ནང་བསྟན་རྒྱ་གར་ནས་དར་བ་དང་འདས་པའི་དུས་ཡུན་ཁྲོད་དེང་གནས་སོར་འཇོག་ལས་དངོས་ཡོད་འཚོ་བའི་འཕྲོག་རྩོད་ཁྲོད་ཞུགས་པ་ཉུང་ཉུང་རེད། ཡིན་ནའང་། དེང་རབས་ལ་སླེབས་འཕྲལ་བེ་ཐུ་ནམ་ལྷོ་མའི་སྲིད་གཞུང་གིས་ནང་བར་གནོད་སྐྱོན་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་པ་དང་རྒྱ་དམར་གཞུང་གིས་བསམ་བློ་རྙིང་བ་ཐ་དག་རྩ་མེད་བཟོ་འགོ་བརྩམས་པས། དགེ་སློང་ཆེན་པོ་གཉིས་ཀྱིས་སྔ་རྗེས་སུ་སྐུ་ལུས་མཆོད་མེར་ཕུལ་ནས་ངོ་རྒོལ་གནང་ཞིང་། རང་སྲོག་བཏང་ནས་ནང་ཆོས་སྐྱོབ་པའི་ལས་སུ་ཞུགས་པ་རེད།

དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་དཀྱིལ་ཙམ་ནས་བོད་ཀྱི་སེར་སྐྱ་མང་ཚོགས་ཀྱིས་རྒྱ་དམར་གཞུང་གི་གཉའ་གནོན་སྲིད་ཇུས་ངོ་རྒོལ་གནང་ཡོད་པ་དང་། མི་རིགས་ཧྲིལ་བོ་གདུག་རྩུབ་འོག་ཐར་འདུན་འཆིང་ཡོད་པས། གཅིག་རྗེས་གཉིས་མཐུད་ཀྱི་ལས་འགུལ་དེ་རིང་བར་རྒྱུན་བསྐྱངས་ཡོང་བ་ཞིག་རེད་ལ། དེང་སྐབས་བཙན་དབང་མ་བཟོད་པར་རང་ལུས་མེར་མཆོད་ངོ་རྒོལ་གྱི་གནས་རིམ་གསར་བ་ཞིག་ཏུ་སླེབས་ཡོད་པས། དཔའ་བོའི་ཚེ་སྲོག་གིས་ཡང་བསྐྱར་མི་རྣམས་ཀྱི་རྒྱུ་འབྲས་བློ་མིག་དང་རང་དབང་སྲུང་སྐྱོབ་ཀྱི་ཆོད་སེམས་ལ་ཚོད་བགམ་ཐེངས་ཤིག་གནང་ཡོད།

དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུ་བའི་དུས་མཇུག་ལ། ནང་བའི་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་ཚོགས་པ་གོད་ཆག་ཆེན་པོར་འཕྲད་པར་མ་ཟད། ཐ་ན་རྒྱ་དམར་གཞུང་གིས་མིང་འཆལ་ལའང་མི་འཛེམས་པར་སྒོམ་སྒྲུབ་པ་ཁག་ཅིག་གི་དོན་ལྔ་སྣོད་དྲུག་བཀོག་ཡོད་ལ། འཛམ་གླིང་ལ་ཡིད་ཆེས་དཀའ་བའི་སྐྱོ་གར་ཞིག་དང་མང་ཚོགས་དྲག་གནོན་གྱི་ཟིལ་ཤུགས་ངོམ་སྟོན་བྱས་ཡོད། ཡིན་ནའང་། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པས་མགོ་བོ་མི་སྒུར་བའི་སྙིང་སྟོབས་ཀྱིས་མི་རྣམས་ལ་རེ་བ་གསར་བ་ཞིག་གནང་ཡོད་པར་མ་ཟད། << རྒྱ་དམར་ཤོག་ཁག་ལ་དཔྱད་པ་དགུ་བསྐོར་མས>> ཁྱོན་ཡོངས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ལྷ་སྒྲུང་གི་གདོང་འབག་བཤུས་ཡོད།

དུས་རབས་ཉེར་གཅིག་པའི་དེ་རིང་། འབར་མའི་དགེ་འདུན་པས་དམག་སྲིད་གཞུང་ལ་ངོ་རྒོལ་གྱི་ཚ་རླབས་འཕྱུར་ཡོད་ཅིང་། འཛམ་གླིང་ཧྲིལ་བོར་དོི་སྣང་སླེབས་ཐུབ་ཡོད། འབར་མའི་སྲིད་དོན་ལྟ་གྲུབ་མི་མཐུན་པའི་ན་གཞོན་དགེ་འདུན་མནའ་འབྲེལ་ཚོགས་པས་དམག་སྲིད་གཞུང་ལ་ངོ་རྒོལ་གནང་བར་ཐོག་མའི་རྒྱལ་ཁ་ཐོབ་ཡོད་པའི་ཁར། ཁ་གཏད་ཚོགས་པའི་གཙོ་འཛིན་ལྕམ་ཨང་བསྲན་བསོད་སྐྱིད་ལའང་འབར་མའི་ནང་བསྟན་ལས་རིགས་ཀྱི་མཐོ་རིམ་མི་སྣའི་རྒྱབ་བསྐྱོར་རེག་ནས་འབར་མའི་རང་དབང་ལས་འགུལ་བཟང་ཕྱོགས་སུ་འཕེལ་བཞིན་པའི་སྒང་རེད།

མདོར་དྲིལ་ནས་བཤད་ན། ནང་བསྟན་གྱིས་ཨེ་ཤ་ཡ་སྐམ་སའི་ཆབ་སྲིད་འགྱུར་བའི་ཁྲོད་དུ་གོ་བབ་ངེས་ཅན་ཞིག་བཟུང་ཡོད་མོད། ཡིན་ནའང་། དེང་གི་བར་ཐལ་ཆེ་རིང་ལུགས་ཀྱི་ལམ་ནང་བསྐྱོད་མེད། རང་ཉིད་མེར་མཆོད་ཀྱིས་གཞན་གྱི་རྒྱུ་འབྲས་བློ་མིག་སད་དུ་རེ་བ་དང་རང་ཉིད་དང་བཅས་ཉེས་མེད་གཞན་སྲོག་གཅོད་པ་གཉིས་ལ་རྩ་བའི་ཁྱད་པར་ཡོད་པ་རེད། དེ་བས་གོང་དུ་བཤད་པ་ལྟར། བླ་མ་འདི་དག་གིས་གཉའ་གནོན་གཏོང་མཁན་ལ་རོགས་པ་བྱས་ནས་སྐད་ཆ་བཤད་ཤེས་པ་ལས་དོན་རྐྱེན་བྱུང་དགོས་དོན་དང་དེ་ལ་ཡོ་བསྲང་གནང་ཐབས་བཤད་ཤེས་ཀྱི་མ་རེད།

མ་རྩོམ་ལ་འདི་ནས་གཟིགས་རོགས།
http://soundofhope.org/programs/1008/204641-1.asp
 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 14

  1. གནས་ཚང་། says:
    ལོ་ 13 སྔོན།

    ༼ལྕམ་ཧྭ་ཙི་ལགས་ཀྱིས་འདི་ལྟར་མང་ཚོགས་ལ “ གུན་གསབ་རིན་དོད ” ཟེར་བ་བསྒྲགས་སྐབས། ང་ཚོས་བསམ་བློ་གཞན་ཞིག་མི་གཏོང་རང་གཏོང་ཆགས་པ་ནི། ཁོ་མོས་ཕྱི་རྒྱལ་གྱི་ཚོགས་པ་ཁག་གིས་མེར་མཆོད་གཏོང་མཁན་གྱི་ནང་མིར་གུན་གསབ་རོགས་དངུལ་སྤྲད་ཀྱིན་པར་ཁ་གཡར་ནས། རྒྱ་དམར་གཞུང་ལ་མེར་མཆོད་གཏོང་མཁན་གྱི་ནང་ཚང་ཁག་ལ་གཉའ་གནོན་དང་ཁེར་རྐྱང་དུ་གཏོང་བའི་སྒྲུབ་བྱེད་མཁོ་སྤྲོད་བྱེད་ཀྱིན་པ་ཞིག་རེད།༽ འདི་གནད་འགག་རེད་ལ། གསར་འགོད་པ་དང་ཉམས་ཞིབ་པ་ཚོས་རྗེས་འདེད་རང་བཞིན་གནང་དགོས་པའི་ལས་ཀ་གཙོ་བོ་གཅིག་ཀྱང་རེད། དེ་ལྟར་འདས་པོ་རྣམས་ཀྱི་ནང་མིར་རོགས་ཕན་ཅུང་ཙམ་ཡོད་ངེས་རེད། ཤེས་ཡོན་ཅན་ཚོས་འདིའི་ཐད་དགོངས་ཚུལ་ག་རེ་གནང་བཞིན་ཡོད་དམ།

    Reply
  2. ནད་པ says:
    ལོ་ 13 སྔོན།

    རྒྱ་ནག་གཞུང་གིས་གནས་ཚུལ་ཇི་ཙམ་འཁྱོགས་བཤད་བྱེད་མིན་ལ་མ་བལྟོས་པར་ང་ཚོས་རྒྱལ་སྤྱི་དང་ལྷག་པར་རྒྱ་ནག་མི་དམངས་ལ་དངོས་འབྲེལ་གྱི་གནད་དོན་གསལ་བཤད་བྱེད་ཐུབ་པ་དགོས།

    རྩ་བའི་ད་ལྟའི་འཆར་རྒྱ་ནག་དམར་གཞུང་དེ་ཆེས་སྟོབས་ཆེན་གཅིག་ཏུ་འགྱུར་བཞིན་ཡོད་ནའང་ཆེས་མཐའ་མའི་དབང་ཚད་དེ་རྒྱ་ནག་མི་དམངས་དུང་ཕྱུར་༡༣ ལྷག་ཅིག་ལ་ཡོད་པ་རེད། དེ་བཞིན་ང་ཚོ་སྟེ་བོད་མི་རིགས་ཀྱི་རྩ་དོན་དེ་ཡང་ཆེས་མཐའ་མའི་དབང་ཚད་མི་དམངས་ལ་ཡོད་ལ་ཆེས་མཐའ་མའི་སྟོབས་ཤུགས་ཀྱང་མི་དམངས་ཡིན།

    དེར་བརྟེན་རྒྱ་རིགས་མི་དམངས་དང་བོད་རིགས་དམངས་ཡོངས་ཀྱིས་དམངས་གཙོ་དང་རང་དབང་གི་ཆེད་དུ་རྟག་ཏུ་ངོ་རྒོལ་བྱེད་དགོས། སྨུག་ཐོག་པ་ཚོས་ཀྱང་སྨུག་རྩེ་ནམ་ཡང་བར་མཚམས་འཇོག་མི་རུང་།

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    ཏྲེ་ཧོར་ཐུབ་བསྟན་གྱིས་བོད་བསྒྱུར་རྩོམ་ཡིག་དེར་བལྟས་ཟིན་པ་ཡིན་ལ། དེའི་རྒྱ་ཡིག་གི་མ་རྩོམ་དང་བོད་བསྒྱུར་གཉིས་ཀ་གུས་པའི་ངོ་དེབ་དང་འཕྲུལ་སྒྲ་སོགས་སུ་འདྲེན་བཀོད་བྱས་ཡོད། ཁྱོད་ཀྱིས་བྱས་འབྲས་ལའང་བཀའ་དྲིན་ཆེ་ཞུ།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    གྲོགས་གནམ་ལོ་ཡག་གིས་དྲི་བ་རེ་རེའི་ལན་དུ་རྒྱ་མོ་ཧྭ་ཙི་ཡི་རྩོམ་ཡིག་དེར་དགག་ལན་རང་བཞིན་གྱི་ལན་བཏབ་པ་དོན་ལ་གནས་ཤིང་། གཏིང་ཟབ་པའི་སྒོ་ནས་རྒྱ་ནག་གི་ཡུལ་གོམས་གཤིས་ལུགས་ཀྱང་ངོ་སྤྲོད་དང་རྒྱས་བཤད་གནང་འདུག ད་དུང་ནང་བསྟན་ཕྱོགས་ཀྱི་སྨྱུང་གནས་དང་ཟས་བཅད་ངོ་རྒོལ་གྱི་དབྱེ་བ། རྒྱ་ནག་གི་སྔ་མོའི་ཡུལ་གོམས་དང་བསྒྲེལ་ནས་དེ་དག་ངོ་སྤྲད་པ་སོགས་ངོ་མ་བཀླགས་སྤྲོ་བོ་བྱུང་སོང་། བཀའ་དྲིན་ཆེ་ཞུ།

    Reply
  5. ཏྲེ་ཧོར་ཐུབ་བསྟན་གྱི་ཟིན་བྲིས། says:
    ལོ་ 13 སྔོན།

    གོང་གི་མི་དམངས་ཉིན་རེའི་ཚགས་པར་སྟེང་ཟེར་བའི་རྩོམ་ཡིག་དེའི་ལན་འདེབས་རྒྱ་རིགས་རྩོམ་པ་པོ་གྲགས་ཅན་ཧུང་ཕིང་ལགས་ཀྱིས་ཉེ་ཆར་བརྩམས་པ་ཞིག་གུས་པས་བོད་བསྒྱུར་གྱིས་བང་ཆེན་དྲ་ཚིགས་དང་དུས་བབ་ཟིན་བྲིས་སོགས་སུ་བཀོད་ཡོད་པས་གཟིགས་འདོད་ཡོད་ན་དེར་ཕེབས་རོགས།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    གནམ་ལོ་ཡག་ལགས་ཀྱིས།
    “ གྲོས་མཐུན་དོན་ཚན་བཅུ་བདུན” ཟེར་བའི་ནང་དུའང “ བོད་དེ་བཞིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་དུ་ལོག་པ ” ཞེས་བཀོད་ཡོད་པས། བོད་འདི་བཞིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་དུ་མ་ལོག་པའི་ཡར་སྔོན་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་བསྟན་ཡོད། དེ་བས། བོད་མི་རྣམས་ཀྱིས་རྒྱ་དམར་གཞུང་གི་གདུག་རྩུབ་སྲིད་ཇུས་དང་། ཁྱིམ་གཞི་བཙན་འཕྲོག་དང་གཏོར་སྐྱོན། ལ་རྒྱར་རྡོག་བརྫིས་གཏོང་བཞིན་པར་ཁ་གཏད་ནས་རང་ཉིད་ཀྱི་རྒྱལ་ཁབ་བསྐྱར་གསོ་བྱེད་འོས་པའི་དགོས་ངེས་རང་བཞིན་ཤེས་ཡོད་པ་རེད་ལ། རྒྱ་དམར་སྲིད་གཞུང་དང་ཁ་བྲལ་ནས་གཉའ་གནོན་མྱོང་མི་དགོས་པར་ཆོས་དད་འདུ་བའི་རང་དབང་གི་འཚོ་བར་རོལ་འདུན་ཡོད་པ་མཚོན་གྱི་ཡོད་པ་རེད། ཡང་ཅིག་བཤད་ན། བོད་ཀྱིས་རང་ཉིད་ལ་སྔར་མེད་པ་ཞིག་ནས་རང་བཙན་དགོས་ཞེས་བཤད་ཀྱི་མེད་པར་རང་ཉིད་ལ་སྔར་ཡོད་པ་ཞིག་བསྐྱར་གསོ་བྱེད་དགོས་ཞེས་བཤད་ཀྱི་ཡོད་པ་རེད། འདི་ནི་ལོ་རྒྱུས་ཀྱི་དོན་དངོས་རེད་ལ། བོད་རྒྱའི་བར་དུ་དོན་དངོས་གོ་བརྡ་འཕྲོད་རྒྱུ་ནི་དེ་བས་ཀྱང་གལ་ཆེན་རེད། ཟེར།
    ཡང་།
    རྒྱལ་བ་རིན་པོ་ཆེ་ཡིས་འདས་པོར་བསྔོ་སྨོན་གསུང་བའི་ཆོ་ག་དེ་གཙོ་སྐྱོང་གནང་ཡོད་པ་དང་སྨྱུང་གནས་བྱ་འགུལ་ལའང་ཞུགས་འདུག་པ་ལས་ཟས་གཅོད་བྱ་འགུལ་མ་རེད།
    ཡང་།
    དེང་རབས་ལ་སླེབས་འཕྲལ་བེ་ཐུ་ནམ་ལྷོ་མའི་སྲིད་གཞུང་གིས་ནང་བར་གནོད་སྐྱོན་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་པ་དང་རྒྱ་དམར་གཞུང་གིས་བསམ་བློ་རྙིང་བ་ཐ་དག་རྩ་མེད་བཟོ་འགོ་བརྩམས་པས། དགེ་སློང་ཆེན་པོ་གཉིས་ཀྱིས་སྔ་རྗེས་སུ་སྐུ་ལུས་མཆོད་མེར་ཕུལ་ནས་ངོ་རྒོལ་གནང་ཞིང་། རང་སྲོག་བཏང་ནས་ནང་ཆོས་སྐྱོབ་པའི་ལས་སུ་ཞུགས་པ་རེད། ཟེར།
    ཡང་།
    ཐ་ན་རྒྱ་དམར་གཞུང་གིས་མིང་འཆལ་ལའང་མི་འཛེམས་པར་སྒོམ་སྒྲུབ་པ་ཁག་ཅིག་གི་དོན་ལྔ་སྣོད་དྲུག་བཀོག་ཡོད་ལ། འཛམ་གླིང་ལ་ཡིད་ཆེས་དཀའ་བའི་སྐྱོ་གར་ཞིག་དང་མང་ཚོགས་དྲག་གནོན་གྱི་ཟིལ་ཤུགས་ངོམ་སྟོན་བྱས་ཡོད། ཡིན་ནའང་། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པས་མགོ་བོ་མི་སྒུར་བའི་སྙིང་སྟོབས་ཀྱིས་མི་རྣམས་ལ་རེ་བ་གསར་བ་ཞིག་གནང་ཡོད་པར་མ་ཟད། << རྒྱ་དམར་ཤོག་ཁག་ལ་དཔྱད་པ་དགུ་བསྐོར་མས>> ཁྱོན་ཡོངས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ལྷ་སྒྲུང་གི་གདོང་འབག་བཤུས་ཡོད།
    དང་། ཡང་།
    རང་ཉིད་མེར་མཆོད་ཀྱིས་གཞན་གྱི་རྒྱུ་འབྲས་བློ་མིག་སད་དུ་རེ་བ་དང་རང་ཉིད་དང་བཅས་ཉེས་མེད་གཞན་སྲོག་གཅོད་པ་གཉིས་ལ་རྩ་བའི་ཁྱད་པར་ཡོད་པ་རེད།
    ཅེས་གསུངས་པ་འདིར་ཡང་བསྐྱར་ཚར་གཅིག་ཀློགས་གནོངས་དང་དྲ་གྲོགས་ཚོ།

    Reply
  7. བརྩོན་རྒྱམ། says:
    ལོ་ 13 སྔོན།

    སྐུ་ཞབས་གནང་མོ་ཡག་ལགས་ཀྱི་རྒྱའི་ཤེས་ཡོན་པ་གང་མང་ཞིག་དང་བོད་དོན་ཐོག་གསམ་ཚུལ་དང་ལྟས་ཚུལ་འདྲ་མིན་གྱི་དྲ་བ་དང་དྲི་ལན་སོགས་གང་མང་ཞིག་གནང་གི་ཡོད་པ་འདི་རྒྱ་ཡིག་ཐོག་ཤེས་རྟོགས་མེད་མཁན་ཚོ་ལ་ཕན་པ་ཆེ་བ་མུ་མཐུད་དུ་རྩོམ་བསྒྱུར་གནང་རོགས་ཞུ་རྒྱུ་དང་མ་ཟད་ཡི་རང་ཡོད་དུ་དུང་༧གོང་ས་མཆོག་ཐུགས་དགོངས་སོགས་ངོ་སྤྲོད་གནང་ཐུབ་ན་དེ་བས་དགེ་མཚན་ཆེ།

    Reply
  8. གནས་ཚང་། says:
    ལོ་ 13 སྔོན།

    རྒྱ་མི་ལ་མི་གྲོངས་རྗེས་ཕན་ཚུན་བར་སེམས་གསོ་གནང་བར་ཕེབས་ནས་ལག་སྐྱེས་ཕུལ་བའི་ལུགསས་སྲོལ་ཡོད་དམ་མེད།

    གལ་སྲིད་མེད་ན་ཚོགས་སྐྱིད་ཁག་གིས་དངུལ་གྲངས་གཏན་ཕབ་བྱས་འདུག་ཅེས་པ་འདིར་རྒྱ་མི་རྣམས་ཧང་སངས་ངེས་པར་མ་ཟད། སྐུ་སྲོག་ཕུལ་མཁན་གྱི་དཔའ་བོ་རྣམས་ཀྱང་རྒྱུ་དངོས་ཀྱི་ཆེད་དུ་ཡིན་པ་ལྟ་བུ་ཞིག་ཏུ་བཟོས་ཡོད་པས། རྒྱ་མོ་འདིའི་གཏིང་ཧ་ཅང་གི་ནག་པོ་རེད།

    Reply
  9. བསྟན་འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    ཇོ་གནམ་ལོ་ཡག་པོར་ཐུགས་རྗེ་ཆེ་ཞུ. སྐད་གཉིས་སྨྲ་བ་ཚོས་གང་ཐུབ་ཅི་ཐུབ་ཀྱིས་དམར་རྫུན་ཐེར་འདོན་དང་. རྒྱུད་སྒྲོག་ལ་འབད་རོགས་ཞུ་ཞེས་སོར་མོ་སྙིང་ཁར་སྦྱོར་གྱིན་ཡོད་དོ.

    Reply
  10. འཁྱམས་པོ། says:
    ལོ་ 13 སྔོན།

    དགོངས་དག་ཞུ།་་་་་་་ང་ལ་་་་་་ཞེས་ཤོར་འདུག་པས་ ང་ཚོ་ལ་་་་་་ཞེས་བཅོས་རོགས།

    Reply
  11. བསྟན་འཛིན་ཤེས་རབ། says:
    ལོ་ 13 སྔོན།

    འདས་པོའི་ནང་མི་ལ་རྒྱུ་འབྱོར་གྱིས་འབུལ་སྐྱེས་བཏེགས་པ་ནི་གདུང་སེམས་མཉམ་བསྐྱེད་བྱས་པའི་མཚོན་དོན་རེད་ལ། དེའི་མིང་ལ་བོད་མི་རྣམས་ཀྱིས་མཆོད་མེད་འཁྱེར་བ་ཟེར་བ་རེད། སྣང་ཚུལ་འདི་ནི་བོད་ཀྱི་ཡུལ་གྲུ་ཕལ་མོ་ཆེར་ཁྱབ་པའི་ལུགས་སྲོལ་ཞིག་རེད།

    ༸གོང་ས་མཆོག་གིས་དབུས་པའི་བོད་མི་རྣམས་ཀྱིས་བསྔོ་སྨོན་དང་སྨྱུང་གནས་སྲུང་བ་ནི་འདས་པོའི་རྣམ་ཤེས་བདེ་བ་ཅན་དུ་སྐྱེས་པའི་རྒྱུ་རུ་དགེ་བ་བཅོས་པའི་དོན་རེད། གནས་ཚུལ་འདི་ནི་ནང་བ་བ་ཞིག་ཡིན་ཕྱིན་ཐམས་ཅད་ལ་ཁྱབ་པའི་དོན་ཞིག་རེད།

    དངོས་ཡོད་དང་ཆོས་ལུགས་ཀྱི་བྱེད་སྒོ་འདི་དག་ལ་ཤེས་བཞིན་དང་བསམ་བཞིན་དུ་འཁྱོག་བཤད་ངོ་བོ་གཞན་དུ་བསྒྱུར་ཐབས་བྱེད་མཁན་འདི་ཚོར་ཅི་འདྲའི་གདུག་རྩུབ་ཅིག་ཆེ་བ་ལ། འདི་ཚོའི་གྲས་འདིས་རང་གི་ཁེ་ཕན་ཅུང་ཟད་ཆེད་དུ་ཡང་མི་སྙིང་དྲོན་མོར་ཟ་ངེས་རེད་ལ། རང་གི་བདེ་སྐྱིད་གཞན་གྱི་སྡུག་བསྔལ་སྟེང་ནས་འཚོལ་མཁན་རེད།
    མི་ལ་ངོ་ཚ་ཟེར་བ་ཞིག་མེད་སོང་ན་མིག་གིས་བལྟས་བལྟས་ལ་སྐྱག་བརྫུན་འདི་ལྟར་བཤད་པ་རེད་པས། མི་དེའི་གྲས་མི་ལ་མི་ཞེས་པའི་ཐ་སྙད་མི་ཐོགས་པར། ཁྱི་ཞེས་པའི་ཐ་སྙད་འདོགས་འོས་པ་རེད། ཁ་དཔེ་ལ། མི་ལ་ངོ་ཚ་མེད་ན་ཁྱི་ཡིན། ཁྱི་ལ་རྔ་མ་མེད་ན་འདྲེ་ཡིན། ཟེར་བ་རེད།

    Reply
  12. བློ་བཟང་། says:
    ལོ་ 13 སྔོན།

    སྐུ་ཞབས་གནམ་ལོ་ཡག་གིས་གནས་ལུགས་ཀྱི་ཕྱུགས་པའི་སྐད་ཆ་འདི་འདྲ་བཤད་དུས་དངོས་གནས་དགའ་བའི་རིག་གནས་པ་ཞིག་གི་ལས་ཀ་དང་།བོད་མིའི་བདེ་སྡུག་འཁུར་བའི་རྩོམ་པ་བོ་ཞིག་གི་ལས་དོན་ཡིན་པརདགའ་བསུ་ཞུ།

    Reply
  13. འཁྱམས་པོ། says:
    ལོ་ 13 སྔོན།

    ཧ་ཅང་གིས་ཡག་པོ་འདུག དེ་ལྟར་རྒྱ་རིགས་མི་མང་གི་རྟོགས་པ་སད་རྒྱུ་ནི་ང་ལ་ཆེས་གལ་ཆེན་པོ་རེད། འདི་ལྟ་བུ་ནི་ཡོན་ཏན་པ་ཞིག་གི་ཁྱད་ཆོས་རེད་ལ་འོས་འགན་ཡང་རེད། བློ་མཐུན་གནམ་ལོ་ཡག་ལགས་བཀའ་དྲིན་ཆེ།

    Reply
  14. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    སྐུ་ཞབས་གནམ་ལོ་ཡག་གིས་ལན་འདེབས་ཁ་གསལ་གཏིང་ཟབ་ཅིག་གནང་འདུག་པར་བཀའ་དྲིན་ཆེ་ཞུ།
    རང་སྲོག་མཆོད་མེར་བསྒྲོན་པའི་འོད་སྣང་འདིའི་གཟི་བརྗིད་དང་ནུས་པ་གཞན་ལས་ལྷག་ཚུལ་འདི་ནི་བདེན་པ་བརྡར་བའི་རྟེན་འབྲེལ་གྱི་བྱིན་མཐུ་ཡང་ལོས་ཡིན། རང་ཉིད་བློས་གཏོང་དང་གཞན་ལ་འཚེ་མེད་ཀྱི་ཞི་རྒོལ་བླ་ན་མེད་པ་འདི་འདྲར་ཡང་ད་དུང་ངན་བཤད་བྱེད་ཕོད་མཁན་དེ་དག་དམར་པོའི་ཆབ་སྲིད་ཀྱི་ལག་ཆ་རིགས་མིན་ན་རྨོངས་པ་རང་ཡིན་ཐག་ཆོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese