མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱོད་ཚོས་རང་གི་ཚེ་སྲོག་སྲུང་སྐྱོབ་ཀྱི་ཐོག་ནས་ཆོས་དང་རིག་གཞུང་ལ་བདག་པོ་རྒྱོབ།

བོད་ཀྱི་དུས་བབ།
༢༠༡༢/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་རྒྱལ་བ་ཀརྨ་པ་མཆོག་གིས་རྡོ་རྗེ་གདན་གཏེར་སྒར་དགོན་པའི་ཉེ་འགྲམ་གྱི་ཐང་ཆེན་དུ་བོད་ནས་ཕེབས་པའི་ཆོས་ཞུ་བ་རྣམས་གཙོ་བོར་བཟུང་སྟེ། བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་སྲོལ་རྒྱུན་ལ་བདག་གཅེས། བོད་པའི་རིག་གཞུང་ལ་བདག་ཉར་བཅས་གནང་དགོས་པའི་བཀའ་སློབ་གནང་སོང་།   

དེ་རིང་ཕྱི་ཚེས་ ༥ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༧།༣༠ ཡས་མས་སུ་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་རྡོ་རྗེ་གདན་གཏེར་སྒར་དགོན་པའི་ཉེ་འགྲམ་བཀའ་རྒྱུད་སྨོན་ལམ་ཚོགས་རྭའི་ནང་བོད་ནས་ཕེབས་པའི་ཆོས་ཞུ་བ་ ༡༡༠༠༠ ལྷག་ལ་ད་ལྟའི་བར་བོད་ནང་གི་བོད་མི་ཚོས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ་ཐད་རང་ནུས་གང་ཡོད་བཏོན་ཡོད་པ་ལྟར། མ་འོངས་པར་རིག་གཞུང་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ།  རི་དྭགས་དང་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐད་འབད་པ་བྱ་དགོས་པའི་སྐོར་གསུངས་སོང་། སྐབས་དེར་ཀརྨ་པ་མཆོག་གིས་དུས་དབང་ཐེངས་ ༣༢ པའི་སྟེང་བོད་ནས་ཆེད་དུ་ཕེབས་པའི་ཆོས་ཞུ་བ་རྣམས་ལ་འཚམས་འདྲི་དང་འབྲེལ། ཆོས་རྒྱལ་མེས་དཔོན་རྣམ་གསུམ་གྱི་སྐབས་སུ་མཐའ་བཞིའི་རྒྱལ་ཁམས་མང་པོ་དབང་དུ་བསྡུས་ཏེ། བོད་འདི་སྲིད་འབྱོར་རིག་གསུམ་ཡར་རྒྱས་ལྡན་པའི་རྒྱལ་ཁབ་དང་མི་རིགས་ཤིག་ཆགས་པ་དང་། ལྷག་པར་དུ་བོད་མི་ཚོས་ད་ལྟའི་བར་ནང་པའི་ཆོས་ལ་ཐོས་བསམ་ཉམས་ལེན་བྱས་ཏེ། ད་ལྟའི་དུས་སྐབས་འདིར་རྒྱལ་ཁབ་གཞན་དང་གོམ་པ་མཉམ་སྤོ་བྱེད་ཐུབ་ཀྱིན་ཡོད་པའི་སྐོར། བཙན་པོའི་གདུང་རྒྱུད་ཆད་པ་དང་བོད་ཁམས་སིལ་བུར་འཐོར་བ་བཅས་ལས་བོད་མི་ཚོ་གཅིག་གྱུར་མེད་པའི་དཀའ་རིམ་པ་བྱུང་ཡོད་ཀྱང་། ༸གོང་ས་མཆོག་གིས་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ད་ལྟའི་དུས་འདིར་བོད་མི་ཚོ་གོང་བུ་གཅིག་གྱུར་དང་རྡོག་རྩ་ཆིག་སྒྲིལ་གྱི་དུས་སྐབས་གསར་བ་ཞིག་མགོ་ཚུགས་ཡོད་ཚུལ། ཁོང་གི་ངོས་ནས་ང་དགུ་ལོའི་ཡར་སྔོན་གྱི་བོད་མི་ཚོས་སོ་སོའི་ས་ཆ་དང་ཆོས་ལུགས་ཆོས་རྒྱུད་ལས། བོད་སྤྱི་དོན་ལ་བསམ་བློ་བཏང་ཡོད་མཁན་དཀོན་པོ་ཡིན་པའི་ཚོར་སྣང་ཡོད་ཀྱང་། ད་ལྟའི་ཆར་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་བོད་ཀྱི་གནས་སྟངས་ལ་དོ་འཁུར་མཉམ་ལེན་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་བོད་ནང་གི་བོད་མི་ཚོ་རང་དབང་ལུང་པའི་བོད་མི་ལྟར་བོད་མིའི་གཤིས་ཀ་དང་ཡ་རབས་བཟང་སྤྱོད་མ་འགྱུར་བའི་ཐོག ཆོས་ལུགས་དང་ཆོལ་ཁའི་འཐེན་འཁྱེར་མེད་པར། བོད་མི་ཕན་ཚུན་ལ་རོགས་རམ་དང་མཐུན་ལམ་ཡག་པོ་ཡོད་པ། ཁོང་རྣམ་པའི་རང་བཞིན་དང་ལྷག་བསམ། སྙིང་སྟོབས་བཅས་ལ་བསྟོད་བསྔགས་བཅས་གནང་སོང་།

 

ཁོང་གིས་བོད་མིའི་མཐུན་ལམ་སྐོར་གསུངས་དོན “ དེང་སང་བོད་ནང་བོད་རིགས་ནང་ཁུལ་ཏུ་མི་གསོད་ཁྲག་སྦྱོར་བྱེད་ཀྱིན་པའི་གནས་ཚུལ་མང་པོ་ཞིག་གོ་ཡོང་གི་འདུག  ངའི་ཕ་ཡུལ་ལྟ་བུར་མཚོན་ན། དུད་ཚང་ ༡༠༠ ཙམ་ལས་མེད་པའི་ལུང་པ་ཁུག་ཀྱོག་ཅིག་ཡིན་ཡང་།  སྔ་ལོར་ནང་ཁུལ་འཁྲུག་པ་ཤོར་ཏེ་མི་ ༣ བསད་པའི་གནས་ཚུལ་འདུག རྒྱུ་མཚན་མེད་པའི་ནང་ཁུལ་གྱི་འཁྲུག་འཛིང་དེའི་རིགས་ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་ཉམས་ཆག་དང་གཉན་འཕྲང་གི་དུས་སྐབས་འདིར་དུས་ཚོད་མ་རེད། དེར་བརྟེན། ཁྱེད་རང་ཚོས་བོད་མི་ནང་ཁུལ་འཆམ་མཐུན་བྱ་དགོས་པ་རེད། གནད་དོན་དེ་དག་སྤྱི་ཚོགས་ཀྱི་སློབ་གསོ་དང་ལྟ་བ་འཁུར་སྟངས་སོགས་ལ་རག་ལས་སྟབས། ཚང་མས་དོ་སྣང་དང་མཉམ་དུ་དམ་ཚིག་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུའི་རེ་སྐུལ་བྱས་པ་ཡིན། རི་དྭགས་སྲུང་སྐྱོབ་ཀྱི་ཐད་ནས། ང་ཚོ་ཚང་མ་ནང་པ་སངས་རྒྱས་པའི་ཐེག་པ་ཆེན་པོའི་ལམ་ལ་ཞུགས་ཏེ། བྱམས་དང་སྙིང་རྗེ་ཉམས་ལེན་དང་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་སྨོན་ལམ་བྱེད་ཀྱི་ཡོད། སྔོན་ཆད་སྒོ་ཟོག་སེམས་ཅན་གསོད་པའི་གནས་ཚུལ་ཡོད་ཀྱང་ཉུང་ཉུང་རེད། དེང་སང་བོད་ནང་སེམས་ཅན་གསོད་པ་དེ་བཟོ་ལས་ཅན་ཏུ་གྱུར་ཏེ། ཉིན་རེར་ཁྲི་ཕྲག་མང་པོའི་སྲོག་གཅོད་ཀྱིན་པའི་གནས་ཚུལ་གོ་ཡོང་གི་འདུག  དེའི་ཐད་བོད་མི་ཚོས་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད།  ང་ཚོས་ཁ་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ན་བསམ་པའི་སྨོན་ལམ་རྒྱག་གི་ཡོད་ཀྱང་། ལག་ལེན་གྱི་ཐོག་ནས་སེམས་ཅན་གཞན་ལ་བཙོང་སྟེ་སྡུག་ལ་སྦྱོར་གྱིན་པ་དེ་སྨོན་ལམ་དང་མཐུན་གྱི་མེད། ཚང་མས་བསམ་བློ་བཏང་སྟེ་འཚེ་བ་སྤོང་བའི་ཐད་ལ་འབད་པ་བྱ་དགོས་པ་རེད། ཁོར་ཡུག་གི་ཐད་ནས། བོད་ཀྱི་གངས་རི་དང་འཁྱགས་རོམ་བཅས་ཀྱིས་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་སེམས་ཅན་མང་པོ་ཞིག་གི་འཐུང་ཆུ་ཆགས་ཏེ། བོད་ཀྱི་ཁོར་ཡུག་ཏེ་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་སེམས་ཅན་ཚོའི་ཚེ་སྲོག་གི་འབྱུང་གནས་ལྟ་བུ་ཆགས་ཡོད་སྟབས། བོད་ནང་གི་བོད་མི་ཚོས་རང་ས་ནས་ཁོར་ཡུག་དང་རི་དྭགས་སྲུང་སྐྱོབ་དང་། ཆུ་དང་ཁ་དབུགས་འབག་བཙོག་མི་ཡོང་བའི་ཐད་ལ་འབད་པ་བྱས་ཏེ། མི་རབས་རྗེས་མ་རྣམས་ལ་བདེ་སྐྱིད་དང་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་པའི་ཐད་ལ་འབད་པ་བྱ་རྒྱུ་གལ་ཆེན་པོ་རེད།  དེང་སང་ཤ་བོའི་རྭ་བཙོང་ཆེད་ཤྭ་བ་མང་པོ་གསོད་པའི་པའི་གནས་ཚུལ་འདུག  དེ་དག་གི་ཐད་ལ་དོ་སྣང་བྱས་ཏེ། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱ་དགོས ” ཞེས་གསུངས་བྱུང་།

 

ཡང་ཀརྨ་པ་མཆོག་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་བོད་རྒྱའི་མཐུན་ལམ་སྐོར་ལ་གསུང་དོན། “ དེང་སང་བོད་པའི་ནང་ཤེས་ཡོན་པ་མང་དུ་ཕྱིན་ཏེ། མང་པོ་ཞིག་གིས་བོད་ཀྱི་སྲོལ་རྒྱུན་ལ་དགག་པ་བྱས་པ་དེ་ཡག་པོ་མ་རེད། སྔོན་མའི་ལུགས་སྲོལ་དེ་དག་མིས་བཟོས་པའི་དབང་གིས་དུས་དང་བསྟུན་ཏེ་འགྱུར་བ་བཏང་ཆོག་གི་རེད། ཡིན་ནའང་། དེ་དག་ལོ་ངོ་སྟོག་ཕྲག་རིང་བརྟག་དཔྱད་དང་ཉམས་མྱོང་བརྒྱུད་དེ་ཡོང་བ་སྲོལ་རྒྱུན་གྱི་ཤེས་ཡོན་ཞིག་ཡིན་སྟབས། ང་ཚོའི་ངོས་ནས་དེ་ལ་དོ་སྣང་བྱ་རྒྱུ་གལ་ཆེན་པོ་རེད། སྲོལ་རྒྱུན་གྱི་ཤེས་ཡོན་དེ་ང་ཚོའི་མིག་ལྟ་བུ་དང་དེང་དུས་ཀྱི་ཤེས་ཡོན་དེ་ལག་པ་ཟུང་ལྟ་བུ་རེད། དེང་དུས་ཀྱི་ཤེས་ཡོན་གཅིག་པུའི་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་ཁག་པོ་ཆགས་ཡོད་སྟབས། ཚང་མས་དོ་སྣང་བྱ་དགོས་པ་རེད། དེ་དང་ཆབས་ཅིག  ང་ཚོའི་བོད་མི་རིགས་དེ་རྒྱ་དཀར་ནག་གཉིས་ཀྱི་ཁྱིམ་མཚེས་ཆགས་བསྡད་ཡོད་པ་རེད། ད་ལྟའི་བར་ནང་པ་སངས་རྒྱས་པའི་ཆོས་དེ་རྒྱ་གར་ནང་བོད་ནང་དར་སྤེལ་བྱས་ཡོད་སྟབས། རྒྱ་གར་དང་བོད་གཉིས་འབྲེལ་བ་གཏིང་ཟབ་མོ་ཡོད་པ་རེད། རྒྱ་ནག་ལ་མཚོན་ནའང་། སྔོན་མ་ནས་ང་ཚོར་མཛའ་བརྩེའི་འབྲེལ་བ་ཡོད་བསྡད་པ་རེད། རྒྱ་བཟའ་ཀོང་ཇོ་བོད་ལ་ཕེབས་པ་དང་ཇོ་ཤག་རྣམ་གཉིས་བོད་ལ་གདན་འདྲེན་ཞུས་པ་ནས་བཟུང་འབྲེལ་བ་ཡོད་ཀྱང་། ཆབ་སྲིད་ཀྱི་གནས་ཚུལ་མང་པོ་ཞིག་བྱུང་སྟེ་གནས་ཚུལ་འདི་འདྲ་ཞིག་ཆགས་ཡོད་ཀྱང་། ༸གོང་ས་མཆོག་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་ཞི་འཇམ་དང་མཛའ་བརྩེ་བཅས་ལ་དམིགས་ཏེ། དགོངས་གཞི་རྒྱ་ཆེན་པོ་གནང་ཡོད་པ་རེད། བོད་ནང་གི་བོད་མི་ཚོར་དཀའ་ངལ་འཕྲད་ཀྱིན་པ་དེ་ང་ཚོས་ཤེས་ཀྱི་ཡོད། གཙོ་བོ་བོད་ཀྱི་རིག་གཞུང་ཁོར་ཡུག་དང་བཅས་པའི་རྩ་བ་ཁྱེད་རང་ཚོ་ཆགས་ཡོད་སྟབས།  ཁྱེད་རང་ཚོས་རྒྱ་མི་རིགས་དང་མཐུན་ལམ་དམ་ཟབ་བྱ་རྒྱུ་དང་། འཁོན་འཛིན་མེད་པའི་ཐོག་མུ་མཐུད་འབད་པ་བྱ་རྒྱུ་གལ་ཆེན་པོ་རེད” ཅེས་གསུངས་བྱུང་།

 

མཐར་ཁོང་གིས། “ ང་ཚོ་ཚང་མས་དམིགས་ཡུལ་གཙོ་བོ། ༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་རྒྱུ་དང་བོད་གཞིས་བྱེས་མཉམ་འཛོམས་བྱ་རྒྱུ་དེ་རེད། ང་རང་ལ་མཚོན་ན། ༸གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་སྐབས་འདིར་བོད་ནང་ཕེབས་ཐུབ་པའི་ཡིད་ཆེས་ཆེན་པོ་ཡོད། ང་རང་ ༢༠༠༠ ལོར་འདིར་ཡོང་སྟེ་ལོ་ ༡༡ རིང་གང་ཐུབ་ཀྱིས་སློབ་སྦྱོང་བྱས་པ་ཡིན། ད་ལྟའི་བར་ཁྱེད་རང་ཚོ་མ་བརྗེད་པར་དྲན་བསྡད་ཡོད། ང་རང་གི་ངོས་ནས་གཞིས་སྡོད་བོད་མི་ཚོར་ཞབས་འདེགས་བསྒྲུབ་ཐུབ་པར་ཤོག་ཅེས་སྨོན་ལམ་རྒྱག་གི་ཡོད། ད་ལོ་ང་རང་ལོ་ ༢༦ ཡིན་པ་དང་ད་ལྟ་ལོ་ཆུང་ཆུང་ཡིན་སྟབས། ངའི་རེ་བ་འགྲུབ་རྒྱུ་རེད་བསམ་གྱི་ཡོད། སྤྱིར་བཏང་ཀརྨ་པ་ཞེས་པ་དེ་བོད་ཀྱི་ལོ་རྒྱུས་ཐོག་བླ་མ་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་སྟབས། ལས་འགན་དེ་ང་ལ་ཡོད་པ་རེད། ང་རང་མི་ཞིག་ཡིན་པའི་དབང་གིས་ལས་དོན་ཆ་ཚང་འགྲུབ་མི་ཐུབ་ཀྱང་ངས་གང་ཐུབ་ཐུབ་བྱེད་རྒྱུ་ཡིན། གཙོ་བོ། ཁྱེད་རང་ཚོས་ཚེ་སྲོག་སྲུང་སྐྱོབ་བྱས་པའི་ཐོག་ནས་ཆོས་དང་རིག་གཞུང་ལ་བདག་པོ་རྒྱག་རྒྱུ་དང་། ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས་འཛམ་གླིང་ཐོག་བོད་ཀྱི་གནས་སྟངས་ངོ་སྤྲོད་དང་ཁྱབ་བསྒྲགས་བྱ་རྒྱུ་དེ་ཡིན་སྟབས། ཁྱེད་རང་ཚོའི་ངོས་ནས་དེའི་ཐད་ལ་འབད་པ་བྱ་དགོས། “ ཞེས་གསུངས་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༡༨ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 34

  1. ཐོ་རེངས། says:
    ལོ་ 13 སྔོན།

    རྟགས་སྤྱོད་པས་བསྟན། ཞེས་པ་དེ་རྙོག་དྲ་མུ་མཐའ་མེད་རེད། །
    ཚད་རྨི་ལམ་གྱིས་བཟུང་། ཞེས་པ་དེ་རྫུན་ལ་འཛད་མཐའ་མེད་པ་ལ་ཟེར།

    Reply
  2. སྨར་ཀླུང་དཔའ་ལ། says:
    ལོ་ 13 སྔོན།

    རྩོད་རྙོག་མེད་སར་རྩོད་རྙོག་སློང་། བཤད་མ་དགོས་སར་བཤད་པ་འཐེན། གླེང་མ་དགོས་སར་གླེང་མོལ་བྱེད། ཇུས་མི་དགོས་སར་ཇུས་གཏོགས་བྱེད། གྲོགས་པོ་ཚོ་གཞན་མང་པོ་བཤད་དགོས་པར་མི་སེམས།
    རྒྱ་རི་བློ་གྲོས་རྒྱ་མཚོས་བཤད་པ་བཞིན། ང་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་ལ་དད་པ་མ་བྱས་ན་འགྲིག་གི་རེད། དག་སྣང་མ་བྱེད་ན་འགྲིག་གི་རེད། ང་ཚོས་ཤེས་དགོས་པ་ནི། སྒང་བ་བོད་ཀྱི་ཡུལ་འདིར་བུ་བསྟན་འཛིན་རྒྱ་མཚོ་ཞེས་པ་ཞིག་ཡོད་བསམ་ན་དེས་འགྲིག་གི་འདུག་དེ་ཡིན་གཅིག་ཤེས་དགོས་ཀྱི་འདུག་ལབ་སོང་། དཔེ་དེ་བཞིན་དད་པ་ཡོད་མེད། བརྟག་ཡིག་ཡིན་ལ་མ་ཡིན་ལ་དེ་ཚོ་ཡོད་མེད་ཀྱི་རྩོད་རྙོག་དེ་ཕར་བཞག་ནས། ང་ཚོ་བོད་གངས་ཅན་པའི་མི་རབས་གསར་པ་འདི་ནང་ལ་བུ་ཨུ་རྒྱན་ཕྲིན་ལས་རྡོ་རྗེ་ཡོད་རེད་བསམ་ན་དེས་འགྲིགས་ཀྱི་འདུག དེ་ངེས་པར་དུ་ཤེས་དགོས་ཀྱི་འདུག རྟགས་སྤྱོད་པས་བསྟན། ཚད་རྨི་ལམ་གྱིས་བཟུང་། ཞེས་པ་བཞིན་༧རྒྱལ་དབང་ཀརྨ་པ་ཡིན་མིན་གྱི་སྐད་ཆ་དེ་ཚོ་འདིར་འཁོ་དགོས་གཏན་ནས་མི་འདུག ཞིབ་དཔྱོད་དགོས་ཀྱི་མི་འདུག ཚར་ཚར་ཚར་བ་རེད། བུ་མོ་མ་གི་མི་བསྟོད་གནས་ཀྱིས་བསྟོད། བུ་ཕས་མི་བསྟོད་དགྲ་གི་བསྟོད་ཞེས་པ་བཞིན། ཕྱོགས་ཞན་མ་བྱེད་ང་ཚོ་དེས་ཕུང་སོང་། འཁྲུགས་རྩོད་མ་བྱེད་ང་ཚོ་དེས་ཕུང་གི་འདུག འཐེན་ཁྱེར་མ་བྱེད་ང་ཚོ་དེས་ཕུང་གི་རེད། བཟང་ངན་མ་ནོར་ང་ཚོ་དེས་རྗེས་ལུས་ཐེབས་ཀྱི་འདུག གྲོགས་པོ་ཚོ་ང་ཚོའི་ནོར་འཁྲུལ་སྡུག་ཤོས་དེ་འདི་རེད། དཔེར་ན་དོལ་རྒྱལ་ཚོགས་པ་བཞིན། མི་ཕུང་རང་བརླག་རེད། འདི་ཕྱི་གཉིས་མེད་བཟོ། གྲོགས་པོ་ཚོ་ང་བཟང་ཁྱོད་སྡུག་གཏན་ནས་མ་གསུང་རོག བསམ་བློ་བསྐོར་དང་གྲོགས་པོ་ཚོ། སེམས་གཏིང་ནས་བསམ་བློ་ཡག་པོ་ཞིག་བསྐོར་གནང་དང་། ང་ཚོའི་ཇུས་ཉེས་དེ་ཚོ་གླེང་རིན་འདུག་གམ། ལྟོས་དང་ཁ་སང་དེ་རིང་ཡང་ཕ་ཡུལ་ནས་བོད་རྒྱལ་ཁབ་འདིའི་དོན་དུ་གཅེས་དགུའི་རང་སྲོག་དམར་པོ་འདི་བློས་བཏང་ག་འདྲ་བྱེད་ཀྱི་འདུག དོན་དག་མེད་པའི་གླེང་མོལ་མཚམས་འཇོག་བྱེད་རོག་ཡང་ཡང་ཞུ་གི་ཡོད། བདེན་འདྲ་གཉིས་མེད་ན་ཁ་མཆུ་མེད་པ་རེད་པས། རྙོག་གླེང་མ་བྱེད་རོག

    Reply
  3. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    ཤེས་བྱ་རིག་ལམ་ལ་རྨོངས་ཤིང་ཧམ་པས་རི་བོ་ཟ་སེམས་འཆང་བའི་ཐོ་རེངས་ལགས། ཁྱོད་ཀྱི་ང་ལ་ཤེས་བྱ་ཡོན་ཏན་གྱི་ཚད་གཞི་དང་བོད་ཡིག་གི་ཕྲད་ཀྱི་འཇུག་པའི་སྐོར་གྱི་སྐད་ཆ་མ་བཤད་ན་བཟང་། དྲྭ་རྒྱ་འདི་འཛམ་གླིང་ནང་བོད་ཡིག་ཤེས་ཚད་རྣམས་ཀྱི་ལྟ་ཀློག་བྱེད་བཞིན་ཡོད་པས་སུའི་བོད་ཡིག་བཟང་དང་མི་བཟང་ང་རང་གཉིས་ལས་ཤེས་ཚད་ཡག་པ་ཞིག་གིས་ཐག་ཆོད་གནང་གི་རེད། ཁྱོད་ཀྱིས་བྲིས་པའི་བོད་ཡིག་ལ་ལྟོས་དང་འབྲི་བ་པོ་རོང་པ་དང་བོད་པ་ནོར་ཉེན་ཆེ་བས་མཛུབ་མོ་མི་ལ་མ་བཙུགས་པར་རང་ཉིད་ཀྱིས་བྲིས་པའི་ཡི་གེ་དེ་ལ་ཚུགས་ནས་ཀློག་དང་ཧ་གོ་ངེས་རེད། ད་ནས་བཟུང་རླན་པ་ཁྱོད་འདྲ་བ་དང་ཁ་བརྡ་བྱེད་རྒྱུར་མཚམས་འཇོག་དང་། བྱེ་མ་བཙིར་ནས་མར་འདོན་པའི་རེ་མི་བྱའོ། བདེ་མོ་བྱོས།

    Reply
  4. ཐོ་རེངས། says:
    ལོ་ 13 སྔོན།

    འབྲོང་བུ་སོག་ཚ། མ་གཞི་སྔར་ནས་ཁྱེད་རང་ཚོས་ཡིག་ཆ་མང་པོ་རྫུན་བཟོ་བྱས་ཡོད་ཀུན་གྱི་མཁྱེན་གསལ་རེད། གང་ལྟར་ཡང་དེའི་སྐོར་བདག་ལ་གླེང་འདོན་མི་འདུག་ལ་དགོས་པ་ཡང་མི་གདའ།
    ཨ་ཨ་ངོ་མེད་པས་ ༼ འབྲོང་བུ་སོག་ཚ། ༽ ཁྱེད་ཀྱིས་བོད་ཡིག་གི་ཕྲད་དང་རྣམ་དབྱེ་སྦྱར་ཚུར་ཕར་ཞོག ཐ་ན་སུམ་རྟགས་དག་གསུམ་གྱི་མིང་ཙམ་ཡང་མ་ཤེས་པར་འདི་ལྟར་འབྲི་ཁུལ་བྱས༼ དག་སུམ ༽ ཁྱེད་ཀྱི་ཤེས་ཡོད་ཀྱི་ཆུ་ཚད་ནི་ལོ་རིམ་ལྔ་པའི་སློབ་ཆུང་ཞིག་གི་ཚད་ལ་སླེབ་མེད་ཀྱང་། ཧམ་པ་ནི་གཞུང་ལུགས་རབ་འབྱམས་པ་ཞིག་ཡིན་སྣང་ཤར་འདུག དེ་ནི་སེམས་ཁམས་རང་བཞིན་དུ་མ་གནས་པའི་ན་ཚ་ཧ་ཅང་ཆེན་པོ་ཞིག་རེད།
    ད་དུང་བོད་སྤྱི་པའི་ལས་དོན་སྒྲུབ་མདོག་གི་ངོ་ཚ་མ་ཤེས་པས་སྐད་ཆ་བཤད། ད་ནི་བདག་གི་སྨྱོན་པ་དང་མཉམ་དུ་སྐད་ཆ་བཤད་ཚོད་མི་འདུག ང་རང་གི་དུས་ཚོད་སྐར་མ་ཁ་ཤས་ཞིག་ལ་བྱམས་སེམས་ཆེན་པོས་སྒོ་ནས་ཁྱོད་ལ་རོགས་རམ་བྱས་པ་ཡིན། བདག་གིས་སྔ་ཕྱིར་བཤད་པའི་བསླབ་བྱ་རྣམས་ལ་སེམས་ལ་ཟུངས་ཞིག །

    Reply
  5. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    ཤེས་ཡངས་དྲྭ་གྲོགས་རྣམ་རྒྱལ་ལགས། ཁྱེད་ཀྱིས་དངོས་ཐོག་བདེན་འཚོལ་དགོས་པའི་གསུང་ལ་མོས་མཐུན་དང་རྒྱབ་སྐྱོར་ཡོད། ཡིན་ནའང་དེང་སང་ཐོ་རེངས་ལྟ་བུའི་དྲྭ་འབུ་འགས་རང་ཉིད་བོད་ཡིག་གི་ཤེས་ཚད་དེ་རི་བོང་གི་རྭ་ལྟར་དག་སུམ་གྱི་འགྲོས་སོགས་གང་ལའང་གཞི་འཛིན་ས་ཞིག་མེད་པ་མ་ཚད། ལོ་རྒྱུས་ལའང་ལོང་བའི་འཁར་རྒྱུག་བཞིན་གར་བཙུགས་འདིར་བཙུགས་མེད་པར་གཞན་ཟེར་ཅལ་འདྲོགས་ཙམ་གྱི་རྗེས་སུ་བསྙེག་བཞིན་དུ། མི་གཞན་ལའང་བོད་ཡིག་མི་ཤེས་པའི་སྙོན་འཛུགས་བྱས་པ་དེ་ནི་རྐུ་མ་ཧམ་ཆེན་གྱིས་མི་ཟ་ཟེར་བའིབོད་ཀྱི་གཏམ་དཔེ་ལས་མ་འདས་པས་མི་གཙང་དཀྲུག་ན་དྲི་ངན་ཆེ་བ་ལས་གཞན་མ་མཆིས་པས་རེ་ཞིག་བཏང་སྙོམས་སུ་བཞག རང་ཉིད་ལ་མཚོན་ན་བོད་སྤྱིའི་ལས་དོན་ལས་བཀའ་བརྒྱུད་པའི་རྩོད་གཞིའི་ནང་ཞུགས་རྒྱུའི་འདུན་པ་དེ་ཙམ་མི་ཆེ་ནའང་། ༧སྐྱབས་མགོན་རིན་པོ་ཆེ་ལ་བློ་གཏད་ལིང་འགེལ་དང་དད་པ་རྨ་མེད་མཁན་ཞིག་ཡིན་སྟབས། ཁོང་གིས་བཀའ་ཐག་གཙང་བཅད་གནང་བའི་ཡང་སྲིད་ཞིག་ལ་ངོས་ལེན་དང་རྒྱབ་སྐྱོར། དད་པ་བྱ་རྒྱུ་དེ་བཟང་སྤྱོད་ཀྱི་ལས་འགན་ཞིག་ཏུ་མཐོང་བའི་རྐྱེན་གྱིས་ཀརྨ་པ་དང་འབྲེལ་བའི་ཡིག་ཆ་ཁག་དཔེར་ན། ཀརྨ་པ་མཁྱེན་ནོ་ཞེས་པའི་དེབ་དང་། དེ་བཞིན་དུ་ཀརྨ་པའི་ཤོག་བུ་ཞེས་པ་སོགས་བོད་དབྱིན་ཁག་མང་ཙམ་ཞིག་ལ་རང་མོས་ཀྱིས་ལྟ་ཁུལ་བྱས་ཀྱང་། ཁྱེད་ཀྱི་གསུང་པ་བཞིན་ ༢༠༠༡ ལོར་བལ་ཡུལ་དུ་ཀརྨ་པ་ལ་དད་འདུན་ཆེ་བའི་བཀའ་བརྒྱུད་པའི་དགོན་ཁག་རྣམས་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་ཆོས་ཚོགས་ནས་ཕེབས་པའི་སློབ་མའི་རིགས་ཚང་འཛོམས་ཀྱིས་༧སྐྱབས་མགོན་རིན་པོ་ཆེ་ལ་ཞུ་ཡིག་སྙན་སྒྲོན་ཞུས་པ་མ་ཚད། ༧སྐྱབས་མགོན་ཆེན་པོའི་ཀྱང་འགྲིག་པའི་དབུག་དབྱུང་ཟབ་མོའི་བཀའ་རྒྱ་རིན་པོ་ཆེ་ཕྱིར་ཕེབས་བྱུང་བའི་ལོ་རྒྱུས་དེ་རྩ་བ་ནས་གོ་ཐོས་མ་བྱུང་བས། ཁྱེད་ཀྱི་ང་དང་ང་ལྟ་བུའི་མི་རྣམས་ཀྱི་བློ་དྭོགས་སེལ་ཕྱིར་༧སྐྱབས་མགོན་རིན་པོ་ཆེའི་བཀའ་ཤོག་དེ་པར་གློག་ཞིག་སྐྱོན་ནས་དྲྭ་ལམ་དུ་འགོད་ཐུབ་ན་ཕན་པ་ཤིན་ཏུ་ཆེ་བས་དེ་དོན་སྐྱབས་འཇུག་ཞུ་རྒྱུ་དང་། ངའི་གོང་གསལ་དེབ་ཁག་ལ་ཞིབ་འཇུག་ལྟ་སློག་བགྱིས་འབྲས་ཀརྨ་པའི་ཡང་སྲིད་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་ལ་ཀཾ་ཚང་རྒྱལ་བ་ཡབ་སྲས་རྣམ་པ་བཞིས་ངོས་ལེན་གཙང་མ་གནང་བ་མ་ཚད། སྐྱབས་རྗེ་ཞྭ་དམར་རིན་པོ་ཆེ་ནས་ཀྱང་དོ་འཁུར་ཆེན་པོའི་ངོས་ལེན་གྱི་ཕྱག་བྲིས་ཡང་བསྩལ་ཏེ་དེབ་ནང་བཀོད་འདུག་སྟབས་ཚང་མའི་ངོས་ལེན་ཡོད་ཤག་བྱེད་བཞིན་ཡོད། ཡིན་ནའང་ཞུ་ཧམ་དུ་མ་དགོངས་པར་བློ་སྐྱེད་ཀྱི་ཁུངས་ལྡན་བཀའ་ལན་འདྲ་ཡོད་ན་གནང་རོགས།

    Reply
  6. ཐོ་རེངས། says:
    ལོ་ 13 སྔོན།

    འབྲོང་བུ་སོག་ཚ། བདག་གིས་ཁྱེད་ལ་ཁ་བཙུམ་ནས་བརྡད་ན་ཡག་པོ་རེད་ཅེས་སྨྲས་པ་ཡིན། དེ་ནི་ཁྱེད་ལ་ཁྲིམས་བཏང་བ་མ་རེད། བསླབ་བྱ་བྱས་པ་རེད་ཨེ་གོ དེ་གང་ཡིན་ཞེ་ན་ཀརྨ་པའི་ཡང་སྲིད་ཐད་ལ་རྩོད་སྙོག་ས་ཁར་མི་ཤོང་བ་ཞིག་འོངས་ཚར་བ་དེ། ད་སྐབས་ཡང་བསྐྱར་གླེང་ན་བོད་སྤྱི་བ་དང་། མ་ཟད་བསྟན་པའི་ཞབས་འདྲེན་ཆེན་པོ་རེད། དེ་ལས་ཁ་བཙུམ་བརྡད་ན་ཡག་པོ་རེད་ཅེས་ཁྱེད་ལ་བསླབ་བྱ་གོ་སྟོན་ཡིན།
    ཁྱོད་འདྲ་བའི་བོད་ཡིག་ཙམ་ཡང་ཡག་པོ་འབྲི་མི་ཤེས་མཁན་ཞིག་གིས། སྟོན་པའི་དགོས་པ་འགྲེལ་བ་དང་། ཚད་མའི་ལུང་སོགས་དྲངས་ཁུལ་བྱེད་ལུགས་ལ་བལྟས་ན་ངོ་ཚ་མི་ཤེས་པའི་༼འབྲོང་བུ་སོག་ཚ༽་ཞིག་ཡིན་ངེས་རེད།
    ཡང་ཕྱོགས་གཅིག་ནས་བསམ་ན། ཀརྨ་པའི་ཡང་སྲིད་ཐད་ལ་རྩོད་གླེང་བྱུང་། བཀའ་རྒྱུད་པ་དུབ་བུ་གཉིས་ཆག རྒྱ་གར་པས་ནམ་རྒྱུན་བརྙས་བཅོས་བཏངས་བའི་སྐྱེན་གྱིས། སེམས་རྣལ་དུ་གནས་མི་ཐུབ་པའི་ན་ཚ་ཆེན་པོ་ཞིག་རག་ཡོད་པ་འདྲ།
    དེས་ན་རྡོར་གདན་མཆོད་རྟེན་ཆེན་མོ་ལ་ཕྱག་སྐོར་དང་སྒྲིབ་སྦྱངས། དགེ་འདུན་པ་ལ་ཞབས་ཕྱི་ཡག་པོ་ཀྱིས་དང་སེམས་ཁམས་མ་དྭངས་བའི་ནད་ལས་གྲོལ་ངེས།

    Reply
  7. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    ཐོ་རེངས་ཁྱོད་ཀྱི་བཤད་པ་དེ་ངས་གོ་རྟོག་ཐུབ་མ་སོང་། གང་ལགས་ཤེ་ན། ཕྱོགས་གཅིག་ནས་ངས་དྲངས་པའི་ལུང་འདྲེན་ལ་འགོ་གཞུག་ནོར་བའི་ནོར་བཅོས་བྱས་ཁུལ་དང་། ཕྱོགས་གཞན་ཞིག་ནས་ལུང་དེ་ངོས་ལེན་མེད་པར་གང་ཟག་གི་ཚོད་གང་ཟག་གི་ཐིག་པར་མི་འགྱུར་ཞེས་པ་གཉིས་མཉམ་དུ་གསེས་ནས་མི་ཤེས་ཤེས་ཁུལ་བྱས་འདུག་པར་ཡིད་རེ་སྐྱོ། སྟོན་པས། གང་ཟག་གི་ཚོད་གང་ཟག་གིས་མི་ཤེས་གསུང་པ་དེ། གང་ཟག་གང་ཡང་རུང་བའི་གདུལ་བྱའི་བློ་ཚོད་དེ་རང་འདྲ་བས་ཁ་ཐུག་ཤེས་པར་མི་འགྱུར་གསུང་པ་ལས། རྒྱུད་ནས་རྟོགས་པར་མི་འགྱུར་གསུང་པ་མ་ཡིན་པའི་ཕྱིར་དང་། དེ་ལྟར་ཡིན་ན་གོང་གསལ་ལུང་དེ་ནང་འགལ་དུ་འགྲོ་བའི་ཕྱིར། དེ་ཙམ་དུ་མ་ཚད། ཁྱོད་ཀྱིས་ང་རྩོད་རྙོག་ལ་དགའ་བ་དེ་༧རྒྱལ་བ་ཀརྨ་པའི་མཚན་བེད་སྤྱོད་དུ་བཏང་ནས་ཁོང་གིས་གསུང་བྱུང་ངམ་ཞེས་པའི་ཚིག་དེའི་ཁྱོད་ཀརྨ་པ་ལ་དགའ་སྡུག་གཉིས་གང་ཡང་མེད་ཟེར་བའི་ཚིག་དེ་རྒྱང་རིང་དུ་སོང་ནས་མི་དགའ་བའི་ཕྱོགས་ལ་བློ་ལྷག་པར་ཉེ་བར་གསལ་པོར་བསྟེན་འདུག ད་དུང་ཧམ་པ་ཆེ་མདོག་ལ། རྒྱ་གར་དམངས་གཙོ་ཡང་དག་པའི་ལུང་པའི་ནང་སྐྱབས་བཅོལ་དུ་བསྡད་ནས་དམངས་གཙོའི་སྤྱི་དམངས་ཀྱི་ཐོབ་ཐང་གང་ཡིན་མི་ཤེས་པར་གཞན་ལ་ཁ་བཙུམ་ནས་སྡོད་ཟེར་བ་དེ་ཧ་ཅང་ཐལ་ཆ་ཆེ་བས་དེར་ལེགས་བཅོས་དང་བློར་འཇགས་གྱིས། ༧གོང་ས་སྐྱབས་མགོན་ཆེན་པོས་ཀྱང་དོལ་རྒྱལ་ཚོགས་པ་ལ་ཁ་བཙུམ་ནས་སྡོད་ཞེས་པའི་ཚིག་དེ་བེད་སྤྱོད་ག་དུས་གནང་གི་མི་འདུག་པས་ཁྱོད་འདྲ་བའི་་་་་་་་་་་་་

    Reply
  8. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    ༡༩༩༧ཡས་མས་སུ་སི་ཌྷུ་རིན་པོ་ཆེ་དང་༧གོང་ས་མཆོག་འབྲེལ་ལམ་སྐོར་ལ་གཟིགས་ན་ཤེས་སོ།།
     ཁྱེད་ནི་རྒྱལ་བ་ཀརྨ་པ་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་སྐོར་ལ་རྒྱུས་མངའ་གང་ཡང་མེད་བ་འདྲ། དེའི་སྐོར་དོགས་གཅོད་དགོས་ན། བདེ་སྲུང་ལས་ཁང་ལ་འབྲེལ་བ་གནང་ན་གསལ་པོ་རྟོགས་ངེས་སོ།།
    ཁྱེད་ཀྱི་དྲི་བ་འདི་ད་ལྟ་མ་གཏོགས་མཐོང་མ་སོང་། ང་ནི་ལས་བྲེལ་ཤིན་ཏུ་ཆེ་བས་དུས་བབས་ནང་མཆན་འབྲི་བ་ཙམ་ལས་བོད་ཡིག་ལ་ལྟ་ཀློག་བྱ་བའི་གོ་སྐབས་མེད། ཟུར་མཆན་འདི་ཡང་ལག་འཁྱེར་ཁ་དཔར་ནང་ཞར་དང་ཞོར་ལ་འབྲི་བཞིན་ཡོད་དོ།

    Reply
  9. རྣམ་རྒྱལ། says:
    ལོ་ 13 སྔོན།

    གུས་པ་འོས་པའི་འབྲོང་བུ་སོག་ཚ་ལགས། 
    ཉིད་ནས་གསུང་པ་བཞིན། རང་རིགས་རྣམས་རི་བོང་ཅལ་བྲོས་མི་གནང་པ་གནས་ལུགས་རྒྱུ་མཚན་སྒྲུབ་ན་ཡག་པོ་འདུག   

    ༢༠༠༡ ལོ་རུམ་སྟེག་གྲྭ་ཚང་ངོས་ནས་བལ་ཡུལ་རྒྱལ་ས་ལ་བཀའ་བརྒྱུད་རྒྱལ་ཡོངས་ཚོགས་འདུ་ཞིག་ཚོགས་འདུག་པ། དེའི་ནང་ཚོགས་ཞུགས་མཁན་འབྲས་ལྗོངས་དང་ལ་དྭགས་སོགས་རྒྱ་གར་ནང་ཁུལ་དང་། བལ་ཡུལ། འབྲུག དེ་བཞིན་འཛམ་གླིང་ཤར་ནུབ་རྒྱལ་ཁབ་སུམ་བཅུ་ལྷག་ཚོས་ཚོགས་ཁག་གི་ཚོགས་མི་ལྔ་བརྒྱ་ལས་མི་ཉུང་པ་ཡོད་ཚོད་ལ། དེའི་སྐབས་དགོན་ཁག་སུམ་བཅུ་ལྷག་གི་མིང་བྱང་འཁོད་པའི་ཡིག་གེ་ཅིག་གོང་ས་མཆོག་དང་ཚོས་དོན་ལས་ཁང་ལ་ཕུལ་འདུག་པ་ཡོངས་གྲགས་རེད། དེའི་སྐབས་ཆོས་དོན་ལས་ཁང་ནས་ཡིག་ལེན་ཞིག་གནང་འདུག་པའི་ནང་འཁོད། སུ་རྡི་རིན་པོ་ཆེ་དང་རྒྱལ་ཚ་རིན་པོ་ཆེ་རྣམས་པ་གཉིས་རྡ་ས་དུ་གོང་ས་མཆོག་ལ་འཇལ་བཅར་སྐབས་གོང་ས་མཆོག་ཨ་རི་འཕེབས་སྐབས་དང་ཁེལ་ནས་སྐུ་ངོ་ཏ་ར་བདྱུད་སུ་རྡི་པའི་འགུལ་བསྲུང་ཞལ་ཆེན་གཞི་བཞག་ཀརྨ་པ་སྐུ་འཕྲེང་བཅུ་བདུན་པའི་ཡང་སྲིད་བཙད་རྙེད་བྱུང་བ་ལ་བཀའ་བདྱུད་པའི་བླ་སྤྲུལ་ཡོངས་བརྫོགས་དང་དགོན་ཁག་ཡོངས་བརྫོགས་གཅིག་སྒྱུར་གི་ཡིད་ཆེས་གཏན་པོ་བྱུང་སོང་། དེ་བཞིན་མཆོག་མཆན་ཞུས་སོང་བ་གོང་ས་མཆོག་གི་ཁྱོད་རང་ཚོ་བཀའ་བདྱུད་པའི་བླ་སྤྲུལ་ཡོངས་བརྫོགས་དང་དགོན་ཁག་ཡོངས་བརྫོགས་གཅིག་སྒྱུར་ཡིན་ཚེ་དེ་བཞིན་མཆོག་གི་རེད་གསུང་པ་ལས། གོང་ས་མཆོག་མངོན་ཤུགས་རྗེས་གསུམ་གི་འབྲེལ་བ་མེད། ཁྱོད་རང་ཚོ་བཀའ་བདྱུད་པའི་ཁ་ནང་གི་རྨ་དེ་ཁ་ནང་ནས་སོས་ཐབས་བྱེད་དགོས་གི་རེད་ཅེད་འཁོད་འདུག་ཞུ། བདེན་པ་ཡིན་མིན་ཆོས་དོན་ལས་ཁང་ལ་བཀའ་འདྲི་གནང་རོགས།།

    Reply
  10. ཐོ་རེངས། says:
    ལོ་ 13 སྔོན།

    འབྲོང་བུ་སོག་ཚ།
    ཁྱེད་ཀྱིས་དེའི་མགོ་སྔ་ནོར་འདུག་ལགས། ༼ ༢ དུ་བ་ལས་ནི་མེ་ཤེས་ལྟར། ༡ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། ༣བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། ༤རིགས་དང་མཚན་མ་དག་ལས་ཤེས།༽
    གང་ཟག་སུ་ཞིག་བྱང་ཆུབ་སེམས་དཔའ་ཡིན་མིན་ཤེས་དཀའ། སངས་རྒྱས་ཉིད་ཀྱིས། ང་དང་ང་འདྲ་བ་མ་གཏོགས་གང་ཟག་གི་ཚོད་གང་ཟག་གཞན་གྱིས་འཛིན་མི་ནུས་ཞེས་པ་དེ་ཀོ་ཨེ་མྱོང་།
    ཁྱེད་དེ་འདྲའི་ང་རྒྱལ་དང་རྩོད་སྙོག་ལ་སྤྲོ་བ་དེ་ཀརྨ་པའི་སར་ནས་སྦྱངས་པ་ཡིན་ནམ།
    དངོས་གནས་བཤད་ན་བདག་ལ་དམིགས་བསལ་ཀརྨ་པ་ལ་དད་གུས་དང་མ་དད་པ་གང་ཡང་མེད་མོད། རྒྱུ་མཚན་མི་ཤེས་མཁན་འབྲོང་བུ་སོག་ཚ་ཉིད་ཁ་བཙུམས་ནས་བརྡད་ན་མི་ཡག་གམ། །

    Reply
  11. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    ཐོ་རེངས། དུ་བ་ལས་ནི་མེ་ཤེས་ལྟར། ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། རིགས་དང་མཚན་མ་དག་ལས་ཤེས། གསུངས་པ་ལས་ཤེས་པར་ནུས་སོ། མ་གཞི་ཁྱེད་རང་གི་ཁོང་བྱང་སེམས་མ་ཡིན་པའི་སྒྲུབ་བྱེད་གང་ཡོད།
    ཡང་རྣམ་རྒྱལ་ཞེས་པས། ༧སྐྱབས་མགོན་རིན་པོ་ཆེའི་བཀའ་བརྒྱུད་པ་ཡོངས་རྫོགས་གཅིག་བསྒྱུར་ཡིན་ན་ཞེས་པ་རྒྱུ་མཚན་དུ་བཀོད་ནས་ཉི་གསལ་སྒྲོན་འདེགས་བྱས་ཁུལ་ཞིག་གནང་འདུག་ཀྱང་། དེ་ལྟ་བུ་༧སྐྱབས་མགོན་རིན་པོ་ཆེའི་བཀའ་ལ་ཁྱེད་རང་གཙིས་སྲུང་བྱེད་མཁན་ཞིག་ཡིན་ན། ༡༩༩༧ ལོར་ཀརྨ་པའི་ཡང་སྲིད་གཅིག་ལས་གཉིས་གསུམ་མེད་ཞེས་པའི་བཀའ་ཡང་ཡོད་སྐད་འདུག་པས་ཚང་མ་དྲྭ་ཐོག་ཏུ་དཔོད་ན་མི་མང་ཚང་མའི་བདེན་པ་གང་ཡིན་ཤེས་རྟོགས་ཐུབ་པས་དེ་བཞིན་ཅིའི་ཀྱང་གནང་གྲུབ་ཞུ།

    Reply
  12. རྣམ་རྒྱལ། says:
    ལོ་ 13 སྔོན།

    བསོད་ནམས་རྒྱ་མཚོ་ལགས། གོང་ས་མཆོག་གི་ཀརྨ་པ་སྐུ་འཕྲེང་༡༧ ཡང་སྲིད་ག་དུས་ངོས་འཛིན་གནང་པ་རེད། བཀའ་བརྒྱུད་པའི་བླ་སྤྲུལ་ཡོངས་བརྫོགས་དང་དགོན་ཁག་ཡོངས་བརྫོགས་གཅིག་བསྒྱུར་གི་ཐག་མཆོད་ཡོད་ཚེ་ངས་ངོས་ལེན་ཡོད་གསུང་པ་ལས་ངས་ངོས་འཛིན་ཡིན་ག་དུས་གསུང་པ་རེད་གསུང་རོགས་གནང་།

    Reply
  13. འཁྲུངས་སྐར། says:
    ལོ་ 13 སྔོན།

    དཔལ་རྒྱལ་བ་མཆོག་སྐུ་ཚེ་རིང་ཞིང་མཛད་འཕྲིན་ཀུན་ལ་ཁྱབ་པ་ཤོག

    Reply
  14. ཐོ་རེངས། says:
    ལོ་ 13 སྔོན།

    འབྲོང་བུ་སོག་ཚ། ཞི་བ་ལྷས། གསུངས་དེ་ཚད་མའི་གྲུབ་ནའང་ཁྱོད་ཀྱི་རྩོད་གཞི་ཆོས་ཅན་དེ་བྱང་སེམས་ཡིན་བའི་སྒྲུབ་བྱེད་ཅི་ཡོད། ཁྱེད་རང་ཚོས་རང་མགོ་ཐོན་ན་དེ་གང་མ་ཆོག་པ་མེད། མི་སུ་ཞིག་གི་བོད་སྤྱི་བའི་ཞབས་སྤྱི་སྒྲུབ་ན་ཡག་པོ་རེད།

    Reply
  15. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    ཞི་བ་ལྷས། གལ་ཏེ་རྒྱལ་སྲས་བྱང་ཆུབ་སེམས་རྣམས་ལ། ངན་སེམས་སྐྱེ་བའི་གྲངས་བཞིན་བསྐལ་པ་ནི། དམྱལ་བར་གནས་པར་འགྱུར་ཞིང་ཐུབ་པས་གསུངས། ཞེས་པའི་ཚིག་ལ་བསམ་བློ་རེ་ཐོངས་དང་རྣམ་རྒྱལ་སོགས་དྲྭ་འབུ་འགའ། བསོད་ནམས་བསག་བྱའི་རྟེན་འདི་ལྟ་བུ་ལ་དོན་མེད་སྡིག་པ་མ་གསོགས། དམྱལ་བ་མ་སྒྲུབས། ཞེན་སྐུལ་ཡིན། མ་གཞི་མིག་ལྡན་གཡང་དུ་མཆོངས་ན་ཅི་བྱེད། དཔེར་ན་དོལ་རྒྱལ་ཚོགས་པ་བཞིན།

    Reply
  16. ཚངས་སར་འཕྲིན་ལས། says:
    ལོ་ 13 སྔོན།

    ༧རྒྱལ་བ་ཀརྨ་པ་མཆོག་གིས་བོད་མི་རིགས་ཀྱི་བདེ་སྡུག་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གནང་བར་ཐུགས་རྗེ་ཆེ། སྐུ་ཉིད་མཛད་འཕྲིན་རྒྱས་པའི་སྨོན་ལམ་ཡོད། ཞེན་ཁོག་གི་འཆིང་བ་དམ་པོས་ལུས་སེམས་གཉིས་ཆར་བཅིང་བའི་མི་ངན་དག་གི་ལོག་བཤད་དང་ངན་སྨོད་ཀྱིས་དུས་ནམ་ཡང་ཁྱེད་ཀྱི་མཛད་འཕྲིན་ལ་ནག་ནོག་གི་དྲི་མས་གོས་མི་སྲིད།
    བླ་ཆེན་དང་དཔོན་ཆེན་ཚོས་ང་ཆེ་དང་ཁོ་ཆེ་སྙམ་ནས་རང་རང་གི་རྐུ་སྟེགས་ཐོག་ཏུ་འགྱིང་མ་བསྡད་པར་མི་རིགས་ཀྱི་བདེ་སྡུག་དང་འབྲེལ་བའི་ལམ་སྟོན་གནང་ཐུབ་ན་དགེ་མཚན་ཕན་ནུས་ཆེན་པོ་ཡོད་པ་མ་ཟད་རང་གར་གྱི་མི་ཚོས་བཤད་པའི་སྐད་ཆའི་ནུས་པ་དང་མི་འདྲ། མི་རིགས་ཀྱི་བདེ་སྡུག་འདི་༧་གོང་ས་ཡིད་བཞིན་ནོར་བུ་དང་༧རྒྱལ་བ་ཀརྨ་པ་བློ་བཟང་སེངྒེ་སོགས་མི་ཁ་ཤས་ཀྱི་ལས་འགན་ཙམ་མ་ཡིན་པར་བོད་མི་ཡིན་ཚད་པོར་འགན་འཁྲི་ཡོད་དུས་བླ་ཆེན་ཡིན་ཟེར་མཁན་དང་མི་ཆེན་ཡིན་ཟེར་མཁན་དག་གིས་མུ་འཐུད་གོ་སྐབས་དམ་འཛིན་བྱས་ནས་བཀའ་སློབ་ཕེབས་ཐུབ་པའི་རེ་བ་དང་སྨོན་ལམ་མི་ཉུང་བ་ཞིག་ཡོད། སྤྱིར་བོད་མི་རིགས་ལ་བློ་དཀར་ཞིང་བོད་མི་རིགས་ཀྱི་ཆེད་དུ་རྒྱུ་འབྲས་དང་བདེན་ལུགས་ཀྱི་མི་སྐད་བཤད་མཁན་དག་ལ་དངོས་ཤུགས་བརྒྱུད་གསུམ་ནས་འགོག་རྒོལ་བྱེད་མཁན་ནི་འུ་ཚང་ལ་སྔར་ཡང་བྱུང་མྱངས་ཡོད་ལ། ད་ལྟ་ཡང་དེ་བཞིན་རེད། དེ་ལྟར་ཐབས་སྡུག་གི་ལས་ཀ་སྒྲུབ་མཁན་དག་ནི་རང་སྐྱོན་མཐེ་བོང་ཙམ་ལ་བློ་མིག་གདང་མི་ཤེས་པར་དཔྱད་ཞིབ་མེད་པར་གཞན་ལ་སྐྱོན་དང་སྨད་ར་གཏོང་མཁན་གྱི་ཟབ་ཆུང་པ་དང་མིང་རྫུན་འོག་གི་དྲྭ་འབུ་དག་རེད། འདི་ཚོའི་རིགས་དེས་སྤྱི་ཚོགས་ཀྱི་འགན་མི་ཁུར་ཞིང་རང་ཉིད་ཀྱིས་བཤད་པའི་སྐད་ཆ་དག་བདག་པོ་རྒྱབ་མི་ཤེས་མཁན་གྱི་མི་ངན་དག་རེད། མི་ངན་འདི་ཚོའི་རིགས་དེ་ང་ཚོ་བོད་པ་ཚང་ལ་དགོས་མཁོ་མེད་པས་ཚར་གཅོད་དང་སུན་འབྱིན་བྱེད་པའི་འོས་བབ་ནི་དྲང་བདེན་དང་རྣམ་དཔྱོད་ཅན་གྱི་མི་བུ་དག་ལ་ཡོད་ངེས་པས་ལེགས་ཉེས་ཀྱི་བླང་དོར་མ་ནོར་བྱེད་དགོས་པ་དེ་གལ་ཆེན་ཡིན།

    Reply
  17. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    རྒྱལ་བ་ཀརྨ་པ་མཆོག ཁྱེད་ནི་ལོ་ན་ཆུང་ཞིང་། ཤེས་ཡོན་ལྡན། ཁྱེད་ནི་བཀའ་བརྒྱུད་བསྟན་པའི་བདག་པོ། མ་འོངས་བོད་མིའི་སྐྱབས་གནས། གནས་སྐབས་ཀྱི་ཁེ་ཕན་ལ་མ་ལྟོས་པར། བོ་མི་ས་ཡ་དྲུག་པོ་སྙིང་ལ་བཅངས་སྟེ་བཙན་བྱོལ་དུ་ཡོང་བར་བལྟས་ན། གངས་ཅན་གྱི་བླ་ཆེན་ངོ་མ་ཡིན་པ་རྟོགས་ཐུབ། ཕྱིའི་ཆབ་སྲིད་དང་། ནང་གི་ཕྱོགས་རེའི་འཐེན་འཁྱེར་གྱི་གནོན་ཤུགས་སོགས་ཇི་སྙེད་ཅིག་ཡོད་ནའང་གཡོ་འགུལ་མེད་པ་མཐོང་དུས། ༧གོང་ས་མཆོག་གིས་རྒྱལ་བ་ཀརྨ་པའི་སྐུ་ཕྲེང་བཅུ་བདུན་པར། ཡང་སྲིད་ངོས་འཛིན་གནང་བར། ཡིད་ཆེས་བརྟན་པོར་རྙེད་སོང་། ཁ་སང་ཁྱེད་ཀྱིས་བྱམས་བརྩེ་ལྡན་པའི་ཐོག་ད་ལྟའི་དུས་སུ་གནད་དུ་འཁེལ་བའི་བཀའ་སློབ་ཟབ་མོ་དེ་ཐོས་དུས། ༧གོང་ས་མཆོག་གིས་མ་འོངས་བའི་རེ་བ་དེ་ཁྱེད་དང་། གླིང་རིན་པོ་ཆེ་ལ་རྒྱབ་ཀྱིན་ཡོད། དེ་ཡང་རྒྱབ་རིན་ཡོད་པ་མཐོང་སོང་།

    Reply
  18. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    མཁྱེན་ནོ། མཁྱེན་ནོ། ཀརྨ་པ་མཁྱེན་ནོ། །ཁྱེད་ཀྱི་སྐུ་ཚེར་བར་ཆད་མེད་པའི་སྨོན་འདུན་ཞུ།

    Reply
  19. རྣམ་རྒྱལ། says:
    ལོ་ 13 སྔོན།

    འཇིག་བརྟེན་གཏམ་དཔེ་ལ། དམན་ཁ་དགུ་འཁོར་བའི་དྲེད་མ་དེས། རང་ཚང་མི་དྲན་གཞན་ལ་སྨོད་ཟེར་བ་ལྟར་མ་ཡིན་ནམ།  དང་པོ་ཁྱོད་རང་རྒྱུད་སྟོད་ཀརྨ་བླ་རང་གི་འཛིན་སྐྱོང་ཡག་པོ་གནང་ནས་རྒྱ་གར་རྒྱལ་ཁབ་གི་རྩ་ཁྲིམས་དང་མ་འགལ་བ་གནང་རྒྱུ་གལ་ཆེའོ།། 
    དེ་ལྟར་མ་བྱུང་ན་ཁྱོད་རང་རྒྱུད་སྟོད་ཀརྨ་བླ་རང་ཙམ་མ་ཡིན་པ་བོད་སྤྱི་བའི་ཞབས་འདྲེན་དུ་འགྲོ་གི་འདུག་གོ    བཀའ་བརྒྱུད་པ་ཁྱོད་རང་རྒྱུད་སྟོད་ཀརྨ་བླ་རང་གི་རྗེས་འབྲོང་བཅས་པ་ཚང་མ་ངོ་ཚ་ཁ་སྐྱེམས་དགོས་པ་ཆགས་འདུག་གོ

    Reply
  20. རྣམ་རྒྱལ། says:
    ལོ་ 13 སྔོན།

    ཨོ་རྒྱན་འཕྲིན་ལས་ཞལ་ནས་འབྲུག་གྲགས་གྲགས་གནང་གི་འདུག  འདྲ་ཆགས་ཆགས་བཤད་གི་འདུག  དོན་ངོ་མ་ཁོ་རང་རྒྱལ་གར་བའི་ཁྲིམས་དང་འགལ་འགལ་ནས།  བརྫོགས་རྒྱུ་མེད་པའི་གཏམ་བརྒྱུད་རིང་པོ་འགྲོ་དང་འགྲོ་བཞིན་པ་བརྗེད་པ་འདྲ། ཀརྨའི་སྐུ་འཕྲེང་རིམས་བྱོན་བྱུང་མ་མྱོང་པའི་ཞབས་འདྲེན་ལུང་པ་གང་བཞག   
    བན་རྒན་རང་འགོ་མི་ཐོན་པ། ཤི་བོ་ཡར་འདྲེན་ཁག་པོ་རེད་དོ།

    Reply
  21. གངས་སྨྱུག says:
    ལོ་ 13 སྔོན།

    གཡུ་ལ་མ་ལྟ་མིག་ལ་ལྟོས་ བཀའ་སློབ་ལ་མ་ལྟ་མཚན་ལ་ལྟོས། དོན་དག་ལ་མ་ལྟ་གནང་སྟངས་ལ་ལྟོས། ལེགས་ཉེས་ལ་མ་ལྟ་བྱིན་རླབས་ལ་ལྟོས།

    Reply
  22. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    རྒྱལ་བ་ཀརྨའི་་གསུངས་ལ་མངོན་པར་བསྟོད་དོ། གང་ཉིད་སྐུ་ཚེ་བསྐལ་རྒྱར་བརྟན་ཏེ། མཛད་ཕྲིན་མཁའ་མཉམ་ཡོངས་ལ་མྱུར་དུ་ཁྱབ་པར་ཤོག།

    Reply
  23. པོ་ཏཱ་ལ says:
    ལོ་ 13 སྔོན།

    ཕྱག་ཐལ་མོ་སྦྱར་ནས་ཞུ་རྒྱུ།།།།་་་ཚེ་སྲོག་སྲུང་སྐྱབས་ངང་རིགས་གཞུང་འཐབ་རྩོད་ཇི་ལྟར་བྱེད་་ཐབས་ལམ་ཅིག་གསུངས་རོགས་

    Reply
  24. རིག་བཟང་། says:
    ལོ་ 13 སྔོན།

    བོད་གཞུང་གི་ངོས་ནས་སུ་ཏི་ཀརྨ་པ་ལ་ངོས་ལེན་བྱས་ནང་བཞིན་ཞ་དམར་ཀརྨ་པ་ལ་ངོས་ལེན་ཡོད་པ་ཞུ་གར་སྲིད་གར་དེ་ལྟར་མ་ཐུབ་ན་ངེས་པར་དུ་བདེན་རྫུན་གྱི་དབྱེ་བ་འབྱེད་དགོས་པའི་དུས་ལ་བབས་འདུག་

    Reply
  25. ནད་པ says:
    ལོ་ 13 སྔོན།

    དཔལ་༸ རྒྱལ་བ་ཀརྨ་པ་རིན་པོ་ཆེས་ད་རེས་གནད་ལ་འཁེལ་བའི་བཀའ་སློབ་ཚིག་དོན་ཟབ་མོ་ཞིག་བསྩལ་འདུག

    ཁོང་གིས་དུས་རྒྱུན་བཀའ་སློབ་གང་ཞིག་གནང་ཡང་ངས་རྟག་པར་བལྟ་ཀློག་བྱེད་ཀྱིན་ཡོད། ཡིན་ནའང་ད་བར་ཁོང་གིས་གནང་བའི་བཀའ་སློབ་ཀྱི་ནང་ནས་ད་རེས་ཀྱི་བཀའ་སློབ་འདིས་ང་ལ་མཚོན་ན་སེམས་ནང་རེ་བ་ཆེན་པོ་ཞིག་དང་། དགའ་འཚོར་ཆེན་པོ་ཞིག དད་གུས་ཆེན་པོ་ཞིག་བྱུང་སྟབས། ང་ཚོ་བོད་མི་རིགས་ཚོར་མཚོན་ན་ཆབ་སྲིད་དང་། ཆོས་ལུགས། རིག་གཞུང་། སྐད་ཡིག སྤྱི་ཚོགས་སོགས་གང་ནས་བལྟས་ན་དེ་ནི་བཀྲ་ཤིས་པའི་བྱ་བ་དང་དགེ་མཚན་ཆེན་པོ་རེད།

    Reply
  26. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    དྲ་གྲོགས་འབྲོང་བུ་སོག་ཚ་ལགས་ཁྱོད་ཀྱིས་ང་ལ་ཁོ་ཁའི་ཨ་མ་རྒན་མོ་བཞིན་དམོད་མོ་བྱ་བ་ལ་ང་གང་ཡང་གནོད་ཀྱི་མེད་་་་་་་་ཀརྨ་པ་བླ་མ་འདི་ཡག་པོ་ཞིག་ཆགས་རྒྱུ་ལ་རེ་བ་ཁྱོད་ལས་མང་བ་ང་ལ་ཡང་ཡོད་་་་་་་ཀརྨ་བླ་བྲང་གི་ཆ་རྒྱུས་ཁྱོད་ལས་མང་བ་ང་ལ་ཡོད་་་་་དེང་སང་ཀརྨ་བླ་བྲང་གི་ཕྱི་ནང་བར་གསུམ་ལ་བལ་ཡུལ་ལམ་་རོང་སྐད་ལས་བཤད་ས་མེད་པ་ཞིག་ཆགས་ཡོད་ཀརྨ་བླ་བྲང་གི་དབང་ཚད་མཐོ་བའི་མི་སྣ་ཚོ་བོད་ཀྱི་ཆོས་ལུགས་རིག་གནས་ཀྱི་གནས་ཚད་སྐྱོ་བོ་ཡིན་པ་མ་ཟད་ཕྱག་ལས་གནང་སྟངས་དཔེ་སྐྱོ་བོ་རེད་འབྲོང་བུ་ཁྱེད་རང་གི་གནས་ཚུལ་དེ་ཚོ་ཞིབ་པར་ཤེས་ན་བསྐུར་འདེབས་ཟེར་བ་དེ་གཞི་མེད་པ་རེད།

    འདོ་ཚོ་ལ་བསམ་བློ་བཏངས་དུས་སེམས་འཚབ་ཆེན་པོ་ཡོད།

    གནས་ཚུལ་འདི་ཚོ་ལ་བསམ་ཚེ་སེམས་འཚབ་ཆེ་རུ་འགྲོ་བཞིན་འདུག་་་་་

    Reply
  27. ཐོ་རེངས། says:
    ལོ་ 13 སྔོན།

    གཞི་ལུས་བོད་མི་རྣམས་ཀྱིས་བོད་ཀྱི་རང་བྱུང་འཁོར་ཡུག་དང་རི་སྐྱེས་སྲོག་ཆག་ལ་བདག་པོ་རྒྱག་དགོས་པ་ནང་བཞིན། ཀརྨ་པ་རང་ཉིད་སྐུ་འཁོར་དང་བཅས་པའི་ནང་ཆོས་དང་བོད་ཀྱིས་ཞབས་འདྲེན་མི་བྱེད་རྒྱུ་གལ་ཆེན་པོ་རེད།
    རིམ་པ་བཞིན་དུ་རྒྱ་གར་ཚག་པར་ཐོག་ལ་བཤད་རྒྱུ་དང་གཏམ་མང་པོ་ཡོད་པ་ཀུན་གྱི་མཁྱེན་གསལ་རེད།
    དེས་ན་གཞི་ཕྱིས་གཉིས་ཀྱིས་ཤུགས་རྒྱག་ཚད་ལ་སླེབས་འདུག་ལགས།

    Reply
  28. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    དྲྭ་འབུ་འགྱུར་བསྟན་ལྟ་བུ་རེ་ཟུང་། ཤེས་འཇོན་གྱིས་སྟོངས་ཤིང་། རུ་ང་ཕྲག་དོག་གིས་སྨྱོས་ནས་བླ་མ་ཚད་ལྡན་འདི་ལྟ་བུ་ལ་སྐུར་འདེབས་དང་ཆོས་ལུགས་ནང་ཁུལ་དཀྲུགས་ཤིང་གང་ཐུབ་གནང་སྟེ་དམ་ཚིག་རྡོག་རྩ་ཆིག་སྒྲིལ་གྱི་ནུས་པ་གཏོར་བཤིག་གཏང་རྩིས་ཀྱི་ཟུར་ཟའི་ཚིག་དམར་འབྱིན་བྱས་པར་ཡིད་རེ་སྐྱོ། ཀརྨ་པའི་བླ་བྲང་གི་ལས་བྱེད་ཚོའི་བོད་སྐད་མི་ཤེས་པར་ག་དུས་ཁྱེད་རང་ལ་སྐད་བསྒྱུར་གནང་རོགས་གྱིས་ཞེས་རེ་བསྐུལ་ཞུས་བྱུང་གསུང་རོགས་གནང་དང་། ཀརྨ་པ་དགུ་བརྒྱའི་མཛད་སྒོ་དབུ་འཛུགས་སྐབས་རང་རེ་བོད་ཀྱི་བཀའ་བློན་ཁྲི་པ་མཁས་དབང་ཟབ་གདོང་རིན་པོ་ཆེ་དང་། བཀུར་ཚོགས་གཙོ་སྐུ་ངོ་སྤེན་པ་ཚེ་རིང་རྣམ་གཉིས་སྐུ་མགྲོན་དུ་སྤྱན་དྲངས་ནས་ན་ལོ་རྡོར་གདན་དུ་མགོ་མཇུག་བར་གསུམ་ཚང་མ་བོད་སྐད་ཐོག་གནང་བ་ཁྱོད་ཀྱི་མ་མཐོང་མ་ཐོས་སམ། ད་ལོ་ལོ་འཇུག་གི་མཛད་སྒོ་དེ་གཙོ་བོ་རྒྱ་གར་འཕགས་ཡུལ་བ་རྣམས་ཀྱི་ཆེད་དུ་ཡིན་སྟབས་བོད་སྐད་དགོས་གལ་ཆུང་བས་གཙོར་འདོན་མ་བྱས་པ་ཙམ་ལས་མ་ཤེས་པ་ག་ལ་ཡིན། ཡིད་རྣལ་དུ་འཕབ་ནས་མཆན་འགོད་གནང་ན་མི་ལེགས་སམ།

    Reply
  29. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་གཙོ་བོ། ཁྱེད་རང་ཚོས་ཚེ་སྲོག་སྲུང་སྐྱོབ་བྱས་པའི་ཐོག་ནས་ཆོས་དང་རིག་གཞུང་ལ་བདག་པོ་རྒྱག་རྒྱུ་དང་། ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས་འཛམ་གླིང་ཐོག་བོད་ཀྱི་གནས་སྟངས་ངོ་སྤྲོད་དང་ཁྱབ་བསྒྲགས་བྱ་རྒྱུ་དེ་ཡིན་སྟབས། ཁྱེད་རང་ཚོའི་ངོས་ནས་དེའི་ཐད་ལ་འབད་པ་བྱ་དགོས། གསུང་མཁན་ཀརྨ་པ་དེ་མཁྱེན་ནོ། །

    Reply
  30. འབྲོང་སར་ཚེ་ཉི། says:
    ལོ་ 13 སྔོན།

    །གང་གི་གསང་གསུམ་ཉིན་བྱེད་སྣང་ཟེར་གྱི་ཕྲེང་བའི། །རྣམ་བཞིའི་ཕྲིན་ལས་དགེ་ལེགས་འོད་འབུམ་གྱི་གྲིབ་བསིལ། །སྐལ་བཟང་གདུལ་བྱའི་ལང་ཚོར་ལྷུན་སྟུག་ཏུ་སྦྱིན་པས། །དགའ་བ་འབུམ་གྱི་པདྨོ་སྙིང་དབུས་སུ་བཞད་དོ།

    Reply
  31. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    བླ་མ་འདི་ལ་བོད་མི་རིགས་ཀྱི་རེ་བ་དེ་ཚད་ངེས་ཅན་ཞིག་འཛིན་འདུག་ཁོང་གིས་ཀྱང་རང་སྣང་གང་ཤར་གྱི་ཕྱག་ལས་མི་གནང་བར་མཁས་པ་ཉམས་མྱོང་ཅན་དང་མི་བུ་ལྷག་བསམ་ཅན་ཚོའི་རེ་བ་མ་ཤི་པ་ཞིག་བྱ་རྒྱུ་གལ་ཆེ།
    ཁོག་གིས་གཞན་ལ་རིག་གཞུང་གལ་ཆེན་ཡིན་པ་གསུངས་གསུངས་འདུག་བསྔགས་བརྗོད་ཡོད་འོན་ཀྱང་ཁོང་གི་ཞབས་ཞུ་ཚོས་བོད་སྐད་བཤད་མཁན་དཀོན་པོ་ཡིན་པ་མ་ཟད་ཉེ་ཆར་ཀརྨ་མའི་དགུ་བརྒྱ་དུས་དྲན་དེ་ཡང་བོད་ཡིག་བོད་སྐད་ལ་འབྲེལ་བ་གཏན་ནས་མེད་ཞིག་སྲུང་བརྩི་ཞུས་སོང་དུས་དྲན་དེ་རུ་བོད་པ་ཡང་མཐོང་རྒྱུ་དཀོན་པོ་རེད་འདུག་་་་་་་ཀརྨ་པ་དེ་བོད་མི་རིགས་དང་འབྲེལ་མེད་པ་ཞིག་བཟོ་ཉེན་ཆེ་བས་གཟབ་གཟབ་དགོས་བ་གལ་ཆེ་་་་ཞབས་ཞུ་དེ་ཚོའི་ངོ་གདོང་སྐྱོ་བོ་དེ་མཐོང་ཡོང་དུས་སེམས་ལ་ན་ཟུགས་མང་ཀི་་་་

    Reply
  32. སྨར་ཀླུང་དཔའ་ལ། says:
    ལོ་ 13 སྔོན།

    ༧དཔལ་རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ། བཀའ་སློབ་སྙིང་གི་བདུད་རྩི་ལྟ་བུ་འདི་ལྟར་སྩལ་གནང་ཐུབ་པ་བཀའ་དྲིན་ཆེ། བོད་མི་གནམ་བསྟན་ཡོངས་ཀྱི་བསོད་ནམས་དང་། བསྟན་པ་དང་འགྲོ་བ་ཡོད་དོ་ལྕོག་གི་ཚོགས་གཉིས་ཀྱི་བདེན་འབྲས་བསླུ་བ་མེད་པས་ཇི་སྐད་གསུང་པ་དེ་དེ་བཞིན་འགྲུབ་པའི་ཆོས་སྐྱོང་ཡེ་ཤེས་ཀྱི་སྤྱན་ལྡན་དབྱིང་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་དང་ནུས་མཐུའི་ཤུགས་མྱུར་དུ་ཕྱུང་ནས་བོད་གཞིས་བྱེས་མྱུར་བ་ནས་མྱུར་བར་མཉམ་འཛོམ་དང་།
    མཉམ་གནས་ཡོང་པའི་ཐུགས་འདུན་ཟབ་མོ་དེ་དག་འགྲུབ་པའི་མཐུན་འགྱུར་སྡོང་གྲོགས་ནམ་ཡང་གཡེལ་བ་མེད་པར་མཛད་དུ་གསོལ་ཞེས་བསྐུལ་བ་མ་ཚད། ༈ །གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་། །འདོད་པའི་དངོས་གྲུབ་མ་ལུས་སྩོལ་མཛད་པ། །ཆོས་སྐྱོང་ཡིད་བཞིན་ནོར་བུ་ཁྱེད་རྣམས་ཀྱིས། །ཇི་ལྟར་ཐུགས་དོན་སྒྲུབ་ལ་མ་གཡེལ་ཅིག མཆོག་གསུམ་བསླུ་བ་མེད་པའི་ཐུགས་རྗེ་ཡིས། །བདག་ཅག་རྩེ་གཅིག་སྒྲུབ་པའི་བདེན་མཐའ་འདི། །གེགས་མེད་ཇི་བཞིན་འགྲུབ་ལ་དབང་ཐོབ་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་བཀྲ་ཤིས་ཤོག་ཞེས་ཀྱང་ཞུ་གི་ཡོད་། ཕ་ཡུལ་གྱི་ནང་འཁྲུགས་མི་བསད་ཁྲག་སྦྱོར་མང་པོ་བྱུང་བ་དང་། མཚོན་ཆ་དེ་ཚོ་རྒྱ་མིའི་ལྐོགས་ནས་ཡིན་ཁུལ་བྱེད་ཀྱང་།

    དོན་ངོ་མ་བོད་མི་ནང་འཁྲུགས་ཡོད་སར་གང་འདོད་འདོད་ལྟ་བུ་འཚོང་གི་ཡོད་པ་དེ། གླད་མེད་གླེན་པ་ཚོས་སྒོར་མོ་ཡོད་ཚད་དེའི་སྟེང་དུ་བཏང་ནས།

    མཚོན་གསོར་ས་ནང་ཕུ་ནུ་དམར་གསོད་བྱེད་ས་ཤིག་གི་ལག་ཆ་འཇིགས་སུ་རུང་བ་དེ་ཚོས་བསད་བསད་ལ་ཡ་ང་བ་ཡི་མུག་པ་བྱེད་ཀྱི་འདུག་པ་མ་ཚད།

    ལྷག་པར་དུ་ལྷ་ས་སོགས་ཀྱི་ས་མདོ་ཡོད་ཚད་སར། ཁམས་པའི་ཁྱོ་བང་ཇག་རྐུན་མང་པོས་ཉམ་ཆུང་འཕྲོག་བཅོམ་དང་།
    རྐྱེན་ཆུང་ཆུང་ཞིག་ལ་སྙོན་འཛུགས་ཀྱིས། མི་ཉམས་ཆུང་ལ་ཧབ་རྒྱག་རེས་བྱེད་ནས་ཤོག་དངུལ་ཁྲི་ཚོ་མང་པོ་ཟ་རེས་འཕྲོག་རེས་སོགས་ཀྱིས་བོད་ཀྱི་ཡ་རབ་སྤྱོད་བཟང་ཞེས་པ་ཚིག་ཙམ་གྱི་ཉེན་ཁར་གཏུག་གི་ཡོད་ས་འདུག་པས། དམིགས་གསལ་གོ་འཇོ་དང་། གོ་འཇོ་ས་ངན་དེ་ཚོ་ལ་དམིགས་ཀྱིས་བཀར་བའི་ད་དུང་བཀའ་སློབ་ཞིག་བཀའ་དྲིན་མ་ཆུང་ཞེས་ཡང་ཡང་སྙན་བསྐུལ་ཞུ་གི་ཡོད།།།

    Reply
  33. སྨྲ་བརྗོད་རང་དབང་། says:
    ལོ་ 13 སྔོན།

    རྒྱལ་བ་ཀརྨ་བ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཁྱབ་ཅིག ཉིད་ཐོབ་ཐང་དང་ཆབ་སྲིད་ཀྱིས་མ་བསླུས་པར་བོད་མི་རིགས་ཀྱི་དབུ་ཁྲིད་དང་༧གོང་ས་མཆོག་གི་རྗེས་སྐྱོངས་པ་ཞིག་ཡོང་བའི་རེ་འདུན་ཞུ།

    Reply
  34. ནགས་མེ། says:
    ལོ་ 13 སྔོན།

    ཁྱེད་ལ་རེ་བ་ཆེན་པོ་བརྒྱབས་ཡོད། ཀརྨ་པ་མཁྱེན་ནོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese