ཁ་སང་མགོ་ལོག་པདྨ་རྫོང་ཐོག་ཏུ་བོད་མི་སྐོར་ཞིག་གིས་རྒྱ་གཞུང་ལ་ཞི་བའི་སྐད་འབོད་བྱས་སྐབས། རྒྱ་ནག་ཉེན་རྟོག་པས་བོད་མི་ ༣༠ ཙམ་འཛིན་བཟུང་བཙན་ཁྲིད་བྱས་འདུག
ངྷ་སར་གནས་སྡོད་བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་མགོ་ལོག་དམ་ཆོས་དཔལ་བཟང་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་དོན་ལྟར་ན། ལུགས་རྙིང་ལོ་སར་ཚེས་ ༢ ཉིན་ཏེ་ཁ་སང་ཕྱི་ཚེས་ ༢༤ ཉིན་གྱི་ཉིན་གུང་ཙམ་ལ། ཨ་མདོ་མགོ་ལོག་པདྨ་རྫོང་གི་ཁྲོམ་གཞུང་དུ་བོད་མི་སྐྱ་བོ་སྐོར་ཞིག་གིས་སྐད་འབོད་ཁྲོམ་སྐོར་བྱས་སྐབས། རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་ཕོན་ཆེན་འབྱོར་ཏེ་བོད་མི་ངོ་རྒོལ་བ་ ༣༠ ཙམ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
ཐེངས་འདིའི་གནས་ཚུལ་དེ་ནི་ཉེ་ལམ་མགོ་ལོག་ཁུལ་གྱི་བླ་མ་བསོད་བྷོ་རིན་པོ་ཆེ་མཆོག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་རྗེས་མགོ་ལོག་ཁུལ་གྱི་ལྕགས་རི་དགོན་པ་དང་ཨ་སྐྱོང་རྒྱ་དགོན་པ། དར་ལག་དགོན་པའི་དགེ་འདུན་པ་ཁག་ཅིག་བཅས་ཀྱིས་མགོ་ལོག་ཁུལ་ཐོག་ཏུ་བསྟུར་མུར་ཐེངས་གསུམ་ཙམ་ལ་༧གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པ་དང་བོད་ལ་རང་དབང་དགོས་པའི་ངོ་རྒོལ་སྐད་འབོད་བྱས་ཡོད་སྟབས། ཉིན་ཤས་གོང་རྒྱ་གཞུང་གིས་ཡིག་ཆ་ཞིག་བཀྲམས་ཏེ་ལས་འགུལ་དེར་ཞུགས་མཁན་གྱི་གྲྭ་བ་ཡོངས་འཛིན་བཟུང་བྱ་རྒྱུའི་བཀའ་རྒྱ་ཞིག་བཏང་བ་ཡོད་སྟབས། ས་གནས་མི་མང་ཚོས་དགེ་འདུན་པ་དེ་དག་རྒྱ་ལག་ཏུ་མི་ཤོར་ཆེད་ཁ་སང་མགོ་ལོག་པདྨ་རྫོང་གི་ཁྲོམ་གཞུང་དུ་ངོ་རྒོལ་སྐད་འབོད་ཀྱི་གནས་ཚུལ་དེ་སྤེལ་བ་ཞིག་ཡིན་འདུག
ད་སྔ་ཁ་སང་འཛིན་བཟུང་བྱས་པའི་བོད་མི་དེ་དག་གི་མིང་དང་ལོ་རྒྱུས། གྲོང་སྡེ་དང་ཚོ་ཁག་གང་ནས་ཡིན་པ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མི་འདུག
གསར་འགོད་པ། དཔལ་ལྡན།
ངོ་རྒོལ་དང་སྐད་འབོད་སྒྲོགས་རྒྱུ་འདིས་ཕན་ཐོག་ཅི་ཡང་མེད་པར་མ་ཟད་དེའི་མཇུག་འབྲས་བོད་མི་ལྷག་བསམ་ཅན་དང་སྙིང་སྟོབས་ཅན་ཁ་ཤས་ཞིག་གི་ཚེ་སྲོག་ཤོར་བ་དང་། བཙོན་དུ་གཞུག་པ་སོགས་སྡུག་བསྔལ་གཏོང་བྱེད་ཀྱི་རྒྱུ་ཞིག་རེད། དེས་ན་ད་ལྟ་ནས་མཚམས་འཇོག་བྱེད་རྒྱུའི་འབོད་བསྐུལ་ཞུ་བཞིན་ཡོད་ལགས།
རྒྱ་ནག་གཞུང་གིས་བདེན་པ་རྫུན་དང་དྲང་བོ་ཁྱོགས་བརྗོད་ཀྱིས་བོད་མི་དེ་དག་ལ་ནག་ཉེས་འདྲ་མིན་བཏགས་ཏེ་བཙོན་འཇུག་དང་མནར་གཅོད་གཏོང་གི་ཡོད་བ་རྒྱ་ནག་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གསལ་གསལ་ཐང་ཐང་ཞིག་ཤེས་ཀི་མེད་པ་རེད། དེར་བརྟེན་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་དག་རྒྱ་ནག་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁུངས་ལྡན་དང་རྒྱུ་མཚན་ལྡན་པའི་སྒོ་ནས་གསལ་གསལ་ཐང་ཐང་ཞིག་བཟོས་དགོས་པ་གལ་འགངས་ཆེན་པོ་རེད།
ཡུལ་པདྨ་རྫོང་གི་མི་མང་ལ།།
སེམས་འགུལ་གྱི་ཐོག་ནས་རྒྱབ་སྐྱོར་ཞུ།།
ལུས་རིན་ཆེན་བདག་གཅེས་བྱེད་ཞོར་དུ།།
སྡུག་ཡོད་ཚད་ཕྱི་ལ་འདོན་ཐབས་ཀྱིས།།