མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རྒྱ་བར་གྱི་དམངས་ཁྲོད་ཁྲིམས་རྩོད་པ་ཁྲིན་ཀུང་ཁྲིན།

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཁྲིན་ཀུང་ཁྲིན་ཨ་རའི་གཞུང་ཚབ་ཁང་ནང་ཉེན་ཡོལ་དུ་འཛུལ་རྗེས། རྒྱ་གཞུང་གིས་ཁོའི་རང་དབང་ཐད་ཁག་ལེན་བྱས་པ་ལྟར་ཕྱིར་བུད་ཡོད་ཀྱང་། ཁོའི་རང་དབང་ལ་བསྐྱར་དུ་བཀག་སྡོམ་ཐེབས་པར་བརྟེན་ནང་མི་ཟླ་སྒྲིལ་ཐོག་ཨ་རིར་བསྐྱོད་རྒྱུའི་རེ་སྐུལ་ཞུས་ཡོད་པ་རེད།

ཕྱི་ཟླ་ ༤ ཚེས་ ༢༢ ཉིན་དམངས་ཁྲོད་ཁྲིམས་རྩོད་པ་ཁྲིན་ཀུང་ཁྲིན་ས་གནས་རྒྱ་གཞུང་གི་བཀག་ཉར་གཅར་རྡུང་འོག་བྲོས་སྟེ། པེ་ཅིན་གྱི་ཨ་རིའི་གཞུང་ཚབ་ཁང་ནང་ཉེན་ཡོལ་དུ་འཛུལ་རྗེས། གནད་དོན་དེའི་ཐད་ཨ་རྒྱ་གཉིས་ཀྱིས་གྲོས་མོལ་ཐེངས་མང་བྱས་མཐར། ཕྱི་ཟླ་ ༥ ཚེས་ ༢ ཉིན་ཁྲིན་ཨ་རིའི་གཞུང་ཚབ་ཁང་ནས་ཕྱིར་བུད་ཡོད་ལ། ཨ་རྒྱ་ཕྱོགས་གཉིས་ཀྱིས་ཁོང་རང་འགུལ་གྱིས་ཕྱིར་བུད་པ་ཞིག་ཡིན་སྐོར་བརྗོད་ཡོད་། ཕྱི་ཚེས་ ༣ ཉིན་ཁྲིན་གྱི་དེ་སྔའི་ལངས་ཕྱོགས་ལ་འགྱུར་བ་ཐེབས་ཏེ་ནང་མི་ཟླ་སྒྲིལ་ཐོག་ཨ་རིར་ཉེན་གཡོལ་དུ་བསྐྱོད་འདུན་ཡོད་པ་བསྒྲགས་ཏེ། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱལ་དོན་དྲུང་ཆེ་ཧེ་ལི་རེ་གཉིས་ལ་འབོད་སྐུལ་ཞུས་རྗེས། ཁྲིན་གྱི་གནད་དོན་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ནང་འབར་གས་རང་བཞིན་གྱི་གླེང་སློང་ཤུགས་ཆེན་བྱུང་བ་དང་། གསར་ལམ་བརྒྱུད་ལམ་ཁག་གིས་ཨ་རྒྱ་གཉིས་ལ་ཚ་འདྲི་གནོན་ཤུགས་བསྟུད་མར་སྤྲད་པར་བརྟེན། ཨ་རིའི་ཚབ་ཆེན་མོ་ལོའུ་ཡིས་གནས་ཚུལ་དེའི་བྱུང་རིམ་ཡོངས་བསྒྲགས་གསལ་བཤད་བྱེད་དགོས་བྱུང་ཤིང་། ཁྲིན་གྱི་གནད་དོན་དེ་བསྐྱར་དུ་ཨ་རྒྱ་གཉིས་བར་རྩོད་རྙོག་ཅན་གྱི་གླེང་གཞི་ཞིག་ཏུ་འགྱུར་མགོ་བརྩམས་ཡོད།

མིག་ལོང་བའི་ཐར་ལམ།  

མིག་གཉིས་ལོང་བ་ཡིན་པའི་ཁྲིན་རྒྱ་གཞུང་ཉེན་རྟོག་པས་བཀག་སྡོམ་ལྟ་རྟོག་འོག་བྲོས་ཐར་བྱུང་དེ་ནི། མི་ཚང་མར་དོགས་གཞི་ཆེན་པོ་ཞིག་ཆགས་ཡོད། གསར་ལམ་ཁག་ཏུ་ཡོངས་གྲགས་ཆགས་པའི་གནས་ཚུལ་ལྟར་ན། ཁྲིན་གྱིས་ཟླ་གཉིས་ལྷག་རིང་གྲ་སྒྲིག་བྱས་ཏེ་ལྟ་སྲུང་བའི་ཉམས་ཚོད་བླངས་རྗེས། སྐར་ཆ་ ༡༠ དུས་ཡུན་གྱི་གོ་སྐབས་བཟུང་སྟེ་རང་ཉིད་ཀྱི་སྡོད་ཁང་ནས་ཁང་མིག་གཞན་ཞིག་ནང་འཛུལ་ཐབས་བྱས་ཤིང་། མཚན་གུང་སྒོ་རའི་རྩིག་གྱང་ལས་བརྒལ་ཏེ་རང་ཉིད་གཅིག་པུ་ས་ལ་འགྱེལ་ཞོར་རྐ་ཆུ་དང་གྱང་ཐུང་མང་པོ་བརྒལ་ཏེ་ཆུ་ཚོད་འགར་བསྐྱོད་མཐར། མི་གཞན་གྱི་རོགས་རམ་འོག་ཁ་པར་བརྒྱུད་ཧི་ཕའེ་རོང་ལ་འབྲེལ་བ་བྱས་ཤིང་། ཧི་ཕའེ་རོང་དང་གྲོགས་པོ་འགའི་རོགས་འདེགས་ལ་བརྟེན་ནས། ཨ་རིའི་གཞུང་ཚབ་མི་སྣ་ཆེད་ཕེབས་ཀྱིས་ཁྲིན་ཨ་རིའི་གཞུང་ཚབ་ཁང་དུ་ཁྲིད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢ ཉིན་རྒྱ་ནག་ཕྱི་དྲིལ་མགྲིན་ཚབ་པ་ལིག་ཝེ་མཱེན་གྱིས། “ཨ་རིའི་གཞུང་ཚབ་ཁང་གིས་རྒྱུན་ལྡན་མ་ཡིན་པའི་བྱ་ཐབས་སྤྱད་དེ། རྒྱ་ནག་གི་མི་སེར་ཁྲིན་ཀུང་ཁྲིན་ཨ་རིའི་གཞུང་ཚབ་ཁང་དུ་ཁྲིད་ཡོད། རྒྱ་གཞུང་གི་ཕྱོགས་ནས་དེའི་ཐད་བློ་ཕམ་ཆེན་པོ་ཡོད་ལ། ཨ་རིའི་བྱ་སྤྱོད་དེ་ནི་རྒྱ་ནག་ནང་སྲིད་ལ་ཐེ་ཇུས་བྱས་པ་ཞིག་ཡིན་སྟབས་མཐའ་གཅིག་ཏུ་ངོ་རྒོལ་ཡོད།” ཅེས་བརྗོད་ཡོད།

ཕྱི་ཚེས་ ༣ ཉིན་ཨ་རིའི་རྒྱ་ནག་གཞུང་ཚབ་ཆེན་མོ་ལོའུ་ཡིས། “ཧ་ཅང་ཛ་དྲག་གི་གནས་བབ་ཅིག་གི་འོག་ཁོང་གིས་ང་ཚོར་འབྲེལ་བ་གནང་བར་བརྟེན། ང་ཚོ་ཕར་ཁོང་ལ་ཐུག་འཕྲད་དུ་བསྐྱོད་དེ་ཉེན་ཁ་ཆེ་བའི་གནས་སྟངས་ཤིག་གི་ཐོག་ནས། རྒྱུན་ལྡན་མ་ཡིན་པའི་དམིགས་བསལ་བྱ་ཐབས་སྤྱད་དེ་ཁོང་གཞུང་ཚབ་ཁང་ནང་ཁྲིད་ཡོང་བ་ཡིན” ཞེས་བརྗོད་ཡོད་ལ། དེ་བཞིན། ཧི་ཕའེ་རོང་གིས་ཀྱང་མཚན་མོ་དེར་ཁྲིན་ཐེངས་ས་ལ་འགྱེལ་ཏེ་ལུས་ཡོངས་སུ་བརླན་ཡོད་པ་མ་ཟད། ཁོང་གི་རྐང་པར་ཆག་སྐྱོན་བཟོས་ཡོད་ལ། བྲོས་བྱོལ་གྱི་བརྒྱུད་རིམ་ཁྲོད་ཉུང་མཐར་མི་སྣ་ ༦ གིས་ཁོང་ལ་རོགས་རམ་བྱས་ཡོད་པ་བརྗོད་འདུག 

ཁྲིན་གྱི་རེ་སྐུལ།

ཁྲིན་རྒྱ་གཞུང་གི་བཀག་སྡོམ་འོག་བྲོས་ཐར་བྱུང་རྗེས། དྲ་ལམ་ཁག་ཏུ་དུས་ཡུན་སྐར་མ་ ༡༥ ཅན་གྱི་བརྙན་ཐུང་ཞིག་སྤེལ་ཏེ། “དེ་སྔོན་རྒྱལ་སྤྱིའི་དྲ་ལམ་ཁག་ཏུ་རྒྱ་གཞུང་གིས་ང་ལ་དྲག་སྤྱོད་དམ་དྲག་བྱས་པའི་གནས་ཚུལ་ཐོན་པ་མཐའ་དག་དངོས་བདེན་ཡིན་ལ། ང་རང་དངོས་ཡོད་གནས་ཚུལ་དེའི་དཔང་མི་ཆགས་ཡོད་པའི་ཆ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བདེན་དཔང་བྱས་པ་ཡིན། ང་ལ་གཅར་རྡུང་མནར་གཅོད་བཏང་བའི་དངོས་ཡོད་གནས་སྟངས་རྣམས་ནི་དྲ་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལས་ཀྱང་ཧ་ཅང་བློ་ཡུལ་ལས་འདས་པ་ཞིག་ཡིན” ཞེས་བརྗོད་དེ། ཁྲིམས་མེད་ལུགས་མེད་ཀྱི་རྒྱ་གཞུང་གི་དྲག་སྤྱོད་དག་ཐེར་འདོན་བྱས་པ་མ་ཟད། རྒྱ་ནག་སྲིད་བློན་ཝུན་ཇ་པའོ་ལ་ “ཁྲིམས་ལྟར་ཉེས་ཅན་ལ་ཁྲིམས་གཅོད་ནན་པོ་བྱེད་དགོས་པ། ཁྲིམས་ལྟར་ནང་མིའི་བདེ་འཇགས་སྲུང་སྐྱོབ་བྱ་དགོས་པ། ཁྲིམས་ལྟར་རུལ་སུངས་བྱ་སྤྱོད་ལ་ཉེས་ཆད་གཅོད་དགོས་པ། ” བཅས་རེ་སྐུལ་དོན་ཚན་གསུམ་ཕུལ་ཡོད།  

ཁྲིན་བྲོས་ཤུལ་དུ་ས་གནས་རྒྱ་གཞུང་གིས་ཁོང་གི་ཆུང་མ་དང་ཕུ་བོའི་གཙོས་པའི་ནང་མི་ཉེ་འབྲེལ་ཚང་མར་གཅར་རྡུང་འདྲི་གཅོད་བྱས་པ་མ་ཟད། ཁོ་ཚང་གི་སྒོ་རའི་ནང་བརྙན་ལེན་འཕྲུལ་ཆས་བདུན་བཙུགས་ཡོད་པ་དང་། ཉེན་རྟོག་པ་བཅུ་གྲངས་ཤིག་ཁོང་ཚང་ནང་རྒྱུན་སྡོད་བྱེད་བཅུག་སྟེ། མི་ཚང་སྒེར་ཁང་ཁྱིམ་ཁེ་དབང་ཡང་བཙན་འཕྲོག་བྱས་ཡོད་འདུག དེ་བཞིན། ཁོའི་ཕ་ཡུལ་ཏུང་ཁྲི་ཀུའུ་སྡེ་བར་ཕྱོགས་ཡོངས་ནས་བཀག་སྡོམ་དང་། སྡེ་མི་རེ་རེར་འདྲི་གཅོད་བྱེད་མགོ་བརྩམས་ཡོད་ལ། ཁྲིན་དང་འབྲེལ་ཡོད་ཀྱི་མི་སྣ་རྣམས་གང་བྱུང་བཙན་ཁྲིད་བྱས་ཡོད་འདུག 

རྒྱ་གཞུང་གི་ཁས་ལེན།

ཁྲིན་དང་ཐོག་ཨ་རིའི་གཞུང་ཚབ་ཁང་ནང་ཉེན་གཡོལ་དུ་འཛུལ་རྗེས། ཨ་རིའི་གཞུང་ལ་ཆབ་སྲིད་སྐྱབས་བཅོལ་ཞུས་མེད་པར། ཨ་རིས་ལྟ་རྟོག་འོག་རང་ཉིད་མུ་མཐུད་རྒྱ་ནག་ནང་བསྡད་དེ། རྒྱ་ནག་མི་མང་གི་རང་དབང་དང་དམངས་གཙོ་རྩོད་ལེན་གནང་འདུན་ཡོད་པ་བརྗོད་འདུག   ཨ་རིའི་གཞུང་ཚབ་མི་སྣས་ཁོང་ཨ་རིར་བསྐྱོད་འདོད་ཡོད་མེད་དྲིས་སྐབས་ཀྱང་། ཁོང་གིས་ “ང་འགྲོ་འདོད་མེད། ཉིན་ཞིག་ཟབ་སྦྱོང་དུ་ཡོང་སྲིད་པ་རེད།” ཅེས་ལན་འདེབས་བྱས་འདུག

ཕྱི་ཚེས་ ༣ ཉིན་ཨ་རིའི་གཞུང་ཚབ་ཆེན་མོ་ལོའུ་ཡིས་ཁྲིན་གཞུང་ཚབ་ཁང་ནས་ཕྱིར་བུད་པའི་བྱུང་རིམ་ངོ་སྤྲོད་གནང་སྐབས། ཁྲིན་རང་ཉིད་ཀྱི་རེ་འདུན་དང་དམིགས་ཡུལ་གཞིར་བཟུང་། རྒྱ་གཞུང་འབྲེལ་ཡོད་མི་སྣར་གྲོས་མོལ་རིམ་པར་བྱས་མཐར། རྒྱ་གཞུང་འབྲེལ་ཡོད་སྡེ་ཁག་གིས་ཁྲིན་གྱི་དགོས་འདུན་རྣམས་ཁས་ལེན་བྱས་པ་ལྟར། ཕྱི་ཚེས་ ༢ ཉིན་ཁྲིན་རང་འགུལ་ཐོག་ཨ་རིའི་གཞུང་ཚབ་ཁང་ནས་ཕྱིར་བུད་དེ། ཨ་རིའི་འབྲེལ་ཡོད་མི་སྣས་ཁོང་པེ་ཅིན་ཁྲའོ་ཡཱང་སྨན་ནང་བསྐྱལ་བར་མ་ཟད། ཁོའི་རེ་འདུན་ལྟར་བྱིས་པ་གཉིས་དང་ཁོང་གི་བཟའ་ཟླ་བཅས་ནང་མི་ལྷན་འཛོམས་བྱུང་བཅུག་སྐོར་བརྗོད་ཡོད།

རྒྱ་གཞུང་གི་ཁས་ལེན་དོན་ཚན་བཞི་ནི། དང་པོ། རྒྱ་ནག་ནང་ཁུལ་གྱི་ས་གནས་གཞན་ཞིག་ཏུ་གནས་སྤོར་དང་། རྒྱ་ནག་གཞུང་གིས་ས་ཁུལ་འདྲ་མིན་ནང་སློབ་ཆེན་ཁག་ ༧ མིང་འདོན་གྱིས་ཁོང་ལ་གདམ་གསེས་བྱ་འཇུག་རྒྱུ། གཉིས། སློབ་ཆེན་ནང་ཁོང་ལ་སློབ་སྦྱོང་གི་གོ་སྐབས་སྤྲོད་དགོས་པར་མ་ཟད། ཁོང་དང་ཁོའི་ནང་མིས་བདམས་པའི་སློབ་ཆེན་དེའི་ནང་སློབ་ཡོན་དང་། སྡོད་ཁྱིམ་བཀོད་སྒྲིག འཚོ་བའི་རོགས་དངུལ་ཡོངས་རྫོགས་རྒྱ་གཞུང་གིས་མཁོ་སྒྲུབ་བྱ་དགོས་པ། གསུམ། སྨན་ཁང་དུ་ཁོང་ལ་སྨན་བཅོས་སྐབས་ཀྱི་འགྲོ་གྲོན་མཐུན་སྦྱོར་གནང་དགོས་པ་དང་། དེ་སྔོན་ཁོང་ལ་མནར་གཅོད་དང་བཀག་སྡོམ་བྱས་པའི་གནས་སྟངས་ལ་ཉན་ཞིབ་བྱས་ཏེ། རྒྱ་གཞུང་གིས་ཕྱོགས་ཡོངས་ནས་གནད་དོན་དེའི་ཐད་ཞིབ་བཤེར་ནན་མོ་བྱ་རྒྱུ། བཞི། སློབ་ཆེན་གང་རུང་ནང་གི་སློབ་མ་སྤྱི་མཚུངས་ལྟར་ཁོང་ལ་དགོས་ངེས་ཀྱི་མཐུན་འགྱུར་དང་ཁེ་དབང་སྤྲོད་དགོས་ལ། སློབ་སྦྱོང་གི་གོ་རིམ་ཁྲོད་སློབ་གྲྭ་གཞན་དུ་སློབ་སྒྱུར་བྱ་ཆོག་པའི་གོ་སྐབས་སྤྲོད་དགོས་པ་བཅས་ཡིན་འདུག

ཁྲིན་གྱི་འགྱུར་ལྡོག

ཁྲིན་ཨ་རིའི་གཞུང་ཚབ་ཁང་ནས་ཕྱིར་བུད་རྗེས། རྒྱ་གཞུང་གིས་སྔར་གྱི་ཁས་ལེན་དག་སྣང་མེད་དུ་བཏང་སྟེ། སྨན་ཁང་མཐའ་འཁོར་དུ་ཉེན་རྟོག་པ་མང་པོ་འགྲེམས་འཇོག་དང་། ཁྲིན་ལ་ཐུག་འཕྲད་དུ་ཡོང་མཁན་ཁྲིམས་རྩོད་པ་ཅཱང་ཐེན་ཡུང་གཙོས་གནད་ཡོད་མི་སྣ་མང་པོ་འཇུ་བཟུང་བཙན་ཁྲིད་བྱས་ཤིང་། ཁྲིན་རང་ཉིད་ཀྱི་འགྲོ་བསྐྱོད་རང་དབང་ལ་བཀག་སྡོམ། ཁོང་གི་ནང་མིའི་བདེ་འཇགས་ལ་ཉེན་ཁའི་སྣང་ཚུལ་བྱུང་པར་བརྟེན། ཕྱི་ཚེས་ ༣ ཉིན་ཁྲིན་གྱིས་རང་གི་དེ་སྔའི་བསམ་ཚུལ་ལ་འགྱུར་བ་བཏང་སྟེ། ནང་མི་ཟླ་སྒྲིལ་ཐོག་ཨ་རིར་བསྐྱོད་འདུན་ཡོད་པ་བསྒྲགས་ཤིང་། སྲིད་འཛིན་ཨོ་བྷ་མ་དང་རྒྱལ་དོན་དྲུང་ཆེ་ཧེ་ལི་རའེ་གཉིས་ཀྱིས་རོགས་སྐྱོར་ཡོང་བའི་འབོད་སྐུལ་ཞུས་འདུག 

ཕྱི་ཚེས་ ༤ ཉིན་པེ་ཅིན་དུ་ཨ་རྒྱ་གཉིས་ཀྱི་འཐབ་ཇུས་དང་ཚོང་དོན་གྲོས་མོལ་འཇུག་བསྒྲིལ་མ་ཐག ཨ་རིའི་རྒྱལ་དོན་དྲུང་ཆེ་ལྕམ་ཧེ་ལེ་རའེ་ཡིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ཨ་རིའི་གཞུང་ཚབ་ཀྱིས་སྐུ་ཞབས་ཁྲིན་ལ་ཁ་པར་གྱི་ལམ་ནས་བསྐྱར་དུ་འབྲེལ་བ་གནང་སྟེ། འབྲེལ་ཡོད་མི་སྣ་དང་སྨན་པ་བཅས་ཁོང་ལ་ཐུག་འཕྲད་བྱས་ཡོད་ལ། ད་ལྟའི་ཆར་ཁོང་གིས་ནང་མི་ཟླ་སྒྲིལ་ཐོག་ཨ་རིར་སློབ་སྦྱོང་དུ་བསྐྱོད་རྒྱུའི་སེམས་ཐག་བཅད་ཡོད་པ་གསལ་བཤད་དང་སྦྲགས། ཁོ་མོས་ “གནད་དོན་དེ་ནི་གྲགས་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཅིག་གི་གནད་དོན་ཙམ་མ་ཡིན་པར། རྒྱ་ནག་མི་མང་དུང་ཕྱུར་བཅུ་ལྷག་དང་འཛམ་གླིང་མི་མང་དུང་ཕྱུར་བཅུ་གྲངས་འགའི་འགྲོ་བ་མིའི་ཐོབ་ཐང་དང་རེ་སྙེག་ལ་འབྲེལ་བ་ཡོད་ལ། རླབས་ཆེ་བའི་རྒྱལ་ཁབ་འདི་དང་འཛམ་གླིང་རྒྱལ་ཁབ་ཡོངས་ཀྱི་མ་འོངས་པ་དང་འབྲེལ་བ་ཆགས་ཡོད། དོ་གལ་ཅན་གྱི་གནད་དོན་འདིའི་རིགས་ནི་ང་ཚོའི་ཕྱི་འབྲེལ་ལས་དོན་གྱི་གཞི་རྩའི་ནང་དོན་གལ་ཆེན་ཞིག་ཆགས་ཡོད་སྟབས། དེའི་ཐད་ང་ཚོས་མུ་མཐུད་དུ་རྒྱ་ནག་གཞུང་དང་ཚད་མཐོའི་གྲོས་མོལ་གནང་གི་ཡིན། ” ཞེས་བརྗོད་ཡོད་པ་རེད།

ཁྲིན་གྱི་མ་འོངས་པ་ཨ་རིར་ཡོད།

ཕྱི་ཚེས་ ༣ ཉིན་ཁྲིན་གྱིས་ཨ་རིར་བསྐྱོད་འདོད་ཡོད་པ་བསྒྲགས་རྗེས། ཨ་རྒྱ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་གནད་དོན་དེའི་ཐད་བསྐྱར་དུ་འབྲེལ་མོལ་བྱས་ཡོད་ལ། ཉིན་དེར་རྒྱ་ནག་ཕྱི་དྲིལ་མགྲིན་ཚབ་པ་ལིག་ཝེ་མཱེན་གྱིས། “ཁྲིན་ཀུང་ཁྲིན་ཉེ་ཆར་སྨན་ཁང་ནང་སྨན་བཅོས་བྱེད་བཞིན་ཡོད་ལ། ཁོ་རང་ཕྱི་རྒྱལ་དུ་སློབ་སྦྱོང་ལ་བསྐྱོད་འདུན་ཡོད་པའི་ཐད། རྒྱ་ནག་གི་སྤྱི་དམངས་ཤིག་ཡིན་པའི་ངོས་ནས་སྤྱི་དམངས་གཞན་དང་སྤྱི་མཚུངས་ལྟར། ཁྲིམས་ལུགས་གཞིར་བཟུང་འབྲེལ་ཡོད་སྡེ་ཁག་ནས་ཡིག་ཆ་བླངས་ཏེ་རྒྱུན་ལྡན་འགྲོ་ལུགས་གཉེར་དགོས། ” ཅེས་བརྗོད་ཡོད་ལ། དེའི་ཐད་ཨ་རིའི་རྒྱལ་དོན་དྲུང་ཆེ་ཧེ་ལེ་རའེ་ཡིས་ཧ་ཅང་དགའ་སྤོབས་ཡོད་པའི་རྣམ་འགྱུར་བསྟན་ཡོད་པ་རེད།

ཕྱི་ཚེས་ ༤ ཉིན་ཨ་རིའི་སྤྱི་མཐུན་ཚོགས་པའི་འཐུས་མི་དང་ཕྱི་འབྲེལ་ལྷན་ཁང་གི་ཚོགས་གཙོ་ལྕམ་ལའེ་ན་རའོ་སི་ (Ileana Ros-Lehtinen) ལགས་ཀྱིས། རྒྱ་གཞུང་གིས་ཁྲིན་གྱི་ཕྱི་བསྐྱོད་ཐད་མོས་མཐུན་གྱི་རྣམ་འགྱུར་བསྟན་ཡོད་ཀྱང་། དོན་དངོས་ཐོག་ཁོང་ཕྱི་བསྐྱོད་བྱེད་འཇུག་མིན་གྱི་གནད་དོན་དེ་ཨ་རིའི་དཔོན་རིགས་རྣམས་ལ་དོགས་གཞི་ཆེན་པོ་ཞིག་ཆགས་ཡོད་ལ། ཁྲིན་ཨ་རིའི་ས་ཐོག་ཏུ་སླེབས་ཏེ་ཆབ་སྲིད་སྐྱབས་བཅོལ་སྤྲད་རྗེས། ད་གཟོད་ཁོང་སྒེར་གྱི་རང་དབང་དང་བདེ་འཇགས་ལ་ང་ཚོས་ཁག་ལེན་བྱས་ཐུབ་པར་ངོས་འཛིན་བྱེད་ཆོག་ཚུལ་བརྗོད་འདུག 

ཕྱི་ཚེས་ ༦ ཉིན་ཨ་རིའི་སྲིད་འཛིན་གཞོན་པ་པའེ་ཊེན་གྱིས་ཀྱང་གསར་འགོད་པའི་བཅར་འདྲིའི་སྐབས། “ཁྲིན་ཀུང་ཁྲིན་གྱི་མ་འོངས་པ་ཨ་རི་ན་ཡོད། ཨ་རིའི་གཞུང་གིས་ཁོང་ལ་ཐོངས་མཆད་སྤྲོད་རྒྱུ་གྲ་སྒྲིག་བྱ་འཆར་ཡོད།” ཅེས་བརྗོད་དེ། རྒྱ་གཞུང་གིས་སོ་སོའི་བརྗོད་ཟིན་པའི་ཁས་ལེན་སྐད་ཆར་གཙི་སྲུང་བྱས་ཏེ། ཁྲིན་ལ་ཨ་རིའི་ནེག་ཡོག་སློབ་ཆེན་གྱི་སློབ་ཡོན་རོགས་སྐྱོར་ཐོབ་ཡོད་པ་ལྟར། ཨ་རིར་སློབ་སྦྱོང་དུ་གཏོང་དགོས་པ་བསྐྱར་དུ་ནན་བརྗོད་བྱས་ཡོད་པ་རེད། 

ཁྲིན་གྱི་མི་ཚེ་བཞུད་ལམ།

རང་ལོ་ ༤༠ སོན་པའི་ཁྲིན་ནི་རྒྱ་ནག་ཧྲན་ཏུང་ལན་ཡུས་རྫོང་ཏུང་ཁྲི་ཀུའུ་སྡེ་བའི་མི་ཡིན་ལ། ཆུང་དུས་ནས་མིག་གཉིས་ལོང་པར་གྱུར་སྟབས་ཁྲིམས་ལུགས་ཆེད་སྦྱོང་གི་བགོ་སྐལ་ཐོབ་མེད་ཀྱང་། ཁོང་གིས་དུས་རྒྱུན་ཁྲིམས་ལུགས་ཤེས་བྱར་ཉན་འཇོག་དང་རང་སྦྱོང་བྱས་ཏེ། གཞི་རིམ་མང་ཚོགས་དང་དབང་པོ་སྐྱོན་ཅན་དག་གི་ཁེ་དབང་སྲུང་སྐྱོབ་ཐད་ཁྲིམས་གཏུགས་རོགས་མང་པོ་བྱས་མཐར་སྙན་གྲགས་ཅན་གྱི་དམངས་ཁྲོད་ཁྲིམས་རྩོད་པ་ཞིག་ཏུ་གྱུར་ཡོད། ༢༠༠༠ ལོར་ཁོང་གིས་འབད་བརྩོན་ལ་བརྟེན་ནས་རྒྱ་ནག་ཁྲིམས་ལུགས་རིག་པའི་མཐུན་ཚོགས་ནང་དབང་པོ་སྐྱོན་ཅན་ཁེ་དབང་སྲུང་སྐྱོབ་ཀྱི་རྣམ་གྲངས་གསར་འཛུགས་བྱུང་བ་དང་། ༢༠༠༢ ཁོང་གིས་པེ་ཅིན་དུ་དབང་བོ་སྐྱོན་ཅན་གྱི་གཞི་རིམ་ཐོབ་ཐང་སྲུང་སྐྱོབ་རྩ་འཛུགས་ཚོགས་པ་གསར་འཛུགས་བྱ་འཆར་བྱས་ཡོད་ཀྱང་། རྒྱ་གཞུང་གི་རུལ་སུངས་དཔོན་རིགས་ཚོའི་སོ་སོའི་རྐུབ་བརྡོལ་རྒྱུ་འཇིགས་ཏེ་འགོག་རྐྱེན་སྤྲད་པར་བརྟེན་ལེགས་འགྲུབ་བྱུང་ཐུབ་མེད་པ་རེད། ཁོང་གིས་རྒྱ་གཞུང་གིས་བུད་མེད་སྦྲུམ་མའི་མངལ་ནས་ཕྲུ་གུ་བཙན་འདེད་བྱེད་བཞིན་པའི་ཉེས་དོན་ཁྲིམས་གཏུགས་བྱས་པར་བརྟེན་ནས། ༢༠༠༦ ལོར་ཁོང་ལ་རྒྱ་གཞུང་གིས་བཙོན་འཇུག་ཁྲིམས་ཐག་ལོ་ ༤ བཅད་པ་དང་། བཙོན་གྲོལ་ཐོབ་རྗེས་ཀྱང་གཅར་རྡུང་མནར་གཅོད་འོག་བཀག་སྡོམ་བྱས་ཡོད་པ་རེད། འདས་པའི་ལོ་ ༡༥ ལྷག་གི་རིང་ཁོང་གིས་ཉམ་ཐག་མི་མང་གི་ཁེ་དབང་དང་ཐོབ་ཐང་སྲུང་སྐྱོབ་ཐད་རང་ཉིད་ཀྱི་ཡོད་ཚད་ཕུལ་ཡོད།

 

གསར་འགོད་པ། ཚེ་རིང་རྒྱལ།

(བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད།)

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༩ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 3

  1. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    ཨ་རྒྱ་གཉིས་ཀྱིས་ཁྲིན་ཀུང་བེད་སྤྱོད་གྱི་རྒྱལ་སྤྱིའི་འགྲོ་བ་མི་ཡི་ཐོབ་ཐང་ཐོག་ཆབ་སྲིད་འཁྲབ་སྟོན་རང་ལས་བོད་པ་ཚང་མི་གསུམ་བཅུ་ལྷག་སྲོག་ཤོར་བ་རུང་ཨ་རྒྱ་གཉིས་ཀར་ཁེ་ཕན་མེད་པས་ཡིན་པས་ད་ཆ་བོད་པ་ཚང་མགོ་ལུས་ཚང་མ་ནུབ་ཕྱོགས་སུ་བརྟེན་དྲགས་ན་ཡོང་རྒྱུ་དེ་ལས་མེད། དགེ་ཆོས་ཀྱིས་སྐྲ་སེར་སྤྲེའུ་རིགས་ལ་འདོགས་ཟོན་གྱིས་ཅི་མི་བདེན། ད་ངོ་མ་མི་ཡི་ཐོབ་ཐང་ཞེས་པ་ཆབ་སྲིད་ཀྱིས་ལག་ཆ་རེད་ཨང།

    Reply
  2. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    རྒྱ་ནག་པོར་རྒྱུ་འབྲས་མེད་ས་ནས། མྱི་ལོང་བར་དམིགས་བསལ་གང་ན་ཡོད། སྡེ་ཆེན་པོར་རང་དབང་ཡོད་ས་ནས། མྱི་གཅིག་ལ་རང་དབང་མེད་དོན་ཅི།

    Reply
  3. ཐོ་རེངས། says:
    ལོ་ 14 སྔོན།

    ༄༅། ། ང་ཚོ་གཞི་ལུས་བོད་མི་མང་པོ་ལ་སྙིང་སྟོབས་འདི་ལྟ་བུ་ཡོད་མོད། འོན་ཀྱང་བསམ་བློ་ཞིབ་ཏུ་བཏང་ན།
    ཁྲིན་ཀུང་ཁྲིན་ལྟ་བུའི་འཇོན་ཐང་དང་སྙིང་སྟོབས་གཉིས་འཛོམས་ཅན་ནི་སྤྱི་ཚོགས་གི་ཁྲོད་ནས་ཧ་ཅིང་དཀོན་པོ་རེད། དེ་གང་ཡིན་ན་བོད་མི་ལ་འདི་ལྟ་བུའི་ཁྲིམས་ལུགས་ལ་མཁས་པའི་པའི་གོ་སྐབས་མ་ཐོབ་པ་དང་།
    ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། རྒྱ་ནག་འདི་འཛམ་གླིང་གི་སྟེང་ན་རྒྱལ་ཁབ་ཨང་གཉིས་པར་ཆགས་ཡོད་པའི་ཕྱིར་ན་འཛམ་གླིང་གི་མི་རྣམས་ཀྱིས་བལྟ་ཡུལ་དང་ཉན་ཡུལ་ཞིག་ཏུ་གྱུར་ཡོད།
    བོད་ནི་དངོས་གནས་བཤད་ན་འཛམ་གླིང་འདིར་རྒྱལ་ཁབ་ཚད་ལྡན་ཞིག་གི་མིང་གཞི་བོར་ཏེ་ལོ་༦༠ ཙམ་སོང་ཟིན་པ་རེད། དེའི་ཕྱིར་ན་རྒྱ་ནག་ནང་གི་དམང་གཙོ་རྩོད་མཁན་གྱི་ཆ་ཤས་ཙམ་ཞིག་ལ་ངོས་འཛིན་གྱིན་ཡོད། དེའི་དབང་དུ་བྱས་ནས་ཁྲིན་ཀུང་ཁྲིན་ལ་རྒྱབ་སྐྱོར་བྱས་ན་བོད་ལ་རྒྱབ་སྐྱོར་བྱས་པའི་ཆ་ཤས་ཞིག་རེད་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese