ཁ་སང་ཉིན་རྒྱབ་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག གནས་མཆོག་རྡོ་རྗེ་གདན་ཞེ་ཆེན་དགོན་པའི་མེ་ཏོག་ལྡུམ་རྭར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་ནས་ཕེབས་པའི་ཆོས་ཞུ་བ་གཙོ་བོར་གྱུར་བའི་རྡོར་གདན་དུས་དབང་ལ་ཕེབས་མཁན་སེར་སྐྱ་མི་མང་ལ་གཏམ་བཤད་ཅིག་གནང་སོང་།
སྐབས་དེར་ཚོགས་གཙོ་མཆོག་གིས་༧གོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་ཐུགས་འགན་མཚམས་འཇོག་གནང་སྟངས་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་དང་བོད་རྒྱའི་དཀའ་རྙོག་གི་གནས་བབ། དབུ་མའི་ལམ་གྱི་དགོས་དམིགས་སོགས་ངོ་སྤྲོད། མཇུག་ཏུ་མང་ཚོགས་ཀྱི་དྲི་བར་ལན་འདེབས་བཅས་གནང་སོང་།
ཐོག་མར་ཚོགས་གཙོ་མཆོག་གིས་ཕྱི་ལོ་ ༡༩༥༩ ལོར་ང་ཚོ་བཙན་བྱོལ་དུ་གྱར་དགོས་བྱུང་སྟེ་གནས་སྟངས་སྡུག་པོ་ཆགས་ཡོད་ཀྱང་། ཕྱོགས་གཞན་ཞིག་གནས་བལྟས་ན་ང་ཚོའི་ལུང་པ་ཤོར་ཏེ་༧གོང་ས་མཆོག་ཕྱི་རྒྱལ་ཏུ་ཞབས་སོར་བཀོད་པ་དེས་ད་ལྟ་འཛམ་གླིང་ཐོག་ཏཱ་ལའི་བླ་མ་ཟེར་ན་ཕལ་ཆེར་ངོ་མི་ཤེས་མཁན་མེད་པ་ལྟ་བུ་ཆགས་ཡོད་པ་དང་། ༧གོང་ས་མཆོག་གི་མཛད་འཕྲིན་དང་བཀའ་སློབ་ལམ་སྟོན་བརྒྱུད་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་ནང་ཆོས་དར་ཁྱབ་ཆེན་པོ་ཆགས་ཏེ། ལུང་པ་ཆུང་ཆུང་ཞིག་གི་དབུ་འཁྲིད་འཛམ་གླིང་ཐོག་ཀུན་གྱིས་བཀུར་ཞིང་རྗེས་སུ་ཡི་རངས་ཞུ་ས་ཞིག་ཆགས་ཡོད་པ། གལ་སྲིད་བོད་རྒྱའི་འོག་ཏུ་ཤོར་མེད་ན། གཅིག་བྱས་ན་༧གོང་ས་མཆོག་ད་ལྟ་པོ་ཏ་ལ་དང་ནོར་བུ་གླིང་ཁ་གཉིས་བར་ལྷག་ཡོད་སྲིད་སྐོར་གསུངས་སོང་།
དེ་བཞིན་དེང་སྐབས་རྒྱ་གཞུང་གིས་དམིགས་ཡུལ་ལྡན་པའི་ཐོག་ནས་བོད་པའི་འབྲོག་པ་མང་པོ་ཞིག་གྲོང་རྡལ་ཅན་དུ་བསྒྱུར་ཏེ་གཞོན་སྐྱེས་མང་པོ་ལས་མེད་ཆགས་པ་དང་། ཆང་དང་ཐ་མག་ལ་རོལ་བ། རྒྱན་འཛུགས་ཤོ་རྒྱག་སོགས་ཁྱབ་གདལ་ཆེན་པོ་ཆགས་ཏེ། རེ་ཟུང་གིས་རྒྱན་འཛུགས་ཤོ་རྒྱག་གིས་རྒྱུ་དངོས་རྫོགས་ཏེ་འཁོན་འཛིང་བྱེད་པ་སོགས་གནས་སྟངས་ཐབས་རྡུགས་སྣ་ཚོགས་འབྱུང་བཞིན་ཡོད་པ་དེ་དག་ནི། རྒྱ་ནག་གི་སྲིད་ཇུས་ངན་པའི་དམིགས་ཡུལ་སྒྲུབ་བཞིན་ཡོད་པས་དེ་ལ་དགོངས་པ་བཞེས་དགོས་ཚུལ་གསུངས་སོང་།
ཡང་ཚོགས་གཙོ་མཆོག་གིས་ཕྱི་རྒྱལ་ཁག་གི་བོད་པ་ཚོར་ཆེད་དམིགས་ཀྱིས་དེང་སྐབས་རྒྱ་གར་ནང་བོད་པ་ ༡༠༠༠༠༠ ལྷག་དང་། བལ་ཡུལ་དུ་བོད་མི་ ༢༠༠༠༠ ། འབྲུག་ཡུལ་དུ་བོད་མི་ ༢༠༠༠ ། ཡུ་རོབ་ཁུལ་དུ་བོད་མི་ ༡༠༠༠༠ ལྷག ཨ་རི་དང་ཁེ་ན་ཌ་གཉིས་ནང་བོད་མི་ ༣༠༠༠༠ ལྷག་བཅས་ཁྱོན་བཙན་བྱོལ་ནང་བོད་པ་ ༡༥༠༠༠༠ ཡས་མས་ཡོད་ཅིང་། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པ་ཚོས་ལས་ཀ་དང་འཚོ་བའི་དགོས་མཁོ་གལ་ཆེན་དུ་བརྩིས་ཏེ། སོ་སོའི་ཕྲུ་གུར་བོད་ཡིག་བོད་སྐད་མ་བསླབས་པ་དང་། བོད་པའི་བག་ཆགས་འཇོག་མ་ཐུབ་པའི་དབང་གིས་བོད་པའི་ངོ་བོ་རླག་བཞིན་ཡོད་པའི་གནས་སྟངས་ཉེན་ཁ་ཅན་ཞིག་ཡོང་གི་ཡོད་ཚུལ་གསུངས་སོང་།
ཚོགས་གཙོ་མཆོག་གིས་མུ་མཐུད་དུ་༧གོང་ས་མཆོག་གིས་བོད་པའི་ཆབ་སྲིད་ཀྱི་ཐུགས་འགན་མཚམས་འཇོག་གནང་ཏེ། ལོ་ངོ་ ༣༦༩ འཁོར་བའི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་མཚམས་བཞག་སྟེ་དམངས་གཙོ་ཚད་ལྡན་ཞིག་ཏུ་སྐྱོད་ཡོད་ཅིང་། སྤྱིར་༧གོང་ས་མཆོག་ལ་ལྔ་བཅུ་ང་གྲངས་ནས་བོད་པའི་སྲིད་བྱུས་བཅོས་བསྒྱུར་གྱི་ཐུགས་འདུན་ཡོད་ཀྱང་ལེགས་འགྲུབ་བྱུང་མེད་པ་དང་། བོད་པ་བཙན་བྱོལ་དུ་འབྱོར་མ་ཐག་ ༡༩༦༠ ལོའི་ཟླ་ ༩ ཚེས་ ༢ ཉིན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཙུགས་ཤིང་། ༡༩༦༡ ལོར་དམངས་གཙོའི་རང་བཞིན་ལྡན་པའི་བོད་པའི་རྩ་ཁྲིམས་ཟིན་བྲིས་གསལ་བསྒྲགས་བསྐྱངས་པ། བརྒྱད་ཅུ་གྱ་གྲངས་ནང་བོད་པར་སྲིད་བློན་དགོས་མིན་དང་། གྲོས་ཚོགས་གོང་འོག་དགོས་མིན། ཆབ་སྲིད་ཚོགས་པ་དགོས་མིན། སྤྱི་འཐུས་མང་དུ་གཏོང་དགོས་མིན་སོགས་ལ་གོ་བསྡུར་གནང་བ། དེ་བཞིན། ༡༩༩༡ ལོར་བཅའ་ཁྲིམས་གཏན་འབེབས་དང་། ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱས་ཏེ། ༧གོང་ས་མཆོག་གིས་ཁོང་ཕྱེད་བགྲེས་ཡོལ་ཡིན་གསུངས་ཤིང་། ད་ལོའི་ཕྱི་ཟླ་ ༣ པའི་ནང་བགྲེས་ཡོལ་ཆ་ཚང་གི་ངོ་བོའི་ཐོག་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་སུ་མཚམས་འཇོག་གནང་པ་དེ་བླ་མ་གཅིག་དང་བླ་བྲང་གཅིག་གིས་གཞུང་འཛིན་རྒྱུའི་དུས་ཚོད་ཡོལ་ཟིན་པ་དང་། མ་འོངས་པར་གནས་སྟངས་གང་འདྲ་བྱུང་ཡང་དཀའ་ངལ་མི་འཕྲད་ཆེད་ཡིན་ཚུལ་སོགས་གསུངས་སོང་།
ཚོགས་གཙོ་སྤེལ་པ་ཚེ་རིང་མཆོག་གིས། “ ད་ལྟའི་བཀའ་བློན་ཁྲི་པ་འདི་གཞུང་གི་འགན་འཛིན་རེད། ད་ལྟ་ང་ཚོར་རྒྱལ་ཁབ་ཀྱི་དབུ་འཁྲིད་ཡོད་པ་མ་རེད། ཆེད་མངགས་མེད་པ་བཟོས་པ་རེད། མ་འོངས་པར་འགྱུར་བ་ག་འདྲ་ཞིག་གཏོང་མིན་དེ་བོད་དུ་ལོག་རྒྱུ་བྱུང་ན་ཐག་གཅོད་མཁན་ཁྱེད་རང་ཚོ་རེད། ང་ཚོ་རྒྱ་གར་དང་ཕྱི་རྒྱལ་ཁག་ནས་སྐྱེས་བ་དག་གིས་འདི་དང་དེ་ཟེར་ནས་བཤད་ན་ཏག་ཏག་བསྡད་ཡོད་པ་མ་རེད། ༧གོང་ས་མཆོག་གི་དགོངས་གཞི་ཡང་དེ་རེད ” ཅེས་གསུངས་ཏེ་དབུ་མའི་ལམ་གྱི་སྐོར་ངོ་སྤྲོད་གནང་བ་ལྟར་ན། བོད་མིའི་སེམས་སུ་སྡུག་བསྔལ་མང་པོ་ཞིག་ཡོད་ཀྱང་། བོད་པའི་དཀའ་རྙོག་སེལ་རྒྱུར་རྒྱ་ཆེ་ས་ནས་བསམ་བློ་གཏོང་དགོས་ཤིང་། རྒྱལ་སྤྱིའི་འགྱུར་བ་དང་རྒྱ་ནག་གི་གནས་བབ། བོད་ནང་གི་དཀའ་ངལ་བཅས་ཕྱོགས་ཡོངས་ལ་ཞིབ་ཚགས་ཀྱིས་བལྟས་ཏེ། བོད་པའི་དཀའ་ངལ་སེལ་རྒྱུར་རྒྱ་ནག་དང་སྐད་ཆ་མ་བཤད་ན་ཡོང་ཐབས་མེད་པ་དང་། རྒྱ་ནག་དང་སྐད་ཆ་བཤད་རྒྱུར་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་གི་ཐོག་ལ་བསམ་བློ་གཏོང་དགོས་པ། རྒྱ་ནག་གི་སེམས་འཚབ་ཆེ་ཤོས་རྒྱ་ནག་གོང་བུ་གཅིག་གྱུར་འཐོར་རྒྱུ་དེ་དང་། བོད་མིའི་སེམས་འཚབ་ཆེ་ཤོས་བོད་ནང་རྒྱ་མིས་ཁེངས་ཏེ་བོད་པའི་ཁོར་ཡུག་དང་ཆོས་དང་རིག་གཞུང་གིས་མཚོན་པའི་མི་རིགས་ཀྱི་ངོ་བོ་རྩ་རླག་ཏུ་འགྲོ་བཞིན་ཡོད་པ་དེ་ཡིན་སྟབས། རྒྱ་ནག་གོང་བུ་གཅིག་གྱུར་ལ་མི་གནོད་པ་ཞིག་དང་། བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐུབ་པ་ཞིག་གི་ཐོག་བསམ་བློ་བཏང་སྟེ། དབུ་མའི་ལམ་བརྒྱུད་བོད་པའི་རང་སྲིད་རང་སྐྱོང་ཐོག་ཤུགས་རྒྱག་རྒྱུ་གལ་ཆེན་ཡིན་པ། གལ་སྲིད་བོད་རང་བཙན་བརྩད་ན་རྒྱ་ནག་གཞུང་དམངས་ཀྱིས་མོས་མཐུན་ཡོང་རྒྱུ་ཕར་ཞོག་རྒྱལ་སྤྱིའི་ཐོག་ནས་ཀྱང་རྒྱབ་སྐྱོར་མེད་པ་ཆགས་ཏེ་ང་ཚོར་ཁེ་རྐྱང་དུ་ལྷག་རྒྱུའི་ཉེན་ཁ་ཡོད་ཚུལ་བཅས་གསུངས་སོང་།
བོད་རྒྱའི་བར་འབྲེལ་མོལ་ཐེངས་ ༩ ཙམ་བྱས་ཀྱང་གྲུབ་འབྲས་མ་སོན་པ་དེ་རྒྱ་གཞུང་ལ་བོད་དོན་འགྲིག་འཇགས་ཀྱི་འདུན་པ་མེད་པས་ཡིན་པ་དང་། ད་ལོའི་བཀའ་ཁྲི་འོས་འདེམས་སྐབས་སྔོན་འགྲོའི་འོས་བླུགས་མ་ཐག རྒྱ་གཞུང་གིས་བཀའ་བློན་ཁྲི་པ་སུ་ལ་འཐོབ་རྒྱུ་ཡིན་པ་ཤེས་ཏེ། བློ་བཟང་སེང་གེ་དྲག་སྤྱོད་པ་རེད་ཟེར་བའི་ཉེས་འཛུགས་བྱས་པ་དེ་རྒྱ་གཞུང་གིས་བཀའ་ཁྲི་གསར་པར་འབྲེལ་བ་གནང་འདོད་མེད་པའི་གྲ་སྒྲིག་ཡིན་ཚུལ་གསུངས་སོང་།
ཡང་ཚོགས་གཙོ་མཆོག་གིས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེའི་སྐོར་ལ། “ གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་བར་དབྱེ་བ་ཤུགས་ཆེན་པོ་ཞིག་འབྱེད་དགོས་པ་གལ་ཆེན་པོ་རེད། གཞུང་འབྲེལ་མིན་པའི་ཚོགས་པ་དེ་ཚོར་ལངས་ཕྱོགས་ཁ་ཁ་ཡོད་ཆོག་གི་རེད། བཙན་བྱོལ་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་དགུ་བཅུ་གསུམ། སློབ་ཕྲུག་ཚོགས་པ་སོགས་ཀྱིས་རང་བཙན་དགོས་ཟེར་གྱི་ཡོད་པ་རེད། ང་རང་གི་ལྟ་སྟངས་བྱས་ན་ཚོགས་པ་འདི་དག་གིས་རྒྱ་གཞུང་གིས་དབུ་མའི་ལམ་ལ་ཡ་ལན་མ་སྤྲད་པར་ཨུ་ཐུག་སྟེ་ལངས་ཕྱོགས་གཞན་ཞིག་གི་སྟེང་ལ་ཤུགས་རྒྱག་དགོས་པའི་བསམ་ཚུལ་འཛིན་གྱི་ཡོད་པར་མཐོང་སོང་། འོན་ཀྱང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཟེར་བ་འདིས་རྒྱལ་ཁབ་ཀྱི་འགན་འཁུར་དགོས་ཀྱི་ཡོད་པ་མ་རེད། དེར་བརྟེན་ཁོང་ཚོའི་བསམ་བློ་གཏོང་སྟངས་དང་ལས་ཀ་བྱེད་སྟངས་ལ་ཁྱད་པར་ཆེན་པོ་ཡོད། གཞུང་གི་འགན་འཁུར་མཁན་ཞིག་ཡིན་ན་དངོས་ཡོད་གནས་སྟངས་མང་པོ་ཤེས་ཀྱི་ཡོད། ལངས་ཕྱོགས་གང་འདྲ་ཞིག་དང་སྲིད་བྱུས་གང་འདྲ་ཞིག་གཏན་འབེབས་བྱས་ཀྱང་འཕྲལ་ཕུགས་རྒྱང་གསུམ་ལ་བསམ་བློ་བཏང་སྟེ་གནང་ཡོད། དེར་བརྟེན་དབུ་མའི་ལམ་གྱི་འཐབ་ལམ་ལ་བརྟེན་ཏེ་རང་སྲིད་རང་སྐྱོང་ཐོག་ཤུགས་རྒྱག་གི་ཡོད་པ་འདིར་གནས་ལུགས་རྒྱུ་མཚན་དང་། དགོས་མཁོ་རྒྱབ་ལྗོངས་མང་པོ་ཡོད ” ཅེས་གསུངས་སོང་།
མཇུག་ཏུ་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་ལས་འགུལ་ཁང་དེ་ངོ་སྤྲོད་མདོ་བསྡུས་དང་བཅས་གཏམ་བཤད་གནང་མཁན་དང་ཟུར་ཉན་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཏེ་ལས་རིམ་གྲུབ་སོང་ལ། སྐབས་དེར་བོད་ནས་ཕེབས་མཁན་མང་པོ་ཞིག་གིས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་ཕྱག་འཇུ་བྱེད་པ་དང་མགོ་བོགཏུག་པ། མིག་ཆུ་འདོན་པ་སོགས་བྱས་ཏེ་ཚ་ཚ་འུར་འུར་ཞིག་བྱུང་སོང་།
གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས། གནས་མཆོག་རྡོ་རྗེ་གདན་ནས་སྤེལ།
ཚོགས་གཙོའི་གཏམ་ལ་ཤར་ཕྱོགས་ཁུག་རྟས་གསལ་འགྲེལ་བྱས་འདུག་པས། ད་ནི་དོན་དག་ལ་འཇུ་མཁན་ཞིག་མིན་དུས་འུར་རྒྱག་གི་ཡོང་རྒྱུར་དཀའ་ཚོད་གདའ།
དུས་བབ་ལགས ད ཆ འགན་འཁུར་བའི་དུས་ལ་བབ་འདུག
ཆོས་ཞུ་བ་་་ཟེར་དེར་མིང་དེ་འདྲ་སྤྱོད་བཅུག་ན་མི་ལེགས་སྙམ
༡༽ སྒེར་བ་ཞིག་གིས་སྤྱི་བའི་མིང་སྤྱད་ནས་སོ ཞིག་སྒྲ་ཙམ་ཡང་མེད་པ་ནི་ཧམ་ཆེན་ཡིན་རྟགས་རེད. མ་གཞི་ནས་ཁ་རང་གི་བསམ་ཚུལ་དེ་ཆོས་ཞུ་བའི་བསམ་ཚུལ་དུ་སྒྲིག་ག་ལ་རུང
༡༽རྫུན་གྱིས་མགོ་སྐོར་གཏོང་ལང་ལ་ཤོར་མཁན་ཞིག་ཏུ་འདོད་དེ. བཙན་བྱོལ་བོད་མིའི་བཅའ་ལས་དྲེང་བ་ནི ཀློག་པ་བོ་འགའ་རེས་བདེན་པར་བསམ་ཡོང་བའི་རེ་སྟོང་གིས་ཆེད་མངགས་དྲེང་བ་ཞིག་ཏུ་འདོད་དོ།།
ཤར་ཕྱོགས་ཁུག་རྟའི་གསུངས་ལ་རྒྱུ་མཚན་འགའ་ཞིག་འདུག་གོ།
བཅའ་ཁྲིམས་བཟོ་བཅོས་བརྒྱུད་རིམ་དང་བཅས་ལ་བརྟག་དགོས་ཀྱི་འདུག བཅའ་ཁྲིམས་ངེས་པར་དུ་བཅོས་དགོས་ཤིག་ཐུག་པ་ཡིན་ན། དམངས་གཙོ་ཀ་བ་གསུམ་བཅོས་མ་དགོས་པ་ཡ་རེ་མཚན། གཞན་གྱི་གནོན་ཤུག་འོག་ནས་བཅའ་ཁྲིམས་འགྱུར་བ་བཏང་ཡང་། བོད་ནས་ཆོས་ཞུ་བ་རྣམས་ལ་སྤེན་ཚེས། ད་ལྟ་གཞུང་ལ་དབུ་འཁྲིད་ཡོད་པ་མ་རེད། ཆེད་མངགས་མེད་པ་བཟོས་པ་རེད་ལབ་དགོས་དོན་མེད། དེ་ང་ཚོས་རྐང་བཙུགས་ནས་དང་།བཅོས་འདོད་ནས་བཅོས་པ་ཞིག་མིན་པར་གཞན་གྱིས་གནོན་ཤུགས་ཡིན་པ་བདེན་ན། དེ་ནི་བྱ་དཀའ་བྱེད་དེད་དང་འུ་ཐུག་ཐབས་ཟད་ཀྱི་སྡུག་འོག་ནས་བཅོས་བ་ཡིན་པ་ཁས་ལེན་པ་ལས། ཁ་ཤོའི་མིང་ལ་གཡང་སྐྱབས་བཏགས་པས་ཅི་ཡོང་ངོ་།།
ང་ཚོ་མི་དམངས་ཡོངས་ཀྱིས་བཙན་བྱོལ་གཞུང་འདི་བོད་ཕྱི་ནང་གཉིས་ཀྱི་ཚབ་མཚོན་ནུས་པའི་གཞུང་དངོས་ཡིན་པ་ངོས་ལེན་དང་། དེའི་དབུ་འཛིན་ནི། ས་ཡ་དྲུག་གི་དབུ་ཁྲིད་ཡིན་པ་ངོས་ལེན་དང་། དམངས་གཙོ་ཀ་བ་གསུམ་ཡང་མཚན་ཉིད་ཚང་བའི་དམངས་གཙོ་ཀ་བ་ཡིན་པ་ངོས་ལེན་དེ་ཇི་སྲིད་རང་དབང་དང་། ཡང་ན་རང་བཙན་མ་ཐོབ་བར་འདོར་འོས་མེད་ཅེས་འུར་གྱི་ཡོད་པ་མ་རེད་དམ།
སྔོན་ཞིག་ལ་ཟམ་ལྡོངས་རིན་པོ་ཆེས། མིང་བརྗེ་བ་ཙམ་མ་གཏོགས་དོན་དེར་འགྱུར་བ་བཏང་ཡོད་པ་མ་རེད། ཟེར་བ་དེ་ཁས་ལེན་གྱི་ཡིན་ནམ། གལ་སྲིད་ཁས་ལེན་ན་མིང་ཙམ་བོད་མིའི་སྒྲོག་འཛུགས་ཡིན་ཡང་དོན་ལ་གཞུང་དངོས་གནས་ཤིག་གི་གོ་ཚབ་ཡོད་དུས། འགན་འཛིན་ཟེར་བ་མིང་ཙམ་མ་གཏོགས་སྲིད་སྐྱོང་ངམ་དབུ་འཁྲིད་ཡིན་པ་ཁས་ལེན་དགོས། སྐབས་ཞིག་ནས་ཟེར་སྲོལ་ལ་བཅའ་ཁྲིམས་འགྱུར་བ་བཏང་དགོས་དོན་དེ། སྤེན་ཚེས་སྐུ་སྒེར་ཡིག་ཚང་ལ་ཁ་པར་ཕུལ་ཡོད་ཚོད་ཅིག་འདུག རྗེས་སུ་དེའི་སྐོར༧ གོང་ས་མཆོག་དང་འབྲེལ་བ་གང་ཡང་མེད་ཚུལ་ཞིག་ཀྱང་འདུག གང་ལྟར་དེ་སྤེན་ཚེ་དང་འབྲེལ་བ་ཧ་ཅང་ཆེན་པོ་འདུག དེ་དག་སྤེན་ཚེའི་བྱ་ལག་དང་སྒེར་གཅོད་པ་དག་གི་ཆོ་འཕྲུལ་ཁོ་ན་མིན་པར་སྨོན། མི་དམངས་ཚོགས་ཆེན་སྐབས་སུ་མ་གྲོས་བསམ་པ་གཅིག་མཐུན་དེ་བོད་གཞུང་མེད་པ་བཟོ་འདོད་མེད་པ་དེ་རེད། དེའི་སྐོར་རྒྱས་ཙམ་ཞིག་རྗེས་སུ་འགོད་ཀྱི་ཡིན་ནོ།།
ཟླ་བ་དབང་ཕྱུག་ཟེར་བ་འདི། ཅི་འདྲིའི་ཞེ་ནག་ཞིག་རེད། ཁོས་ང་ལ་དུག་སྤྲད་བའི་གོ་སྐབས་རག་ན་སྤྲད་མིན་ཐེ་ཚོམ་མི་འདུག དྲག་ལས་མཐུ་གཏད་ཀྱི་བསམ་བློ་དེ་ཁྱེད་ལ་སུས་བསླབ་མཁན་ཨབ་ཕྲུག་མོ་སྟོན་ཕག་མགོ་རེད་དམ། ཁྱེད་ཀྱིས་ས་ཏོ་བ་ལ་མཐུ་གཏོང་བཅུག་སྟེ་ང་སྒྲོལ་ཅིག བསྒྲལ་མ་ཐུབ་ན་སྤེན་ཚེ་རྗེས་འབྲང་བཅས་ཞབས་འདྲེན་གྱུར་ལས་ཆེ།
ཁྱེད་ཀྱིས་འཇིགས་སྐུལ་ཅི་འདྲ་གནང་ནའང་། ངའི་སྨྲ་བརྗོད་རང་དབང་དུས་ནམ་ཡང་འགོག་ཐུབ་ཀྱི་མ་རེད། གོང་དུ་ཁྱེད་དང་རྩོད་ན་དུས་ཚོད་ཆུ་ཟོས་ལས་མི་འདུག་ཅེས་བཀོད་མོད། ཡིན་ནའང་། འཇིགས་སྐུལ་ལ་ཡ་ལན་གང་ཡང་མེད་ན། རྗེས་སུ་ཁྱེད་ཀྱིས་གཞན་ལའང་འཇིགས་སྐུལ་བྱེད་རྒྱུར་སྐྱག་ལངས་ཤོར་ཉེན་ཆེ།
ཁྱེད་དང་ཁྱེད་ཀྱི་ཕྱོགས་གཏོགས་ཀྱི་ལྷ་འདྲེ་མི་གསུམ་སུས་ཀྱང་ངའི་ལུས་ཀྱི་བ་སྤུ་ཙམ་ཡང་སྒུལ་ནུས་དོགས་མེད། གདུག་སེམས་མི་ཞུ་ན་ཅི་འདོད་གྱིས་ཤོག སྙིང་རྗེའི་ཡུལ་ལས་མི་འདུག་གོ།
གཞི་རྩའི་བཅའ་ཁྲིམས་ཇི་ལྟར་ལེགས་བཅོས་གནང་སྟངས་ཀྱི་བཀའ་སློབ་༸གོང་ས་མཆོག་ནས་བཀའ་ཡིག་གནང་ཡོད་པ་རེད། མ་གཞི་ནས་གྲོས་ཚོགས་ཀྱི་མང་མོས་དང་ཆེས་རྩ་འབོད་གྱི་གསུམ་ཆ་གཉིས་ཡན་གྱི་མང་མོས་ཅི་རིགས་ཀྱིས་གཏན་འབེབས་གནང་དགོས་པས། རྒྱ་དམར་ལྟར་གྱི་སྲིད་དབང་སྒེར་གཅོད་ཀྱི་གནོན་ཤུགས་དང་གཡོ་ཐབས་ཤིག་འབྱུང་ས་མེད་པ་རེད།
ཆོས་ཞུ་བས། ཞིབ་འཇུག་ཡག་པོ་བྱས་ནས། གནས་ཚུལ་གསལ་རྟོགས་ཐུབ་པའི་རེ་བ་ཡོད། གནས་ཚུལ་འདི་རིགས་བོད་ནས་ཕེབས་པའཌྷི་ཆོས་ཞུ་བ་ཚོར་ཁ་གསལ་གཏིང་གསལ་གྱི་གོ་བརྡ་འཕྲོད་རྒྱུ་ཧ་ཅང་གལ་ཆེ། ང་ཚོས་འདིར་ཤེས་མ་ཤེས་དང་གོ་ལོ་ཐོས་ལོ་དག་གིས་མཆན་བཀོད་ན་མི་འོས།
བཀའ་དྲིན་ཆེ་ལྷ་མོ་སྐྱབས་ལགས།
ངས་གོ་ཐོས་བྱས་ན་བཅའ་ཁྲིམས་གསར་པ་དེར་སྤེན་པ་ཚེ་རིང་སོགས་མི་ཁག་གཅིག་གིས་བཟོས་པ་ལས་བཙན་བྱོལ་མི་དམངས་ཀྱིས་ངོས་ལེན་ཡོད་པའི་བཅའ་ཁྲིམས་རེད་མི་འདུག་པས་ངས་ཀྱང་བཅའ་ཁྲིམས་གསར་པ་དེ་ལ་ངོས་ལེན་བྱེད་ཀྱི་མིན།
དབུ་འཁྲིད་མེད་པ་བཟོས། གཞུང་མེད་པ་བཟོས། ཆེད་མངགས་མེད་པ་བཟོས་པའི་བཅའ་ཁྲིམས་སུ་གཞི་ལུས་མི་དམངས་ཀྱིས་ཀྱང་ཁས་ལེན་གྱི་མ་རེད།
བཅའ་ཁྲིམས་གསར་བར་དབུ་ཁྲིད་ཀྱི་གནས་བབ་མ་གསལ་བ་དཔལ་ལྡན་ཚོགས་གཙོ་མཆོག་ཁྲིམས་བདག་ཡིན་པའི་ཆ་ནས་མཁྱེན་ཡོད་པ་རེད་ལ། དོན་དངོས་པོར་བཅའ་ཁྲིམས་ལ་མཇལ་དུས་ཀྱང་དོན་དངོས་དེ་ག་རང་རེད། འདི་ནི་རླུང་གིས་འཁུར་བ་ཚོ་དང་རླུང་ལ་བསྐུར་རྒྱུར་དགའ་མཁན་མཐོ་དམའ་གཉིས་ཀ་གཡམ་རྒྱུགས་བྱས་དྲགས་ནས་གནད་འགག་ཅིག་བཀའ་གནང་བ་མིན་འགྲོ བཀའ་བློན་ཁྲི་པ་བཙན་བྱོལ་བོད་མིའི་ཆབ་སྲིད་དང་འཛིན་སྐྱོང་གི་དབང་ལྡན་འགན་འཛིན་རེད། བཀའ་ཁྲི་སྔོན་མ་ལས་རྗེ་བློན་ལྷན་རྒྱས་དང་བཀའ་ཤག་ལྷན་རྒྱས་གནད་དོན་ཆེ་རིགས་སྐབས་༧གོང་ས་མཆོག་ཡོད་ཡོད་པ་དེ། ད་ལྟ་བཀའ་ཁྲིས་ཐད་ཀར་འགན་ཁུར་ནས་ཐག་བཅད་དེ་འགྲོ་ཆོག་པའི་ཧེ་བག་ཙམ་ལས། སྲིད་སྐྱོང་པའི་མཚན་གནས་ཁྲིམས་བཟོ་ལྷན་ཚོགས་ཀྱིས་གནང་མེད་པ་རེད། དེ་ནི་གཅིག་ནས་རྒྱལ་ཁབ་ཀྱི་བདག་དབང་མ་ཤོར་གོང་དང་། ༧རྒྱལ་བ་ཞལ་མ་བཞུགས་པའི་སྐབས་ཀྱི་རྒྱལ་ཚབ་བམ། ཡང་ན་༧རྒྱལ་བ་ནར་མ་སོན་པ་སོགས་ཀྱི་སྐབས་སུ་འཇོག་སྲོལ་དར་བ་ཞིག་ལས། དེ་ཙམ་མང་མང་གིས་འཁྲེང་ཞེན་ཆེ་མདོག་བྱེད་དགོས་པའི་མིང་དོན་ལྡན་མིན་ཕྲན་པ་ཐེ་ཚོམ་ཆེ་ལ། སྤྱིར་བཏང་ལས་སླ་བོར་ཞུས་ན། སྲིད་སྐྱོང་པ་ཞེས་པའི་ཚིག་འདི་ཁ་བྲོ་བོ་དང་བག་ཕེབས་པོ་རང་གདའ་ཡིན་མདོག་མེད་པས། གླེན་ཤེད་ཅན་རྣམས་རླུང་གིས་མ་གཡུག་པར་རང་ངོས་ནས་བསམ་བློ་ཚུགས་ཐུབ་ཅན་གཏོང་རྒྱུ་ཤིན་ཏུ་གལ་ཆེན་རེད།
གཉིས་ནས། དངོས་ཡོད་གནས་བབ་ཀྱི་གནམ་འོག་ནས་འཚོ་གནས་བྱེད་དགོས་ཀྱི་ཡོད་ཙང་། བོད་གཞུང་གིས་མཚན་དང་བཅས་པ་བརྗེ་བོ་བརྒྱབས་པ་རེད། དེ་ལ་འདོད་མ་འདོད་མཁན་མང་པོ་རེད། ཡིན་ནའང་། རྒྱུ་མཚན་གྱི་ཕུ་ཐག་སུ་རིང་བ་ཡིན་མིན་གསལ་བོ་ཆགས་ཟིན་པ་ལྟ་བུ་རེད། དེའི་འོག་ནས་རྒྱལ་ཁབ་ཀྱི་དབུ་ཁྲིད་ཟེར་བའི་ཚིག་ཅིག་ཟུར་དུ་ཐོན་སྟངས་མེད་པ་རེད། ང་ཚོའི་འཐབ་རྩོད་ཀྱི་གནས་བབ་དང་ནུས་ཤུགས་ལ་བརྟེན་ནས་ང་ཚོས་རང་གཞན་གཉིས་དང་འཚམས་པའི་མིང་ཞིག་འདོག་རྒྱུ་རང་ངོ་ཟིན་པའི་ལས་ཀ་བྱེད་སྟངས་རེད། ད་ལྟ་ང་ཚོ་བཙན་བྱོལ་ནང་གི་འཐབ་རྩོད་ཀྱི་ནུས་བ་འདི་འཆི་བ་ལས་གྲོལ་ཟིན་པ་ཞིག་གཏན་ནས་མ་རེད། ལྷག་པར་ཚོར་སྣང་དང་ཚོད་དཔག་མཆོག་ཏུ་འཛིན་པའི་ལས་གཉེར་བའམ་ཚོགས་སྡེ་དག་ལ་ཐད་ཀར་མི་རིགས་དེའི་འཆི་གསོན་གྱི་གཙོ་འགན་བཞེས་པའི་གནས་སྟངས་མེད་ཙང་། ཚོགས་གཙོ་མཆོག་གིས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་རྒྱལ་ཁབ་ཀྱི་འགན་མེད་ཅེས་པ་དེའང་དོན་ལ་གནས་པ་ཞིག་རེད། དཔེར་ན། བཀའ་ཁྲི་སུ་འདྲ་ཞིག་གི་སྐབས་སུ་ཁ་ཆག་སྣ་རིལ་བྱུང་མིན་ལ་མ་ལྟོས་པར། བོད་དོན་བོད་མི་ཚང་མར་རང་བཞིན་གྱིས་འཁྲི་ཡང་། གཙོ་བོ་སྐབས་དེའི་བཟང་ངན་གྱི་ངོ་སོ་གང་བྱུང་འགོ་ཁྲིད་ཀྱི་སྟེང་དུ་ཟགས་འགྲོ་བ་ནི་འཛམ་བུ་གླིང་གོར་གོར་འདིའི་ལུགས་སྲོལ་རེད། དེ་བས་རྣམ་པ་ཚོས་དུས་ཚོད་འཕྲོ་བརླག་ལ་གཏོང་ནའང་ཅུང་ཟད་དོན་གྱི་ཕྱོགས་སུ་གོམ་པ་རེ་ཨེ་རྒྱོབ་ལྟོས་ནས་གླེང་སློང་བྱས་པ་ཡིན་ན་ཡག་པོ་རེད།
ཆོས་ཞུ་བ་ལགས།
བཅའ་ཁྲིམས་རྙིང་པ་ལུང་འདྲེན་གྱིས་གོ་མི་ཆོད།
༡༽ བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད། ཅེས་པ། བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་བློ་གཏད། ཅེས་བཅོས་ཡོད།
ལེའུ་བཞི་བ། སྒྲིག་འཛུགས་ཀྱི་འགན་འཛིན།
༡༩༽ འགན་འཛིན་དབང་ཆ།
སྒྲིག་འཛུགས་ཀྱི་འགན་འཛིན་དབང་ཆ་བཀའ་བློན་ཁྲི་པ་ལ་ཡོད་ཅིང།
ཞེས་བཅོས་ཡོད་པས་འདིས་ད་ལྟ་དང་འབྱུང་འགྱུར་གྱི་བཀའ་ཁྲིའམ་སྲིད་སྐྱོང་བ་དག་གི་དབང་ཆད་དང་མཚན་གནས་ཐག་བཅད་ཡོད་པ་རེད།
རྣམ་པ་ཚོས་བསྐྱར་བཅོས་ཐ་མའི་བཅའ་ཁྲིམས་ལ་གཟིགས་ནས་བསམ་འཆར་གནང་རོགས།
ནམ་རྒྱུན་རུལ་དྲི་ངད་པའི་ཤ་ལ་འབུ་སྦྲང་བཞིན་བོད་སྤྱི་བའི་དོན་ཡིན་མདོག་མདོག་གིས་དྲྭ་རྒྱ་འདིར་འཁོར་བའི་དྲྭ་འབུ་རྣམས་ཐེངས་འདིར། ངེད་ཅག་བོད་ལ་དབུ་ཁྲིད་མེད་པ་དང་། དེ་ཆེད་དུ་བོད་པས་མེད་པ་བཟོས་པ་རེད་ཟེར་བའི་ཕ་བླ་ཚོང་བའི་སྐད་ངན་ཤོར་ས་ལ། དཔྱད་ཞིབ་ཙམ་ཡང་བྱེད་དུ་ཕེབས་མ་ཕོད་པའི་རྒྱུ་མཚན་དང་གནོད་ཤུགས་ཅི་འདྲ་ཞིག་འཕྲད་པ་ཡིན་ནམ། ང་ཚོའི་ཕོ་རྒོད་མོ་རྒོད་བོད་མདོ་སྟོད་སྨད་ལ་གནས་པས་། གླུ་ཚིག་ཟ་ཟེར་ཡན་ནས་ཐད་གྱིས་སྨྲ་བ་དང་ཟུར་ནས་འདོན་པས། བོད་ཀྱི་བདག་པོ་བོད་ཡིན། བོད་ཀྱི་དབུ་ཁྲིད་བོད་པ་ཡིན་ཟེར་གྱིན་འདུག དེ་དག་གིས་དེ་ལྟར་བརྗོད་པའི་ཚིག་རེས་རང་སྲོག་ཀྱང་ཤོར་ཉེས་ཡོད་ལ། ཚེ་བཙོན་ཚུད་ཉེས་ཧ་ཅང་གིས་ཆེ། འོན་ཀྱང་བདེན་པའི་འཐབ་བརྩོད་རང་སྲོག་བཙུག་ནས་རྩོད་ཀྱིན་ཡོད། རྒྱ་ནང་གི་ཤིན་ཅང་མི་རིགས་ཀྱིས་བོད་ལ་མགོ་ལེགས་པོ་ཤིག་ཡོད་ཀྱང་་ལུས་ནུས་མེད་ཡིན། ཤིན་ཅང་ལུས་སྟོབས་ཆེན་ཡིན་ཡང་དབུ་ཡག་པོ་མེད་པའི་རྐྱེན་ཀྱི་རང་དབང་ཐུབ་ཀྱི་མེད་ཟེར་ང་ཚོ་བོད་ལ་དབུ་ཁྲིད་ཡོད་པའི་ངོས་འཛིན་ཡོད། ང་ཚོ་བོད་ལ་དབུ་ཁྲིད་ཡོད་པ་དེ་ཆོས་ལུགས་ཀྱི་དབུ་ཁྲིད་འདུག་ཟེར་ཁྱོན་ནས་ལབ་ཀྱི་མ་རེད། ང་ཚོ་ལ་རང་དབང་འཐབ་རྩོད་བྱེད་མཁན་གྱི་དབུ་ཁྲིད་འདུག་ཟེར་གྱི་རེད།
དབུ་ཁྲིད་དེ་གོང་ས་སྐྱབས་མགོན་ཆེན་པོ་རེད། ཁོང་བོད་མིའི་དབུ་ཁྲིད་ལས་ཁ་ཞེ་གཉིས་མེད་ཀྱིས་དགོང་པ་ཞུ་བ་ཡིན་གསུང་ཡིག་ངག་གཉིས་ཀྱིས་ཕྱི་གསལ་ནང་གསལ་བྱས་ནས། ལོང་པ་ཞིག་ཡིན་འང་ཕལ་ཆེར་མཐོང་ཚོད། འོན་པ་ཞིག་ཡིན་འང་ཐོས་ཚོད་ཡིན་ལ། ད་ནི་བོད་མིའི་དབུ་ཁྲིད་བོད་མིས་གདམས་དགོས་རེད་གསུང་བོད་མི་མང་ལ་འགན་ཡོངས་རྫོགས་མར་གནང་ནས། བོད་ཕྱི་ནང་གཉིས་ཀྱི་ཚབ་མཚོན་ནུས་ཀྱི་མདོ་སྟོད་སྨད་དབུས་གཙང་མངའ་རིས་བཅས་པས་མང་མོས་འོས་ཐོབ་སྟེ། སེང་གྷེ་མིང་ཅན་གྱིས་སེང་གེ་རྒྱལ་དར་ཁྱེར་ནས་བོད་ཀྱི་དབུ་ཁྲིད་གོང་ས་མཆོག་གི་སྲིད་དབང་གི་གོ་སར་སྲིད་སྐྱོངས་མཚན་གནས་བཞེས་ནས་བོད་ཀྱི་དབུ་ཁྲིད་ལོ་རྒྱུས་ལ་བྱུང་མྱོང་མེད་པ་ཞིག་བྱུང་བ་དེ་དུས་རིང་པོ་ཞིག་མིན། བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་མེད་པ་དེ་བོད་ཀྱིས་ཆེད་དུ་བཟོས་པ་ཞིག་ལར་ནས་མིན། བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་མེད་པ་བཟོ་མཁན་དེ་བོད་རྒྱལ་ཁབ་མེད་པ་བཟོ་མཁན་དེས་བཟོས་པ་རེད། ཀླད་སྟོང་རེད་འདུག་ཞུ་དགོས་པའི་རྒྱུ་མཚན་འདི་རྣམས་ཀྱིས་འདི་འདྲ་སྨྲ་བའི་རྒྱུ་མཚན་གྱིས་ཡིན།
བཀུར་འོས་ཆབ་བྲག་ལྷ་མོ་སྐྱབས་ལགས།
བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་་དོན་ཚན་གསུམ་པ་ལས། ཁྱབ་ཚད།
བཅའ་ཁྲིམས་འདིས་བཙན་བྱོལ་བོད་གཞུང་གི་མངའ་ཁུངས་སུ་གཏོགས་པའི་བོད་མི་ཡོངས་ལ་ཁྱབ་པ་ཡིན།་ཞེས་བཀོད།
དོན་ཚན་བཅུ་གསུམ་པ། ཡུལ་མིའི་ལས་འགན།
༡ བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད།
༢ བཅའ་ཁྲིམས་དང་། ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བཀུར་དང་། ཉམས་ལེན།
༣ བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་བརྩོན་བྱ་རྒྱུ།
ཞེས་བཀོད་འདུག་པས་ང་ཆོས་ཞུ་བ་ཞིག་གིས་ངོས་ནས་བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད་དང་བོད་རྒྱལ་ཁབ་ཀྱི་དབུ་འཁྲིད་ལ་ཡིད་ཆེས་བློ་གཏད་བྱེད་ཀྱི་ཡོད་ལགས།
སྐུ་ངོ་སྤེན་པ་ལགས་ཀྱིས་གསུངས་པ་ལྟར་ཡིན་ན་སུ་ལ་ཡིད་ཆེས་བློ་གཏད་བྱེད་དགོས་སམ། དབུ་འཁྲིད་མེད་པའི་བཅའ་ཁྲིམས་ཤིག་སུ་ཡི་མགོ་ཐོག་ཏུ་བཞག་གི་ཡོད་དམ།
སྐུ་ངོ་སྤེན་པས་བཀའ་སློབ་རྣམས་ཁྲིམས་མཐུན་མ་རེད་ཁྲིམས་འགལ་རེད། དམངས་གཙོ་ཡི་ཁྲིམས་ལུགས་འགལ་ཡོད་ལ་དམངས་སུ་གུས་བཀུར་མེད་པའི་ཁྲིམས་ལུགས་དང་འགལ་ཡོད།
བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད་མེད་པའི་ཁྲིམས་ལུགས་དང་འགལ་ཡོད། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཁྲིམས་ལུགས་དང་འགལ་ཡོད།
བསོད་ནམས་རྒྱ་མཚོ་མིང་ཅན་ལ། སྤྱིར་ན་ང་ལ་སྙིང་རྗེ་མི་འདུག་མ་དགོངས་རོགས། ཡིན་ཡང་མིང་རྫུན་འོག་གབ་སྟེ་བོད་མིའི་སྒྲིག་འཛུགས་ལ་རྒོལ་བ། མཐོ་རིམ་མི་སྣ་ལ་དམའ་འབེབས་མཐོང་ཆུང་། ཆོལ་ཁའི་བར་ལ་དཀྲུགས་ཤིང་བྱེད་སྟངས་འདིས་ཁྱོད་ཉིད་སྙིང་རྗེ་བསྒོམ་ཡུལ་དུ་འཇོག་ཐུབ་མ་སོང་།
རྒྱ་གར་ས་ཏོ་བ་ཞིག་ལ་གཏད་གཉེར་བྱས་ཡོད་པས་བདུན་ཕྲག་རེ་ཟུང་རྗེས་ནས་ལྟད་མོ་ལྟོས་ཨའ།
དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་ལས་འགུལ་དོན་སྙིང་ལྡན་གང་མང་ཞིག་མུ་མཐུད་སྤེལ་བཞིན་པར་བཀའ་དྲིན་ཆེ་ཞུ།
བཙན་བྱོལ་སྤྱི་ཚོགས་འདི་ཆུང་ན་ཆེ་ན་བཅའ་ཁྲིམས་ཤིག་གི་འོག་ན་ཡོད་པའི་བོད་མིའི་རང་དབང་འཐབ་རྩོད་ཀྱི་དམངས་གཙོའི་སྒྲིག་འཛུགས་ཤིག་ཆགས་པ་རེད། བཅའ་ཁྲིམས་ལས་དབང་ཅན་སུ་ཡང་མེད། དེ་བས་ཚོགས་གཙོའི་གསུང་བཤད་འདི་དག་བཅའ་ཁྲིམས་ཀྱི་དགོངས་དོན་དང་མཐུན་པཞིག་རེད། རང་རང་གི་བསམ་ཚུལ་གྱིས་ཀ་བ་གསུམ་པོ་ཇེ་རིང་དང་ཇེ་ཐུང་ལ་གཏོང་ཐབས་མེད་པ་རྟོགས་དགོས།
གལ་ཏེ་སུ་ཞིག་གིས་སྐྱོན་དང་ནོར་འཁྲུལ་མཐོང་ནས་ལེགས་བཅོས་སོགས་བྱེད་འདུན་ཡོད་ན། ཐོག་མར་གླེང་དགོས་པ་བཅའ་ཁྲིམས་ཉིད་ཡིན། དེ་བས་བདག་གིས་བཅའ་ཁྲིམས་ལེགས་བཅོས་གཏན་ཕབ་རྗེས་ལ་དེ་ཉིད་ངོ་སྤྲོད་དང་བཅས་པའི་བསམ་ཚུལ་མདོར་བསྡུས་ཤིག་བཤད་ཟིན་པ་དུས་བབ་དྲ་ངོས་སུ་བཀོད་ཡོད་པས་འདིར་བསྐྱར་དུ་མི་གླེང་ངོ།
ཧ་ཧ་ཧ། བཙན་བྱོལ་སྤྱི་ཚོགས་སུ་རྒྱའི་སོ་བ་རེད་ཅེས་པའི་ཞྭ་ནག་གཡོགས་སྲོལ་འདི་ཡོངས་གྲགས་སུ་གྱུར་ནས་དེང་སྐབས་ཞྭ་རྙིང་དེར་ནུས་པ་གང་ཡང་མེད། ཞྭ་དེ་གཡོགས་པར་རྒྱུ་མཚན་དང་ཁུངས་ལུང་མི་དགོས་པར་སུས་ཀྱང་གང་དྲན་དྲན་དུ་བཀོལ་རྒྱུུ་མང་དྲགས་པས་རེད་དོ།།
༡ དྲ་གྲོགས་ཟླ་བ་དབང་ཕྱུག་ལགས་ཀྱིས་ང་ལ། རྒྱའི་སོ་བ་དང་། ཚེ་ཐུང་། སྡུག་ཤི་བརྒྱབ། ལམ་འགྲོ་མེད་པར་ཤོག་སོགས་དམོད་བོར་ཕྱོགས་ལ་ཅིག་ལྟོས་དང་། ཅིའི་འདྲ་སྙིང་ནད་ཅིག་ཡོད་ཨང་སྙམ་པའི་ཚོར་བ་ཞིག་ངང་གིས་མི་སྟེར་རམ། ད་དུང་ཡང་། ཁྱོད་ཀྱིས་སྔགས་པ་འགའ་གདན་དྲངས་ནས་ང་ལ་བཟློག་ཆེན་ཞིག་ཐོངས། དེ་བཞིན་ཁྱེད་མི་དགའ་ས་ང་འདྲ་བ་དག་ལ་རིམ་བཞིན་མཐུ་གཏོར་རེ་གཡུགས། དེ་གས་ཁྱེད་ཚིམས་ཡོང་ངེས། ཧ་ཧ་ཧ། ཀློག་པ་པོ་རྣམས་ལ་གད་མོ་ཞིག་སློང་བ་ཡིན། དྲ་གྲོགས་ཟླ་བ་དབང་ཕྱུག་ལགས་ཅོལ་གཏམ་དེ་རེ་ཞིག་བཞག་ནས་སུམ་དག་ཅིག་སློབ་པར་སོང་ན་མཛའ། དེ་མིན་མདོ་སྨད་ཀྱི་རྐང་འདྲེན་པ་ཞིག་ཏུ་འགྱུར་ཉེན་ཆེའོ།།
རང་དང་བསམ་ཚུལ་མ་མཐུན་ཚེ་ཁ་རྡུང་གཏོང་རྒྱུར་གོམས་ལུགས་ལ་བལྟས་ན། སྒོར་ཟུར་ལྔ་ཅན་གྱི་མི་མིན་ནའང་བྱེད་ལས་དེ་དང་འདྲ་བར་སུ་འགྱུར་གྱིན་འདུག་དཔྱད་དགོས་ཆེ། ཁྱེད་དང་རྩོད་པ་དུས་ཚོད་ཆུད་ཟོས་ལས་མི་འདུག་གོ།
༢ དྲ་གྲོགས་བསྟན་འཛིན་ཆོས་རྒྱལ་ལགས། ལ་སྒྲ་དང་དྲུག་སྒྲ་ཞིབ་ཚགས་ཀྱིས་ཕྱེས་ཁུལ་ཡང་དོན་གྱི་འབབ་ས་གཅིག་ཡིན་པ་དེ་གོ་བར་གྱིས། ཁྱེད་ཉིད་ཕྱོགས་ལྷུང་གི་མུན་དོང་དུ་ཚུད་འདུག་པ་ཞིག་གིས་སྤེན་ཚེ་དཀར་སར་འདོན་ནུས་ཡོད་སྣང་འཆར་གྱི་མིི་འདུག་ལགས།
༣ དྲ་གྲོགས་རྐང་གསུམ་ལགས། འབྲེལ་མེད་ཀྱི་རྒྱུ་མཚན། ཞྭ་དཔེ་ལྷམ་འགེབས་ཀྱི་ཉོག་གཏམ་རིང་མོ། སྡང་ཟུག་ཚིག་གི་མཆེ་སྡེར་བགྲད་པ་སོགས་ནི་རང་ཉིད་ངལ་བའི་རྒྱུ་ཙམ་ལས་མ་མཆིས་པ་དང་ཁྱི་དོན་མེད་ཟུག་ཚད་ལ་རིག་པའི་རྡོ་ལོག་འཕེན་དགོས་ཆུང་བས་འཇོག་གོ།
༤ དྲ་གྲོགས་དཔྱོད་ལྡན་རིག་པའི་རལ་གྲི་ལགས་དང་། དྲ་གྲོགས་མི་ཉག་བཙན་པོ། དྲ་གྲོགས་བཀྲ་ཤིས་སོགས་ཀྱིས་མཆན་བུ་བཏབ་པ་གནད་དུ་འཁེལ་འདུག་པས་ངས་དེི་ལ་གསེར་གྱི་ཀ་བར་འཇག་མས་ལྷན་པ་རྒྱག་དགོས་མི་འདུག་པ་ནི་གཟུ་བོར་གནས་པའི་ཀློག་པ་པོ་རྣམ་པས་ལོས་རེ་མཁྱེན།
༥ ད་དུང་ཡང་། སྤེན་ཚེ་ལ་འདྲི་རྒྱུར། ཁྱེད་ཀྱིས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཟེར་བ་འདིས་རྒྱལ་ཁབ་ཀྱི་འགན་འཁུར་དགོས་ཀྱི་ཡོད་པ་མ་རེད། ཅེས་ཟེར། ཚོགས་པ་མ་ཟད་བོད་མི་སུ་འདྲ་ཞིག་ཡིན་ནའང་རང་གི་རྒྱལ་ཁབ་ཀྱི་འགན་སྣ་རེ་མ་མཐར་ལེན་ལོས་དགོས། ཅིའི་ཕྱིར་འགན་འཁུར་མ་དགོས་པ་རེད་དམ། ཚོགས་པ་ཁག་མི་ཉུང་བ་ཞིག་གིས་བོད་བདེན་པའི་རང་བཙན་དག་སྐྱེལ་སོགས་ལས་འགུལ་སྤེལ་བ་དག་རྒྱལ་ཁབ་ལ་འགན་འཁུར་བ་མ་རེད་དམ། བོད་ནང་དུ་རྩ་འཛུགས་ཁག་སོགས་ཀྱིས་མིས་རང་སྲོག་བློས་གཏོང་གིས་རླབས་ཆེའི་ཕྱག་ལས་གནང་བ་དག་ནི་རྒྱལ་ཁབ་ལ་འགན་མ་འཁུར་བ་རེད་དམ། དེས་ན་ལས་འགུལ་ཆེ་ཕྲ་གང་ཞིིག་སྤེལ་དང་སྤེལ་མུས་དེ་དག་སུས་ཆེད་དུ་རེད་དམ། དེ་དག་གིས་འགན་འཁུར་བ་མིན་པའི་སྐོར་ལ་གསལ་བཤད་ཅིག་གནང་རྒྱུར་སྒུག་ཡོད་དོ།།
ཧ་ཧ་ཧ། བཙན་བྱོལ་སྤྱི་ཚོགས་སུ་རྒྱའི་སོ་བ་རེད་ཅེས་པའི་ཞྭ་ནག་གཡོགས་སྲོལ་འདི་ཡོངས་གྲགས་སུ་གྱུར་ནས་དེང་སྐབས་ཞྭ་རྙིང་དེར་ནུས་པ་གང་ཡང་མེད། ཞྭ་དེ་གཡོགས་པར་རྒྱུ་མཚན་དང་ཁུངས་ལུང་མི་དགོས་པར་སུས་ཀྱང་གང་དྲན་དྲན་དུ་བཀོལ་རྒྱུུ་མང་དྲགས་པས་རེད་དོ།།
༡ དྲ་གྲོགས་ཟླ་བ་དབང་ཕྱུག་ལགས་ཀྱིས་ང་ལ། རྒྱའི་སོ་བ་དང་། ཚེ་ཐུང་། སྡུག་ཤི་བརྒྱབ། ལམ་འགྲོ་མེད་པར་ཤོག་སོགས་དམོད་བོར་ཕྱོགས་ལ་ཅིག་ལྟོས་དང་། ཅིའི་འདྲ་སྙིང་ནད་ཅིག་ཡོད་ཨང་སྙམ་པའི་ཚོར་བ་ཞིག་ངང་གིས་མི་སྟེར་རམ། ད་དུང་ཡང་། ཁྱོད་ཀྱིས་སྔགས་པ་འགའ་གདན་དྲངས་ནས་ང་ལ་བཟློག་ཆེན་ཞིག་ཐོངས། དེ་བཞིན་ཁྱེད་མི་དགའ་ས་ང་འདྲ་བ་དག་ལ་རིམ་བཞིན་མཐུ་གཏོར་རེ་གཡུགས། དེ་གས་ཁྱེད་ཚིམས་ཡོང་ངེས། ཧ་ཧ་ཧ། ཀློག་པ་པོ་རྣམས་ལ་གད་མོ་ཞིག་སློང་བ་ཡིན། དྲ་གྲོགས་ཟླ་བ་དབང་ཕྱུག་ལགས་ཅོལ་གཏམ་དེ་རེ་ཞིག་བཞག་ནས་སུམ་དག་ཅིག་སློབ་པར་སོང་ན་མཛའ། དེ་མིན་མདོ་སྨད་ཀྱི་རྐང་འདྲེན་པ་ཞིག་ཏུ་འགྱུར་ཉེན་ཆེའོ།།
རང་དང་བསམ་ཚུལ་མ་མཐུན་ཚེ་ཁ་རྡུང་གཏོང་རྒྱུར་གོམས་ལུགས་ལ་བལྟས་ན། སྒོར་ཟུར་ལྔ་ཅན་གྱི་མི་མིན་ནའང་བྱེད་ལས་དེ་དང་འདྲ་བར་སུ་འགྱུར་གྱིན་འདུག་དཔྱད་དགོས་ཆེ། ཁྱེད་དང་རྩོད་པ་དུས་ཚོད་ཆུད་ཟོས་ལས་མི་འདུག་གོ།
༢ དྲ་གྲོགས་བསྟན་འཛིན་ཆོས་རྒྱལ་ལགས། ལ་སྒྲ་དང་དྲུག་སྒྲ་ཞིབ་ཚགས་ཀྱིས་ཕྱེས་ཁུལ་ཡང་དོན་གྱི་འབབ་ས་གཅིག་ཡིན་པ་དེ་གོ་བར་གྱིས། ཁྱེད་ཉིད་ཕྱོགས་ལྷུང་གི་མུན་དོང་དུ་ཚུད་འདུག་པ་ཞིག་གིས་སྤེན་ཚེ་དཀར་སར་འདོན་ནུས་ཡོད་སྣང་འཆར་གྱི་མིི་འདུག་ལགས།
༣ དྲ་གྲོགས་རྐང་གསུམ་ལགས། འབྲེལ་མེད་ཀྱི་རྒྱུ་མཚན། ཞྭ་དཔེ་ལྷམ་འགེབས་ཀྱི་ཉོག་གཏམ་རིང་མོ། སྡང་ཟུག་ཚིག་གི་མཆེ་སྡེར་བགྲད་པ་སོགས་ནི་རང་ཉིད་ངལ་བའི་རྒྱུ་ཙམ་ལས་མ་མཆིས་པ་དང་ཁྱི་དོན་མེད་ཟུག་ཚད་ལ་རིག་པའི་རྡོ་ལོག་འཕེན་དགོས་ཆུང་བས་འཇོག་གོ།
༤ དྲ་གྲོགས་དཔྱོད་ལྡན་རིག་པའི་རལ་གྲི་ལགས་དང་། དྲ་གྲོགས་མི་ཉག་བཙན་པོ། དྲ་གྲོགས་བཀྲ་ཤིས་སོགས་ཀྱིས་མཆན་བུ་བཏབ་པ་གནད་དུ་འཁེལ་འདུག་པས་ངས་དེི་ལ་གསེར་གྱི་ཀ་བར་འཇག་མས་ལྷན་པ་རྒྱག་དགོས་མི་འདུག་པ་ནི་གཟུ་བོར་གནས་པའི་ཀློག་པ་པོ་རྣམ་པས་ལོས་རེ་མཁྱེན།
༥ ད་དུང་ཡང་། སྤེན་ཚེ་ལ་འདྲི་རྒྱུར། ཁྱེད་ཀྱིས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཟེར་བ་འདིས་རྒྱལ་ཁབ་ཀྱི་འགན་འཁུར་དགོས་ཀྱི་ཡོད་པ་མ་རེད། ཅེས་ཟེར། ཚོགས་པ་མ་ཟད་བོད་མི་སུ་འདྲ་ཞིག་ཡིན་ནའང་རང་གི་རྒྱལ་ཁབ་ཀྱི་འགན་སྣ་རེ་མ་མཐར་ལེན་ལོས་དགོས། ཅིའི་ཕྱིར་འགན་འཁུར་མ་དགོས་པ་རེད་དམ། ཚོགས་པ་ཁག་མི་ཉུང་བ་ཞིག་གིས་བོད་བདེན་པའི་རང་བཙན་དག་སྐྱེལ་སོགས་ལས་འགུལ་སྤེལ་བ་དག་རྒྱལ་ཁབ་ལ་འགན་འཁུར་བ་མ་རེད་དམ། བོད་ནང་དུ་རྩ་འཛུགས་ཁག་སོགས་ཀྱིས་མིས་རང་སྲོག་བློས་གཏོང་གིས་རླབས་ཆེའི་ཕྱག་ལས་གནང་བ་དག་ནི་རྒྱལ་ཁབ་ལ་འགན་མ་འཁུར་བ་རེད་དམ། དེས་ན་ལས་འགུལ་ཆེ་ཕྲ་གང་ཞིིག་སྤེལ་དང་སྤེལ་མུས་དེ་དག་སུས་ཆེད་དུ་རེད་དམ། དེ་དག་གིས་འགན་འཁུར་བ་མིན་པའི་སྐོར་ལ་གསལ་བཤད་ཅིག་གནང་རྒྱུར་སྒུག་ཡོད་དོ།།
སྤེན་ཚེ་གཞིས་ཆགས་པུའུ། སྤེན་ཚེ་ཆོལ་ཁའི་དཀྲུགས་འདྲེ། ཁྱེད་རང་བོད་ཡིག་མི་ཤེས་ན་ཁྱི་ཁ་བཙུམ་ན་ཡག་པོ་ཡོད་རེད། བོད་མའི་དབུ་ཁྲིད་ཟེར་བའི་ཚིག་དེ་བོད་པའི་སྦྱི་ཚོགས་ནང་ག་དུས་སླེབས་པ་རེད། སྲིད་སྐྱོང་བློ་བཟང་གེ་མཆོག་བོད་མིའི་དབུ་ཁྲིད་རེད།
དབུ་ཁྲིད་ཅེས་པའི་ནང་དོན་ག་རེ་ཡིན་པ་ངོས་མ་ཟིན་ན་ཞབས་འདྲེན་གྱི་སྐད་ཆ་འདི་འདྲ་ཤད་སྲིད་པ་རེད། ད་ལྟའི་བཀའ་བློན་ཁྲི་པ་ནི་བོད་མའི་དབུ་ཁྲིད་རེད། གལ་ཏེ་༸རྒྱལ་བ་རིན་པོ་ཆེ་ཁས་ལེན་གྱི་ཡོད་ཁོང་བོད་ཀྱི་སྲིད་སྐྱོང་རེད།
དབུ་ཁྲིད་ཅེས་པའི་ཚིག་ལ་བསམ་མནོ་ཐོངསཤིག
བཀའ་ཤག་གི་བོད་མིའི་འཐབ་རྩོད་དེ་རྒྱ་ནག་ལ་ངོ་རྒོལ་བྱ་རྒྱུ་ཞིག་མིན་ཟེར་བ་དང་།
ཚོགས་གཙོ་མཆོག་གིས་བཀའ་བློན་ཁྲིད་པ་དེ་འགན་འཛིན་རེད་དབུ་ཁྲིད་མ་རེད་ཅེས་
དང་ད་ལྟ་ང་ཚོའི་རྒྱབ་ཁབ་ལ་དབུ་འཁྲིད་མེད་ཟེར།
ད་མང་པོ་བཤད་ན་དགོས་པ་མི་འདུག་།དབུ་མི་ལམ་ཟེར་བ་དེ་དབུ་མེད་ལམ་ཡིན་པར་གསལ་བོ་གསལ་བཤད་གནང་འདུག་།ད་རང་སྲིད་རང་སྐྱོང་དེ་རང་སྲོག་རང་གཅོད་ཡིན་པར་འདྲ་། བོད་ཀྱི་རྒྱལ་དར་དེ་པོ་ཏ་ལར་སླེབས་པར་རང་བཙན་ཁོ་ན་ཉིད་།བོད་ཀྱི་ཚེ་སྲོག་བོད་ཀྱི་རྒྱལ་དར་ཡིན་།
ཐོ་རེངས་ཟེར་བ་ཞིག་གིས་ཁ་ཕོ་འཐེན་གྱིན་འདུག ཁྱོད་འཛམ་གླིང་འདིར་སྤྲང་པོ་འཁྱམ་འཁྱམ་བྱེད་ཐུབ་ཙམ་གྱིས་ཧང་སང་བ་གང་ཡང་ཡོད་པ་མ་རེད། རྒྱ་གུང་ཁྲན་གྱི་ལག་འཁྱེར་འོག་ཏུ་འགྲོ་བསྡད་ན་བོད་ས་འཕྲོད་མཁན། བོད་མི་གསོད་མཁན་ལག་དམར་ཚོའི་བཀའ་བཀོད་འོག་གི་མི་ཆགས་ཡིན་པས་ཁྱོད་ནི་ངོ་ཚ་མེད་མཁན། བོད་ཀྱི་ལ་རྒྱར་བདག་པོ་མི་ཐུབ་མཁན་ཞིག་རེད།
རྒྱ་གར་ལག་དེབ་སེར་པོའི་འོག་འགྲོ་བཞིན་ཡོད་ན་དེ་ཚང་མ་༸གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་ཡིན་པ་ལས་ཁྱོད་ཀྱིས་འབྱོན་བཞག་པ་གང་ཡང་མ་རེད།
གོང་དུ་ཁྱོད་ཀྱིས་བཤད་པ་དེ་སྐྱག་རྫུན་ཡིན་མིན་ད་རེས་བོད་ནས་ཕེབས་མཁན་ཚོའི་བོད་མིའི་སྒྲིག་འཛུགས་ལ་བརྩི་བཀུར་ག་འདྲ་བྱེད་ཀྱིན་འདུག བཀའ་བློན་ཁྲི་བ་བོད་ཀྱི་རྒྱལ་པོ་ཡིན་པའི་འདུ་ཤེས་འོག་སྨད་ཕྱོགས་མདོ་སྨད་ནས་བཟུང་སྟོད་དབུས་བར་གསུམ་དུ་ཁོང་གི་སྐུ་པར་བཤམས་སྟེ་བརྩི་བཀུར་བྱེད་བཞིན་པ་ཡོངས་གྲགས་རེད།
ཁྱོད་ལྟ་བུ་ཞིག་ལ་འབྲེལ་བ་བྱེད་སའང་ཁྱོད་ལྟ་བུའི་རང་གི་ཁ་རྒྱབ་ཙམ་ལས་བསམ་བློ་གཏོང་མི་ཐུབ་མཁན་ཁག་ཅིག་ཡོད་ཤས་ཆེ་བས་བྱ་ཁྭ་ཏའི་མིག་ནང་གི་སྐྱག་པ་མཛེས་ལ་ཡ་མཚན་གང་ཡང་མ་རེད།
དམར་ཁ་ཚ། ངས་གོས་དུ་དངོས་ཡོད་གནས་ཚུལ་ཞིག་གསལ་ཞུ་བྱས་པ་ལ་ཁྱེད་ཀྱིས་ཟུར་ཟ་བའི་ཚིག་ངན་ཁ་ཤས་སྨྲ་འདུག་ཀྱང་། དངོས་དོན་ཅན་ཅི་ཡང་མི་གདའ། བདག་སེམས་ལྷོལ་པོར་གནས་ཡོད། འཛམ་གླིང་གང་སར་འགྲོ་ཆོག་ཆོག་ཡིན་ལགས། ཤར་རྒྱ་གན་ནས་ནུབ་ཨ་རི་བར་དང་ལྷོ་ཨོ་སུ་ཁྲོ་ལེ་ཡ་ནས ་ཡོ་རོབ་བྱང་མའི་བར་དུ་ཕར་ཆེར་མ་སོང་སར་གཅིག་ཀྱང་མེད་ལགས། དགོངས་པ་མ་འཚམས་ཨེ་གོ།
གང་ལྟར་རྒྱ་ནག་རྒྱལ་ཁབ་ཆེན་པོའི་ལག་ཁྱེར་འདི། ང་ཚོ་བོད་མི་གཞི་སྡོད་རྣམས་ཀྱིས་ཁྲིམས་མཐུན་གྱི་སྒོ་བེད་སྤྱོད་གཏོང་ཆོག་རྒྱུའི་བཀལ་འཁྲོལ་ཡོད། རྫུན་བཟོ་དང་ཉོས་འོངས་པ་སོགས་གང་ཡང་མ་རེད་ལགས།
བདག་གིས་ཨ་མདོའི་དཔལ་འབྱོར་ཚེ་རིང་ཞེས་པ་དེ་སུ་ཡིན་ཡང་མི་ཤེས། འོན་ཀྱང་ཁྱེད་ལས་འཇོན་ཐང་ཆེ་ཞིག་ཡིན་ངེས་ཅན་རེད། ཕྲག་དོག་མ་བྱེད་ལགས།
ལགས་བདེན་པ་རེད། ༸རྒྱལ་བ་རིན་པོ་ཆེ་ནི་རང་གི་རྒྱལ་ཁབ་གཞན་འོག་ཏུ་ཤོར་ཟིན་པའི་རྒྱལ་ཁབ་གཅིག་གི་དབུ་འཁྲིད་རེད། དུས་ད་ལྟ་ཡང་བུ་འཁྲིད་ཡང་དག་པ་དང་། ཕུལ་དུ་འབྱུང་བ་ཡང་ཅིག་ཀྱང་རེད། ༸གང་སྐུ་༸སྐུ་ཚེ་ཡུན་བརྟན་ཤོག །
སྲིད་སྐྱོང་བློ་བཟང་སེང་གེ་ཡང་གངས་ཅན་པ་མི་རིགས་གཅིག་གིས་བདམས་ཐོན་བྱུང་བའི་གཟི་བརྗིད་དང་དཔའ་སྟོབས་ཆེ་བའི་སྲིད་ཕྱོགས་ཀྱི་ལས་སྣེ་འཁྲིད་པའི་འགན་འཛིན་མགྲན་ཟླ་བྲལ་བ་དེ་ཆགས་ཡོད་རེད། དེ་ལ་སྣང་བ་འགྲོ་ན་ཁེ་སང་རེད། དེ་ལ་སྣང་བ་མ་འགྲོ་ན་སྡུག་གྱོང་རེད། སྲིད་སྐྱོང་བློ་སེང་རྒྱལ་གྱུར་ཅིག གངས་ཅན་མི་རིགས་རྒྱལ་འགྱུར་ཅིག བོད་རྒྱལ་ལོ། །
ཐོ་རེངས་ཟེར་བ་འདིས་དོན་གྱིས་ཁས་ལེན་ཞིག་བྱེད་ཀྱིན་འདུག་ག
འགྲོ་ཆོག་ཆོག་དང་། བསྡད་ཆོག་ཆོག ཨ་མདོའི་དཔལ་འབྱོར་ཚེ་རིང་དང་ཁྱེད་གཉིས་ཀྱི་ལས་འགན་གཅིག་པ་ཡིན་པ་འདྲ། ཧཧཧ
བདག་ནི་༢༠༠༤་ལོར་རྒྱ་བལ་སོགས་སུ་གནས་མཇལ་དང་བཙན་གཤོལ་བོད་མིར་བལྟ་སྐོར་དུ་སོང་པ་ཡིན། དེ་དུས་སུ་མར་བོད་ལ་འོངས་སྐབས་བོད་མི་རྣམས་ཀྱིས་ཧ་ཅང་རེ་བ་ཆེན་པོའི་སྒོ་ནས་བཙན་གཤོལ་བོད་མིའི་བསྒྲིག་འཛུགས་དང་མ་འོངས་པའི་འཆར་གཞི་ག་འདྲ་འདུག་སོགས་ཀྱི་སྐོར་འདྲི་བ་ཧ་ཅང་མང་པོ་རེང།
དེའི་རྗེས་ ༢༠༠༧ གི་ལོར་ཡང་བསྐྱར་བལྟ་སྐོར་ལ་སོང་སྐབས་བཙན་གཤོལ་པའི་སྐོར་ལ་དོགས་འདྲི་ཅེ་མང་དུ་བྱིན་འདུག
ཉེ་ལམ་༢༠༡༡ ལོའི་ཟླ་༧ པའི་ནང་བོད་མདོ་དབུས་ཁམས་གསུམ་གང་སར་འགྲོ་སྐབས་བོད་མི་ཅུང་ཙམ་ཕྱི་ནང་གི་གནས་ཚུལ་ཤེས་མཁན་ཚོས་རྒྱལ་བ་རིན་ཆེའི་སྐུའི་བདེ་ཐང་སྐོར་ཙམ་མ་གཏོགས་བོད་བཙན་གཤོལ་པའི་བསྒྲིག་འཛུགས་སྐོར་ལ་རེ་བ་གཞི་ནས་མེད་པ་ཆགས་ཚར་འདུག
འདི་ནི་རང་ཉིད་ཀྱིས་སྔ་ཕྱིའི་ཉམས་མྱོང་གི་རིམ་པ་ཡིན།
སྐབས་འདིར་འབྲོག་ཕྱོགས་ནས་འོངས་བའི་མི་ཤས་རེ་མ་གཏོག་བཙན་གཤོལ་ཕྱི་དང་ལྷག་པར་དུ་གཞི་ཆགས་བོད་མི་ལ་རེ་བ་ཡིད་ཆེས་བཅའ་མཁན་ཞིག་མེད་ངེས་རེད།
བོད་མི་མང་གི་སྤྱི་འཐུས་ཚོགས་གཙོས། བོད་མི་མང་གིས་ཁྱོན་ནས་མ་ཤེས་པ་ཞིག་གསལ་བཤད་བྱས་འདུག ད་ལྟའི་བཀའ་བློན་ཁྲི་བ་འདི་བོད་ཕྱི་ནང་གཉིས་ཀྱི་དབུ་ཁྲིད་དུ་བོད་ཕྱི་ནང་གཉིས་ཀྱི་ཚབ་མཚོན་ནུས་པའི་བོད་མིས་འདམས་པ་མ་རེད་པས། ད་ལྟའི་བཙན་བྱོལ་གྱི་གཞུང་འདི་བོད་ཕྱི་ནང་གཉིས་ཀྱི་ཚབ་མཚོན་ནུས་པའི་གཞུང་ཞིག་མ་རེད་པས། གལ་སྲིད་རྒྱལ་ཁབ་སུས་ཀྱང་དེ་ལྟར་ངོས་ལེན་མེད་པས་བོད་ཕྱི་ནང་གཉིས་ཀྱི་ཚབ་མཚོན་ནུས་ཀྱི་གཞུང་མིན་ཞིང་། བཙན་བྱོལ་གཞུང་འདིའི་འགན་འཛིན་དེ་བོད་ཕྱི་ནང་གཉིས་ཀྱི་དབུ་ཁྲིད་མིན་ཟེར་ན། ང་རང་ཚོ་བོད་ཕྱི་ནང་གཉིས་ཀྱིས་དེ་ལྟར་ཁས་ལེན་གྱི་ཡོད་པས། ང་རང་ཚོ་བོད་ཕྱི་ནང་གཉིས་ཀྱིས་དེ་ལྟར་ཁས་ལེན་གྱི་ཡོད་ན། ང་རང་ཚོས་བདེན་པའི་འཐབ་རྩོད་བྱེད་པའི་ལྟ་གྲུབ་དང་ཁས་ལེན་རྒྱ་དམར་གྱིས་སྨྲས་པ་ལས་ཐ་དད་སྤུ་ཙམ་མེད་པས། བདེན་པའི་འཐབ་རྩོད་ཟེར་བའི་ཚིག་རྫིག་པོ་དེ་དོན་གྱིས་སྟོང་པའི་ཚིག་རང་རེད་མི་འདུག་པས། བོད་ཀྱི་དབུ་ཁྲིད་མེད་པ་ཆེད་དུ་དུས་ནམ་ཞིག་ལ་བཟོས་པ་རེད། ད་ལྟའི་བཀའ་བློན་ཁྲི་བ་དེ་བོད་ཀྱི་དབུ་ཁྲིད་གོང་ས་མཆོག་གི་གོ་ས་དེར་བོད་མིས་འདེམས་པ་མ་རེད་པས། ཡང་ན་གོང་ས་མཆོག་བོད་ཕྱི་ནང་གཉིས་ཀྱི་དབུ་ཁྲིད་བོད་ཕྱི་ནང་གཉིས་ཀྱི་ཁས་ལེན་གྱི་ཡོད་མ་རེད་པས། ཞེ་གསོད་པའི་ཚིག་ལ་མང་ཉུང་མེད། ལྟ་གྲུབ་ཟེར་བ་གང་ཡང་མེད་པའི་ཀླད་སྟོང་ཁ་བདེ་ཅན་འདི་རྣམས་ཀྱིས་ཅི་ཞིག་སྨྲ་བཞིན་པ་རེད། གལ་སྲིད་གོང་གི་སྤྱི་འཐུས་ཚོགས་གཙོའི་སྐད་ཆ་ལ་བལྟས་ན། ཚོགས་གཙོ་རང་ཡང་བོད་མི་མང་གི་སྤྱི་འཐུས་ཚོགས་གཙོ་མིན་པ་བཟོས་ཟིན་པ་རེད་པས། བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་པའི་ཚིགས་དེ་ཡང་ནག་སྲུབ་གཏང་ཚར་བ་ཡིན་འགྲོ། དེ་དག་སུས་བཟོས་པ་རེད། ངེད་ཅག་གིས་འདིའི་སྐོར་ལ་གསལ་བཤད་མང་ཙམ་ཤིན་ཏུ་ནས་གོ་འདོད་ཆེ།
དྲ་གྲོགས་རྐང་གསུམ་གྱིས་བཤད་པ་ལ་རྒྱབ་སྐྱོར་ཡོད། བསོད་ནམས་རྒྱ་མཚོ་ཟེར་བའི་དྲ་འབུ་འདི་སྒོར་ཟུར་ལྔ་བ་ཞིག་ཡིན་པ་འདྲ་འདུག
སྒོར་ཟུར་ལྔ་བ་ཟེར་བ་ནི་བཀའ་ཁྲི་ཟུར་བ་ཟམ་གདོང་རིན་པོ་ཆེ་མཆོག་གི་ཐ་སྙད་ཅིག་ཡིན་ལ། ལོག་མཆན་རེ་སྤེལ་ཚེ་རྒྱ་གཞུང་གིས་སྒོར་ཟུར་ལྔ་རེ་སྤྲོད་ཀྱིན་ཡོད་པར་འགྲེལ་བརྗོད་བྱས་ཡོད།
དབུས་བོད་མིའི་སྒྲིག་འཛུགས་དང་། བཀའ་བློན་ཁྲི་བ། དེ་བཞིན་སྤྱི་འཐུས་རྣམ་པ་ཚོར་དངོས་ཤུགས་བརྒྱུད་གསུམ་ནས་སྐྱོན་བརྗོད་བྱེད་བཞིན་པའི་རྒྱ་གཞུང་གི་མགྲིན་ཚབ་དྲ་འབུ་དག་ཚེ་ཐུང་བར་ཤོག སྡུག་ཤི་རྒྱག་པར་ཤོག ལམ་འགྲོ་མེད་པར་ཤོག སྐྱུག་བྲོ་བའི་དྲ་འབུ་དག་ལ་སྨོན་ལམ་འདི་ལྟར་ཞུ།
མི་ཉག་སྐལ་བཟང་ཟེར་བ་ནི་ཆོལ་ཁའི་ཕྱོགས་རིས་ཀྱིས་ཞར་གོག་ཅིག་ཡིན། ཁ་ནས་སེམས་ཤུགས་དང་ལ་རྒྱ་གླེང་ཁུལ་བྱེད། ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་རིས་གླེང་ས་ཞིག་ལ་ཁོ་རང་མ་སླེབས་པ་རྩ་ནས་མེད།
མི་ཉག་སྐལ་བཟང་ནི་ཕ་ཡུལ་ནས་རྩམ་ཁུག་ཁུར་ཏེ་ལྷ་ས་ནས་བྲོ་སློང་བཞིན་རྒྱ་གར་ཏུ་སླེབས་པ་རེད། རྒྱ་གར་ནས་གྲྭ་ས་རུ་འཛུལ་ཙམ་བྱས་རྗེས་ཁུངས་མ་འཁྱོལ་བར་ས་རཱ་སློབ་གྲྭར་འཛུལ་བ་རེད། གཟན་ཤམ་གྱོན་སྟེ་ཨ་ནེ་ཞིག་དང་ཆགས་སྤྱོད་བྱས་པས་སློབ་གྲྭའི་སྒྲིག་འགལ་བཟོས་པ་རེད།
དེ་ནས་གཡོ་ཐབས་སྣ་ཚོགས་སྤྱད་དེ་སོག་པོར་སོང་བ་རེད། སོག་པོའི་སློབ་གྲྭའི་ནང་སློབ་ཁྲིད་བྱེད་རྒྱུ་ཕར་བཞག་སྟེ་སོག་མོ་ཞིག་ལ་གཉེན་སྒྲིག་བྱས་པ་རེད། གཉེན་སྒྲིག་ལུགས་མཐུན་མ་བྱུང་བརྟེན་ཕྱི་ལོ་༢༠༠༨་ལོར་ཟླ་ཤས་རིང་སོག་པོ་བཟུང་གིས་བཙོན་འཇུག་བྱས་པ་རེད།
དེ་ནས་སྡོད་མ་ཚུགས་པར་ཡོ་རོབ་ཏུ་ཕྱིན་པ་རེད། དེང་སང་ཊར་མག་རྒྱལ་ཁབ་ནང་དུ་གཡོག་ལས་ཤིག་བྱས་ནས་བསྡད་ཡོད།
ཁོ་ཙམ་མ་ཟད་ཁོའི་སྤུན་ཉེ་ཚོའི་ནང་དུའང་ལོ་རྒྱུས་ཡག་པོ་མེད། ཡིན་ཡང་ཁོ་རང་གིས་སྡུག་ཁ་བཙུམ་ན་དེ་ཙམ་གྱིས་འགྲིག་པ་བྱེད།
རེ་སྐུལ་ནི། དྲ་གྲོགས་ཚང་མས་སྤྱི་འཐུས་ཚོགས་གཙོ་སོགས་ཀྱི་མི་གཤིས་ནས་མི་གླེང་བའི་རེ་བ་ཡོད་ལ། ཆོལ་ཁའི་དཀྲུགས་ཤིང་གི་མཆན་བུའི་རིགས་བཀག་སྡོམ་བྱེད་པས་རེ་བ་ཞུ་རྒྱུ་ཡིན
ཚོགས་གཙོ་མཆོག་གིས་གང་གསུངས་བ་མཐའ་དག་ཐུགས་ཤིན་ཏུ་མད། དྲ་གྲོགས་ཚོས་ཕྱོགས་རིས་བྱེད་རྒྱུ་ལས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གསར་བར་གཟིགས་དང་མཁྱེན་ངེས་རེད། བློ་སེང་བོད་ཀྱི་དབུ་ཁྲིད་མ་རེད། བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་འགན་འཛིན་རེད། དེ་གསལ་བོ་རེད།
དུས་བབ་ཏུ་བཏོན་པའི་ཚོགས་གཙོའི་གསུང་དང་རིག་པ་འདོན་པ་པོའི་ཧེ་བག
ཞེ་ཆེན་ལྡུམ་རེའི་ཚོགས་གཙོའི་གསུང་བཤད་དུ་
྄༼ད་ལྟའི་བཀའ་བློནཁྲི་བ་འདི་གཞུང་གི་འགན་འཛིན་རེད། ད་ལྟ་ང་ཚོར་རྒྱལ་ཁབ་ཀྱི་དབུ འཁྲིད་ཡོད་པ་མ་རེད། ཅེས་གསུང་འདུག.
ངོ་ཚ་བ་ཞིག་ལ་རིག་པ་འདོན་པ་པོ་བཞིས་རིག་པ་འདོན་པོར་རློམ་པ་བཞིས་རིག་པ་འདོན་ཁུལ་བྱས་ཡོད་ཀྱང། དོན་དངོས་སུ། ང་ཚོར་རྒྱལ་ཁབ་ཀྱི་དབུ་འཁྲིད་ཡོད་པ་མ་རེད་་་་ཅེས་པ་འདི་་་ང་ཚོའི་རྒྱལ་ཁབ་ལ་དབུ་འཁྲིད་ཡོད་པ་མ་རེད་་་ཅེས་པར་བསྒྱུར་ནས་བཤད་བཞིན་འདུག. རྩོམ་ཡིག་འབྲི་ཤེས་པ་ཙམ་མ་ཡིན་པར་གཞན་རྩོམ་ལ་རིག་པའདོན་པ་པོ་ཞིག་གིས་འདི་གཉིས་ལ་ཧོ་ནོར་ཐེབ་ག་ལ་སྲིད. ངོ་ནས་༼ དམིགས་གཞན་གཞི་ཡོད་ནི་སུས་ཤེས༽རང་རེད་སྙམ་མཔ།།
ཆེད་མངགས་མེད་པ་བཟོས་རེད་ཅེས་པར་མི་དཔྱད་དོ
རྒྱ་ནག་གི་སེམས་འཚབ་ཆེ་ཤོས་དེ་ནི་རྒྱ་ནག་གི་གུང་བུ་གཅིག་གྱུར་འཐོར་རྒྱུ་དེ་དང་། དེ་ལ་དོགས་པས་གཙོས། གསུང་ན་དོན་ཆེན་རེད་བསམ་པ་འགའ་འདུག འོན་ཀྱང་དེ་དག་ལས་རིག་པ་འདོན་པ་པོ་འགར་དཔྱད་པ་ཡིན
ད་བར་ མི་ཉག་སྐལ་བཟང་དང། བསོད་ནམས་རྒྱ་མཚོ. མི་ཉག་བཙན་པོ. བཀྲ་ཤིས. གནས་ཚང་བཅས་ལས་སླེབ་མེད་པའི་མཚམས་འདིར་དཔྱད་ན. མི་ཉག་སྐལ་བཟང་ནི་ཟུག་པ་ཙམ་ལས་རྒྱུ་མཚན་གང་ཡང་བཀོད་མེད་པས་གཡུག་ཤོག
བསོད་ནམས་རྒྱ་མཚོས་་་ཕྱོགས་འཛིན་གྱི་ལྟ་བ་དོར་ཏེ་ཁྲིམས་སར་ཁྲིད་རྒྱུར་གྲ་སྒྲིག་ལས་མགོ་རྩོམ་དགོསསོ. རྒྱུ་མཚན་ལ ་་་ང་ཚོའི་གཞུང་ལ་དབུ་ཁྲིད་ཡོད་པ་མ་རེད། ཟེར་ཚུལ་འདི་ལ་གཟིགས་དང། ཞེསསྟན་པ་གཤིགལ་སྟ་གྲི་མི་དགོས་སྐྱག་རྫུན་གྱིས་འཐུས་པར་བསམ་ཡོད་པ་འདྲ།
མི་ཉག་བཙན་པོ་ན་རེད། ཚོགས་གཙོ་མཆོག་གིས་བཀའ་བློམ་ཁྲི་བ་དེ་འགན་འཛིན་རེད་དབུ་ཁྲིད་མ་རེད་ཅེས་དང་་་. ད་ལྟ་ང་ཚོའི་རྒྱལ་ཁབ་ལ་དབུ་ཁྲིད་ཡོད་པ་མ་རེད་་་ད་དུང་་་དམིགས་ཡུལ་གཞན་ཞིག་ཡོད་ན་སུས་ཤེས་ཡིན་པ་འདྲ་ ༼མ་རུ་་་དམིགས་གཞན་གཞི་ཡོད་ནི་སུས་ཤེས༽ཞེས་དང། བཀྲ་ཤིས་་་ཀྱིས་སྲིད་སྐྱོང་བ་ཞེས་མ་ལབ་པར་གཤེ. གྲོས་ཚོགས་ནས་མ་གཏང་ན་ཚོགས་གཙོས་སྒེར་གཅོད་ཀྱིས་ཡོད་དམ་།
གམས་ཚང་གིས་རང་གི་ཞེ་འདོད་ལ་ཐེ་ཚོམ་ཅན་ཞིག་བྲིས་འདུག. གང་ཞེ་ན། གཞུང་ཡིན་ན་རྒྱལ་ཁབ་ཀྱི་གཞུང་ཡིན་པས་ག་ལ་ཁྱབ་པ་ལེ་ཤེས་འདོད་ནས་སོ།།
བསོད་ནམས་རྒྱ་མཚོ མིང་ཅན་གྱི་དྲ་འབུ་ཁྱོད་དོན་ངོ་མ་བོད་རིགས་ཤིག་དང་། ཡང་མིན་ན་རྒྱའི་དཔོན་ངན་ཞིག དེ་མིན་བོད་མི་གཡོ་བཙོངས་མཁན་ཞིག་དང་། རྒྱའི་ལྐོག་རྔན་ཟ་མཁན་ཞིག པེ་ཅན་མཁར་གྱིས་དགའ་མིན་དགའ་ཁུལ་འོག་འདྲེ་རྒན་གསོས་པའི་དུ་སྤྲིན་ལ་དགའ་བའི་དྲི་ཟ་གསུར་བདག་ཅིག དོན་ངོ་མ་ཁྱེད་ཉིད་སུ་ཡིན།
དྲ་འབུ་ཁྱོད་ཀྱིས་སྤེན་པ་ཚེ་རིང་ཟེར་བ་འདི་སྤྱི་འཐུས་ཚོགས་གཙོའི་གོ་སར་སླེབས་པ་ལ་བལྟས་ན། ང་ཚོ་བོད་མིའི་ལས་དབང་གང་འདྲ་ཞིག་ཡིན་པ་དཔག་ནུས་ལབ་འདུག་ཀྱང་། ངས་བསམས་ན་དེ་འདྲ་ཞིག་གཏད་ནས་མ་རེད།
བཀུར་འོས་དཔའ་ལྡན་ཚོགས་གཙོ་མཆོག་བོད་གཞིས་བྱེས་གཉིས་ཀྱི་ངོ་བོ་མཚོན་པའི་བོད་ཀྱི་གྲོས་ཚོགས་ར་བ་ནས་མང་མོས་འོས་འདེམས་འོག་སྤྱི་འཐུས་ཚོགས་གཙོའི་གོ་སར་སླེབས་པ་དང་གཅིག
ད་ལོར་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོ་རིན་པོ་ཆེ་མཆོག་གིས་ཕྱི་ཟླ་ ༣ པའི་ནང་བགྲེས་ཡོལ་ཆ་ཚང་གི་ངོ་བོའི་ཐོག་ནས་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་སུ་མཚམས་འཇོག་གནང་བ་དང་གཉིས།
ད་ལོར་བཙན་བྱོལ་བོད་མིས་བོད་གཞིས་བྱེས་ཀྱི་ངོ་བོ་མཚོན་པའི་ཐོག་ནས་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱད་དེ་རང་གི་རྒྱལ་ཁབ་ཀྱི་འགན་འཛིན་དཔལ་ལྡན་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་མཆོག་མང་མོས་འོས་འདེམས་ཐུབ་པ་དང་གསུམ།
ད་ལོར་བོད་གཞིས་བྱེས་གཉིས་ནས་རང་གི་ཁེ་དབང་དང་མི་རིགས་རིག་གནས་རྒུད་སྐྱོབ་ཀྱི་ཆེད་དུ་རང་ལུས་མཆོད་མེར་བསྒྲོན་ནས་༧གོང་ས་མཆོག་གི་དགོངས་གཞི་འཚེ་བ་མེད་པའི་ལྟ་སྤྱོད་འདི། སྨྲ་ཤེས་ཤིང་དོན་གོ་བའི་མིའི་འགྲོ་བ་ཡོངས་ཀྱི་ཁེ་ཕན་ཉག་གཅིག་པའི་གསལ་འདེབས་བྱས་པ་དང་བཞི།
ད་ལོར༧གོང་ས་ལྷ་མིའི་རྣམ་འདྲེན་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར༧གོང་ས་༧སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན། ཤེས་རབ་དང་སྙིང་རྗེའི་སྟོན་པ་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པ་སངས་རྒྱས་པའི་ཡུལ་དབུས་ནས་གནང་ཐུབ་པ་དང་ལྔ།
མདོར་བསྡུས་ན་ད་ལོར་ཨབ་ཕྲུག་སྤེན་པ་ཚེ་རིང་མཆོག་དང་ཁམས་ཕྲུག་བློ་སེང་གཉིས་ཀྱིས་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱད་དེ་བོད་ཀྱི་སྲིད་ཕྱོགས་ཀྱི་གོ་གནས་གལ་ཆེན་རེ་བཟུང་བ་ནས་བོད་གཞིས་བྱེས་གཉིས་ལ་བཀྲ་ཤིས་པའི་རྟགས་མཚན་གང་མང་ཞིག་འཆར་ཡོད་པ་ངས་གོང་དུ་བཤད་པ་དེ་དག་རེད། དེ་བས་ན་ང་ཚོས་གནད་དོན་འདི་དག་ལ་བལྟས་ན། དྲ་འབུ་ཁྱོད་ཀྱིས་ལབ་པ་ནང་བཞིན་ང་ཚོ་བོད་མིའི་ལས་དབང་གང་འདྲ་ཞིག་ཏུ་སླེབས་ཡོད་པ་ཚོད་དཔག་བྱེད་ནུས་པ་ཞིག་ཡིན།
དེ་མིན་དཔལ་ལྡན་ཚོགས་གཙོ་མཆོག་གིས་༼ད་ལྟའི་བཀའ་བློན་ཁྲི་པ་འདི་གཞུང་གི་འགན་འཛིན་རེད། ད་ལྟ་ང་ཚོར་རྒྱལ་ཁབ་ཀྱི་དབུ་འཁྲིད་ཡོད་པ་མ་རེད། ཆེད་མངགས་མེད་པ་བཟོས་པ་རེད། མ་འོངས་པར་འགྱུར་བ་ག་འདྲ་ཞིག་གཏོང་མིན་དེ་བོད་དུ་ལོག་རྒྱུ་བྱུང་ན་ཐག་གཅོད་མཁན་ཁྱེད་རང་ཚོ་རེད༽ཅེས་གསུང་བ་འདི་ཧ་ཅང་གཉེན་ཁ་ཆེ་བའི་གསུང་ཞིག་ཡིན་པའི་སྣང་ཚུལ་བསྟན་ནས་དྲ་འབུ་ཁྱོད་ཀྱི་སྐད་ཆ་འདྲ་མིན་བཤད་འདུག དོན་ངོ་མ་དྲ་འབུ་ཁྱོད་ཀྱིས་བཙན་བྱོལ་བོད་མིའི་གནས་སྟངས་མ་ཤེས་པ་རེད། བློ་སེང་གིས་དད་འབུལ་བྱེད་སྐབས་༧གོང་ས་མཆོག་དང་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་རྣམ་པ་གཉིས་ཀྱི་གསུང་བཤད་ནང་སྲིད་སྐྱོང་ཞེས་བཀོད་ཡོད་པ་ཁྱེད་ཀྱིས་ཤེས་ཡོད་དམ། ཕར་ཆེར་ཤེས་ཡོད་ས་མ་རེད། སྲིད་སྐྱོང་ལབ་ན་བོད་ཀྱི་འགན་འཛིན་ལ་གོ་དགོས་པ་རེད་དྲ་འབུ་བསོད་ནམས་རྒྱ་མཚོ།
དེ་མིན་ཁྱོད་ཀྱིས་ངོ་མ་བོད་དང་བོད་ཀྱི་མི་རིགས་ལ་ཤ་ཚའི་སྐད་ཆ་དང་ལས་ཀ་ཞིག་ལས་བསམ་ནི་ཡིན་ན། ཁྱོད་ཀྱིས་སྐད་ཆ་བཤད་སྟངས་དང་ལས་ཀ་བྱེད་སྟངས་ནོར་འདུག གང་ཡིན་ཟེར་ན་ཉེ་སྔོན་པེ་ཅན་གདོན་འདྲེ་ཚོགས་པས་རྩ་འཛུགས་འོག ༧ གོང་ས་མཆོག་དང་དཔལ་ལྡ་བཀའ་ཁྲི་རིན་པོ་ཆེ་གཉིས་རྒྱ་གར་ཁྲིམས་ཁང་དུ་ཁྲིམས་སར་གཡུགས་པ་རེད། ད་རེས་དྲ་འབུ་བསོད་ནམས་རྒྱ་མཚོས་དཔལ་ལྡན་ཚོགས་གཙོ་ཁྲིམས་སར་གཡུགས་ཡིན་ན། དེ་ལས་ལྷག་པས་བོད་ཀྱི་ཆིག་སྒྲིལ་གྱི་ནུས་པ་ལ་ཕན་པའི་བྱ་བ་ཞིག་དང་། བོད་ཀྱི་རྩ་དོན་ལ་ཕན་པའི་ལས་འགུལ་ཞིག རང་ལུས་མཆོད་མེར་བསྒྲོན་པའི་དཔའ་རྒོད་ཚོའི་སྐུ་སྲོག་གི་དོད་དང་། ༧གོང་ས་མཆོག་གི་དགོངས་གཞི་ལེགས་འགྲུབ་ཡོང་བར་དེ་ལས་ཕན་པའི་བྱ་འགུལ་ཞིག་མི་འདུག་བུ་རྒོད་པོ་ཟེར་ནས་ཁྱེད་ལ་པེ་ཅན་གདོན་འདྲེ་ཚོགས་པས་ངོ་སོ་བྱེད་ངེས་རེད་དྲ་འབུ་བསོད་ནམས་རྒྱ་མཚོའི་མིང་འཛིན་པ།
༸ གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་གིས་ངོས་ནས་ཇི་ཙམ་རྒྱ་ནག་གཞུང་ལ་མཐུན་ལམ་བསྐྲུན་ཐབས་གནང་བ་དེ་ཙམ་གྱིས་རྒྱ་ནག་གཞུང་དེས་བརྩི་མེད་རྡོག་རོལ་དུ་གཏོང་བཞིན་ཡོད།
རྒྱ་ནག་དམར་གཞུང་དེ་ལོ་རེས་ནས་ལོ་རེར་དྲག་ཏུ་འགྲོ་བ་དང་བཙན་བྱོལ་གཞུང་དེ་ལོ་རེ་ནས་ལོ་རེར་ཞི་འཇམ་དུ་འགྲོ་བཞིན་ཡོད།
རྒྱ་དམར་ཟླ་རེ་ནས་ཟླ་རེར་གར་རུ་གར་རུ་འགྲོ་དང་བཙན་བྱོལ་གཞུང་དེ་ཟླ་རེ་ནས་ཟླ་རེར་སླ་རུ་སླ་རུ་འགྲོ་བཞིན་ཡོད།
རྒྱ་དམར་དེ་ཉིན་རེ་ནས་ཉིན་རེར་ཡར་རྒྱས་ཚགས་ཚུད་དུ་འགྲོ་བ་དང་བཙན་བྱོལ་གཞུང་དེ་ཉིན་རེ་ནས་ཉིན་རེར་ཉམས་ཆག་ཏུ་འགྲོ་བཞིན་ཡོད།
རང་བཙན་ནས་དབུ་མ་དང་། བོད་གཞུང་ནས་བོད་མིའི་སྒྲིག་འཛུགས། དབུ་མ་ནས་རང་སྐྱོང་དང་། སྒྲིག་འཛུགས་ནས་སྐྱིད་སྡུག རང་སྐྱོང་ནས་ཕྱིར་ལོག་དང་། སྐྱིད་སྡུག་ནས་ཁ་འཐོར་བཅས་སུ་འགྲོ་དགོས་དོགས་ན་ད་གཟོད་གངས་ཅན་པའི་ཆབ་སྲིད་དེར་སྒལ་ཚིགས་མེད་པའི་སྲིན་འབུ་རྐང་མེད་དང་འདྲ་བར་མི་འགྱུར་རམ།
ཆབ་སྲིད་ཟེར་བ་དེར་སོ་སོའི་ཁེ་ཕན་དང་གལ་ཆེའི་ཐབས་ཇུས་ཀྱི་རང་བཞིན་གཅིག་ངེས་པར་དུའང་ཡོད་དགོས།
སྐུ་ངོ་རྒྱགས་པ་ཁོང་གི་གདོང་དབྱིབས་དང་སྐད་ཆ་བཤད་པ་གཉིས་གཅིག་མཚུངས་འདུག
ཨབ་ཕྲུག་མགོ་གཉིས་མ་སྤེན་པ་ཚེ་རིང་ཟེར་བ་འདི་སྤྱི་འཐུས་ཚོགས་གཙོའི་གོ་སར་སླེབས་པ་ལ་བལྟས་ན། ང་ཚོ་བོད་མིའི་ལས་དབང་གང་འདྲ་ཞིག་ཡིན་པ་དཔག་ནུས་སོ།།
ཁོས། ང་ཚོའི་གཞུང་ལ་དབུ་ཁྲིད་ཡོད་པ་མ་རེད། ཟེར་ཚུལ་འདི་ལ་གཟིགས་དང་། རང་སྲོག་གཅོད་པར་མཚོན་མི་དགོས། བསྟན་པ་བཤིག་ལ་སྟ་གྲི་མི་དགོས་ཟེར་བའི་དཔེ་དེ་ཅི་མི་བདེན། རང་རེའི་མཐོའི་རིམ་མི་སྣ་ཞིག་གིས་དེ་ལྟར་བརྗོད་དུས། ཅི་འདྲས་སྐྱི་གཡའ་བ་ཞིག་རེད། འདས་པའི་དཔའ་བོ་དཔའ་མོ་ཁྲི་ཕྲག་གིས་རང་སྲོག་འབེན་ལ་འཇོག་གིན་ལས་འགུལ་ཤུགས་ཆེར་སྤེལ་པའི་འབྲས་བུ། རྒྱ་དམར་གོ་མཚོན་ཐོགས་པའི་དམག་མིས་བསུབས་མ་ཐུབ་པར།
སྤྱི་འཐུས་ཚོགས་གཙོ་མིང་ཐོག་ནས་ཚིག་གཅིག་གིས་ནག་སུབ་གཏོང་བའི་ནུས་ཅན་འདི།། རྒྱ་དམར་མཚོན་ཐོགས་ལས་ཀྱང་སྡུག་ཉེས་ཆེ། རང་ཅག་འབངས་ཡོངས་ཀྱིས་རེ་ཞིག་ཕྱོགས་འཛིན་གྱི་ལྟ་བ་དོར་ཏེ། མི་ངན་འདི་ཁྲིམས་སར་ཁྲིད་རྒྱུར་གྲ་སྒྲིག་ལས་མགོ་རྩོམ་དགོས་སོ།།
ཚོགས་གཙོ་མཆོག་གིས་བཀའ་བློན་ཁྲིད་པ་དེ་འགན་འཛིན་རེད་དབུ་ཁྲིད་མ་རེད་ཅེས་དང་ད་ལྟ་ང་ཚོའི་རྒྱབ་ཁབ་ལ་དབུ་འཁྲིད་མེད་པ་ཅེས་པ་ནི།
ཆབ་སྲིད་ལ་དགོས་མཁོ་དང་ཆབ་སྲིད་པ་ཞིག་གི་སྐད་ཆའི་དྲི་མ་ཙམ་ཡང་མི་འདུག།
ད་ལྟ་བོད་མི་ས་ཡ་དྲུག་གི་དབུ་གཉིས་ཡོད་པ་ནི་ཆོས་ཀྱི་དབུ་ཁྲིད་དང་སྲིད་ཀྱི་དབུ་འཁྲིད་གཉིས་ཡོད་པ་དེ་རེད། ཆོས་ཀྱིི་དབུ་ཁྲིད་ནི་༸་སྤྱི་ནོར་གོང་ས་མཆོག་དང་སྲིད་ཀྱི་དབུ་ཁྲིད་ནི་ད་ལྟའི་བཀའ་ཁྲི་དེ་རེད།་
ད་དུང་ཁོང་གིས་གསུང་དོན་་ཆེད་མངགས་མེད་པ་བཟོས་པ་རེད་ཅེས་པ་ནི་གོ་རྒྱུ་མེད་པའི་གཏམ་འཆལ་འབའ་གཞི་རེད། སྒྲིག་འཛུགས་དང་ཚོགས་པ་དང་གཞུང་ཞིག་ཡིན་ཚེ་དབུ་འཁྲིད་གཅིག་མེད་ཐབས་མེད་པ་ཞིག་རེད། དབུ་འཁྲིད་དང་མགོ་གཙོ་དང་མགོ་འཁྲིད་སྣེ་འཁྲིད་མཁན་སོགས་ནི་དོན་གཅིག་མིང་གི་རྣམས་གྲངས་ཙམ་རེད།
ཚོགས་གཙོ་མཆོག་གི་དབུ་འཁྲིད་ཀྱི་གོ་དོན་ལ་འགྲེལ་བཤད་མི་འདྲ་བ་ཞིག་ཡོད་ན་ནི་མི་ཤེས།
བོད་ནས་ཕེབས་ཚོ་ལ་ང་ཚོ་རྒྱབ་ཁབ་ལ་ དབུ་འཁྲིད་མེད་ཅེས་པ་ནི་བོད་ནས་ཕེབས་མཁན་རྣམས་བློ་ཕམ་བཅུག་འདུག་། ཤེས་མི་གདགོས་ཤིག་འགྲེལ་བཤད་ལོག་པར་རྒྱབ་འདུག་་དམིགས་གཞན་གཞི་ཡོད་ནི་སུ་ཤེས།
དབུ་མའི་ལམ་ཟེར་བ་ཆོས་མི་འདུག་ དེ་བས་མ་ཎི་བཏོན་དགའ་ནི་རེད། དབུ་མའི་ལམ་ལས་འགུལ་ཁང་ཟེར་བོད་པ་ནང་ཁུལ་ལ་དཀྲུགས་ཤིང་རྒྱག་མཁན་གྱི་ཚོགས་ཐབས་ཆགས་དེ་རེད།
ཚོགས་གཙོ་སྤེན་པ་ཚེ་རིང་གི་སྐད་ཆ་དེ་ལ་ཆ་བཞག་མི་འདུག གཞུང་གི་འགན་འཛིན་རེད། དབུ་ཁྲིད་མ་རེད་ཟེར་ན་རྒྱུ་མཚན་མེད་པའི་སྐད་ཆ་རང་རེད། བློ་བཟང་སེང་གེ་བོད་ཀྱི་དབུ་ཁྲིད་ཀྱང་རེད་ལ། སྲིད་སྐྱོང་ཡང་རེད། སྤེན་པ་ཚེ་རིང་་ནས་༸གོང་ས་མཆོག་བརྩི་ཡི་ཡོད་ན་་༸གོང་ས་མཆོག་གིས་ངས་སྲིད་སྐྱོང་སྟག་བྲག་བླ་མའིདྲུང་ནས་རྩིས་བླངས་པ་རེད། དེ་རིང་ངས་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྩིས་སྤྲོད་ཀྱི་ཡིན་གསུང་ཡོད་རེད། ཡིན་ན་ཡང་༸གོང་ས་མཆོག་གི་བཀའ་རྡོག་ཏུ་གཏོང་རྐྱང་བྱེད་མཁན་གྱི་སྐུ་ངོ་འདི་ཚོ་མརབས་རེད།
ད་འགྲིག་ཤག རྒྱལ་ཁབ་མེད་པའི་གཞུང་ཟེར་བ་དེ་ག་འདྲ་ཞིག་ལ་བཤད་ཀྱི་ཡོད་པ་རེད་དམ། སྤེན་ཚེ་འདིས་ཚོང་ཆེན་པོ་ཞིག་རྒྱག་བསམ་བཞིན་པར་ཚང་མ་ལོས་དོ་སྣང་བྱེད་དགོས་རན་འདུག
ཚོགས་གཙོ་སྤེལ་པ་ཚེ་རིང་མཆོག་གིས། “ ད་ལྟའི་བཀའ་བློན་ཁྲི་པ་འདི་གཞུང་གི་འགན་འཛིན་རེད། ད་ལྟ་ང་ཚོར་རྒྱལ་ཁབ་ཀྱི་དབུ་འཁྲིད་ཡོད་པ་མ་རེད། ཆེད་མངགས་མེད་པ་བཟོས་པ་རེད། མ་འོངས་པར་འགྱུར་བ་ག་འདྲ་ཞིག་གཏོང་མིན་དེ་བོད་དུ་ལོག་རྒྱུ་བྱུང་ན་ཐག་གཅོད་མཁན་ཁྱེད་རང་ཚོ་རེད། ང་ཚོ་རྒྱ་གར་དང་ཕྱི་རྒྱལ་ཁག་ནས་སྐྱེས་བ་དག་གིས་འདི་དང་དེ་ཟེར་ནས་བཤད་ན་ཏག་ཏག་བསྡད་ཡོད་པ་མ་རེད། ༧གོང་ས་མཆོག་གི་དགོངས་གཞི་ཡང་དེ་རེད ” ཅེས་དང་། ་་་་་