མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་རིགས་རང་སྐྱོང་མེད་པ་བཟོས་ཏེ་ཀྲུང་ཧྭ་རྒྱ་རིགས་ཆེན་པོར་གཅིག་བསྒྱུར་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༢/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་ཀྲུའུ་ཝེ་ཆོན་གྱིས་རྒྱ་ནག་དམར་ཤོག་སློབ་གྲྭའི་ཚགས་པར་སྟེང་རྩོམ་ཡིག་ཅིག་སྤེལ་ཏེ། མི་རིགས་རང་སྐྱོང་སྲིད་ཇུས་མེད་པ་བཟོས་ཏེ་ཀྲུང་ཧྭ་རྒྱ་རིགས་ཆེན་པོའི་འདུ་ཤེས་སྐྱེད་སྲིང་བྱ་དགོས་སྐོར་བརྗོད་འདུག

ཕྱི་ཟླ་ ༢ ཚེས་ ༡༣ ཉིན། རྒྱ་ནག་དབུས་དམར་ཤོག་སློབ་གྲྭའི་༼ སློབ་སྦྱོང་དུས་བབ ༽ཞེས་པའི་ཚགས་པར་སྟེང་། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་༼ ཉེ་བའི་མི་རིགས་ས་ཁུལ་གནད་དོན་ཐད་ཀྱི་བསམ་གཞིགས་འགའ༽ཞེས་པའི་མི་རིགས་སྲིད་ཇུས་བཅོས་བསྒྱུར་སྐོར་གྱི་རྩོམ་ཡིག་ཅིག་སྤེལ་ཏེ། མི་རིགས་ས་ཁུལ་རང་སྐྱོང་གི་སྲིད་ཇུས་ཕྱིར་བསྡུ་བྱས་ཏེ། མི་རིགས་མཉམ་བསྲེས་གཅིག་གྱུར་བཟོ་དགོས་པའི་བསམ་ཚུལ་བཏོན་ཡོད། ཀྲུའུ་ཝེ་ཆོན་ནི་རྒྱ་གཞུང་གི་མི་རིགས་ལས་དོན་ཐད་ཀྱི་མགྲིན་ཚབ་པ་གཙོ་གྲས་དང་། ལྷག་པར་དུ་བོད་རྒྱ་ཞི་མོལ་བྱ་སའི་ཐད་ཀའི་དཔོན་རིགས་ཤིག་ཆགས་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་དང་ཆབ་སྲིད་དཔྱད་བརྗོད་པ་མང་པོས་ཀྲུའུ་ཡི་རྩོམ་ཡིག་དེས་རྒྱ་གཞུང་གི་མི་རིགས་ལས་དོན་ཐད་ཀྱི་སྲིད་ཇུས་དེའི་དོན་དངོས་ཁ་ཕྱོགས་སྟངས་གང་ཡིན་པ་མཚོན་ཡོད་ལ། ལྷག་པར་དུ་བོད་ཐོག་འཛིན་པའི་མི་རིགས་དབང་སྒྱུར་སྲིད་ཇུས་དེ་སྔར་ལས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པའི་དོགས་སློང་དང་དཔྱད་བརྗོད་སྣ་ཚོགས་སྤེལ་འདུག 

ཀྲུའུ་ཡི་རྩོམ་ཡིག་དེའི་ནང་། སྲིད་གཞུང་གི་ད་ལྟའི་མི་རིགས་རང་སྐྱོང་དང་མི་རིགས་རང་སྐྱོང་གྲོང་རྡལ་གྱི་སྲིད་ཇུས་མེད་པ་བཟོས་ཏེ། ནུབ་ཕྱོགས་གྲངས་ཉུང་མི་རིགས་ས་ཁུལ་གྱི་མི་རིགས་ཁག་རྒྱ་ནག་ཤར་ཕྱོགས་མཚོ་རྒྱུད་ས་ཁུལ་ཁག་ནང་སྤོ་ཤུགས་ཆེ་རུ་བཏང་སྟེ། མི་རིགས་ས་ཁུལ་དང་མི་རིགས་ཚོགས་སྡེ། མི་རིགས་གྲོང་ཚོའི་རྣམ་པ་མེད་པ་བཟོ་དགོས་པ་དང་། མི་རིགས་སོ་སོའི་སློབ་མ་ཡོངས་རྫོགས་མཉམ་བསྲེས་ཀྱིས་མི་རིགས་གཅིག་སྡུད་བཟོས་ཏེ། རྒྱ་ནག་གི་སྤྱི་སྐད་དང་རྒྱ་ཡིག་ཁྱབ་བརྡལ་གཏོང་དགོས་པ་མ་ཟད། གྲངས་ཉུང་མི་རིགས་ཚང་མས་རྒྱ་ནག་མེས་རྒྱལ་ངོས་ལེན་དང་། ཀྲུང་ཧྭ་མི་རིགས་ངོས་ལེན། ཀྲུང་ཧྭ་རིག་གནས་ངོས་ལེན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཕྱོགས་ངོས་ལེན་ཡོང་བ་བཅས་བྱེད་དགོས། དེ་བཞིན། ད་ལྟའི་སྲིད་གཞུང་གི་སྡོད་དམངས་ལག་ཁྱེར་སྟེང་གི་མི་རིགས་ངོས་འཛིན་རེའུ་མིག་དེའང་མེད་བ་བཟོ་དགོས་སྐོར་བཀོད་ཡོད་པ་མ་ཟད། ཀྲུའུ་ཝེ་ཆོན་གྱིས་ “ སྤྱི་ཚོགས་དཔལ་འབྱོར་ཡར་རྒྱས་ཁོ་ནའི་འཆམ་མཐུན་དང་བརྟན་ལྷིང་གི་གནད་དོན་དང་། ལྷག་པར་དུ་ཁ་བྲལ་རིང་ལུགས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་མཚོན་མི་ཐུབ” ཅེས་བརྗོད་དེ། ཐད་ཀར་ཆབ་སྲིད་ཀྱི་རྣམ་པའི་ཐོག་ནས་མ་ཡིན་པར། དངོས་ཤུགས་བརྒྱུད་གསུམ་ཀྱི་བྱ་ཐབས་སྤྱད་དེ་མི་རིགས་མཉམ་བསྲེས་བྱ་དགོས་པའི་ལྟ་ཚུལ་བཏོན་ཡོད།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས། ཀྲུའུ་ཝེ་ཆོན་གྱིས་རྩོམ་ཡིག་དེའི་བརྗོད་སྙིང་གཙོ་བོ་ནི་མི་རིགས་སྲིད་ཇུས་མེད་པ་བཟོས་ཏེ་མི་རིགས་གཅིག་གྱུར་བཟོ་རྒྱུ་དེ་ཡིན་པའི་ངོས་འཛིན་གནང་ཡོད། ཟླ་བ་ཚེ་རིང་ལགས་ཀྱིས་ “ གལ་སྲིད། མི་རིགས་ཞེས་པ་མེད་ན་མི་རིགས་སྲིད་ཇུས་ཟེར་བའང་ཡོད་མི་སྲིད། མི་རིགས་སྲིད་ཇུས་མེད་པ་བཟོས་ནས་སློབ་གྲྭ་མཉམ་བསྲེས་བྱས་ཏེ། བོད་ཡིག་བོད་སྐད་སློབ་མི་དགོས་པ་དང་། དེ་བཞིན། ཡུ་གུར་སོགས་མི་རིགས་གཞན་གྱི་སྐད་ཡིག་ཀྱང་སློབ་མི་དགོས་པ་བཟོས་པ་ཡིན་ན། དོན་གྱིས་མི་རིགས་སློབ་གསོ་མེད་པ་བཟོས་བ་དང་གཅིག་མཚུངས་རེད། དེ་ནི་མི་རིགས་དབང་སྒྱུར་གཅིག་གྱུར་བཟོ་བའི་སྲིད་ཇུས་རེད།” ཅེས་བརྗོད་དེ། ད་ལྟའི་བར་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་མཐའ་དག་ནི་རྒྱ་བོད་བར་འདྲ་མཉམ་མིན་པའི་ཕྱོགས་ཞེན་དབྱེ་འབྱེད་ཀྱི་སྲིད་ཇུས་ཁོ་ན་ཡིན་པས། གནས་སྟངས་དེའི་འོག་ཁོ་ཚོས་སྒྲོག་བཞིན་པའི་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་ངོས་ལེན་ཟེར་བ་དེ་ཡོངས་ཐབས་བྲལ་བ་ཞིག་ཡིན་པ་གསལ་སྟོན་བྱས་འདུག 

ཟླ་བ་ཚེ་རིང་ལགས་ཀྱིས་བོད་རྒྱ་གཉིས་ལོ་རྒྱུས་ཐོག་མི་རིགས་ཐ་དད་ཡིན་སྐོར་བརྗོད་དོན། “ཀྲུའུ་ཝེ་ཆོན་གྱིས་བཏོན་པའི་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་ཟེར་བ་དེ་ནི་བོད་མི་རིགས་ཀྱིས་ངོས་ལེན་བྱ་ཐབས་བྲལ་བ་ཞིག་རེད། དེ་ལྟ་བུའི་འདུ་ཤེས་ཤིག་ངོས་ལེན་ཡོང་བར་དངོས་ཡོད་ལོ་རྒྱུས་ཀྱི་གནས་བབ་ཅིག་གིས་ཐག་གཅོད་དགོས་ལ། བོད་དང་རྒྱ་ནག་གཉིས་ལོ་རྒྱུས་འཕེལ་རིམ་ཐོག་ཕན་ཚུན་དོ་མཉམ་གྱི་གནས་བབ་ཅིག་གི་ཐོག་ཡོད་པ་མ་ཟད། ཧ་ལམ་མཉམ་འདྲེས་ཀྱི་གནས་ཚུལ་གང་ཡང་བྱུང་མྱོང་མེད། ཆོས་ལུགས་དད་མོས་ཀྱི་ཐད་ནས་ཀྱང་བོད་པའི་ནང་ཆོས་ནི་རྒྱ་མི་རིགས་ལ་མཚོན་ན་གོམས་འདྲིས་མེད་པའི་དད་མོས་ཤིག་དང་། དེ་བཞིན། རྒྱའི་སྲོལ་རྒྱུན་རུའུ་ལུགས་བསམ་བློའི་འདུ་ཤེས་ནི་བོད་མིར་མཚོན་ན་ཕྱོགས་ཡོངས་ནས་རྒྱུས་མེད་ཅིག་རེད།” ཅེས་གསལ་འདོན་གནང་ཡོད་པ་མ་ཟད། ཟླ་བ་ཚེ་རིང་ལགས་ཀྱིས་དེ་ལྟ་བུའི་གཅིག་གྱུར་གྱི་འདུ་ཤེས་འཛིན་སྟངས་ཤིག་ངོས་ལེན་ཡོང་ཐབས་ཀྱི་སྔོན་འགྲོའི་ཆ་རྐྱེན་གཅིག་ཡོད་པ་ནི་མི་རིགས་ཚང་མ་འདྲ་མཉམ་བྱ་རྒྱུ་དེ་རེད། ཡིན་ནའང་། རྒྱ་གཞུང་གིས་ད་ལྟའི་བར་རྒྱ་མི་རིགས་ནི་དབང་འཛིན་པའི་འཐུས་ཚབ་དང་། བོད་མི་རིགས་ནི་དབང་སྒྱུར་བྱ་ཡུལ་གྱི་མི་སེར་གྱི་ལྟ་སྟངས་འཛིན་བཞིན་པ་བརྗོད་འདུག

ཀྲུའུ་ཝེ་ཆོན་གྱིས་བཏོན་པའི་གྲངས་ཉུང་མི་རིགས་སྲིད་ཇུས་ཀྱི་གནད་དོན་དེའི་ཐད། ཕྱི་ནང་གི་རྒྱ་རིགས་ཤེས་ལྡན་པ་ཚོའི་ཐུན་མོང་གི་བསམ་ཚུལ་ཞིག་ནི་རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ཁག་གི་བསམ་ཚུལ་ལ་ཉན་འཇོག་གནང་རྒྱུ་དེ་ཡིན་པ་དང་། ཉེ་སྔོན་ཕྱི་ཟླ་ ༢ ཚེས་ ༡༠ ཉིན་ཀྲུང་ནན་ཧའེ་རུ་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་རྒྱ་གཞུང་གིས་ཐག་གཅོད་བྱས་པའི་པཎ་ཆེན་ལ་ཐུག་འཕྲད་སྐབས་ཀྱང་། སྔར་ལས་ལྷག་པར་བོད་རིགས་ཀྱི་འཚོ་བ་ཡར་རྒྱས་གཏོང་རྒྱུ་གཙིགས་སུ་འཛིན་དགོས་པ་དང་། བོད་ལྗོངས་དང་བོད་ཀྱི་ས་ཁུལ་གཞན་དག་གི་སྐྱེས་ཁམས་ཁོར་ཡུག་དང་རིག་གནས་རྒྱུན་འཛིན་གཙིགས་སུ་འཛིན་དགོས་པ། བོད་མི་རིགས་ཀྱི་ཆོས་དད་རང་དབང་གཙིགས་སུ་འཛིན་དགོས་པའི་ལྟ་ཚུལ་གསུམ་བཏོན་ཡོད།

ཨ་རིར་གནས་སྡོད་དགེ་རྒན་ཆེན་མོ་ཡཱང་ལི་ཡུས་ནི་བོད་དང་ཤིན་ཅང་གནད་དོན་ཐད་རྩོམ་ཡིག་མང་པོ་སྤེལ་མཁན་ཞིག་ཡིན་ལ། ཁོང་གིས་ཀྲུའུ་ཝེ་ཆོན་གྱི་ལྟ་ཚུལ་དེའི་ཐད་བརྗོད་དོན། “ཀྲུའུ་ཡི་བཤད་སྟངས་དེ་ནི་མདུན་སྐྱོད་ཀྱི་སྣང་ཚུལ་ཞིག་མ་ཡིན་པར་ཕྱི་ནུར་གྱི་རྣམ་འགྱུར་ཞིག་རེད། མདོར་བསྡུས་ན་ཀྲུང་ཧྭ་རྒྱ་རིགས་ཆེན་པོའི་སྒྲོམ་གཞིའི་འོག་གི་མི་རིགས་སྲིད་ཇུས་ཟེར་བ་དེ་ནི། དོན་དངོས་ཐོག་མ་འོངས་པར་གྲངས་ཉུང་མི་རིགས་རྣམས་ཀྲུང་ཧྭ་རྒྱ་རིགས་ཆེན་པོར་བསྒྱུར་རྒྱུ་དེ་རེད། ང་རང་དེ་ལ་མོས་མཐུན་མེད། གྲངས་ཉུང་མི་རིགས་རྣམས་ནི་ཉམས་ཆུང་མི་རིགས་རེད། ཡར་རྒྱས་གོམ་ཁ་དལ་ཞིང་དཔལ་འབྱོར་མཐུན་རྐྱེན་རྒྱ་ནང་དང་བསྡུར་ན་བར་ཐག་ཆེན་པོ་ཡོད་སྟབས། ཉམས་ཆུང་གྲངས་ཉུང་མི་རིགས་ལ་སྲུང་སྐྱོབ་བྱ་དགོས་པ་རེད། དེར་བརྟེན། ཉེ་སྔོན་ཝུན་ཅ་པའོ་ཡིས་ཀྱང་གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་དང་རིག་གནས། དཔལ་འབྱོར་བཅས་སྔར་ལས་ལྷག་པར་སྲུང་སྐྱོབ་དགོས་པ་བརྗོད་ཡོད། ཁོའི་སྐད་ཆ་དེ་ནི་གྲངས་ཉུང་མི་རིགས་ལ་དཀའ་ཉེན་འཕྲད་བཞིན་པ་ངོས་ལེན་གྱི་རྣམ་འགྱུར་ཞིག་རེད། ” ཅེས་བརྗོད་འདུག 

རྒྱ་གཞུང་གི་བཅའ་ཁྲིམས་ནང་མི་རིགས་ས་ཁུལ་དུ་རང་སྐྱོང་སྲིད་ཇུས་ལག་བསྟར་དགོས་པ་བརྗོད་ཡོད་པ་མ་ཟད། རྒྱ་གཞུང་གིས་ནམ་རྒྱུན་ཀྲུང་གོ་རྒྱལ་ཁབ་ལ་མི་རིགས་ ༥༦ ཡོད་པ་བསྒྲགས་ཡོད།

 

གསར་འགོད་པ། ཚེ་རིང་རྒྱལ།

༼བོད་ཀྱི་དུས་བབ་གསར་ཤོག་ལས་འདིར་བཀོད།༽

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

ཆུ་ཚོད་ ༡༧ སྔོན་ལ།
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 13

  1. དུག་མདའ། says:
    ལོ་ 14 སྔོན།

    དུས་སྐབས་འདིར་རྒྱ་མི་སུ་ཞིག་གིས་ང་ཚོས་ཏཱ་ལས་མཇིང་པ་བསྒགས་ཏེ་ཤ་སྲེག་མ་ཟ་དགོས་ཟེར་མཁན་ཡོད་ན། ངས་ཁོ་ཚོའི་བློ་ཁོག་ལ་མཐེ་བོང་སྟོན་རྒྱུ་ལས་མེད། ཀྲུའུ་ཟེར་བའི་གྲངས་ཉུང་མི་རིགས་ཐ་དག་རོ་རུ་བརྩི་བའི་སྤོབས་པ་ཡང་དེ་འདྲ་རེད། ད་གང་ཞིག་ན་བོད་མི་ཞིག་རང་ལུས་རུལ་་དྲི་ཅན་པོ་སྒྲོན་རྩིས་ཡོད་དམ། ཡང་ན་རྒྱ་ཤ་དྲོ་བ་ཅན་པོ་འདི་སྲེག་རྩིས་ཡོད། བོད་མི་ཚོས་གདམ་ཀ་གང་ཡིན། རེ་འདོད་གང་ཡིན།

    Reply
  2. ཤིང་ལོ། says:
    ལོ་ 14 སྔོན།

    དྲྭ་གྲོགས་རྣམ་པས་དགོངས་ཚུལ་ཡག་པོ་གནང་འདུག འོན་ཀྱང་། རྒྱ་ནག་གིས་མིག་སྔའི་གནས་ཚུལ་དང་ཁེ་བཟང་གཞི་ལ་འཇོག་པ་ལས་ལོ་རྒྱུས་དང་། ངོ་ཚ་ཁྲེལ་ཡོད་ཟེར་བ་རྩ་བ་ནས་དང་ལེན་མི་བྱེད་པ་རེད། ཀྲོའུ་ཡིས་བསམ་ཚུལ་འདི་ཡིས་མི་རབས་གསར་བ་དང་རྒྱལ་ཁབ་གཞན་དག་ལ་ནན་རྗོད་ཀྱི་རང་ཚུགས་བཟུང་བ་དང་། ཡང་བོད་མི་ཚོར་འདུ་ཤེས་ཐ་དད་ཙམ་ལས། དོན་ལ་གཅིག་གྱུར་གྱི་ཁྱིམ་ཚང་ནང་སྡོད་དགོས་པའི་འགོ་སྐོར་བསླུ་གཏམ་ཡིན་པ་དེ་རེད། ད་ཆ་ང་ཚོར་ནུས་པ་དེ་ཙམ་མེད་ནའང་། འགོ་སྐོར་གྱི་འོག་ལ་ཚུད་རྒྱུ་ཁོང་ཚོའི་སྟོང་བསམ་ཡིན་པའི་ལན་འདེབས་བྱེད་དགོས།

    Reply
  3. ཚྭ་སྒང་ཕོ་ཉ། says:
    ལོ་ 14 སྔོན།

    དྲ་གྲོགས་ཡོངས་ལ་མཚམས་འདྲི་དང་བཅས།
    གནད་དོན་འདིའི་ཐད་དེ་སྔོན་རྒྱ་ནག་སློབ་ཆེན་ཞིག་གི་སྤྱོབ་སྤྱི་ཞིག་གི་མིང་ཐོག་ནས་རྩོམས་ཡིག་ཞིག་ཀྱང་སྤེལ་མྱོང་ཡོད་པ་རེད། བསམ་ཚུལ་དེ་དག་ནི་རྒྱ་ནག་གི་མི་རིགས་རིགས་ལུགས་ཀྱི་ལྟ་བ་འཁྲིག་པོ་ཡོད་མཁན་དག་གི་རྨི་ལམ་ཞིག་ཡིན་ངེས་ལ། ཕྱོགས་གཞན་ཞིག་ནས་བཤད་ན་ད་ཡོད་རྒྱ་དཔོན་རྣམས་ཀྱིས་འདོད་བྱ་མཐའ་ཐུག་དེ་ཡང་ཡིན་པ་སྐབས་འདིར་གསལ་སྟོན་བྱས་པ་རེད། ལས་འགུལ་དེ་དངོས་སུ་ལག་ལྟར་བྱས་པའི་ཉིན་མོ་དེ་ནི་རིག་གནས་གསར་བརྗེ་ཞེས་པའི་གོ་བ་ཙམ་གྱིས་སྙིང་ལ་ན་ཟུག་རྒྱབ་དགོས་པའི་དུས་སྐབས་དེ་སྐྱར་ལོག་རྒྱབ་པའི་ཉིན་མོ་ཡང་ཡིན་ངེས། བསམ་ཚུལ་དང་བྱེད་ཐབས་དེ་དག་ནི་རྒྱ་ནག་དམར་ཕྱོགས་ཚོགས་པས་༼མ་ཁི་སིའི་༽གཞུང་ལུགས་མེ་ལ་སྲེག་ཟིན་པའི་དཔང་རྟགས་ཞིག་ཀྱང་མངོན་འགྱུར་བྱུང་བ་ཅི་ལ་མིན། འདི་ལྟ་བུ་བསམ་བློ་མཁྱེར་སོ་དང་འདོད་བྱ་འཛིན་མཁན་གྱི་དཔོན་ངན་ཞིག་གི་འོག་ནས་རང་སྲིད་རང་སྐྱོང་ཟེར་བ་ཞིག་ཐོབ་རྒྱུ་རེ་སྒུག་བྱེད་པ་ནི་དོན་དངོས་དང་མི་མཚམས་པ་ཞིག་ཡིན་པས། དགྲ་ཕྱོགས་ཀྱིས་གནས་ཚུལ་དང་ཁ་ཕྱོགས་ལ་གཟིགས་ནས་རང་རང་གི་དམིག་ཡུལ་དེ་ལེགས་འདེམས་དང་ཁ་ཕྱོགས་དེ་མ་ནོར་བ་ཞིག་བྱེད་རྒྱུར་མ་ནོར་བར་བོད་མི་རང་རང་ངོས་ནས་གྲ་སྒྲིག་དང་བསམ་བློ་ཡོད་དགོས་ངེས་རེད།

    Reply
  4. འཇམ་ཚུལ། says:
    ལོ་ 14 སྔོན།

    ཀྲུའུ་ཡིས་སྐད་ཆ་འདི་བསམ་ཚུལ་གསར་བ་ཞིག་དང་གོ་རྟོགས་གསར་བ་གང་ཡང་་མ་རེད། སྲིད་དབང་སྒེར་གཅོད་པ་དམར་པོའི་དབང་འཛིན་པ་དག་གིས་བསམ་ཚུལ་འདི་ཁུར་ནས་ད་ལྟ་པར་དུ་གཉའ་གནོན་དང་སུན་བཙུར་བཟོས་དང་བཟོ་བཞིན་པ་རེད།

    འོན་ཀྱང་ཀྲུའུ་ཡི་སྐད་ཆ་འདིས་འཛམ་གླིང་རྒྱལ་སྤྱིའི་སྟངས་བོད་ཀྱིས་མཚོན་གྲངས་ཉུང་མི་རིགས་ལ་དམར་པོ་སྲིད་གཞུང་གིས་དྲང་བདེན་མ་ཡིན་པའི་དབང་བསྒྱུར་གྱི་དམིགས་ཡུལ་དང་། གསར་འགྱུར་རྒྱུད་ལམ་ཁག་ཏུ་མི་རིགས་ལྔ་བཅུ་ང་དྲུག་ལས་གྲུབ་པའི་ཁྱིམ་ཚང་ཆེན་མོ་འདིར་མི་རིགས་འདྲ་མཉམ། ཆོས་ལུགས་དད་མོས་རང་དབང་། སྐད་ཡིག་རང་དབང་སོགས་ཡོད་རབ་འུད་བསྒྲགས་བྱས་པའི་རྫུན་རྐུབ་དམར་རྗེན་དུ་བཏོན་པར་མ་ཟད། ཧུའུ་ཡི་མི་རིགས་འཆམས་མཐུན་གྱི་སྲིད་ཇུས་གཟི་བརྗིད་ཁོག་སྟོང་ལ་འགྲམ་ལྕག་ཚ་བེར་རེ་ཅིག་གཞུས་ཏེ། བཅའ་ཁྲིམས་དང་ལག་སྟར་འགལ་བ་ལྟག་སྤྲོད་སོང་བའི་སྲིད་ཇུས་དེ་ཕམ་ཉེས་སུ་ཤོར་དོགས་ཀྱི་སྡུག་སྐད་ཤོར་བ་རེད།

    ཡང་གཅིག་བཤད་ན་བསམ་ཚུལ་འདི་ལྟ་བུས་དམར་དམར་རྗེན་རྗེན་དུ་ཉམ་ཆུང་མི་རིགས་ལ་གཉའ་གནོན་དང་མཐོང་ཆུང་། ཉེས་བཅོས་སོགས་བྱས་པ་ཞིག་ཡིན་པས་བསམ་བཞིན་སྒེར་གཅོད་དབང་འཛིན་པ་དག་འཆི་ལམ་དུ་བརྫང་པ་དང་གཉིས་སུ་མ་མཆིས།

    འོན་ཀྱང་སྡུག་ཕྱོགས་ནས་བསམ་ན་ང་ཚོའི་ཕྱོགས་ནས་ཡིད་གཟབ་དགོས་པ་ཞིག་ནི། ཁེངས་དྲེགས་སམ་སྡུག་སྐད་ཀྱི་གནས་ཚུལ་འདི་དང་འབྲེལ་ནས་སྣང་མེད་དུ་ཤོར་བའི་གནད་དོན་ཞིག་སྟེ། གྲངས་ཉུང་མི་རིགས་རྣམས་སྡོག་རྩ་གཅིག་སྒྲིལ་གྱི་སྟོབས་ཤུགས་གསོ་སྐྱོང་དང་འཐབ་རྩོད་བྱ་དགོས་པའི་སྔོན་བརྡ་ཞིག་ཀྱང་ཡིན་པར་སྙམ་མོ།།

    Reply
  5. རྭ་རྒྱ་བློ་དབང་། says:
    ལོ་ 14 སྔོན།

    ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་ཆེན་མོ་ཞེས་པ་ཞིག་ག་ལ་ཡོད་དེ། ཀྲུང་ཧྭ་མི་རིགས་ཟེར་བ་ཞིག་ཀྱང་ཡོད་པ་མ་རེད། མའོ་དང་ཞོ་ཕིང་སོགས་ཀྱིས་གནམ་འོག་དམར་པོར་བསྒྱུར་འདོད་ཀྱི་ཧམ་པ་སྟོང་ཟད་དུ་སོང་བ་མཐོང་རྗེས། རྗེས་རབས་རྒྱ་ནག་དམར་ཤོག་གི་དཔོན་པོ་ཚོ་རིག་གནས་པར་གྲགས་པ་འགའི་རྗེས་སུ་འབྲངས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་ཞེས་འུད་ཀྱིས་སྒྲོག་མགོ་བརྩམས་ཤིང་། དེ་སྔ་གཅོད་ཁང་དུ་འཕང་བའི་ཁུང་ཙི་སོགས་ཚིག་གསུམ་གཏམ་དཔེ་སྒྲིག་པ་པོ་དག་གི་འཇུམ་གཟུགས་ལ་སླར་ཡང་ཆེ་མཐོང་སྤྲོལ་ཁུལ་བྱས་ཤིང་། གནའ་རབས་ཀྱི་ཀྲུང་ཧྭ་ཞེས་པའི་གཞི་མེད་ལ་སྒྲོ་བཏགས་པའི་དོན་སྤྱི་མང་པོ་ཞིག་བརྩམས་ཡོང་བ་རེད། དེ་ནི་མི་རིགས་འདིའི་རྨང་གཞིའི་སྙིང་ཁུང་སྟོང་པ་ཡིན་པའི་རྟགས་ཤིག་ཀྱང་ཡིན་ཏེ། རུའུ་ལུགས་ཀྱི་གནམ་ས་གཅིག་གྱུར་དང་། ཁུང་ཙིའི་མི་ཆོས་རིང་ལུགས་གང་ཡིན་ཀྱང་། མགོ་ལོག་གི་གཏམ་དཔེ་ལས་མཐོ་གང་ཙམ་ཡང་འདའ་མེད་ལ། སྙན་ཚིག་སུམ་བརྒྱའི་སྲོལ་ཡིག་དེ་ཡང་མི་ལའི་མགུར་འབུམ་གྱི་ཉང་ལག་ཙམ་དུ་མི་སླེབས། གཞན་དང་གཞན་ནས་གསར་བཏོད་ཆེན་པོ་བརྒྱད་སོགས་ཀྱི་ཆེ་གཏམ་ཇི་འདྲ་བཤད་ཀྱང་རུང་འཛམ་གླིང་ཐོག་རྫ་མ་ཐོག་མར་བཟོ་མཁན་དང་། ཐལ་ཁུ་བསྐམས་ནས་ཤོག་སྦགས་བཟོས་མ་བཟོས་ཙམ་གྱི་ར་བ་ལས་འདའ་ཐུབ་ཀྱི་མེད་། ཆབ་སྲིད་ཀྱི་ཕྱོགས་ནས་ནི་ལོ་ངོ་སྟོང་ཕྲག་མང་པོར་ཨེ་ཤ་ཡའི་འབྲོག་རིགས་དག་གི་ཐུབ་ཚོད་འོག་ནས་མགོ་བོ་དགྱེ་མ་མྱོང་བ་ཞིག་སྟེ། སྟབས་ཡག་ནས་སུང་ཀྲུང་ཧྲན་གྱི་གསར་བརྗེ་ལ་ཨུ་རུ་སིའི་དམར་ཤུགས་འདྲེས་པས་གཟོད་མགོ་བོ་འགྱོགས་ཙམ་བྱས་པ་རེད་མོད། དེ་ཡང་མཐར་རང་མགོ་གཅོག་བྱེད་དུ་གྱུར་སོང་བ་རེད། འདི་ལ་བསྐྱར་དར་གྱི་ཐ་སྙད་ཅིག་གང་ལ་མཛའ་སྟེ་གཏན་ནས་ཡོད་མ་མྱོང་བ་ཞིག་བསྐྱར་དུ་དར་རྒྱུ་ཞིག་སྨོས་མ་དགོས་སོ། ། ད་ལྟ་ནི་དམར་ཤོག་གིས་ཁ་ཕོ་འབྲུག་ལྟར་ལྡིར་ནས་འཛམ་གླིང་གི་རིམ་པ་ཅིག་ཅིག་ལ་སླེབས་སོགས་ཟེར་མོད། ཐ་ན་དྲ་རྒྱ་ཚད་ལྡན་ཞིག་ཀྱང་ཡོད་པ་མ་རེད། འོན་ཀྱང་བོད་བཅས་མི་རིགས་ཞི་བདེ་སྐོར་ཞིག་གི་ཡོད་ཚད་འཐུང་ཞིང་གཞིབས་པ་ལ་བརྟེན་ནས་ཤོག་སྒོར་བརྩེགས་མ་ཅན་གྱི་མི་ནི་མང་ཙམ་ཞིག་ཡོད་འདུག་པ་དངོས་གནས་རེད།

    Reply
  6. norlhatso says:
    ལོ་ 14 སྔོན།

    ཀྲུའུ་ཡིས་བཤད་པའི་སྐད་ཆ་དེ་ལ། ཕྱོགས་ངོས་གཉིས་ནས་གླེང་ན། གཅིག་བོད་ཙམ་མ་ཡིན་པར་གྲངས་ཉུང་མི་རིགས་ཁག་གི་རིག་གནས་དང་ཡུལ་གོམས་ལ་སོགས་པ་རྒྱ་བསྒྱུར་གྱིས་སྲིད་ཇུས་ལག་བསྟར་བྱ་དགོས་པའི་གྲོས་འགོ་ཞིག་གམ། དམར་པོའི་གཞུང་གིས་བཅངས་པའི་སྟོང་སེམས་ཕྱིར་བསྒྲགས་བྱས་པ་ཞིག་རེད། གཞན་ནི་ད་ལྟའི་བོད་ནང་གི་གནས་སྟངས་འདི་ཚབས་ཆེ་རུ་གཏོང་སྟེ་བོད་མི་ཚོའི་ཞི་བའི་ངོ་རྒོལ་བྱེད་པའི་རྦ་རླབས་དྲག་ཏུ་འཕྱུར་བར་སྐུལ་འདེད་གཏོང་སྟེ་ཡ་ང་སྙིང་རྗེ་མེད་པའི་དྲག་མནོན་བྱེད་རྒྱུའི་གཡོ་ཐབས་ཤིག་ཡིན་རྒྱུ་རེད། དེ་བཞིན་ང་ཚོས་ཀྱང་གྲ་འགྲིག་སྔ་ས་ནས་བྱས་ཏེ་ངོ་རྒོལ་གྱི་ལས་འགུལ་རྒྱུན་མཐུད་ཀྱི་སྒོ་ནས་སྤེལ་བའི་འཆར་གཞི་འདང་ངེས་དགོས་པ་དེ་རེད།

    Reply
  7. རིན་ཆེན་གྲགས་པ། says:
    ལོ་ 14 སྔོན།

    ཀྲུའུ་ཝེ་ཆོན་གྱིས་རྒྱ་ནག་དམར་ཤོག་སློབ་གྲྭའི་ཚགས་པར་སྟེང་རྩོམ་ཡིག་ཅིག་སྤེལ་བ་ནི་སྤྱི་ཚོགས་ཡོངས་ལ་ཁྱབ་བསྒྲགས་བྱས་པ་ཞིག་ཡིན་ལ་ཚོད་ལྟ་ཞིག་གི་བརྡ་ལན་ཡང་ཡིན།དེ་ནི་མི་སྒེར་བ་ཞིག་གིས་བསམ་ཚུལ་གཏན་ནས་ཡིན་མི་སྲིད།
    སྲིད་དབང་སྒེར་འཛིན་གཅིག་སྡུད་ལམ་ལུགས་ཀྱི་ཁ་བཤད་དོན་ལ་མི་གནས་པའི་རང་ཚུགས་དམར་རྗེན་དེ་འཛམ་གླིང་མི་མང་ལ་གསལ་བར་བསྟན་པ་ཞིག་ལས་མ་འདས་པས།འདི་ལ་བཙན་བྱོལ་བོད་གཞུང་དང་མི་མང་གི་ངོས་ནས་ཀྱང་སྣང་མེད་དུ་མི་འཇོག་པར་ཕར་བརྡ་ལན་གསལ་བོ་ཞིག་སྤྲོད་རྒྱུ་ནི་ད་ལྟའི་དུས་ལ་བབ་པའི་བྱ་བཞག་གལ་ཆེན་ཞིག་ཏུ་ཆགས་ཡོད།དེ་མིན་གཉིས་ཕན་དབུ་མའི་ལམ་ལ་ཡང་བསྐྱར་ཞིབ་བྱེད་དགོས་པའི་དུས་ལ་བབ་འདུག་པ་ཚང་མས་མཁྱེན་དགོས་པའི་དུས་ལ་བབ་ཡོད།

    Reply
  8. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    གཅིག་བྱས་ན། ཀྲུའུ་ལྟ་ཚུལ་འདི་ནི་འཆར་ཟླ་ ༣ པའི་ཚེས་ ༥ ནས་བཟུང་པེ་ཅིན་དུ་འཚོགས་རྒྱུ་ཡིན་པའི་རྒྱ་ནག་རྒྱལ་ཡོངས་སྐབས་ ༡༡ པའི་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་ ༥ པ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་ ༡༡ པའི་ཚོགས་ཆེན་ཐེངས་ ༥ གཉིས་སྐབས་ཀྱི་གླེང་གཞི་ཞིག་ཡིན་ཡང་སྲིད་ལ། ཚོགས་ཆེན་དེ་གཉིས་རྗེས་སུ་གྲངས་ཉུང་མི་རིགས་ས་ཁུལ་དུ་བཅའ་ཁྲིམས་རང་བཞིན་གྱི་དབང་སྒྱུར་སྲིད་ཇུས་ཤིག་སླེབས་ཀྱང་སྲིད། ནུབ་ཕྱོགས་བཅོས་བསྒྱུར་སྒོ་འབྱེད་ནས་བཟུང་སྟེ་ད་ལྟའི་བར། ཤོག་ངོས་ཀྱི་བཤམས་སྟོན་ལྟ་བུའི་མི་རིགས་ས་ཁུལ་རང་སྐྱོང་གི་བཅའ་ཁྲིམས་དེ་ཙམ་ལས། དོན་གྱིས་མི་རིགས་ས་ཁུལ་དག་ཏུ་དངོས་ཤུགས་བརྒྱུད་གསུམ་ནས་འགྱུར་ལྡོག་ག་རེ་བཏང་ཡོད་པའི་དངོས་ཡོད་གནས་ཚུལ་ལ་བལྟས་ནའང་། རྒྱ་གཞུང་གིས་རྒྱ་རིགས་ཆེན་པོར་བསྒྱུར་རྒྱུའི་སྲིད་ཇུས་ཤིག་མངོན་གསལ་དམར་རྗེན་དུ་བཤམས་ཡོད། ཡིན་ནའང་། ང་ཚོ་ནི་ད་ལྟའི་བར་ཤོག་ངོས་ཀྱི་བཤམས་སྟོན་དེ་ལྷ་སྐུའི་ཐང་ཀ་བཞིན་རང་གི་སྤྱི་བོར་བསྒྲེངས་ཏེ་ཐར་འདོད་ཀྱི་རྨི་ལམ་སྒོམ་བཞིན་ཡོད། རྒྱ་གཞུང་གི་ཁྲིམས་ནི་དམར་གཞུང་གིས་བཟོས་པ་རེད་ལ། དམར་གཞུང་གི་འཐུས་མིས་སོ་སོའི་ཁེ་ཕན་ལྟར་བསྒྱུར་ཆོག་གི་རེད། དོན་དངོས་ཐོག་དམར་གཞུང་གིས་ཁ་གཡར་ས་དང་མི་འཕྲུལ་སའི་མི་རིགས་སྲིད་ཇུས་དེ་ག་འདྲ་ཞིག་ཡིན་མིན་དེ། འདས་པའི་ལོ་ངོ་ ༦༠ ནང་བོད་ཁུལ་འགྱུར་ལྡོག་དངོས་ཀྱི་ཐོག་ནས་དམར་དམར་རྗེན་རྗེན་ལ་མངོན་ཡོད་པ་རེད།

    Reply
  9. ནད་པ says:
    ལོ་ 14 སྔོན།

    མི་རིགས་རང་སྐྱོང་མེད་པ་བཟོས་ཏེ་ཀྲུང་ཧྰ་རྒྱ་རིགས་ཆེན་པོ་གཅིག་བསྒྱུར་བཟོ་དགོས་པའི་ཀྲུའུ་ཝེ་ཆོན་གྱི་རྩོམ་ཡིག་དེ་རྒྱ་ནག་མི་རིགས་ཆེན་པོའི་རིང་ལུགས་ཀྱི་འདུ་ཤེས་ཐོག་ནས་བཏོན་པའི་བསམ་ཚུལ་དང་ཆབ་སྲིད་ཀྱི་ཁ་ཕྱོགས་ཤིག་མངོན་པ་དེ་རེད།

    འདི་ནི་རྒྱ་རིགས་ཆེན་པོར་རློམ་པའི་ཀྲུའུ་ཡིས་གཙོས་པའི་མི་རིགས་རིང་ལུགས་པ་དག་གིས་མངོན་འདོད་ཞིག་ཡིན་མོད་བསམ་ཚུལ་འདི་མངོན་དུ་འགྱུར་བར་བྱེད་པར་དོན་དངོས་ཐོག་ལས་སླ་པོ་གཅིག་གཏན་ནས་མེད།

    གཅིག་བྱས་ན་རྒྱ་རིགས་ཆེན་པོར་གཅིག་བསྒྱུར་ཡོང་རྒྱུ་དང་ཡང་ན་རྒྱ་རིགས་ཆེན་པོ་ཁ་ཐོར་དུ་འགྲོ་མིན་དེ་ནི་ལྡོག་ཕྱོགས་ཀྱི་གནད་ལུགས་ཤིག་ཀྱང་ཡོང་ངེས་རེད། གང་ལྟར་ནའང་བོད་ཀྱིས་གཙོས་པའི་གྲངས་ཉུང་མི་རིགས་ཁག་གི་ཆོས་དང་། རིག་གཞུང་། སྐད་ཡིག ཐོབ་ཐང་སོགས་གཅིག་མཚུངས་སུ་མ་བྱུང་གི་བར་དུ་ནམ་ཡང་ཀྲུང་ཧྭ་རྒྱ་རིགས་ཆེན་པོ་གཅིག་བསྒྱུར་བྱ་འདོད་ཀྱི་འདོད་དོན་དེ་ཆེས་དཀའ་ཚེགས་ཅན་གྱི་ལམ་འཕྲང་དོག་པོ་གཅིག་ཏུ་འགྱུར་རྒྱུར་དོན་མི་ཟ།

    སྐྱེ་བའི་ཐ་མ་དེ་ཤི་བའི་གནད་ལུགས་དེ་འཇིག་རྟེན་འདིའི་སྟེང་གི་སུས་ཀྱང་བསྒྱུར་བཅོས་བྱ་ཐབས་མེད་པའི་གནས་སྟངས་ཤིག་རེད། རྒྱ་ཁབ་དང་མི་རིགས་སུ་ཞིག་ཡིན་ཀྱང་ཆེས་སྟོབས་ཆེན་ཞིག་ནས་མཐར་ཁ་ཐོར་གྱི་སྟོབས་ཆུང་གཅིག་ཏུ་འགྱུར་རྒྱུ་དེ་ཡང་འཇིག་རྟེན་འདིའི་སྟེང་གི་ཆོས་ཉིད་ཅིག་རེད།

    རང་བྱུང་ཀླད་པའི་རྩ་ཁམས་ཀྱི་ནང་དུ་འགྲོ་བ་མིའི་རིགས་ཀླད་པའི་ཆ་ཤས་འགའ་ཤས་ཤིག་ཚང་མེད་པའི་ཀྲུའུ་སོགས་ཀྱི་ཞེ་འདོད་དེ་ནམ་ཡང་རྨི་ལམ་ཙམ་ལས་གཏན་ནས་མངོན་འགྱུར་ཡོང་ཐབས་མེད།

    Reply
  10. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ད་བར་གྱི་རྒྱ་ནག་གི་མི་རིགས་སྲིད་བྱུས་ཀྱང་དམིགས་དོན་འདི་ལས་གཡོལ་མེད་ཅེས་ད་བར་མཁས་མྱོང་ཅན་མང་པོས་བཤད་བཤད་པ་རེད། སྐུ་ཞབས་ཀྲུའུ་སྒེར་གྱི་མཚན་ཐོག་ནས་གློ་བུར་བསམ་ཚུལ་འདི་འདྲ་ཞིག་ཐོན་དོན་ནི་ཚོད་བགམ་ཞིག་མིན་ན་གང་ཡིན། སྐབས་འདིར་རྒྱ་ནག་གིས་བློ་ཁོག་འདི་འདྲ་ཞིག་སྟོན་འཆར་འདི་གཡོ་ཇུས་ཤིག་མིན་ན་གང་ཡིན། ཀྲུང་ཧྭ་རྒྱ་རིགས་ཆེན་མོར་བསྒྱུར་རྒྱུའི་འདོད་རྔམ་ཡིག་ཐོག་ནས་ཀྱང་འདི་ལྟར་ལག་ལེན་བྱས་ཚེ། ཉིན་མོ་དེ་ནས་མི་རིགས་མང་པོས་གྲུབ་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེ་ཚར་སོང་བ་རེད། ཡིན་ནའང་། འདི་ལ་ང་ཚོའི་ཆེ་ས་མཐོ་ས་ནས་ཐད་ཀར་ལན་འདྲ་གནས་སྐབས་མ་བཏབས་ན་ཡག་གི་རེད་འདོད།

    Reply
  11. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    ཨོ་ཡ ད་གང་འདྲ་འདུག དམིགས་ཡུལ་ངོ་མ་ལྷང་ལ་བུད་བྱུང་། ད་དུང་ང་ཚོས་རང་སྲིད་རང་སྐྱོང་གི་རྨི་ལམ་སྐྱིད་པོ་གཏོང་བཞིན་པ་མིན་ནམ། ད་རེ་བ་ཞིག་ཡོད་ས་རེད་པས། བོད་མི་ཚོ །

    Reply
  12. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཡང་འདིས་ཁྱི་སྐད་ཆེན་པོ་ཞིག་བརྒྱབ་བྱུང། རྡོ་ལོག་འགའ་ཞིག་མི་འཕེན་རང་འཕེན་རེད། རྒྱ་ནག་གཞུང་གིས་ད་བར་ལ་མི་རིགས་སྲིད་ཇུས་ཀྱི་ཁ་གཡང་ཅི་ཙམ་ཞིག་བསྒྲགས་པ་ཚང་མ་དོན་སྟོང་ཡིན་པ་དང་གཞི་རྩའི་དམིགས་ཡུལ་ངོ་མ་དེ་གཞི་ནས་ཀྲུའུའི་ཟུག་སྐད་ལས་གསལ་བོར་ཐོས་པ་འདི་རེད། ད་ནི་གྲངས་ཉུང་མི་རིགས་ཚང་མ་གཉིད་ལས་སད་རན་རེད། གལ་ཏེ་རྒྱ་རིགས་ཆེན་པོས་ཀྱང་ཁྱི་སྐད་འདིར་མོས་མཐུན་བྱས་ཚེ་མི་རིགས་ཀྱི་འགལ་བ་ཚབས་ཆེར་འགྲོ་སྲིད་ལ། དེའི་བར་ནས་གུང་ཁྲན་ཏང་ལ་ཁེ་ཕན་ཞིག་འཐོབ་འདོད་ཀྱི་རྨི་ལམ་ཞིག་ཀྱང་ཡོད་ངེས། ད་ང་ཚོས་ཇི་ལྟར་བྱ་འོས་སམ།
    འདིའི་ཐད་ལ་དཔྱད་བརྗོད་ཅུང་རྒྱས་ཙམ་ཞིག་འབྲི་འདོད་བྱུང། ལྷག་པར་གཞུང་འབྲེལ་གྱིས་ལན་འདེབས་ཡག་པོ་ཞིག་གནང་ཐུབ་པའི་རེ་བ་ཞུ།

    Reply
  13. བཀྲ་ཤིས། says:
    ལོ་ 14 སྔོན།

    གནད་དོན་འདི་ནི་བོད་མི་རིགས་རྩ་མེད་གཏོང་འདོད་ཀྱི་སྲིད་བྱུས་ཁོ་ནར་ངོས་འཛིན་བྱེད་དགོས། སྐད་ཆ་འདི་ཡག་པོ་ཞིག་གཏན་ནས་མ་རེད།
    འདི་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་གནས་བབ་གལ་ཆེན་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese