མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་གཞུང་མང་གཉིས་ཀྱིས་འཇམ་དཔལ་ཡེ་ཤེས་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་གནང་སོང་།

བོད་ཀྱི་དུས་བབ།
༢༠༡༢/༠༣/༣༠
Share on FacebookShare on TwitterShare on EmailShare on Whatsapp

གཞོན་ལྷན་གྱི་གོ་སྒྲིག་འོག་དེ་རིང་སྔ་དྲོ་ཐེག་ཆེན་གཙུག་ལག་ཁང་དུ། བཀའ་ཁྲིའི་སྐུ་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ངྷ་སའི་སེར་སྐྱ་མི་མང་ ༥༠༠༠ ལྷག་གིས་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་གནང་ཡོད།

དེ་རིང་ཞོགས་པའི་ཆུ་ཚོད་ ༨ ཙམ་ལ་རྒྱལ་གཅེས་དཔའ་པོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་སྐུ་ཕུང་དེ། ངྷ་སའི་སེར་སྐྱ་སྟོང་ཕྲག་མང་པོའི་ཕེབས་བསུའི་འོག་བཞུགས་སྒར་ངྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་ཞུས་བྱས་སོང་། ཆུ་ཚོད་ ༩ པའི་ཐོག་གཞོན་ལྷན་གྱི་གོ་སྒྲིག་འོག་གཙུག་ལག་ཁང་དུ་འཇམ་དཔལ་ཡེ་ཤེས་ལགས་སུ་མྱ་ངན་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་བཀའ་བློན་ཁྲི་པའི་སྐུ་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དེ་བཞིན། གཞུང་ཞབས་སྲི་ཞུ་ལས་བྱེད་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ངྷ་སའི་མང་ཚོགས་བཅས་ཁྱོན་མི་ ༥༠༠༠ ལྷག་འདུ་འཛོམས་བྱུང་འདུག

མཛད་སྒོའི་ཐོག་མར་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་བརྗོད་དོན་ལྟར་ན། གཞོན་ལྷན་གྱི་ངོས་ནས་སོ་སོའི་རྒྱལ་ཁབ་དང་དབུ་ཁྲིད་ལ་དད་པ་དང་ཡིད་ཆེས་ཡོད་མཁན། སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་བློས་གཏོང་བྱེད་ཐུབ་མཁན། གཞོན་ནུའི་ཚོགས་མིའི་ནང་ལོགས་ནས་འབུར་དུ་ཐོན་པའི་དང་བླངས་པ་དང་། དགོས་མཁོ་ཆེ་བའི་མི་སྣ་ཞིག་འདི་ལྟར་སྐུ་སྲོག་ཤོར་བར། གཞོན་ནུ་ལྷན་ཚོགས་ལ་ཧ་ཅང་བཟོད་དུ་མེད་པའི་བློ་ཕམ་ཆེན་པོ་ཡོད་ལ། རྒྱལ་གཅེས་པ་ཁོང་གི་ཤུལ་དུ་ལུས་པའི་ཨ་མ་རྒྱ་མཚོ་ལྷ་མོ་གཙོས་ནང་མི་གཉེན་འབྲེལ་ཡོངས་ལ་སེམས་ཚོར་དྲག་པོའི་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད། ཡིན་ཡང་། དགའ་བ་སྒོམ་དགོས་པ་ཞིག་ནི། མི་འབོར་དུང་ཕྱུར་ ༡༣ ཡོད་པའི་དམར་ཤོག་རྒྱལ་ཁབ་ཅིག་གི་བཙན་འོག་ཏུ། བོད་མི་ས་ཡ་ ༦ སྙིང་སྟོབས་མ་ཉམས་པར་འཐབ་རྩོད་གསོན་པོར་གནས་ཐུབ་པ་དེ་གཟི་བརྗིད་དང་སྟོབས་ཤུགས་ཤིག་ཡིན་སྐོར་དང་། ལྷག་པར་དུ་གཞོན་ལྷན་ལ་སྤོབས་པ་སྐྱེས་དགོས་པ་ཞིག་ནི། ཐེངས་འདིར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་ལྷན་དུ། བོད་རྒྱལ་ཁབ་དང་མི་རིགས་ཆེད་གཞུང་དང་གཞུང་འབྲེལ་མིན་པ་ཚོགས་པ་ཁག་མཉམ་རུབ་ཀྱིས་སྡིངས་ཆ་ཞིག་བསྐྲུན་པ་དེ། འཇམ་དཔལ་ཡེ་ཤེས་ལགས་ཀྱིས་བློས་གཏོང་བྱས་པའི་བརྒྱུད་རིམ་ཁྲོད་འཐབ་རྩོད་ཀྱི་མདུན་སྐྱོད་ཅིག་ཆགས་ཡོད་ཚུལ་དང་། གཞོན་ལྷན་ཀྱི་ངོས་ནས་མི་འགྱངས་བར་ས་གནས་གཞོན་ནུ་ ༨༦ ཙམ་ནང་བཀོད་ཁྱབ་བཏང་སྟེ། འཇམ་དཔལ་ཡེ་ཤེས་ལགས་གཙོས་པའི་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་ཚོིར་བདུན་ཚིགས་སྲུང་གཙི་གནང་རྒྱུ་ཡིན་སྐོར་བརྗོད་ཡོད།  

གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་བརྗོད་དོན། “ བོད་མིས་རང་ལུས་མེར་བསྲེགས་གཏོང་བཞིན་པ་དེར་རྒྱ་གཞུང་གིས་འཁྱོག་བཤད་བྱས་ཏེ། མེར་བསྲེགས་གཏོང་བ་དེ་༸རྒྱལ་བ་རིན་པོ་ཆེ་དང་གཞོན་ནུ་ལྷན་ཚོགས་ཀྱིས་བརྒྱུད་སྐུལ་བྱས་པ་རེད་ཟེར་གྱི་ཡོད། དེར་རྩ་བ་ནས་ངོས་ལེན་བྱེད་ཀྱི་མེད། བོད་མི་ས་ཡ་ ༦ གིས་གང་བྱས་པ་དེ། བོད་མི་སོ་སོས་དང་བླངས་རེད་མ་གཏོགས་དེར་བརྒྱུད་སྐུལ་བྱེད་མཁན་ཡོད་པ་མ་རེད། གཞོན་ནུ་ལྷན་ཚོགས་གཞིས་ལུས་རྒྱ་ཆེའི་མི་མང་ལ་ཡིད་ཆེས་གཙང་མ་ཡོད། ཡིད་ཆེས་གཙང་མ་ཡོད་མཁན་ཞིག་ལ་བརྒྱུད་སྐུལ་བྱ་དགོས་དོན་ཡོད་པ་མ་རེད། ད་བར་རྒྱལ་གཅེས་དཔའ་བོ་འཇམ་ཡེ་ཤེས་གཙོས་བོད་ནང་བོད་མི་ ༣༡ གིས་རང་སྲོག་བློས་གཏོང་གནང་དགོས་དོན་ནི། དགྲ་བོ་རྒྱ་ནག་གིས་ང་ཚོའི་རྒྱལ་ཁབ་བཙན་བཟུང་བྱས་པ་དང་། བོད་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱས་པའི་རྒྱུ་མཚན་གྱིས་གནས་ཚུལ་འདིའི་རིགས་བྱུང་བ་རེད། རྩ་བའི་ལྡི་ལིར་རྒྱལ་ཁབ་ལྔ་ཡི་ཚོགས་འདུ་ཚོགས་སྐབས་རྒྱལ་ཁབ་ཁག་གི་སྲིད་འཛིན་རྣམས་གཟི་བརྗིད་ལྡན་པའི་ཐོག་ཕེབས་ཡོད་ཀྱང་། དགྲ་བོ་རྒྱ་ནག་གིས་བོད་རྒྱལ་ཁབ་བཙན་བཟུང་བྱས་ཡོད་སྟབས། སྲིད་འཛིན་ཧུའུ་ཅིན་ཐོ་རྐུན་མ་ནང་བཞིན་ཡོང་དགོས་པའི་གནས་ཚུལ་ཆགས་ཡོད། འདི་དག་ནི་རྒྱ་གཞུང་རང་གིས་བཟོས་པ་ཞིག་ཆགས་ཡོད་ལ། ད་དུང་མུ་མཐུད་མཁྲེགས་བཟུང་གི་སྲིད་བྱུས་ལ་འགྱུར་བ་མི་གཏོང་བ་དང་། ང་ཚོའི་རྒྱལ་ཁབ་ཕྱིར་རྩིས་སྤྲོད་མ་བྱས་ན། གནས་ཚུལ་འདིའི་རིགས་མུ་མཐུད་ནས་ཡོང་སྲིད་ཀྱི་རེད། ” ཅེས་བརྗོད་བྱུང་།

ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་བོད་ཕྱི་ནང་དུ་རང་ལུས་མེར་བསྲེགས་གཏོང་བཞིན་པའི་ཉེན་འཚབ་རང་བཞིན་དང་། ཉེ་ལམ་རྒྱལ་ཚོགས་མདུན་དུ་ཟས་བཅད་ངོ་རྒོལ་གནང་བའི་གྲུབ་འབྲས་སྐོར་ངོ་སྤྲོད་གནང་སྟེ། འཇམ་དཔལ་ཡེ་ཤེས་ལགས་ཀྱིས་བོད་མི་རིགས་ཀྱི་ཆེད་རང་སྲོག་བློས་གཏོང་གནང་ཡོད་སྟབས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་རྣམས་གཞོན་ལྷན་གྱིས་གོ་སྒྲིག་ཞུས་པའི་མཛད་སྒོའི་སྟེང་བཅར་བ་ཡིན་ཚུལ་དང་། བཀའ་བློན་ཁྲི་པ་མཆོག་ཐོག་མའི་ཆར་ཕུང་པོ་ཞུགས་འབུལ་གྱི་མྱ་ངན་མཛད་སྒོར་ཕེབས་འཆར་ཡོད་ཀྱང་། སྐུ་ཕུང་ཕྱིར་འགྱངས་བྱས་པ་དང་ཉི་ཧོང་དུ་གཞུང་འབྲེལ་གཟིགས་སྐོར་གནང་རྒྱུ་གཉིས་དུས་གཅིག་ཏུ་འཁེལ་བ་སོགས་ཀྱིས། མཐའ་མར་སྐུ་ཕུང་ལ་ལམ་ཁ་ནས་མྱ་ངན་མཇལ་དར་བསྒྲོན་དགོས་བྱུང་ཡོད་ཚུལ་སོགས་གསུངས་སོང་ལ། མཐའ་མར་ཁོང་གིས་གལ་ཆེན་ཚུལ་དུ་བོད་ཕྱི་ནང་གི་གཞོན་སྐྱེས་ཚོར་ལྷག་བསམ་དང་སྙིང་སྟོབས་མི་རབས་རྒན་པ་ལས་ལྷག་པ་ཞིག་ཡོད་ནའང་། བོད་རིགས་མང་ཚོགས་ཀྱིས་ལས་འགུལ་སྤེལ་སྐབས་ཞི་བ་དང་ཁྲིམས་མཐུན། ཆེ་མཐོང་ལྡན་པ་ཞིག་ཡོང་ཐབས་ལ་འབད་བརྩོན་གནང་དགོས་པའི་སྐུལ་མ་བཅས་གནང་སོང་།  

མཐའ་མར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུངས་པ་ལྟར་ན། རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐོ་ལྡི་ལི་འབྱོར་བཞིན་པའི་སྐབས་དང་བསྟུན་ཏེ། རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་དང་བོད་ནང་རྔ་པའི་གྲྭ་པ་བློ་བཟང་ཤེས་རབ་གཉིས་ཀྱིས། གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད་སྐོར་དང་། སྤྱིར་བཏང་རྒྱལ་ཁབ་ཅིག་གི་སྲིད་འཛིན་ལ་མཚོན་ན། སྤོབས་པ་ལྡན་པ་དང་མི་མང་གི་དགའ་བསུའི་རྣམ་པའི་ཐོག་ཕེབས་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་ཀྱང་། རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐོ་རྒྱལ་ཁབ་གཞན་གྱི་སྲིད་འཛིན་ལྟར་འཛུམ་ཤིག་ཤིག་གིས་ཡོང་ཐུབ་ཀྱི་མེད་པར། སོ་སོ་ངོ་གནོངས་དགོས་པ་ཞིག་དང་། རྐུན་མ་བཞིན་ལྐོག་ལྐོག་སིལ་སིལ་གྱིས་ཡོང་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ། ཁོང་ཚུར་ཕེབས་པའི་སྐབས་མེ་ཡིས་ཕེབས་བསུ་བྱས་ཡོད་པ་དང་ཕྱིར་ལོག་པའི་སྐབས་ཀྱང་། ཕུང་པོ་གཉིས་མེར་བསྲེགས་བཏང་བའི་དུ་བ་ཡིས་ཕེབས་སྐྱེལ་བྱས་པའི་གནས་སྟངས་ཆགས་ཡོད་སྐོར་གསུངས་སོང་། 

ཚོགས་གཙོ་མཆོག་གིས་གསུངས་དོན། “ དེ་རིང་གི་མཛད་སྒོ་འདི་རྒྱལ་སྤྱིའི་ཁྱོན་ལ་བོད་དོན་ཐོག་གདུང་སེམས་མཉམ་སྐྱེད་ཡོད་མཁན་ཚོས་ཤེས་རྟོགས་བྱུང་ཡོད་ལ། འདི་ལྟ་བུའི་བློས་གཏོང་རྩ་ཆེན་པོ་རེ་གནང་བའི་སྐབས། མང་ཚོགས་ནང་སེམས་འགུལ་ཆེན་པོ་ཐེབས་རྒྱུའི་གཞི་རྩ་ཞིག་ཆགས་ཡོད། བོད་ནང་རང་ལུས་ཞུགས་འབུལ་གནང་མཁན་ ༣༡ བྱུང་བའི་ནང་ ༢༣ འདས་གྲོངས་སུ་ཕྱིན་ཡོད། ཁོང་ཚོ་རེ་རེ་སྐུ་གྲོངས་པའི་སྐབས་ས་གནས་མང་ཚོགས་ཀྱི་སེམས་ལ་ན་ཚ་ག་ཚོད་བཟོ་བཞིན་ཡོད་པ་རེད། དེ་རིང་གི་མཛད་སྒོ་འདིར་ནམ་རྒྱུན་ལས་ལྷག་པའི་མི་མང་པོ་འཛོམས་འདུག དེ་ཚོར་བ་ཞིག་རེད་བསམ་གྱི་ཡོད། ཚོར་བ་དེ་ཡིས་བོད་ཀྱི་ཆོས་དང་རིག་གཞུང་ཆེད་རང་ལུས་མེར་བསྲེགས་གཏོང་མཁན་ཚོར་སྐྱིད་སྡུག་མཉམ་མྱོང་ཡིན་པ་སྟོན་གྱི་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་དང་། རྒྱལ་གཅེས་དཔའ་བོ་བློ་བཟང་ཤེས་རབ་ལགས་གཉིས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན། ད་ལྟའི་གནས་སྟངས་ལ་བལྟས་ན། བོད་ནང་གི་ཛ་དྲག་གནས་སྟངས་ཤུགས་ཆེ་རུ་འགྲོ་རྒྱུ་ལས་ཆུང་དུ་འགྲོ་བ་ཞིག་མཐོང་གི་མེད། ང་ཚོས་ལས་འགུལ་ག་རེ་སྤེལ་ཡང་རྒྱུན་རིང་པོ་དང་མི་མང་མཉམ་ཞུགས་བྱེད་ཐུབ་པ། རྒྱལ་སྤྱིའི་ཁྱོན་ཡོངས་ལ་སྔར་ལས་ཁྱབ་ཐུབ་པ་གནང་དགོས་ཀྱི་ཡོད་པ་རེད། ” ཅེས་གསུངས་སོང་།

མཛད་སྒོའི་ལས་རིམ་ཁག་གྲུབ་རྗེས། ངྷ་སའི་སེར་སྐྱ་མང་ཚོགས་སྟོང་ཕྲག་མང་པོའི་ངུ་ངག་དང་མིག་ཆུའི་ཁྲོད་དུ། རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་སྐུ་ཕུང་ངྷ་ས་མེག་གྷན་དུད་ཁྲོད་ཚལ་དུ་གདན་ཞུ་བྱས་ཏེ། དགེ་འདུན་པ་རྣམས་ཀྱིས་བསྔོ་སྨོན་གསུངས་བཞིན་ཞུགས་འབུལ་གནང་སོང་། ཉིན་རྒྱབ་དམ་པ་ཁོང་གཙོས་པའི་བོད་ནང་མེར་བསྲེགས་གཏོང་མཁན་དཔའ་བོ་དཔའ་མོའི་ཚོའི་ཆེད་དུ་མཆོད་འབུལ་སྨོན་ལམ་ཞིག་ཀྱང་ཚོགས་ཡོད།

གསར་འགོད་པ།དཔལ་ལྡན།

 

མཆན། 16

  1. ཏཱ་རེ་མ། says:
    ལོ་ 11 སྔོན།

    དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་བོད་གཞུང་མང་ལ་བཞག་པའི་ཞལ་ཆེམས་དོན་ཚན་ལྔ་དང་གཞོན་ནུ་ལྷན་ཚོགས་ཟེར་བའི་ལྟ་གྲུབ་ལ་འབྲེལ་བ་གང་ཡང་མི་འདུག
    གཞོན་ལྷན་གྱི་ཚོགས་གཙོ་ཚོགས་གཞོན། ཚོགས་མི་རྣམས་ཀྱིས་གཞོན་ལྷན་གྱི་ལྟ་གྲུབ་བཞིན་རང་སྲེག་བཏང་བ་ཡིན་ན་

    Reply
  2. བདུད་འདུལ་ཐོག་རྒོད། says:
    ལོ་ 11 སྔོན།

    གཞོན་ནུ་ལྷན་ཚོགས་ཀྱིས་རྡོ་རིང་བཞེངས་དགོས་ན་ད་ས་ཆ་རེག་གི་མ་རེད། སྔོན་མ་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་ཟས་བཅད་ངོ་རྒོལ་དང་རང་སྲེག་གནང་སྐབས་ལས་འགུལ་གོ་སྒྲིག་པ་གཞོན་ནུ་ཡིན་ཡང་། དཔའ་བོ་མཆོག་གི་ཞལ་ཆེམས་དང་ཐུགས་འདུན་གཞོན་ལྷན་གྱི་ལྟ་གྲུབ་སོགས་ལ་འབྲེལ་བ་མེད་པ་རེད།
    དེ་བཞིན་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱང་སྔ་མོ་ནས་ཧུའུ་ཅིན་ཐའོར་ངོ་རྒོལ་བྱ་འདོད་པ་གསལ་བོ་དང་། ད་ལོའི་ལོ་སར་ནས་ཁོང་ལྡི་ལིར་ལས་འགུལ་ཁག་ལ་མཉམ་ཞུགས་གནང་འདུག་ད་ལྟ་པར་ལས་མཐོང་གི་ཡོད་པས། མི་རྣམས་ཀྱིས་དཔའ་བོ་ཁོང་ལ་སྔོན་ནས་གྲ་སྒྲིག་ཡོད་པ་ཚོད་དཔག་བྱེད་ཀྱི་ཡོད། དེ་བཞིན་ཞལ་ཆེམས་དོན་ཚན་ལྔ་ནི་རྡོ་ལ་རི་མོར་ལྟར་དཔར་ཡོད་པས་གཞོན་ལྷན་གྱི་ལྟ་གྲུབ་ལ་འབྲེལ་བ་དེ་བས་ཀྱང་མེད་པ་གསལ་བོ་རེད་འདུག་པས།
    གལ་སྲིད་དཔའ་བོ་འདིར་རྡོ་རིང་བཞེངས་ན་རྡོ་རིང་ག་ཚོད་བཞེངས་དགོས་མིན་མཁྱེན་མཁྱེན་པ་རེད།

    Reply
  3. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 11 སྔོན།

    དེ་རིང་དབུས་གཞོན་ནུ་ཚོགས་པས་རྒྱལ་གཅེས་པ་ཁོང་གི་སྐུ་ཕུང་བཞུགས་སྒར་མང་ཚོགས་ལ་མཇལ་དར་ཕུལ་བའི་གོ་སྐབས་གནང་བ་དེ་ཧ་ཅང་ཡག་པོ་བྱུང་། ང་ཚོའི་འཐབ་རྩོད་འདི་ལོ་གཅིག་དང་མི་རབས་གཅིག་གི་འཐབ་རྩོད་ཙམ་མ་ཡིན་པ་ཇི་སྲིད་རང་དབང་མ་ཐོབ་པར་དེ་སྲིད་དུ་འཐབ་རྩོད་གནང་དགོས་པ་ཡིན་དུས་མི་རབས་གསར་པའི་མིག་ནང་བྱུང་ན་ལྷ་རྒྱལ་རིར་རྒྱལ་གཅེས་པ་ཁོང་གི་དབུ་གཅིག་ངེས་པ་ཏུ་བཞེངས་དགོས།

    Reply
  4. མགོ་ལོག་ཟླ་བྷེ། says:
    ལོ་ 11 སྔོན།

    ཀྱེ་མ་ཕྱོགས་བཅུའི་རྒྱལ་དང་དེ་སྲས་ཚོགས ། །
    ཁྱད་པར་གངས་རིའི་མགོན་པོ་པད་དཀར་འཆང་། །
    བཀའ་དྲིན་མཚུངས་མེད་ཨོ་རྒྱན་སྤྲུལ་བའི་སྐུ ། །
    བདག་ཅག་ཆོས་ལྡན་སྐྱེ་བོའི་གདུང་འབོད་གསོན ། །

    འདི་ན་སྤྱི་མཐུན་དཀར་མིན་ལས་དབང་དང་། །
    ནག་ཕྱོགས་སྨོན་ལམ་ལོག་པའི་སྦྱོར་བ་ཡིས ། །
    དམྱལ་བའི་འཇིག་རྟེན་དངོས་སུ་བསྟར་འདྲ་བའི ། །
    བཟོད་མེད་དུཿཁའི་གླིང་ཕྲན་གཟིགས་ལགས་སམ ། །

    རྩ་ཆེན་གཏེར་དང་ཤིང་ནགས་ངོམས་མེད་དྲངས ། །
    དྲིན་ཆེན་ཕྱུགས་དང་རི་དྭགས་ཚད་མེད་བསད ། །
    རིན་ཆེན་ལུས་དང་ལོངས་སྤྱོད་བརྩེ་མེད་བཅོམ ། །
    གལ་ཆེན་ཆོས་དང་རིག་གཞུང་རྩིས་མེད་བརླགས ། །

    རང་གི་རྩ་བའི་བླ་མར་མཇལ་དབང་མེད ། །
    ཕྱག་ན་པད་མོར་གསོལ་བ་འདེབས་དབང་མེད ། །
    སྐུ་བརྙན་དད་པའི་རྟེན་ལ་འཆང་དབང་མེད ། །
    མདོར་ན་བོད་ལ་ཆོས་དད་རང་དབང་མེད ། །

    སྔོན་བྱོན་བཙན་པོའི་རྒྱལ་རབས་གླེང་དབང་མེད ། །
    མ་འོངས་འཚོ་བའི་ཐབས་ལམ་བཤད་དབང་མེད ། །
    ད་ལྟའི་བདེན་པའི་སྡུག་ཡུས་བརྗོད་དབང་མེད ། །
    མདོར་ན་བོད་ལ་སྨྲ་བརྗོད་རང་དབང་མེད ། །

    སྡེ་དང་ཚོ་བའི་བར་ལ་འགྲོ་དབང་མེད ། །
    སྲིད་དང་ཆོས་གཉིས་མ་བསྲེས་འདུག་དབང་མེད ། །
    གནས་མཇལ་ཡུལ་སྐོར་ཕྱོགས་སུ་སྐྱོད་དབང་མེད ། །
    མདོར་ན་བོད་ལ་འགྲོ་སྡོད་རང་དབང་མེད ། །

    བདག་མེད་གནས་ལུགས་སྒོམ་པའི་བྱ་བཏང་བཟུང་། །
    འཚེ་མེད་ཆོས་ལ་སྤྱོད་པའི་གྲྭ་བཙུན་བཀྲོངས ། །
    ཉེས་མེད་རང་ཁ་གསོ་བའི་ཁྱིམ་པ་བསད ། །
    དོན་མེད་བོད་ཡུལ་མི་ཡི་བཤས་རར་བསྒྱུར ། །

    བསིལ་ལྡན་གངས་རིའི་ལྗོངས་ཆེན་འཇིག་ལ་ཐུག །
    ཆོས་ལྡན་བོད་ཀྱི་མི་རྒྱུད་ཆད་ལ་ཉེ ། །
    བྱམས་ལྡན་ཁ་བའི་ལེའུ་རྫོགས་ལ་མྱུར ། །
    བརྩེ་ལྡན་ལྷ་དང་སྲུང་མས་གཟིགས་ལ་རན ། །

    སྔོན་ཚེ་ཐུབ་པའི་དབང་བོས་ཡང་དང་ཡང་། །
    ལུང་གིས་བསྔགས་པར་མཛད་པ་ཅི་བཞིན་དུ ། །
    ཆོས་རྒྱལ་མེས་དབོན་སྤྲུལ་བའི་ལོ་པཎ་ཚོས ། །
    བསྟན་པ་ཡོངས་རྫོགས་བོད་དུ་བཞད་པར་བྱས ། །

    དེས་ན་སངས་རྒྱས་བསྟན་པའི་སྲོག་མཁར་དང་། །
    འགྲོ་དྲུག་ཕན་དང་བདེ་བའི་རྩ་ལག་བཅས ། །
    བོད་ཁམས་གནས་དང་འཇིག་ལ་ཆེར་རག་པས ། །
    གངས་ལྗོངས་སྣོད་བཅུད་ཀུན་ནས་སྐྱོབས་པར་རེམ ། །

    དེང་འདིར་གཞན་ཕན་ཁོ་ནའི་སྙིང་སྟོབས་ཀྱིས ། །
    ལུས་སྲོག་ཡལ་བར་འདོར་མཛད་དཔའ་བོའི་དཔུང་། །
    མེ་མཚོན་འཇིགས་པའི་ཁྲིམས་ལ་མི་འཛེམས་པར ། །
    འཚེ་མེད་ཞི་བའི་རུ་འཕྲེང་བར་མེད་བསྒྲིགས ། །

    གཞན་གནོད་བསམ་པས་ཀུན་ནས་མ་བསླངས་ཤིང་། །
    དྲག་པོའི་མཚོན་ཆ་ཕྱག་དུ་མི་འཛིན་པའི ། །
    བྱང་སེམས་མར་དཀར་སྤུང་བའི་རི་བོ་དག །
    གདུག་པའི་མུན་ནག་སེལ་བའི་གཉེན་པོར་སྒྲོན ། །

    བདེན་པ་མཆོག་གསུམ་ལྷ་ལ་བདར་བ་དང་། །
    གནས་ལུགས་མི་ཡི་འགྲོ་བར་བགྲང་སླད་དུ ། །
    གཅེས་པའི་རང་ལུས་མེ་རུ་སྦར་བའི་མདངས ། །
    མཁའ་ལ་འཚམས་སྤྲིན་ཟོལ་གྱིས་བརྟན་པོར་ཆགས ། །

    ཤེས་བྲལ་གནམ་གྱི་རྒྱལ་མོས་མ་བཟོད་པར ། །
    སྤྱན་ཆབ་ཁ་ཆར་དུས་སུ་འཇོ་བྱས་ནས ། །
    དཔའ་བོའི་ལུས་མེ་གསོད་པའི་ཐབས་འབད་ན ། །
    སེམས་དང་ལྡན་པ་སུ་ཞིག་ཅི་མི་སྙམ ། །

    གསོང་པོར་སྨྲ་དང་གཟུ་བོར་གནས་སོ་ཞེས ། །
    ཁེངས་པ་སྲིད་ན་མཐོ་བའི་སྐྱེ་བོ་དག །
    བདེན་དོན་མངོན་སུམ་འཆར་བའི་མེ་ལོང་ལ ། །
    གཟིགས་ན་ཁས་སུ་འཆེ་བ་རྗེད་མ་བགྱི ། །

    རང་ལུས་ནད་ཀྱིས་གདུང་བ་བཅོས་སླད་དུ ། །
    འཚོ་བྱེད་མེ་བཙའི་དཔྱད་ཙམ་མི་བཟོད་པར ། །
    གཡས་འཇུ་གཡོན་བསྐྱོར་ཨམ་གཙིགས་བསྡམས་པ་དང་། །
    མིག་བཙུམས་སྐད་ངན་ཤོར་སོགས་མྱོང་བས་གྲུབ། །

    དེ་ལྟ་བས་ན་སྡར་མ་བདག་འདྲ་དང་། །
    བསྟན་འགྲོའི་སླད་དུ་རང་ལུས་མེ་སྦྱིན་ལ ། །
    དགྱེས་བཞིན་ཕུལ་བའི་དཔའ་བོ་དཔའ་མོ་ཚོའི ། །
    བར་ཐག་གནམ་ས་ལས་ཀྱང་ཆེས་ཆེར་རིང་། །

    སྟོབས་ལྡན་སྟག་དང་འབྲུག་གིས་རྩལ་འགྲན་ནས ། །
    འཛམ་གླིང་ཤར་ནུབ་སྐྱོམ་པའི་དུས་ཀྱི་ཚེ ། །
    གངས་སེང་གཡུ་ཡི་རལ་བ་བསིག་རན་ཞེས ། །
    ཚད་མའི་གཏེར་ལུང་དེང་འདིར་ཤིན་ཏུ་གཙིགས ། །

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    དཔའ་བོ་དངོས་གྲུབ་ལགས་དང་། དཔའ་བོ་འཇམ་དཔལ་ལགས་ཡབ་སྲས་གཉིས་ཀྱི་མཚན་སྙན་དང་དགོས་དོན་རྣམས་དུས་རྟག་ཏུ་རྒྱལ་འགྱུར་ཅིག །མྱ་ངན་གུས་དུད་དང་བཅས། བོད་རྒྱལ་ལོ། །བདེན་པ་ཉིད་རྒྱལ་འགྱུར་ཅིག །

    Reply
  6. བསོད་ནམས་རྒྱ་མཚོ། says:
    ལོ་ 11 སྔོན།

    ནམ་རྒྱུན་བལྟས་ཚོད་ལ་གཉོམ་ཆུང་ཅན་ཞིག་དེ། དོན་ངོ་མ་འཛམ་གླིང་འདིའི་ཐོགས་ཏུ་སུ་ལའང་མ་ཞེད་མཁན་དཔའ་བོ་ཞིག་རེད་འདུག། ཨོཾ་མ་ཎི་པདྨེ་ཧུཾ། ཨོཾ་མ་ཎི་པདྨེ་ཧུཾ། ཨོཾ་མ་ཎི་པདྨེ་ཧུཾ། ཨོཾ་མ་ཎི་པདྨེ་ཧུཾ།

    Reply
  7. འཇིགས་བྲལ་བསྟན་འཛིན། says:
    ལོ་ 11 སྔོན།

    དཱ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྡ་སའི་ལྷ་རྒྱལ་རིར་རྟའུ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་དབུ་གཅིག་བཞེངས་མདོག་ཁ་པོ་རེད་བསམ། གང་ཡིན་ཟེར་ན། བཙན་བྱོལ་ནང་བོད་མི་གཉིས་བསྲེགས་ནས་སྐུ་གྲོངས་པ་དང་། གཉིས་ཀ་གཞོན་ནུའི་ལས་འགུལ་བ་གཅིག་མཚུངས་ཡིན་པ་དང་། མེར་བསྲེགས་གནང་ཡུལ་ཡང་གཅིག་པ་ཡིན་པ་རེད།

    དེ་འདྲ་ཞིག་ཨེ་རེད།

    Reply
  8. སྐྲན། says:
    ལོ་ 11 སྔོན།

    བློ་ལ་ཐག་གཅོད་ལན་གཅིག་དང་།།
    སེམས་ལ་མི་བདེ་ཐེངས་ཤིག་གོ།
    བོད་ཀྱི་མི་སྨྼའི་རྟུལ་ཞུགས་ལ།།
    ཐོག་མའི་དབུ་ཁྱུད་བྲིས་ནས་སོང་།།

    Reply
  9. ཡུལ་གྱར་གྱི་མཚེར་ས says:
    ལོ་ 11 སྔོན།

    ལ་རྒྱ་དང་སྙིང་སྟོབས་ལྡན་པའི་མི་བུ་འདི་དག་རིམ་བཞིན་བདེན་དོན་གྱི་ཆེད་དུ་ལྔ་ལམ་དུ་བཞུད་ན་གངས་ཅན་པའི་བདེ་དོན་སུས་རྩོད། མ་འོངས་པའི་ངེད་ཅག་གི་མདུན་ལམ་སུས་བསུ། ཁྱེད་ཅག་བཤེགས་པ་གཟི་བརྗིད་ཡིན་ཡང་གངས་ཅན་པའི་དཀའ་སྡུག་ད་དུང་སངས་མེད་པས་ཁྱེད་ཅག་ཕེབས་པ་སྔ་དྲགས་སོང་། ཁྱེད་ཅག་བཞུད་པ་ལས་གཏན་དུ་བཞུགས་ན་དགེ་མཚན་ཆེ། ཁྱེད་ཅག་ཕེབས་པ་ངོ་མ་སྔ་དྲགས་སོང་། རྒྱལ་བཅེས་དཔའ་བོ་དང་དཔའ་མོ་ཕྱི་ནང་གང་དུ་ཡོད་ཀྱང་བྱ་བ་མཇུག་སྐྱོང་ཕྱིར་མི་ཕེབས་པར་ཅིས་ཀྱང་བཞུགས་རོགས་ཞེས་སོར་བཅུ་ཐར་མོ་སྙིང་ཁར་སྦྱར་ནས་ཞུ། བོད་རྒྱལ་ལོ། འདས་གསོན་གྱི་དཔའ་བོ་དང་དཔའ་མོ་རྣམས་རྒྱལ་ལོ།

    Reply
  10. ཤིང་ལོ། says:
    ལོ་ 11 སྔོན།

    སྡུག་སྙིང་ན་ཡོད་ཀྱང་ངོ་ན་འཛུམ་ཡོད།།
    སྐུ་ཞུགས་འབུལ་བྱས་ཀྱང་བོད་ན་གསོན་ཡོད།།
    བོད་བཙན་པོ་ཞིག་གི་སྙིང་སྟོབས་ཡོད་ན།།
    འཆི་མི་སྲིད་ནམ་ཡང་གསོན་པོར་གནས་ཡོད།།

    Reply
  11. ལུང་རྟོགས། says:
    ལོ་ 11 སྔོན།

    དཔའ་བོ་མཆོག་ལ་སྙིང་ནས་མྱ་ངན་དང་གུས་འདུད་ཞུ།

    Reply
  12. གནས་ཚང་། says:
    ལོ་ 11 སྔོན།

    བླ་མེད་སྙིང་སྟོབས་བཙན་པོའི་ཁ་ཆེམས་ཡིན།
    ལྷག་བསམ་ཟོལ་མེད་བོད་མིའི་གཤིས་ཀ་ཡིན།
    ཇི་སྲིད་བསྐལ་བ་མ་སྟོང་དེ་སྲིད་དུ།
    ཡང་ནས་ཡང་དུ་བོད་མིར་སྐྱེས་པར་ཤོག

    Reply
  13. Ngawang Norbu says:
    ལོ་ 11 སྔོན།

    ༄༅། །བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
    དཀའ་བ་བརྒྱ་ཕྲག་གྲུབ་པའི་སྐྱེ་བོ་རྣམས། །
    གྲུ་འཛིན་དགོན་དེར་ཐུགས་རྗེས་བསྐྱོང་བར་མཛོད། །

    Reply
  14. འགྱུར་མེད་བསྟན་འཛིན། says:
    ལོ་ 11 སྔོན།

    ནང་མི་གཉེན་ཉེ་སོགས་ལ་མ་ཆགས་པར།།
    འཇིག་རྟེན་མི་ཡི་གྲལ་ནས་མར་ཐོན་ནས།།
    རང་ཉིད་མེ་ལ་སྒྲོན་པའི་སྙིང་སྟོབས་དེས།།
    ས་ཆེན་འུར་གྱིས་བཀང་པའི་ལེའུ་བརྩམས།།

    མི་གཟུགས་མེ་ལ་སྤར་བའི་བསུལ་དྲི་ཡིས།།
    ཧུན་ཅིན་ཐོ་ལ་ཕེབས་བསུ་ཞུ་བ་ཡི།།
    གཟུགས་མཐོང་བརྙན་འཕྲིན་གང་སར་ཁྱབ་པ་འདི།།
    རྒྱ་རྒན་དཔོན་པོའི་སྙིང་ལ་ན་ཟུག་སྦྱིན།།

    ཁྱོད་ཀྱི་བློས་བཏང་བྱ་བའི་རྗེས་ཤུལ་དུ།།
    ཡོད་ཚད་ཡིག་ཆུང་མནངས་བཞིན་དུར་ས་རུ།།
    དཔའ་བོ་ཁྱོད་ཀྱི་ཕྱོགས་ལ་མགོ་བོ་སྒུར་དུས།།
    རྣམ་ཤེས་གསོན་པོའི་རེ་བ་གྲུབ་ལགས་སམ།།

    Reply
  15. བློ་བཟང་ལུང་རྟོགས། says:
    ལོ་ 11 སྔོན།

    འཇམ་པའི་ལུས་པོ་སྲེག་ན་ཚ་ལགས་སམ།།
    དཔའ་བོའི་ལོ་རྒྱུས་རྡོ་ལ་བརྐོས་ལགས་སམ།།
    ཡེ་ཤེས་དབྱིངས་ནས་བུར་འདིར་གཟིགས་ལགས་སམ།
    ཤེས་ལྡན་བོད་མིས་སེམས་ན་འབར་ལགས་སམ།
    བཙན་པོའི་གདུང་སྲས་ཁྱེད་ཉིད་དམར་པོའི་མེ་རླུང་ཁྲོད་རྒྱུགས་བཞིན་པ་མཐོང་དུས་ངའི་སེམས་པ་ཡང་གང་ཉིད་དང་མཉམ་དུ་ཚིག་སོང་། ལོ་རྒྱུས་ཀྱིས་ཁྱེད་ལ་གངས་རིའི་དཔའ་བོའི་རྡོ་རིང་བཞེངས་ངེས།

    Reply
  16. གསལ་ལེ་རྒྱལ། says:
    ལོ་ 11 སྔོན།

    འཇམ་དཔལ་དཔའ་བོ་ཡེ་ཤེས་མེ་འབར་གྱི།

    སྙིང་སྟོབས་གནམ་འདེགས་གསེར་གྱི་རི་བོ་ཆེ།།

    ལྷག་བསམ་སྤྲིན་དཀར་གཡོ་བའི་ལྡིང་ཁང་ནས།།

    རེ་སྨོན་ཁྱུང་འབྲུག་འཁྱུད་པས་མ་ལྷོད་ཅིག།

    གང་ན་བྱིན་རླབས་འོད་ཀྱིས་འཁྱུག་པ་ཡི།།

    ཉམས་མེད་རྒྱལ་བ་བདེ་གཤེགས་འཁོར་བཅས་ཀྱིས།།

    ཐར་ལམ་མཐོང་སྨོན་ཡིད་དགའ་ཆོས་འཛིན་ནས།།

    དཔའ་བོ་དཔའ་མོ་བསུ་བའི་སྟ་གོན་མཛོད།།

    དམར་བོ་མེ་ཡི་ཚལ་ནས་འཕུར་བ་ཡི།།

    གངས་རིའི་རྣམ་ཤེས་ཚ་བའི་འཇིགས་པ་ཅན།།

    ཐ་དག་མ་ལུས་བརྩེ་བའི་བདག་ཉིད་ཅན།།

    རྒྱལ་ཀུན་ཐུགས་བརྗེ་ཆར་གྱིས་བརླན་པར་མཁྱེན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist