དེ་རིང་༸གོང་ས་མཆོག་བཞུགས་སྒར་ནས་ཆིབས་ཐོན་གྱིས་ལྡི་ལིར་ཆིབས་བསྒྱུར་གནང་སོང་ལ། ཕྱི་ཚེས་ ༡༥ ནས་ ༢༨ ཉིན་བར་དབྱིན་ཡུལ་དང་སི་ཁོ་ཊི་ལན་ཌི། ཨི་ཊ་ལི་བཅས་སུ་མཛད་འཕྲིན་བསྐྱང་རྒྱུ་རེད།
དེ་རིང་ཕྱི་ཚེས་ ༡༣ ཉིན་གྱི་ཉིན་གུང་ཙམ་ལ་༸གོང་ས་མཆོག་བོད་རིགས་སེར་སྐྱ་མང་ཚོགས་ཀྱི་ཕེབས་སྐྱེལ་ཁྲོད། བཞུགས་སྒར་ནས་ཆིབས་ཐོན་གྱིས་གྷ་གྷལ་གནམ་གྲུ་བརྒྱུད་ལྡི་ལིར་ཆིབས་བསྒྱུར་བསྐྱངས་སོང་ལ། སང་ཉིན་ཕྱི་ཚེས་ ༡༤ ཉིན་ལྡི་ལིའི་མཁའ་ལམ་བརྒྱུད་དབྱིན་ཡུལ་རྒྱལ་ས་ལོན་ཊོན་དུ་འབྱོར་རྒྱུ་ཡིན་འདུག ཕྱི་ཚེས་ ༡༥ ནས་ ༢༠ ཉིན་བར་༸གོང་ས་མཆོག་གིས་དབྱིན་ཡུལ་གྲོས་ཚོགས་དང་ས་གནས་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་དང་། ཕྱི་ཚེས་ ༢༢ ནས་ ༢༨ ཉིན་བར་མུ་མཐུད་དབྱིན་ཡུལ་རང་སྐྱོང་མངའ་སྡེ་སི་ཁོ་ཊི་ལན་ཌི་དང་། ཨི་ཊ་ལི་བཅས་སུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་འདུག
གསར་འགོད་པ། དཔལ་ལྡན།
གངས་རིའི་མཛེས་རྒྱན་འཛམ་གླིང་དེད་དཔོན་ཕྱག་ན་པད་མོ་ཡི།།
མཛད་འཕྲིན་མཁའ་ཁྱབ་འགྲོ་ཀུན་བདེ་ལ་བཀོད་འདི་ཨེ་མ་མཚར།།