མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒྲིག་འཛུཊ་ཤིག་ཆགས་ཚར་དུས་རེ་བ་རྒྱག་ས་ལྷག་གི་ཡོད་པ་མ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཉེ་བའི་ལོ་འགའི་ནང་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིམ་པར་བྱུང་པའི་ཐད། རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལུགས་སུ་བཅར་འདྲི་ཞུས་ཡོད།

            དྲི་བ། ལོ་སྔ་ཕྱིར་བོད་ནང་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བསྟུད་མར་བྱུང་བའི་ཐད། ཁྱེད་ཀྱིས་ངོས་འཛིན་ག་འདྲ་ཞིག་གནང་གི་ཡོད།

            ལན། ངས་བསམ་ན་མི་མང་པོ་ཞིག་གིས་རང་ལུས་མེར་བསྲེགས་ཐད་གཟིགས་སྟངས་དེ་ཏོག་ཙམ་ནོར་བཞིན་མེད་འགྲོ་བསམ་གྱི་འདུག ལྷག་པར་དུ་རྔ་པ་ཀིརྟི་ཕྱོགས་ནས་བྱུང་བའི་གནས་ཚུལ་ལ་མཚོན་ན། མི་མང་པོ་ཞིག་གིས་ཆོས་དད་རང་མོས་མེད་པའི་དཀའ་ངལ་ལ་བརྟེན་ནས་ངོ་རྒོལ་བྱས་སྐོར་རྗོད་ཀྱི་འདུག དེ་རྩ་བ་ཉིད་ནས་མ་རེད། མང་ཆེ་བ་ལོ་ཆུང་ཆུང་ཤ་སྟག་རེད། ཆོས་དད་འདོད་པ་ཁེངས་ཀྱི་མེད་ན། འདིར་ཀིརྟི་གྲྭ་ཚང་དང་ཁོང་ཚོའི་རྩ་བའི་བླ་མ་བཞུགས་ཡོད་པ་རེད། འདི་གར་ཆོས་སློབ་སྦྱོང་བྱེད་ཐུབ་ཀྱི་རེད། ཁོང་ཚོའི་ལས་ཀ་དེ་བོད་མི་རིགས་སྤྱི་ཡོངས་ལ་དཀའ་ངལ་འཕྲད་ཀྱི་པ་དེར་ངོ་རྒོལ་བྱེད་བཞིན་ཡོད་པ་རེད། དེ་ཡིན་དུས་སྲིད་དོན་གྱི་རྣམ་པ་ཤུགས་ཆེན་པོ་རེད། ཁོ་ཚོ་རང་ངོས་ནས་རྒྱ་ལ་ཁ་གཏད་གཅོག་པའི་ཐབས་ཤེས་ཤིག་འཚོལ་གྱིན་ཡོད་པ་རེད། ང་ཚོ་འདི་ཕྱོགས་ནས་རྒྱ་ལ་ཁ་གཏད་གཅོག་པའི་ཐད་མགོ་ཡག་པོ་ཞིག་ཁྲིད་མ་ཐུབ་པའི་རྣམ་པ་ཐོན་ཡོད། 

            དྲི་བ། ད་བར་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་ ༤༡ ཙམ་བྱུང་བ་དེས་བོད་པའི་རྩ་དོན་ཐོག་འཕན་འབྲས་ཐོན་ཐུབ་མིན་ལ་གཟིགས་ཚུལ་གང་འདྲ་ཡོད་དམ།

            ལན། ནུས་པ་ཞེ་དྲགས་ཐོན་ཡོད་པ་རེད། འཛམ་གླིང་གི་དཔོན་རིགས་ཚང་མས་མཐོང་གི་ཡོད་པ་རེད། བོད་པའི་ཐོག་ལམ་སང་རྒྱབ་སྐྱོར་མ་བྱས་པ་ཡིན་ནའང་། བོད་པ་ཚོས་སོ་སོའི་འཐབ་རྩོད་བློས་གཏོང་གི་མེད་པ་དེ་མཐོང་གི་ཡོད་པ་རེད། བོད་ནང་ས་ཆ་གང་སར་དམ་དྲག་བྱེད་ཀྱི་ཡོད་པ་དེ་རྒྱ་ནག་གིས་ཀྱང་ཧ་གོ་ཡི་ཡོད་པའི་རྟགས་རེད། བོད་པའི་གནས་སྟངས་ཏེ་ལས་སླ་བོའི་ཐོག་ནས་ཐག་ཆོད་པ་ཞིག་མ་རེད། གནད་འགག་ཆེ་ཤོས་དེ་ཕྱི་ལོགས་སུ་མ་ཡིན་པར་བོད་པ་ནང་ཁུལ་ལ་ནུས་པ་ཞིག་སླེབས་ཀྱི་ཡོད་པ་རེད། ལྷ་སའི་ནང་ལའང་ཕོ་གསར་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད་ལ། བོད་པའི་ས་ཆ་འདྲ་མི་འདྲ་ནང་བྱུང་བཞིན་ཡོད་དུས། ངས་བསམ་ན་གནས་ཚུལ་དེ་དག་ཏན་ཏན་བོད་མི་ཚང་མས་ཧ་གོ་བཞིན་པར་མ་ཟད། ཆོལ་གསུམ་བོད་མི་ཚང་མའི་སེམས་ནང་ལ་ན་ཚ་ཞིག་བཟོ་བཞིན་ཡོད་པ་རེད། དེ་འདྲའི་ཐོག་ནས་བོད་ནང་སྒེར་ལངས་ཤིག་ཡོང་རྒྱུའི་ལམ་ཁ་དེ་རེད་མ་གཏོགས། ཕྱིའི་རྒྱལ་ཁབ་ཀྱི་ཐོག་ནས་རྗེས་ཕྱོགས་ཀྱང་ང་ཚོར་དམིགས་བསལ་རོགས་པ་ཞིག་ཡོང་གི་མ་རེད། ངས་དེ་ལ་རེ་བ་གང་ཡང་རྒྱག་གི་མེད། བོད་པ་རང་གི་ཐོག་ནས་ཤུགས་རྒྱག་དགོས་པ་ཞིག་རེད།

            དྲི་བ། བོད་ནང་གི་རང་ལུས་མེར་བསྲེགས་དེར་རྒྱལ་སྤྱིའི་ཐོག་དོ་སྣང་དེ་ཙམ་སླེབས་ཐུབ་ཀྱི་མེད་པ་དེ་བོད་དོན་རྒྱལ་སྤྱིའི་ཐོག་ཚད་གཞི་དམའ་དྲགས་པ་རེད་དམ། ཡང་ན་རྒྱ་ནག་ལ་བསྟུན་མཁས་དང་རྒྱ་ནག་གི་དཔལ་འབྱོར་གནོན་ཤུགས་ཆེ་དྲགས་པས་རེད།

            ལན། དེ་ནི་གནས་ཚུལ་མང་པོ་ཞིག་ལ་ཐུག་ཡོད་པ་རེད། མདོ་བདེ་བོ་ཞིག་ཞུས་ན། དང་པོ། རྒྱ་ནག་གི་དཔལ་འབྱོར་གྱི་ནུས་པ་རེད། དེང་སྐབས་འཛམ་གླིང་གི་རྒྱང་བསྒྲགས་དང་རླུང་འཕྲིན། གསར་ཤོག་མང་པོ་ཞིག་ཚོང་བའི་ལག་ཏུ་ཡོད་སྟབས། ཚོང་པ་དེ་ཚོ་རྒྱ་ནག་གི་ཕྱོགས་གཏོགས་ཆགས་ཡོད། ལྷག་པར་དུ་བརྒྱུད་ལམ་མང་པོ་ཞིག་གི་བདག་པོ་ཤུགས་ཆེ་ཤོས་ཤིག་ནི། དེང་སྐབས་ཨ་རིའི་ནང་བསྡད་ཡོད་པའི་རའེ་ཕིར་ཌི་མཱ་ཊོ་ཤི་ (Rupert Murdoch) ཟེར་བའི་ཨོ་སི་ཊོ་ལི་ཡའི་མི་དེ་ཆགས་ཡོད། ཁོ་རྒྱ་མིར་དགའ་བོ་ཡོད་པ་མ་ཟད་ཁོའི་སྐྱེས་དམན་ཡང་རྒྱ་མོ་ཞིག་རེད། གཉིས་པ། ང་རང་ཚོ་བོད་པ་རང་གི་ཐོག་ནས་ཞེ་དྲག་ནོར་ཡོད་པ་རེད། མི་ལ་སྐད་ཆ་བཤད་དུས་ཕར་ཕྱོགས་འཐོམ་བྱེད་ཀྱི་སྐད་ཆ་བཤད་རྒྱུ་ཡོད་པ་མ་རེད། སྔོན་མ་རང་བཙན་རེད་ཞེ་དྲག་མགོ་རྙོག་ཡོད་པ་མ་རེད། ད་ལྟ་དབུ་མའི་ལམ་གྱི་ཐོག་ནས་རྒྱ་མཉམ་འབྲེལ་བ་ཡོང་གི་ཡོད་པའི་སྐད་ཆ་དང་། མཚམས་རེར་ཡོང་གི་མེད་པའི་སྐད་ཆ། ལན་རེར་རྒྱ་ནག་དང་འབྲེལ་བ་ཡོང་རྒྱུར་རེ་བ་ཆེན་པོ་ཡོད་ཚུལ། ལན་རེར་རྒྱ་ནག་སྡུག་ཅག་ཡོད་པའི་སྐད་ཆ། སྐད་ཆ་དེ་དག་ཚང་མ་མི་རྣམས་མགོ་འཐོམ་འཇུག་བྱེད་ཆགས་ཀྱི་ཡོད། གསུམ་པ། ང་ཚོ་རང་ངོས་ནས་འཛམ་གླིང་སྒང་ཕར་གནས་ཚུལ་སྤེལ་ཐབས་བྱ་དགོས་པ་རེད། ཡིན་གཅིག་མིན་གཅིག་ཚགས་པར་ཁོ་ནས་ལས་ཀ་མ་རེད། དྲ་རྒྱ་དང་བརྙན་འཕྲིན་སོགས་ཀྱི་ཐད་ནས་ཀྱང་ཆེ་ཆུང་ལ་མ་བལྟས་པར་ཐབས་ཤེས་སྣ་ཚོགས་གནང་དགོས་པ་རེད། རྩོམ་ཡིག་ཡག་པོ་བྲིས་ནའང་འཛམ་གླིང་སྒང་བོད་དོན་གཏིང་ཟབ་ཏུ་གཏོང་རྒྱུར་ཕན་པ་རེད། དེ་བཞིན། བོད་པའི་ལྟད་མོ། བོད་པའི་གློག་བརྙན་སྣ་ཚོགས་བཟོ་དགོས་པ་རེད། ཐ་ན། བོད་པའི་རྩོམ་པ་པོ་དང་གཞས་པ་ཞིག་ནེའུ་ཡོག་ཏུ་སླེབས་པ་ཡིན་ནའང་། མ་མཐའ་ཡང་ཨ་རིའི་མཐོ་སློབ་ཁག་ནང་ཁྲིད་ནས་སྐད་ཆ་བཤད་བཅུག་སྟེ། འཛམ་གླིང་གི་སྒང་སོ་སོའི་མི་སྐད་གྲགས་བཟོ་ཐབས་བྱེད་དགོས་པ་རེད། 

            དྲི་བ། རང་ལུས་མེར་བསྲེགས་འདིས་མ་འོངས་བོད་པའི་མི་རབས་གསར་པ་ཚོར་བག་ཆགས་གང་འདྲ་ཞིག་འཇོག་སྲིད་ཀྱི་རེད་དམ།

            ལན། ངས་བསམ་ན་ང་ཚོ་ལམ་ཁ་དེ་ག་རང་ལ་འགྲོ་བ་མ་རེད། སོ་སོ་རང་ཉིད་མེར་བསྲེགས་ཟེར་བ་དེ་ཁག་པོ་ཞེ་དྲག་རེད། ཡིན་གཅིག་མིན་གཅིག་དེ་ཁོ་ན་བྱེད་དགོས་ཀྱི་ཡོད་པ་མ་རེད། ཁོང་ཚོས་ལས་འགུལ་ཏེ་སྤེལ་ཡོང་དུས་ང་ཚོའི་སེམས་པ་སྡུག་སྟེ་ཕར་ཕྱོགས་ལ་སེམས་ཀྱི་བརྩེ་བ་ཞིག་སླེབས་ཀྱིན་ཡོད་པ་རེད། དེ་ཡིན་དུས། ང་ཚོས་བོད་དྲན་པ་དང་དེའི་ཐོག་དཀའ་ལས་རྒྱག་དགོས་བསམ་པ་དེ་ལོ་གཞོན་པ་མང་པོ་ཞིག་གི་སེམས་ནང་ཡོད་པ་རེད། མ་འོངས་པར་ཐབས་ཤེས་གཞན་པ་འཚོལ་གྱི་རེད་བསམ་གྱི་འདུག ད་ལྟའི་གནས་ཚུལ་དེ་དག་ཀྱང་སྔོན་མ་ང་ཚོ་སུ་གཅིག་གིས་འདི་འདྲ་ཞིག་ཡོང་གི་རེད་བསམ་པ་སེམས་ནང་ཡོད་པ་མ་རེད། རྒྱལ་ཁབ་རང་བཙན་གྱི་ལས་དོན་དེ་འཛམ་གླིང་རྒྱལ་ཚོགས་ལ་ཞུ་བ་བྱེད་དགོས་པ་ཞིག་མ་རེད། མིའི་སྲོག་འགྲོ་དགོས་པའི་ལས་ཀ་ཞིག་ཆགས་ཡོད་པ་རེད་ལ། སྔོན་མ་ཆུ་བཞི་སྒང་དྲུག་ལ་མཚོན་ནའང་མི་ག་ཚོད་སྲོག་ཤོར་བ་རེད། རྒྱལ་ཁབ་ཅིག་གི་རྩ་དོན་ཐོག་མི་འཕྲོ་བརླག་འགྲོ་ངེས་རེད། སྐྱིད་པོ་བྱས་ནས་ཕྱི་རྒྱལ་ཁག་ཏུ་བསྡད་དེ་འཛམ་གླིང་རྒྱལ་ཚོགས་ལ་ཞུ་བ་ཞུས་ནས་ཡོང་ཐུབ་པ་ཞིག་མིན་པ་དེ། བོད་ནང་སྐུ་སྲོག་བློས་གཏོང་བྱས་བའི་ལས་འགུལ་དེས་གསལ་བོ་བསྟན་པ་རེད། ཕྱི་ལ་སྡོད་མཁན་ཚོས་ཐབས་ཤེས་དང་ལམ་ཁ་བཙལ་དགོས་པ་རེད།

            དྲི་བ། རང་ལུས་མེར་བསྲེགས་གཏོང་མཁན་དག་གི་མངོན་འདོད་གཙོ་བོ་གང་ལ་ངོས་འཛིན་གནང་གི་ཡོད་དམ།

            ལན། སོ་སོའི་ལུང་པ་དེ་སོ་སོར་དབང་དགོས་ཟེར་གྱི་ཡོད་པ་རེད། རང་ཐག་རང་གཅོད་དང་རང་བཙན། རྒྱལ་བ་རིན་པོ་ཆེ་ཕར་ཕེབས་དགོས་ཟེར་དུས། དེར་བསམ་བློ་ཡག་པོ་ཞིག་ཐོངས་དང་། ད་ལྟའི་བོད་ནང་གི་གནས་སྟངས་དེ་ག་རང་འཇགས་ཐོག་ནས་ཕེབས་དགོས་ཟེར་གྱི་ཡོད་པ་མ་རེད། ལུང་པ་དེར་རང་དབང་རང་བཙན་དགོས་ཟེར་གྱི་ཡོད་པ་རེད། དེ་ལབ་སྟངས་ཤིག་རེད། སྔོན་མ་ལྷོ་ཨ་ཧྥི་རི་ཀར་ནན་སེལ་མན་ཌ་ལ་བཙོན་ལ་བཅུག་པ་རེད། སྐབས་དེར་འཛམ་གླིང་གང་སར་ལྷོ་ཨ་ཧྥི་རི་ཀར་དབང་དགོས་ཞེས་སྐད་རྒྱག་གི་ཡོད་པ་མ་རེད། ནན་སེ་མན་ཌ་ལ་གློད་དགོས་ཟེར་གྱི་ཡོད་པ་རེད། ཁོ་ཚོ་ཚང་མས་འབོད་སྐད་འདི་རང་རེད། ནན་སེ་མན་ཌ་ལ་གློད་ཟེར་བ་དེ་མཚོན་དོན་ཞིག་རེད། དེ་བཞིན། ང་ཚོས་རྒྱལ་བ་རིན་པོ་ཆེ་ཕར་བོད་ནང་ཕེབས་དགོས་ཟེར་དུས། རྒྱལ་བ་རིན་པོ་ཆེ་ཕར་བོད་ནང་ཕེབས་པ་ཙམ་གྱིས་འགྲིག་སོང་ཟེར་གྱི་ཡོད་པ་མ་རེད། དཔེར་ན། ནན་སེ་མན་ཌ་ལ་གཅིག་པུ་གློད་རྗེས། ལྷོ་ཨ་ཧྥི་རི་ཀ་མུ་མཐུད་བཙན་དབང་འོག་བསྡད་ན་དེ་འགྲིག་ཐབས་ཡོད་པ་མ་རེད། ཁོང་གློད་ཟེར་དུས་ལུང་པ་ཁོ་རང་གློད་ཟེར་གྱི་ཡོད་པ་རེད། ང་ཚོ་བོད་པ་འགས་དེ་རང་བཙན་གྱི་སྐད་ཆ་མ་རེད་ཆོས་ཕྱོགས་ཀྱི་དད་མོས་རང་དབང་གི་སྐད་ཆ་རེད་ལབ་ཀྱི་འདུག དེ་རྩ་བ་ཉིད་ནས་མ་རེད། བོད་ནང་གི་བོད་མི་ཚོར་གང་དགོས་ཀྱི་ཡོད་པ་དེ། སོ་སོའི་སྐད་ཡིག་དང་རིག་གཞུང་། ལུང་པའི་རང་དབང་དང་རང་བཙན་དགོས་ཀྱི་ཡོད་པ་རེད། 

            དྲི་བ། མེར་བསྲེགས་གཏོང་མཁན་རྣམ་པའི་མངོན་འདོད་འགྲུབ་སླད་ང་ཚོས་ལས་དོན་གང་འདྲ་ཞིག་གནང་དགོས་པར་མཐོང་གི་ཡོད།

            ལན། མི་སྒེར་གཅིག་གཉིས་ཀྱིས་གང་ཡང་བྱེད་ཐུབ་ཀྱི་མ་རེད། ལས་ཀ་བྱེད་རྒྱུ་ཡིན་ན་དང་པོ་སྒྲིག་འཛུགས་འཛུགས་དགོས་པ་རེད། ངས་བོད་རྒྱལ་ཡོངས་ལྷན་ཚོགས་ཐོག་ཤུགས་རྒྱག་དོན་གཅིག་དེ་ཡིན། བོད་རང་བཙན་རྩོད་ལེན་གྱི་སྒྲིག་འཛུགས་དང་སྲིད་དོན་སྒྲིག་འཛུགས་གཉིས་ཡིན། མི་ཚང་མ་མཉམ་འབྲེལ་གྱི་སྒྲིག་འཛུགས་ཤིག་ཡོད་ན། མི་ཚང་མས་བསམ་བློ་དང་རྣམ་དཔྱོད་ཕྱོགས་གཅིག་ཏུ་སྤུངས་ཏེ་ལས་འགུལ་དང་རྒྱལ་ཁབ་རྩོད་ལེན་གྱི་འཆར་གཞི་ཞིག་གཏོང་ཐུབ་ཀྱི་རེད། དེར་བརྟེན་རྒྱལ་ཁབ་ཅིག་གི་མི་རྒན་གཞོན་དང་སྐྱ་སེར་དབྱེ་བ་མེད་པར་ཚང་མ་འདུ་ཐུབ་པའི་སྒྲིག་འཛུགས་ཤིག་ཆགས་དགོས་པ་དེ་གལ་ཆེན་པོ་རེད། ཡིན་ནའང་། དེ་ཁག་པོ་ཡོད་པ་རེད། མི་ཚང་མ་དེར་ཞེད་ཀྱིན་ཡོད་པ་རེད། དེའི་ནང་ལ་དམ་བཅའ་བཞག་སྟེ་ས་ཡིག་རྒྱག་དགོས་པ་རེད། རྒྱ་ནག་ལ་མཚོན་ནའང་འགྱུར་བ་འདི་འདྲ་ཞིག་ཕྱིན་པ་དེ་གུང་ཁྲན་ཏང་གི་སྒྲིག་འཛུགས་བཙུགས་པས་རྐྱེན་གྱིས་རེད། ཐོག་དང་པོ་ཁང་པ་ཆུང་ཆུང་ཞིག་ནང་རྒྱ་མི་བཅུ་གྲངས་ཤིག་དང་། ཕྱི་རྒྱལ་གུང་ཁྲན་པ་གཉིས་གསུམ་ཞིག་འཛོམས་ཏེ་སྒྲིག་འཛུགས་བཙུགས་པ་རེད། ད་ལྟའི་བར་དུ་ཡག་ན་སྡུག་ན་གནས་ཚུལ་ཆེན་པོ་འདི་འདྲ་ཞིག་ལ་འགྱུར་བ་ཕྱིན་པ་རེད། ང་ཚོའི་ངོས་ནས་ཀྱང་སྒྲིག་འཛུགས་ཆེད་ནེའུ་ཡོག་ཏུ་མི་ ༨༠ ལྷག་འཛོམས་པ་དང་། ཁ་སང་འདི་གར་མི་ ༥༠ ཙམ་འཛོམས་པ་རེད། སྒྲིག་འཛུགས་བཙུགས་ཏེ་བོད་ནང་གི་གནས་སྟངས་དེ་ཚོའི་ཐོག་ཕར་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་ཀྱི་བསམ་བློ་གཏོང་དགོས་པ་རེད།

            དྲི་བ། རྩ་དོན་འཐབ་རྩོད་ཐོག་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཟིན་པ་དག་གི་ནང་མི་དང་། ད་སྔ་སྐུ་མ་གྲོངས་བར་མནར་སྡུག་མྱོང་བཞིན་པ་དག་གི་ཆེད་དུ། དབུས་བོད་མིའི་སྒྲིག་འཛུགས་དང་ཕྱི་སྡོད་མི་ཚོས་ལས་དོན་འདྲ་བསྒྲུབ་དགོས་པར་མཐོང་གི་ཡོད་དམ།

            ལན། ཡག་ཤོས་ཏེ་དཀའ་སྡུག་འོག་ཡོད་མཁན་དང་གྱོང་ཕོག་མཁན་ཚང་མར་དཔལ་འབྱོར་གྱི་ཐོག་ནས་གུན་གསབ་ཅིག་སྤྲོད་དགོས་པ་རེད། མང་པོ་ཞིག་སྤྲོད་རྒྱུ་ནའང་ང་ཚོས་ངོས་ནས་བསམ་བློ་བཏང་བ་ཙམ་གྱིས་ཁོང་ཚོར་དགའ་སྤོབས་ཡོང་གི་རེད། དེ་བཞིན། དཔའ་བོ་དཔའ་མོ་ཚོར་དཔའ་དར་ཞིག་སྤྲོད་དགོས་པ་དེ་ཧ་ཅང་གནད་འགག་ཆེན་པོ་རེད། ད་ལྟའི་བར་དུ་བོད་མི་མང་པོས་རང་སྲོག་བློས་གཏོང་གིས་རྒྱ་ནག་ལ་ཁ་གཏད་མང་པོ་བཅགས་པ་རེད་དེ། ཁོང་ཚོར་དཔའ་དར་གཅིག་ཀྱང་སྤྲད་མྱོང་ཡོད་པ་མ་རེད། སྤྱིར་ལས་ཀ་བྱེད་མཁན་ལ་ང་ཚོས་ངོས་འཛིན་ཞིག་བྱེད་དགོས་པ་རེད། ད་ཐེངས་ཀྱི་ང་ཚོའི་ཚོགས་འདུའི་ཐོག་ལའང་སྐད་ཆ་དེ་བྱུང་སོང་། ད་ལོ་མ་བྱུང་བ་ཡིན་ནའང་ལོ་རྗེས་མ་ཚོགས་འདུའི་ཐོག་ཤུགས་རྒྱག་གི་ཡིན། ཚོགས་ཆུང་ཞིག་གིས་སྤྲད་ན་ཕན་ཐོག་གི་མ་རེད། ང་ཚོའི་རྒྱལ་ཁབ་རང་གི་ཐམ་ཀ་ཡོད་པ་ཞིག་གི་ཐོག་ནས་སྤྲོད་དགོས་པ་རེད།

            དྲི་བ། སྤྱི་ཚོགས་ནང་འགའ་རེས་མེར་བསྲེགས་མཚམས་འཇོག་དགོས་ཚུལ་དང་། འགའ་རེས་མཚམས་འཇོག་མི་རུང་ཚུལ་རྗོད་ཀྱི་ཡོད་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།

            ལན། སྐད་ཆ་དེ་གཉིས་ཀ་འགྲིག་ཡོད་པ་མ་རེད། མཚམས་འཇོག་དགོས་བརྗོད་རྒྱུར་ང་ཚོར་ཐོབ་ཐང་ཡོད་པ་མ་རེད། ཡང་མཚམས་མ་བཞག་པར་འདི་ལས་མང་པ་བྱེད་དགོས་པ་རེད་ཅེས་ང་ཚོས་ལབ་རྒྱུ་ཡོད་པ་མ་རེད། ལས་ཀ་དེའི་གྲས་ནི་མི་སྒེར་བ་སོ་སོ་གཅིག་པུས་ཐག་བཅད་དེ་བྱེད་ཀྱིན་ཡོད་པ་རེད། ང་ཚོའི་ངོས་ནས་གནས་ཚུལ་འདི་རིགས་སླེབས་ཡོང་དུས་དེ་ཁྱབ་བསྒྲགས་བྱེད་རྒྱུ་དང་། དེ་ལ་རྒྱབ་སྐྱོར་གནང་སྟེ་འཛམ་གླིང་ཐོག་ནུས་པ་ཐོན་པ་ཞིག་སྒྲུབ་དགོས་པ་རེད་མ་གཏོགས། གནས་ཚུལ་ཚང་མའི་ཐོག་ལ་ཡར་བཤད་མར་བཤད་བྱེད་རྒྱུར་ང་ཚོར་རན་པོ་མི་འདུག མི་ཁ་ཤས་ཀྱིས་སེམས་པ་སྐྱིད་པོ་མི་འདུག་ཟེར་གྱི་འདུག འོ་ན། དམག་བརྒྱབ་ན་སྐྱིད་པོ་ཡོང་གི་རེད་དམ། ཕྱི་རྒྱལ་ཁ་ཤས་ཀྱིས་མི་ཤི་བཞིན་འདུག་ཅེས་ཧང་སང་སང་བྱེད་ཀྱི་ཡོད་པ་རེད། འོ་ན། ཁྱོད་ཚོ་ག་རེ་བྱས་ནས་འཛམ་གླིང་དམག་ཆེན་གཉིས་པ་རྒྱག་གི་ཕྱིན་པ་ཡིན་ནམ། ང་ཚོ་ལ་ཕར་ཕྱོགས་ན་དགྲ་བོ་ཧའེ་ཐི་ལི་ལྟ་བུ་ཞིག་ཡོད་པ་རེད། སྤྱིར་ང་ཚོ་བོད་པའི་ནང་མི་མང་པོ་ཞིག་དཔོན་པོ་བྱེད་རྒྱུར་དགའ་བོ་འདུག ཁ་མར་འཁོར་ཏེ་འདི་དང་གན་བྱེད་དགོས་པ་རེད་ཅེས་བཀའ་གཏོང་རྒྱུ་དེ་ལས་སླ་བོ་ཡོད་པ་མ་རེད། གནས་ཚུལ་དེ་དག་ཐད་ང་ཚོས་གང་བྱུང་ལབ་རྒྱུ་དེ་ཡག་པོ་མ་རེད། ཁོང་ཚོས་ལས་དོན་དེས་ཏན་ཏན་ཕན་གྱིན་ཡོད་པ་རེད། སྤྱིར་ང་རང་གི་སེམས་ནང་དུའང་དེ་འདྲ་མ་གནང་ན་བསམ་བསམ་གྱི་ཚོར་བ་སླེབས་ཡོང་གི་འདུག ཚང་མ་གཞོན་སྐྱེས་ལོ་ཆུང་ཤ་སྟག་རེད། ཡིན་ནའང་། སྐད་ཆ་དེ་ལབ་རྒྱུའི་ཐོབ་ཐང་ང་ལ་ཡོད་པ་མ་རེད། སྐད་ཆ་བཤད་རྒྱུ་དེ་ཚད་གཞི་ཏག་ཏག་ཅིག་གི་ཐོག་ནས་མཚམས་བཞག་སྟེ་ཁ་བཙུམ་བསྡད་ན་ལེགས་པོ་རེད།  

            དྲི་བ། སྐུ་ཉིད་ཀྱིས་བོད་ཕྱི་ནང་གང་རང་ལུས་མེར་བསྲེགས་བཏང་ན་ཁྱབ་བསྒྲགས་འགྲོ་བ་དང་། བོད་དོན་ཐོག་ཕན་ནུས་ཆེ་བ་འཐོན་པར་གཟིགས་ཀྱི་ཡོད་དམ།

            ལན། བོད་ནང་གི་གནས་ཚུལ་དེ་དག་ཁྱབ་བསྒྲགས་ཤུགས་ཆེན་པོ་ཕྱིན་ཡོད་པ་མ་རེད་ལ། རྒྱ་གར་ནང་གི་གནས་ཚུལ་དེ་རིགས་ཀྱང་ཁྱབ་བསྒྲགས་ཆེན་པོ་འགྲོ་ཐུབ་ཡོད་པ་མ་རེད། མེར་བསྲེགས་ཀྱི་ནུས་པ་དེ་ས་ཆ་གང་དུ་བྱས་ན་ཆེ་བ་ཡོད་མེད་ཀྱི་སྐད་ཆ་མ་རེད་བསམ་གྱི་འདུག དེའི་ཐད་སྐད་ཆ་བཤད་རྒྱུར་ང་རྩ་བ་ཉིད་ནས་བདེ་བོ་མི་འདུག སོ་སོ་མེ་བསྲེགས་གཏོང་བ་ལས་རྒྱ་གཅིག་བསད་བཞག་ན་ཡག་ས་རེད། དེ་འདྲའི་གོ་སྐབས་ཤིག་བྱུང་བ་ཡིན་ན། ང་རང་ཉིད་ལ་མཚོན་ནའང་ཕར་བོད་ནང་ལོག་དགོས་པ་ཡིན་ན་ཧ་ལས་པ་གང་ཡང་མེད། མི་ཞིག་གིས་རང་གི་སྲོག་མེ་ལ་གཏོང་བཞིན་པའི་ཐད། ས་ཆ་འདིར་ནུས་པ་ཆེན་པོ་ཡོད་པ་རེད་ཅེས་སྐུལ་རྒྱུ་དེ་ཡག་པོ་མི་འདུག ཁྱབ་བསྒྲགས་ཤུགས་ཆེན་པོ་བྱུང་མེད་པ་དེའི་ཐད་ང་ཚོས་ཐབས་ཤེས་གནང་དགོས་པ་རེད། དེ་ང་ཚོའི་ལག་པར་ཡོད་པ་རེད། དེའང་དུས་ཡུན་རིང་པོར་བྱེད་དགོས་པ་ཞིག་ལས། སྐབས་ཐོག་ཁ་ཐུག་གཅིག་པོར་ཡོང་ཐུབ་པ་ཞིག་མ་རེད། སྔོན་མ་ནས་གྲ་སྒྲིག་གནང་སྟེ་གཞན་ག་རེ་འདུག དེའི་ཐད་ལས་ཁུངས་དང་སྒྲིག་འཛུགས་བཙུགས་ཏེ་ལོ་ནས་ལོ་མཐུད་དེ་བྱེད་དགོས་པ་རེད། ད་ལྟ་ང་ཚོར་དེ་འདྲ་ཡོད་པ་མ་རེད།

            དྲི་བ། བཀའ་སྤྱི་གཉིས་ཀྱིས་བོད་ནང་གི་མེར་བསྲེགས་ལས་འགུལ་ཐོག་ཕྱག་ལས་གནང་སྟངས་ལ་འདོད་པ་ཁེངས་ཀྱི་ཡོད་མེད་དང་། མེད་ཚེ་ལས་དོན་གང་འདྲ་ཞིག་བརྩམ་དགོས་པར་མཐོང་གི་ཡོད་དམ།

            ལན། ད་སྐད་ཆ་དྲང་པོར་བཤད་ན། སྔོན་མ་བཙན་བྱོལ་གཞུང་ཞིག་ཡོད་པ་རེད། ད་ལྟ་སྒྲིག་འཛུགས་ཡིན་གཞུང་མིན་ཟེར་གྱི་ཡོད་པ་རེད། དེར་བརྟེན་ང་ལ་ཅི་གང་ལབ་རྒྱུ་མེད། སྒྲིག་འཛུགས་ཤིག་ཆགས་ཚར་དུས་རེ་བ་རྒྱག་ས་ལྷག་གི་ཡོད་པ་མ་རེད། སྔོན་མ་ནས་རེ་བ་བཅོལ་བསྡད་ན་མར་ཆགས་ཡོང་དུས། ངས་མང་པོ་བཤད་བསྡད་ན་ཆོ་མི་འདུག ཕན་ཐོགས་ཀྱི་མི་འདུག དངོས་ནས་རང་གི་གཞུང་ཡིན་ན་བརྩེ་དུང་ཞུ་དགོས་པ་རེད། ད་འདི་སྒྲིག་འཛུགས་ཤིག་རེད། ད་ང་རང་ཚོ་བོད་མི་སོ་སོ་རང་ཉིད་ཀྱི་ངོས་ནས་ཤུགས་རྒྱག་དགོས་ཀྱི་འདུག འདི་ལ་རེ་བ་བཅོལ་ནས་བསྡད་ན་ཆོ་གཅིག་ཀྱང་མི་འདུག འདི་ནས་ཅིག་མ་འགྲིག་པར་ཁ་བཏང་སྟེ། ལས་ཀ་ཞིག་བྱེད་དགོས་པ་རེད་ཟེར་ནས་ལབ་ས་ཡོད་པ་མ་རེད། ཁོ་ཚོར་འདི་ལས་ལྷག་པ་ཞིག་འཇོན་རྒྱུ་ཡོད་པ་མ་རེད། དཔེར་ན། མི་མིག་མེད་མཁན་ཞིག་ལ་མཐོང་དགོས་པ་རེད་ཅེས་ལབ་ན་འགྲིག་གི་མ་རེད། ཁོ་ཚོས་ད་ལྟ་ད་དུང་རྒྱ་ནག་ལ་རེ་བཅོལ་བསྡད་ཡོད་པ་རེད། 

གསར་འགོད་པ། ཚེ་རིང་རྒྱལ།

བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བསྐྱར་འགོད་བྱས་པ་ཡིན།

འབྲེལ་ཡོད་གསར་འགྱུར།

The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

ཆུ་ཚོད་ ༡༢ སྔོན་ལ།
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

༢༠༢༥/༠༧/༠༣
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

༢༠༢༥/༠༧/༠༣
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

༢༠༢༥/༠༧/༠༣

མཆན། 10

  1. ལྗང་ཁུ says:
    ལོ་ 13 སྔོན།

    ལན་བཞི་བའི་ལན་དུ། འཇམ་ནོར་གྱིས་རང་བཙན་རྩོད་ན་ཚེ་སྲོག་མང་པོའི་འགྲོ་སོང་གཏོང་དགོས་པ་ཡིན་པས།  ཕྱི་ལ་སྡོད་མཁན་ཚོས་ཐབས་ཤེས་དང་ལམ་ཁ་བཙལ་ནས་ཕྱི་ནང་གཉིས་ཀ་མཉམ་འདུས་ཀྱིས་ཚེ་སྲོག་མང་པོ་བཏང་ན་རང་བཙན་ཐོབ་ངེས་རེད་ཟེར།  སྐད་ཆ་འདི་ཕྱིར་འཇམ་ནོར་ལ་བཤད་ན་ཏག་ཏག་འོས་འདུག   ཁ་ནས་རང་བཙན་རྩོད་དགོས་པ་དང་རང་བཙན་རྩོད་ན་ཚེ་སྲོག་མང་པོ་གཏོང་དགོས་ཟེར་བཞིན་ཕྱི་ཡུལ་ནས་སྐྱིད་ཉལ་བརྒྱབ་ན་འོས་སམ

    Reply
  2. ལྗང་ཁུ says:
    ལོ་ 13 སྔོན།

    ལན་དང་པོའི་ལན་དུ། འཇམ་ནོར་གྱིས་བཤད་པ་ལྟར་ན་རང་ལུས་མེར་བསྲེགས་ཀྱི་དཔའ་བོ་རྣམས་ལ་ཆོས་དད་རང་དབང་གི་ཐད་ནས་འདོད་པ་ཁེངས་ཡོད་པ་དང་ལྷག་པར་དུ་ཀིརྟིའི་རྒྱལ་གཅེས་པ་རྣམས་ཀྱི་བླ་མ་དང་དགོན་པ་ཡང་བྱེས་ན་ཡོད་པས་འདོད་པ་ཁེངས་མེད་ན་སྐྱབས་བཅོལ་དུ་ཡོང་ན་འགྲིག་པས་ཆོས་དད་རང་དབང་མེད་པས་མེར་བསྲེགས་བཏང་བ་མིན་པར་བཤད་འདུག་པ་ནི་བརྟག་དཔྱད་ཅི་ཡང་མ་བྱས་པའི་སྐད་ཆ་རེད།  རང་གི་རྩ་བའི་བླ་མ་སྟེ་༧གོང་ས་མཆོག་གི་སྐུ་པར་ཙམ་བཤམས་ན་བཙོན་འཇུག་དང་མནར་གཅོད་བྱེད་ས་ན་ཆོས་དད་རང་དབང་ཡོད་དམ།  ཞིབ་ཏུ་སོམས་དང་ ཆོས་དད་རང་དབང་གི་ཆེད་དུ་སྐྱབས་བཅོལ་དུ་ཡོང་ཆོག་ཆོག་ཡིན་ནམ། འདི་ལོའི་ཆོས་ཞུ་བ་རྣམས་ལ་ཡར་འགྲོ་མར་འགྲོ་གཉིས་ཀར་དཀའ་ངལ་ག་ཚོད་འཕྲད་སོང་།  རང་བཙན་དང་རང་དབང་རྩོད་དགོས་ཟེར་བཞིན་ཆོས་དད་རང་དབང་ཡོད་པ་རེད་ལབ་ན་ཡག་པོ་ཡིན་ནམ།  འཇམ་ནོར་འདིས་དཔྱད་པ་ཅི་ཡང་མ་བྱས་པར་བྱུང་རྒྱལ་དུ་ལབ་ཀྱིན་འདུག་  ངོ་མ་དགོད་བྲོ་བ་ལ།

    Reply
  3. ལྗང་ཁུ says:
    ལོ་ 13 སྔོན།

    ལན་གཉིས་པའི་ལན་དུ། འཇམ་ནོར་གྱིས་བཤད་པ་ལྟར་ན་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདིས་ནུས་པ་ཞེ་དྲག་ཐོན་ཡོད་པ་ནི་བོད་ནང་གི་མི་ཚང་མའི་སེམས་ལ་རྨ་ཁ་དང་ན་ཟུག་བཟོས་ཟིན་པ་དེ་ཡིན་ལ་དེའི་རྐྱེན་གྱིས་བོད་ནང་དུ་སྒེར་ལངས་ཤིག་ཏན་ཏན་ཡོང་གི་རེད། འཇམ་ནོར་ཁོ་རང་ཉིད་ཀྱིས་རེ་བ་རྒྱགས་ས་བོད་པ་རང་ཉིད་ཀྱིས་འཇོན་དགོས་པ་སྟེ་མདོར་དེད་ན་བོད་ནང་གི་བོད་མི་ཚང་མས་སྒེར་ལངས་བྱས་ནས་ངོ་རྒོལ་བྱེད་དགོས་པ་ཞིག་བཤད་འདུག་པས་ ང་ནི་ངོ་མ་ཧང་སངས་སོང་།ཧ་ལས་སོང་། ཆབ་སྲིད་པ་ནི་ཆབ་སྲིད་པ་རང་རེད་ ཁ་ནས་རང་བཙན་བཤད་བཞིན་ཕྱི་གླིང་ནས་སྐྱིད་ཉལ་བརྒྱབ་ནས་བོད་ནང་གི་བོད་མི་ཚོའི་ཚེ་སྲོག་གི་དམར་མཆོད་ལ་སྒུག་ནས་འདུག་པ་དེ་འུ་ཚང་གི་རང་བཙན་འཐབ་རྩོད་པ་རྨི་ལམ་ཡིན་འདུག ཇི་འདྲའི་འཇིགས་རུང་ཞིག་མ་ཡིན་ནམ། བོད་ནང་དུ་གལ་སྲིད་སྒེར་ལངས་བྱས་ན་ཡང་འུ་ཅག་གིས་བོད་ནང་གི་ཚེ་སྲོག་ལ་ཁག་ཐེག་དང་འགན་སྲུང་ཡོད་པ་ལྟ་ཞོག གསར་འགྱུར་ཙམ་ཡང་མཁོ་སྤྲོད་བྱེད་པའི་གྲ་སྒྲིག་མེད་ན་འདི་ལྟར་བོད་ནང་གི་བོད་མི་ཚོའི་སྒེར་ལངས་བྱེད་པར་རེ་བ་རྒྱགས་སྲོལ་ཡོད་དམ།

    Reply
  4. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    མི་ཉག་བཙན་པོ་ལགས་སུ་ཁ་གསལ་གསལ་བཤད་དང་འདྲི་བ་གནང་འདུག་ན་ཐུགས་རྗེ་ཆེ། མཁས་མིང་འཇམ་ནོར་གྱི་ཁ་སྟོང་ལག་ལེན་མེད་པའི་གཏམ་བརྗོད་ཀྱིས་གཞིས་བྱེས་གཉིས་ནང་བརྗོད་པ་པོའི་དངོས་ཡོད་གནས་སྟངས་མ་ཤེས་པར་འཁྲུགས་རྐྱེན་གྱི་སྣ་ཚོགས་ཞིག་བྱུང་བ་དང་། འབྱུང་བཞིན་པར་སོང་ང་ཚོའི་གཞོན་སྐྱེས་ཚོས་སེམས་ཚོར་ཀྱིས་རྗེས་སུ་མི་འཇུག་པར་བརྗོད་པ་དང། བརྗོད་བཞིན་པའི་གཏམ་བཤད་དེ་ཚོར་ང་ཚོ་བཙན་བྱོལ་བ་རང་གཞན་གང་དུ་སྐྱིད་སར་རྒྱུག་མཁན་ཞིག་ཡིན་པས་བོད་ནང་བཞུགས་མཁན་དེ་ཚོ་ནི་རྒྱ་གཞུང་གི་ལག་འོག་ཡོད་ལ་ཐ་ན་རང་སྲོག་ཡང་ཤོར་དང་བཤོར་རྒྱུ་ཡིན་པས་དེ་ཚོར་ང་ཚོ་ཕྱི་ཕྱོགས་ནས་གང་ཡང་ཕན་གྱི་མེད་པ་ཤེས་གསལ་ཡིན་པས་བསམ་བློ་ཞིབ་ནན་གཏང་རོགས་ཞུ། བློ་ཕམ་པ་ཞིག་ལ་ཨེ་ཤ་ཡ་རང་དབང་གློག་འཕྲིན་ཁང་གི་གཟའ་ཉི་མའི་གཏམ་བཤད་གོ་སྒྲིག་པ་ཀརྨ་རྒྱ་མཚོར་འཇམ་ནོར་མ་གཏོགས་ཆབ་སྲིད་ཐོག་སྐད་ཆ་འདྲི་ས་མེད་པ་འདྲ།
    མདོར་བསྡུས་ན་བཙན་བྱོལ་སྒྲིགས་ཚུགས་ཀྱི་མ་འགྲིག་པའམ་༸གོང་ས་མཆོག་ལ་༸ཤུགས་ཀྱིས་ཟུར་ཟ་བརྗོད་པ། རང་བཙན་བརྗོད་ནས་སྒྲུབ་རྒྱུ་མེད་པ་ཤེས་བཞིན་མིང་གྲགས་དང་མི་དམངས་མདུན་དུ་གཞན་ལ་ཁྱད་བཟོད་ཀྱིས་ལག་ཆར་བེད་སྤྱད་པ་དེ་ལས་གཞན་གང་ཡང་མེད། ཡིན་ནའི་ཤེས་ལྡན་པས་ཞིབ་འཇུག་གནང་རོགས།

    Reply
  5. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    འཇམ་ནོར་གྱིས་གཏམ་བཤད་ལས་འཕྲོས་པའི་མི་ཉག་བཙན་པོས་ཁ་གསལ་གྱི་གསལ་བཤད་དང་། འདྲི་བ་དེ་དག་དངོས་ནས་ཡག་པོ་འདུག་ན་ཐུགས་རྗེ་ཆེ་ལ། ཁ་སྟོང་ལག་ལེན་མེད་པའི་མཁས་པའི་རྫིགས་གཏམ་དེ་ཚོས་བོད་ཕྱི་ནང་གཉིས་ཀར་འཁྲུགས་རྐྱེན་བཟོ་བའི་རྒྱུ་ལས་མ་འདས་པ་དེ་ཚོར་ང་ཚོའི་སེམས་ཚོར་གྱིས་རྗེས་སུ་རྒྱུག་མཁན་གཞོན་སྐྱེས་ཚོས་དེ་བས་ཡིད་ཟབ་དགོས་གལ།
    དེ་སྔ་འཇམ་ནོར་ངོ་ཐུག་དང་། རླུང་འཕྲིན་སོགས་ནང་དེ་ལྟ་བུའི་འདྲི་བ་འདྲིས་རུང་དངོས་ཡོད་འཚམས་ལན་རྒྱབ་གི་མི་འདུག་ལ།
    བློ་ཕམ་པ་ཞིག་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་རེ་གཟའ་ཉི་མའི་གཏམ་གླེང་གཙོ་སྐྱོང་པས་ཀརྨ་རྒྱ་མཚོར་འཇམ་ནོར་མ་ཐོག་མེད་པ་ལྟ་བུ་རེད།

    Reply
  6. མི་ཉག་བཙན་པོ says:
    ལོ་ 13 སྔོན།

    བཀའ་ལན་དྲུག་པ་ལས་འཕྲོས་པའི་དྲི་བ།
    གུས་ཉིད་ནས་ངས་བོད་རྒྱལ་ཡོངས་ལྷན་ཚོགས་ཐོག་ཤུགས་རྒྱག་དོན་གཅིག་དེ་ཡིན། བོད་རང་བཙན་རྩོད་ལེན་གྱི་སྒྲིག་འཛུགས་དང་སྲིད་དོན་སྒྲིག་འཛུགས་གཉིས་ཡིན། མི་ཚང་མ་མཉམ་འབྲེལ་གྱི་སྒྲིག་འཛུགས་ཤིག་ཡོད་ན། མི་ཚང་མས་བསམ་བློ་དང་རྣམ་དཔྱོད་ཕྱོགས་གཅིག་ཏུ་སྤུངས་ཏེ་ལས་འགུལ་དང་རྒྱལ་ཁབ་རྩོད་ལེན་གྱི་འཆར་གཞི་ཞིག་གཏོང་ཐུབ་ཀྱི་རེད་ཅེས་གསུངས་ན་དེ་འདྲ་བའི་སྒྲིག་འཛུགས་ཡག་པོ་ཞིག་བཙུགས་པ་ལ་རྒྱ་ལ་ཁ་གཏད་ལྕོགས་པའི་ལངས་ཕྱོགས་དང་སྲིད་བྱུས་གསར་པ་ཞིག་དགོས་པ་དང༌། དེའི་ཐོགས་ནུས་པ་ལྡན་པའི་ལས་འགུལ་གྱི་འཆར་གཞི་གསར་པ་ཞིག་ངེས་པར་དུ་དགོས་པ་རེད། དེ་འདྲ་མེད་ན་ཚོགས་པ་ནང་འཛུགས་མཁན་རེག་ཁག་པོ་རེད།
    རྒྱུ་མཚན་དེས་ན་གུས་ཉིད་ལ་བོད་མི་རྒན་གཞོན་དང་སེ་སྐྱ་མང་པོ་ཞིག་གིས་ཡིད་ཆེས་
    དང་རེ་བ་བཅངས་ཆོག་པའི་འཆར་གཞི་དང་སྲིད་བྱུས་གསར་པ་གང་ཡོད་ཅེས་ཞུ་རྒྱུ་
    དང་།ནུས་ལྡན་གྱི་ལས་འགུལ་གྱི་འཆར་གཞི་ཡོད་དམ༎།

    བཀའ་ལན་བདུན་པ་ལས་འཕྲོས་པའི་དྲི་བ་མེད་གང་ལགས་ཞུ་ན་
    ་གུས་ཉིད་ནས་གུན་གསབ་ཅིག་སྤྲོད་དགོས་པ་དང་དཔའ་བོ་དཔའ་མོ་ཚོར་དཔའ་དར་
    ཞིག་སྤྲོད་དགོས་པ་རེད་ཅེས་གསུངས་ན་དེ་ནི་དོན་དངོས་ཀྱི་དགོངས་ཚུལ་ཡག་པོ་ཞིག་
    དང་ཁ་གསལ་གྱི་དགོངས་ཚུལ་གསུངས་པ་ལ་ཐུགས་རྗེ་ཆེ་ལགས༎དེ་འདྲའི་ཁ་གསལ་
    གསུངས་ན་ཕན་འབྲས་ཡོད༎

    བཀའ་ལན་བརྒྱད་པ་ལས་འཕྲོས་པའི་དྲི་བ།
    ་གུས་ཉིད་ནས་ང་ཚོའི་ངོས་ནས་གནས་ཚུལ་འདི་རིགས་སླེབས་ཡོང་དུས་དེ་ཁྱབ་བསྒྲགས་བྱེད་རྒྱུ་དང་། དེ་ལ་རྒྱབ་སྐྱོར་གནང་སྟེ་འཛམ་གླིང་ཐོག་ནུས་པ་ཐོན་པ་ཞིག་སྒྲུབ་དགོས་པ་རེད་མ་གཏོགས་ཅེས་གསུངས་ན། ད་ལྟའི་བཀའ་སྤྱི་གཉིས་ཀྱི་མཉམ་ལེན་ཐོགས་རྒྱབ་སྐྱོར་དང་ཁྱབ་བསྒྲགས་གནང་བཞིན་ནི་མཐོག་གསལ་རེད། དེ་ལསལྷག་པའི་རྣོ་ངར་དང་ཕན་འབྲས་ཆེ་བའི་ཁྱབ་བསྒྲགས་དང་རྒྱབ་སྐྱོར་གང་འདྲ་ཞིག་གནང་དགོས་པ་རེད། གུས་ཉིད་ནས་ངེས་པར་དུ་དགོངས་ཚུལ་གསལ་པོ་གསུང་དགོས་པ་གལ་ཆེན་པོ་རེད།
    བོད་མི་ཡོངས་ལ་གུས་ཉིད་ནས་གསུངས་པ་བཞིན་འདོད་པ་ཡོད་ན་ཡང་ལམ་ཁ་གསར་པ་ཞིག་མ་རྙེད་པ་རེད་ཅེས་ཞུ་རྒྱུ་ཡིན༎

    བཀའ་ལན་དགུ་པ་ལས་འཕྲོས་པའི་དྲི་བ༎
    གུས་ཉིད་ནས་སོ་སོ་མེ་བསྲེགས་གཏོང་བ་ལས་རྒྱ་གཅིག་བསད་བཞག་ན་ཡག་ས་རེད། དེ་འདྲའི་གོ་སྐབས་ཤིག་བྱུང་བ་ཡིན་ན། ང་རང་ཉིད་ལ་མཚོན་ནའང་ཕར་བོད་ནང་ལོག་དགོས་པ་ཡིན་ན་ཧ་ལས་པ་གང་ཡང་མེད།ཅེས་གསུངས་ན། གོང་གི་བཀའ་ལན་རྣམས་དང་བཀའ་ལན་འདི་ལ་བསྡོམས་ཚིགས་ཤིག་རྒྱབ་ན། གུས་ཉིད་ཀྱི་ལངས་ཕྱོགས་ནི་འཚེ་བའི་ཐབས་ལམ་དང་དམིགས་ཡུལ་རང་བཙན་ཡིན་པ་གསལ་པོ་བཟོས་འདུག དེས་ན་མཚོན་ཆའི་རིགས་མི་མདའ་དང་གྲི་སོགས་བརྟེན་ནས་དགྲ་ལ་་ ཁ་གཏད་ལངས་ཁུལ་བྱེད་ཆོག་ཀྱང་།འཇིགས་བསྐུལ་རིང་ལུགས་སུ་འགྲོ་བའི་གཉེན་ཁ་
    དང། གལ་སྲིད་དྲག་པོའི་ཐབས་ལམ་ཞིག་དུ་འགྲོ་བར་རྒྱ་གཞུང་ལ་ཁ་གཏད་ཐུབ་པའི་གྲ་སྒྲིག་ཞིག་ངེས་པར་དུ་དགོས་པ་རེད། དྲག་པོའི་ཐོགས་ནས་རྒྱབ་སྐྱོར་འཚལ་བའི་ཐབས་ལམ་དང་བོད་རང་ཉིད་ནས་གྲ་སྒྲིག་
    དང་འཆར་གཞི་དགོས་ན་གུས་ཉིད་ནས་ལམ་སྟོན་གང་གནང་རྒྱུ་ཡོད། གལ་སྲིད་གྲ་སྒྲིག་དང་འཆར་གཏན་ནས་མེད་ན་ཁ་ནས་རང་བཙན་དང་ཐབས་ལམ་དྲག་པོ་ཞེས་བརྒྱ་བཤད་སྟོང་བཤད་བྱས་ནས་དོན་འབྲས་གང་ཡོང་གི་མ་རེད།
    བཀའ་ལན་གཞན་རྣམས་ཀྱི་དྲི་རྗེས་སུ་ཡོད༎

    Reply
  7. བསྟན་པ་རྒྱལ་མཚན། says:
    ལོ་ 13 སྔོན།

    དུས་བབ་ཚང་གི་དོན་འགྲུབ་བཀྲ་ཤིས་ཀྱི་དྲི་བ་དྲིས་ལན་ཀློག་མ་ཐུབ་ནས་རྒྱུན་རིང་ཕྱིན། བཙན་བྱོལ་གྱི་གསར་འགྱུར་བརྒྱུད་ལམ་གྱི་ང་རང་དགའ་ཤོས་དོན་འགྲུབ་བཀྲ་ཤིས་ཀྱི་དྲི་བ་དྲིས་ལན་དེ་ཡིན། དོན་བཀྲ་ཡིས་ཆབ་སྲིད་སྐོར་ལ་བཅར་འདྲི་བྱས་པ་ཁག་ཅིག་དངོས་གནས་དྲང་གནས་གཏིང་ཟབ་པོ་འདུག ད་དུང་མུ་མཐུད་མཚམས་རེར་མི་སྣ་གནད་འགག་ཅན་རིགས་ལ་ཆབ་སྲིད་སྐོར་གྱི་དྲི་བ་རེ་གནང་རྒྱུར་རེ་བ་བརྒྱབ་བསྡད་ཡོད། མ་གཞི་ང་རང་བཅར་འདྲི་དག་ལ་ཧ་ཅང་དགའ་ན་ཡང་། བཅའ་འདྲི་ལ་ལ་ཞིག་ལ་ཉོབ་ཀྱི་འདུག ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ཨམ་སྐད་སྡེ་ཚན་གྱི་སྟག་ལྷ་རྒྱལ་ཀྱིས་དྲི་བ་གཏོང་སྐབས་སོ་སོ་མཁས་མདོག་སྟོན་གྱི་འདུག ཁམས་སྐད་ཚན་ཁག་གི་རྡོ་རྗེ་དགྲ་འདུལ་གྱིས་བཅར་འདྲིའི་སྐབས་སུ་རང་གི་དགའ་ཕྱོགས་དང་སྡངས་ཕྱོགས་ཤུགས་ཆེན་པོ་བྱས་པའི་རྐྱེན་གྱིས་གསར་འགོད་པའི་དམ་བཅའ་མི་འདུག དབས་སྐད་ཚན་ཁག་གི་སྒྲོལ་དཀར་གྱིས་མོ་རང་གི་སྐད་ཆ་མང་དྲགས་ཏེ་གསན་མཁན་ཚང་མ་སུན་བསྡད་ཡོད་པ་རེད།

    Reply
  8. བློ་འཕེལ། says:
    ལོ་ 13 སྔོན།

    རྩ་བའི་ཆ་ནས་འཚམས་འདྲི་དང་ལྷག་པར་རྒྱ་གར་ལ་མཐུན་རྐྱེན་དེ་ཙམ་མེད་ཀྱང་སྐུ་ངལ་ཁྱད་བསད་ཀྱིས་ཕེབས་པར་བཀྲ་ཤིས་བདེ་ལེགས་ཡོད།
    མི་ཉག་བཙན་པོའི་དྲི་བར་རྒྱབ་སྐྱོར་ཡོད་ལ་མང་པོ་ཞིག་འབྲི་ལོང་མེད་ཙང་ཉུང་ཙམ་ཞུ་འདོད་བྱུང་། རང་ལུས་མེར་བསྲེགས་ཐད་གཟིགས་སྟངས་ནོར་ཡོད་པར་དངོས་འཛིན་གནང་གི་ཡོད་ས་རེད། དེ་ཡང་འཇམ་དབྱངས་ནོར་བུ་ལགས་ཀྱིས་་་་་་ ཆོས་དད་འདོད་པ་ཁེངས་ཀྱི་མེད་ན། འདིར་ཀིརྟི་གྲྭ་ཚང་དང་ཁོང་ཚོའི་རྩ་བའི་བླ་མ་བཞུགས་ཡོད་པ་རེད། འདི་གར་ཆོས་སློབ་སྦྱོང་བྱེད་ཐུབ་ཀྱི་རེད།་་་་་་་ཟེར། དེ་ནི་གད་མོ་ཁུངས་ནས་ཤོར་ཡ་རེད། ཆོས་དད་རང་དབང་མེད་པ་ཚང་མ་འདིར་རྒྱ་གར་དུ་ཆོས་སློབ་ན་ག་འདྲ་ཞིག་ཡོང་དགོས་པ་རེད། མ་ཟད་རྔ་པ་ཀིརྟི་ཕྱོགས་ནས་མེར་མཆོད་འབུལ་མཁན་གྱི་འདས་པོ་ཚོས་བོད་ལ་ཆོས་དད་རང་དབང་དགོས་ཞེས་པ་ལས་སོ་སོ་སྒེར་ལ་ཆོས་དད་རང་དབང་དགོས་ཟེར་མཁན་ཞིག་ངེད་ནས་མཐོང་ཐོས་མ་བྱུང་། ཅིག་བྱས་ན་ཉིད་ལ་གསལ་གསལ་ཐིང་ཐིང་ཡོད་སྒྲོ། ཡང་རང་བཙན་མ་གླེང་ན་ཆབ་སྲིད་ཀྱི་རྣམ་པ་ཤུགས་ཆེན་པོ་མི་ཐོན་པ་ཁྱོད་ཀྱིས་འདོད་ཀྱང་། གཟུར་གནས་རྣམས་ཀྱི་ངོར་ཆོས་དད་དབང་གི་ཆེད་དུ་རང་སྲོག་བློས་གཏོང་གི་ལས་འགུལ་དེ་ཡང་བླ་ན་མེད་པའི་ཆབ་སྲིད་ཀྱི་ནུས་ཤུགས་ལ་དངོས་འཛིན་གནང་གི་ཡོད་པ་མིག་མཐོང་ལག་ཟིན་མ་རེད་པས།
    ལས་བྲེལ་གྱིས་རེ་ཞིག་འབྲི་མཚམས་བཞག།

    Reply
  9. མི་ཉག་བཙན་པོ says:
    ལོ་ 13 སྔོན།

    བཀུར་འོས་འཇམ་དབྱངས་ནོར་བུ་ལགས་སུ་བཀྲ་ ་ཤིས་བདེ་ལེགས་ཡོད།

    གུས་ཉིད་ཀྱིས་བཀའ་ལན་ལས་འཕྲོས་པའི་དྲི་བ་ཁ་ཤས་ཤིག་ཞུ་རྒྱུ་ཡོད་པས་བཀའ་ལན་གནང་རོགས།སྤྱི་བཏང་བོད་པའི་སྤྱི་ཚོགས་ནང་མཁས་དབངདང་ཆབ་སྲིད་པ་འགའ་ཤས་ནས་བོད་མིའི་སྒྲིག་གི་སྲིད་བྱུས་དང་སྣེ་ཁྲིད་སྟངས་འགྲིགས་ཀྱི་མི་འདུག་ཅེས་བཤད་
    མཁན་ཡོད་པ་རེད་།ཡིན་ན་ལམ་སྟོན་དང་བསམ་ཚུལ་གསར་པ་གསུང་ཐུབ་མཁན་མི་
    འདུག་ མི་སྒྲིག་པ་རེད་ཅེས་བཤད་པ་ཙམ་མིན་པར་ཐབས་བྱུས་གསར་པ་གང་ཡོད་དགོངས་
    ཚུལ་རྣམས་བཀའ་གནང་ཐུབ་ན་ཕན་ཐོགས་ཡོད།དེ་མིན་དགོས་པ་མི་འདུག
    གུས་ཉིད་ནས་ང་ཚོ་འདི་ཕྱོགས་ནས་རྒྱ་ལ་ཁ་གཏད་གཅོག་པའི་ཐད་མགོ་ཡག་པོ་ཞིག་
    ཁྲིད་མ་ཐུབ་པའི་རྣམ་པ་ཐོན་ཡོད་ཅེས་གསུངས་ན།
    བཀུར་འོས་རང་ཉིདགལ་སྲིད་བོད་མི་སྒྲིག་འཛུགས་ཀྱི་མགོ་ཁྲིད་བཀའ་ཁྲི་དང་ཡང་ན་སྤྱི་འཐུས་ཚོགས་གཙོ་ཡིན་ན་འདི་ཕྱོགས་ནས་རྒྱ་ལ་ཁ་གཏད་གཅོག་པའི་ཐད་མགོ་ཡག་པོ་ཞིག་ཁྲིད་ཐུབ་པའི་སྲིད་བྱུས་དང་ཐབས་ཤེས་མི་འདྲ་བ་གང་གནང་གི་རེད་ཅེས་ཞུ་རྒྱུ་
    དང།མགོ་ཡག་པོ་ཁྲིད་ཐུབ་པའི་ལས་འགུལ་གང་འདྲ་ཞིག་གནང་གི་རེད།་དྲི་བ་འདི་
    བཀའ་ལན་དང་པོ་ལས་འཕྲོས༎

    གུས་ཉིད་ནས་ཕྱིའི་རྒྱལ་ཁབ་ཀྱི་ཐོག་ནས་རྗེས་ཕྱོགས་ཀྱང་ང་ཚོར་དམིགས་བསལ་
    རོགས་པ་ཞིག་ཡོང་གི་མ་རེད།ངས་དེ་ལ་རེ་བ་གང་ཡང་རྒྱག་གི་མེད།བོད་པ་རང་གི་ཐོག་ནས་ཤུགས་རྒྱག་དགོས་པ་ཞིག་རེད་ཅེས་གསུངས་ན། བོད་པ་རང་གིས་ཤུགས་རྒྱག་དགོས་པ་དངོན་བདེན་རེད་གསལ་པོ་རེད། བོད་པ་རང་གིས་ཤུགས་གང་འདྲ་ཞིག་རྒྱག་ན་གྲུབ་འབྲས་ཐོབ་པ་ཡོང་གི་རེད་དམ།
    ཕྱིའི་རྒྱལ་ཁབ་ཁག་ལ་མ་བརྟེན་པར་བོད་པ་རང་གིས་རང་དབང་ལེན་ཐུབ་པའི་ཆེད་དུ་བོད་མི་རྣམས་ནས་ལས་འགུལ་དང་སྲིད་བྱུས་གང་འདྲ་ཞིག་བཟིང་དགོས་པ་རེད་དམ།
    དྲི་བ་འདི་བཀ;་ལན་གཉིས་པ་ལས་འཕྲོས༎

    གུས་ཉིད་ནས་ང་ཚོས་ངོས་ནས་འཛམ་གླིང་སྒང་ཕར་གནས་ཚུལ་སྤེལ་ཐབས་བྱ་དགོས་པ་མ་རེད་ཅེས་དང།
    ཡང་གུས་ཉིད་ནས་བོད་པའི་རྩོམ་པ་པོ་དང་གཞས་པ་ཞིག་ནེའུ་ཡོག་ཏུ་སླེབས་པ་ཡིན་
    ནའང་། མ་མཐའ་ཡང་ཨ་རིའི་མཐོ་སློབ་ཁག་ནང་ཁྲིད་ནས་སྐད་ཆ་བཤད་བཅུག་སྟེ། འཛམ་གླིང་གི་སྒང་སོ་སོའི་མི་སྐད་གྲགས་བཟོ་ཐབས་བྱེད་དགོས་པ་རེད་ཅེས་གསུངས་
    ཚུལ་གང་འོག་གཉིས་མཐུན་གྱི་མི་འདུག་ཅེས་ཞུ་རྒྱུ་དང༌།ཕྱིའི་རྒྱལ་ཁབ་ཁག་ལ་རེ་བ་
    མེད་ཅེས་ཚིག་ཐག་ཆོད་པོའི་སྒོས་ནས་གསུངས་འདུག་ ཡིན་ན་ཡང་སོ་སོའི་མི་སྐད་གྲགསབཟོ་ཐབས་བྱེད་དགོས་པ་རེད་ཅེས་གསུངས་ན་སོ་སོའི་མི་སྐད་གྲགས་ཟོབ་ནས་ཕན་ཐོག་གང་ཡོད་དམ། དམིགས་ཡུལ་གང་གི་ཆེད་དུ་རེད་ཅེས་ཞུས༎་དྲི་བ་འདི་བཀའ་ལན་གསུམ་པ་ལས་འཕྲོས༎
    གུས་ཉིད་ནས་སྐྱིད་པོ་བྱས་ནས་ཕྱི་རྒྱལ་ཁག་ཏུ་བསྡད་དེ་འཛམ་གླིང་རྒྱལ་ཚོགས་ལ་ཞུ་བ་ཞུས་ནས་ཡོང་ཐུབ་པ་ཞིག་མིན་པ་དེ། བོད་ནང་སྐུ་སྲོག་བློས་གཏོང་བྱས་བའི་ལས་འགུལ་དེས་གསལ་བོ་བསྟན་པ་རེད།
    ཕྱི་ལ་སྡོད་མཁན་ཚོས་ཐབས་ཤེས་དང་ལམ་ཁ་བཙལ་དགོས་པ་རེད་ཅེས་གསུངས་པ་དེ་བདེན་པ་རེད་དངོས་ནས་རེད། ངས་དེ་འདྲ་རང་བསམ་གྱི་ཡོད།
    ཐབས་ཤེས་དང་ལམ་ཁ་གསར་པ་གང་འདྲ་ཞིག་འཚལ་དགོས་པ་རེད་བཀའ་སློབ་གསལ་པོ་ཞིག་གནང་རོགས། དགོངས་ཚུལ་གསལ་པོ་བཤད་ཆོག་པའི་རང་དབང་ཡོད་པ་རེད།
    བཀའ་ལམ་དྲི་བ་འདི་བཀའ་ལན་བཞི་ལ་ལས་འཕྲོས༎
    ་བཀའ་ལན་ལྔ་པ་ནི་རང་བཙན་ལྟ་བ་མཆོག་འཛིན་གནང་མཁན་ཞིག་གིས་འཆར་སྣང་
    ཞིག་གསུངས་འདུག། དྲི་བ་དམིགས་བསལ་ཞུ་རྒྱུ་མེད༎

    བཀའ་ལན་གཞན་རྣམས་ལ་དྲི་བ་རྗེས་སུ་ཞུ་ཆོག་བཅེས༎

    Reply
  10. ནད་པ says:
    ལོ་ 13 སྔོན།

    སྐད་ཆ་གནད་འགག་ཆེན་པོ་མང་དག་གཅིག་འདུག ཡིན་ནའང་ཆབ་སྲིད་ཀྱི་གནད་དོན་ཁ་ཁས་ཤིག་མིན་པ་ཤེས་བཞིན་དུ་ཡིན་མདོག་བྱེད་དགོས་པ་དང་། ཡིན་བཞིན་དུ་མ་རེད་མདོག་བྱེད་དགོས་པ། ཡིན་མདོག་མིན་མདོག་གཉིས་ཀ་བྱེད་དགོས། ཅི་ཡང་མི་སེམས་པ་བཅས་གནད་ལུགས་མང་དག་ཅིག་ཡོད་པ་རེད།

    ངས་སྒྲུང་ཐུང་ཐུང་ཅིག་བཤད་འདོད་བྱུང་། གནའ་སྔོན་མ་ཞིག་ལུང་པ་གཅིག་གི་ནང་རྒྱལ་པོ་དང་འབངས་རྣམས་འཚོ་གནས་བྱས་ཏེ་བསྡད་བཞིན་པའི་སྐབས་ལོ་གཅིག་ཆར་པའི་ཆུ་འཐུང་མཁན་མི་མི་དམངས་གཅིག་ཡིན་ཚེ་སེམས་རྣལ་དུ་མ་ཕབ་པར་སྨྱོན་པ་ཆགས་འགྲོ་བ་རེད། ཡིན་ནའང་རྒྱལ་པོ་དང་སྐུ་འཁོར་ལྷན་རྒྱས་ཚོར་མཐུན་རྐྱེན་གང་འཚམས་ཡོད་སྟབས། ཆར་པ་བབས་ནས་བྱུང་བའི་ཆུ་འཐུང་གིན་མེད།

    ཡིན་ནའང་མི་དམངས་རྣམས་ལ་མཐུན་རྐྱེན་དེ་འདྲ་མེད་སྟབས། མི་ཚང་མས་ཕྱི་རོལ་ནས་བྱུང་བའི་ཆུ་འཐུང་གིན་ཡོད། ཆུ་དེ་བཏུང་བའི་རྐྱེན་གྱིས་མི་རྣམས་སྨྱོན་པ་ཆགས་འགྲོ་བ་རེད། དེ་ནས་ཉིན་གཅིག་རྒྱལ་པོས་འཚོགས་འདུ་ཞིག་བསྐངས་ཏེ་ཁྱོད་ཚོས་ཆར་པའི་ཆུ་བཏུང་བའི་རྐྱེན་གྱི་མི་ཚང་མ་སྨྱོན་མ་ཆགས་ཚར་འདུག ད་ནས་བཟུང་ང་ཚོས་ཆར་པའི་དེ་ནམ་ཡང་བཏུང་རྒྱུ་མེད་ཅེས་བཀའ་བཏང་བ་རེད།

    སྐབས་མི་དམངས་རྣམས་ཀྱི་ཡར་རྒྱལ་པོ་དང་སྐུ་འཁོར་ཚོར་ང་ཚོ་ཚང་མ་གཅིག་པ་ཡིན། སྨྱོན་པ་དངོས་གནས་དེ་ཁྱེད་རང་ཚོ་རེད་ཅེས་ཡར་སྐད་འབོད་བྱས་པ་རེད། དེ་ནས་མཐར་རྒྱལ་པོས་ཀྱང་ཆར་པའི་ཆུ་དེ་བཏུང་ནས་རྒྱལ་པོ་རང་ཡང་མི་དམངས་སྨྱོན་པ་དང་མཉམ་དུ་སྨྱོན་པ་བྱས་བསྡད་པ་རེད།

    གནས་ཚུལ་འདི་ཚོའི་གྲས་ཁྱད་མཚར་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese