༄༅། ། ཁྲིམས་ཀྱི་དབང་བསྒྱུར་ནས་གང་ཟག་གི་དབང་བསྒྱུར་ལ་ལྡོག་བགྲོད་བྱས་པ་མ་རེད་དམ།
གཞུང་པ་ཚེ་དབང་བསོད་ནམས།
བོད་ཀྱི་དུས་བབས་སྤྱིའི་འདོན་ཐེངས་ ༥༥༩ ཕྱི་ལོ་ ༢༠༡༢།༧།༣༠ འཁོད་པའི་ནང་མགོ་བརྗོད་དུ་རང་བཙན་ཆེད་བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་གསར་འཛུགས་ཞེས་པའི་ནང་གི་གཟའ་ལྷག་པའི་ཉིན་ངྷ་ས་གང་སྐྱིད་དཔེ་མཛོད་ཚོགས་ཁང་དུ་རང་བཙན་ཚོགས་འདུ་ཞིག་ཚོགས་ཏེ། བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་འཛུགས་རྒྱུར་མོས་མཐུན་རྒྱབ་སྐྱོར་དང་ལོ་རྗེས་མར་རང་བཙན་ཚོགས་ཆེན་འཚོགས་རྒྱུར་གོ་སྒྲིག་ཚོགས་ཆུང་ཞིག་ཀྱང་གསར་འཛུགས་གནང་སོང་ཟེར་བ་དང་། རང་བཙན་ཚོགས་འདུའི་ནང་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་ལས་ཐོག་པ་བཅུ་ཡོད་པ་དང་མ་འོངས་པར་བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་འཛུགས་རྒྱུར་གྲོས་འཆམ་བྱུང་བ་དང་། ལོ་རྗེས་མར་རང་བཙན་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་ཞིག་བསྐོ་འཛུགས་ཀྱིས་བོད་མི་མང་སྤྱི་འཐུས་ལས་ཐོག་པ་བློ་བཟང་ཡེ་ཤེས། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། སྤྱི་འཐུས་ཀརྨ་ཡེ་ཤེས་སོགས་ཚོགས་མིར་བསྐོས་སོང་ཟེར་བའི་གསར་གནས་དེ་བཀླགས་སྐབས། ང་ལ་གོ་རྟོགས་དང་བསམ་ཚུལ་གང་བྱུང་བ་དེ་དག་དམངས་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ལ་འགན་འཁུར་ནས་གླེང་འདོད་བྱུང་།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་བརྩི་བཀུར་ཉམས་ལེན་ཞུས་ཏེ། བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་དུ་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་མཁན་གྱི་ཚོགས་པ་ག་ཚོད་མང་ན་ཡང་དགའ་བསུ་ཞུ་རྒྱུ་དང་། བཅའ་ཁྲིམས་རིན་པོ་ཆེ་ངོ་མ་འཕྲོད་པའི་ཚོགས་པ་གཅིག་ལས་མེད་ཀྱང་། དེ་ཡང་མང་སྐྱོན་ཡིན་པར་ངོས་འཛིན་དང་བཅས་ཕྱི་ལོ་ ༡༩༩༡ ཕྱི་ཟླ་ ༥ པའི་ཚེས་ ༢༩ ཉིན་བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་ཁྲིམས་བཟོའི་འགན་འཁུར་བླངས་ཏེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༡༥ ཅན་དེ་གཏན་འབེབས་ཀྱིས་གང་ཟག་གི་དབང་བསྒྱུར་ནས་ཁྲིམས་ཀྱི་དབང་བསྒྱུར་ལ་ཁ་ཕྱོགས་པའི་དུས་ཚོད་གལ་ཆེན་ཞིག་ཡིན་པའི་ངོ་སྤྲོད་སྐབས་དེའི་ཚོགས་གཙོ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་སློབ་ཕེབས་ཡོད་ལ། བཅའ་ཁྲིམས་དོན་ཚན་ ༡༡༥ ཅན་དེའི་ནང་བོད་རང་བཙན་ཟེར་བའི་ཚིག་རྐང་གཅིག་བཅའ་ཁྲིམས་ཀྱི་ནང་དུ་འཁོད་མ་ཐུབ་པར་བོད་དོན་བདེན་མཐའ་གསལ་ཐབས་ལ་ཁ་ཕྱོགས་ཏེ། གཞིས་བྱེས་རྒྱ་ཆེ་མང་ཚོགས་ནས་ཀྱང་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་དུ་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་བསྒྲུབས་ཏེ་ཁྲིམས་བཟོ་ལྷན་ཚོགས་ནས་གཏན་འབེབས་གནང་བའི་བཅའ་ཁྲིམས་ལ་ཡིད་ཆེས་དང་བརྩི་བཀུར་བློ་གཏད་ཉམས་ལེན་ཞུས་ཏེ་ལོ་ངོ་ ༢༡ ཙམ་འགྲོ་བཞིན་ཡོད།
ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནས་སྤྱི་མོས་ཀྱི་གྲོས་ཆོད་བཞག་པ་ནས་དུས་ད་ལྟའི་བར་གཞིས་བྱེས་བོད་མི་ཚང་མས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡིད་ཆེས་དང་བློ་གཏད་བརྩི་བཀུར་ཞུས་ནས་བཅའ་ཁྲིམས་དོན་ཚན་ ༡༥ ནང་དུ་གསལ་བའི་བོད་དོན་བདེན་མཐའ་གསལ་ཐབས་ལ་འགན་འཁུར་ཏེ། དུས་ཚོད་ནམ་བྱུང་དང་གོ་སྐབས་ནམ་ཐོབ་ལ་རྒྱ་དམར་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་རང་བཙན་འཐབ་རྩོད་པ་སྤྱི་མཚུངས་ཤིག་ཡིན་པ་ལས་མི་མང་ཉལ་ནས་བསྡད་དེ། མི་འགའ་ཤས་ཤིག་གིས་རང་བཙན་འཐབ་རྩོད་བྱེད་ཀྱི་ཡོད་པ་ངས་ནམ་ཡང་མཐོང་མ་སོང་ལ་གོ་ཡང་མ་མྱོང་། ད་ལམ་ལས་ཐོག་སྤྱི་འཐུས་གསུམ་ནས་ལོ་རྗེས་མར་རང་བཙན་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་མིར་མཉམ་ཞུགས་གནང་བ་སོགས་ལ་དཔྱད་སྐབས། ང་ཚོ་ཁྲིམས་ཀྱི་དབང་བསྒྱུར་འོག་ཏུ་གནས་དགོས་པ་རེད་དམ་གང་ཟག་གི་དབང་བསྒྱུར་འོག་ཏུ་ཁ་ཕྱོགས་དགོས་པ་རེད། དེ་ཡང་གསལ་པོ་བཟོ་དགོས་པ་དང་། དེང་སྐབས་རང་རེའི་བཙན་བྱོལ་སྤྱི་ཚོགས་ནང་དམངས་གཙོ་དང་རང་དབང་ཁ་ལ་འཁྱེར་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་མིག་ཟུར་དུ་བཞག་ནས་རང་བཙན་དང་རང་དབང་། མང་གཙོ་དང་དམངས་གཙོ། མི་མང་དང་མི་དམངས་སོགས་དོན་གཅིག་མིང་གི་རྣམ་གྲངས་ལ་ངོས་འཛིན་གནང་མཁན་གྱི་གྲངས་འབོར་དེ་ཉུང་ཉུང་མ་རེད།
བཀའ་ཁྲི་ལ་སྲིད་བློན་ནམ་སྲིད་འཛིན། སྲིད་སྐྱོང་བཅས་ཀྱི་ཆེ་བསྟོད་ཞུ་མཁན་ཡང་འདུག་ན། བཅའ་ཁྲིམས་བསྐྱར་བཅོས་བརྒྱུད་དེ་བོད་ཀྱི་ཡུལ་མི་ཚང་མས་གཅིག་གྱུར་དུ་ངོས་འཛིན་དང་བེད་སྤྱོད་བྱ་དགོས་པ་དེ་ཁྲིམས་མཐུན་ངོ་མ་དེ་ཡིན་པ་ལས། དེ་མིན་ད་མུས་བཞིན་དུ་མ་དག་པའི་ཚིག་རྒྱུན་འཇགས་སུ་བསྡད་ཚེ་ང་ཚོས་བཅའ་ཁྲིམས་རིན་པོ་ཆེ་ཞུ་སའི་ཁྲིམས་ཡིག་གལ་ཆེན་དེ་དག་ཕྲུ་གུའི་རྩེད་མོ་རྩེ་བྱེད་ཀྱི་ཤོག་བྱང་ཞིག་གི་འདུ་ཤེས་ལས་མེད་པ་ཆགས་མི་སྲིད་པའི་ངེས་པའང་མི་འདུག་པས་ན། བསམ་ཡོད་བློ་ལྡན་ཚང་མས་ཐུགས་གཟབ་གནང་དགོས་པའི་འབོད་སྐུལ་དང་བཅས་བཅའ་ཁྲིམས་ལ་བསྐྱར་བཅོས་མ་སོང་བར་ལས་ཐོག་སྤྱི་འཐུས་བཅུ་ཡིས་རང་བཙན་ཚོགས་འདུར་མཉམ་ཞུགས་གནང་བ་དང་། ལོ་རྗེས་མར་རང་བཙན་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་མིར་སྤྱི་འཐུས་གསུམ་ནས་འགན་འཁུར་བཞེས་རྒྱུ་དེ་དག་འོས་བསྡུའི་སྒྲིག་གཞིའི་དོན་ཚན་ ༣༩ པ་བོད་མི་མང་སྤྱི་འཐུས་ཀྱི་འོས་ཆོས་ཟེར་བའི་ནང་གསེས་ ༡༠ པའི་ནང་། “བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད” ཟེར་བ་དང་། བཅའ་ཁྲིམས་དོན་ཚན་ ༡༣ པ་ཡུལ་མིའི་ལས་འགན་ཟེར་བའི་ནང་གསེས་ ༢ པའི་ནང་ “བཅའ་ཁྲིམས་དང་ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བཀུར་དང་ཉམས་ལེན” ཟེར་བ། སྤྱི་འཐུས་ཀྱི་ལས་ཁུར་དམ་བཅའི་ནང་ “བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས་སྤྱི་འཐུས་ཀྱི་ལས་ཁུར་ཞུ་སྒོ་མཐའ་དག་བཅའ་ཁྲིམས་ཀྱི་འབྲུ་དོན་འགལ་མེད་ཐོག” ཟེར་བ་སོགས་དང་། ལྷག་དོན་དུ་ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༡༨ ཉིན་སྤྱི་འཐུས་གྲོས་ཚོགས་ནས་སྤྱི་མོས་གྲོས་ཆོད་བཞག་པ་དེ་དག་དུས་ལས་ཡོལ་མེད་ན་དེ་དག་དང་ཕྱོགས་མཐུན་ཡོང་གི་ཡོད་མེད་ཐོག་དགོངས་པ་གཏིང་ཞབ་བཞེས་དགོས་པར་འདོད།
གང་ལྟར་ཡང་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་མི་ཚང་མས་འགན་ཁུར་བླངས་ཏེ། བཅའ་ཁྲིམས་དོན་ཚན་ ༡༥ ནང་དུ་འཁོད་པའི་བོད་དོན་བདེན་མཐའ་གསལ་ཐབས་ལ་རིང་མིན་འཚོགས་ལ་ཉེ་བའི་ཚོགས་ཆེན་ཀྱི་ཐོག་ཏུ་ང་ཚོའི་ཐོག་མའི་དམིགས་ཡུལ་དང་དམ་བཅའ་ཇི་བཞིན་རང་བཙན་གཙང་མ་ལ་ཁ་ཕྱོགས་དགོས་ཀྱི་ཡོད་ན་འདྲ་ལ། དབུ་མའི་ལམ་གྱི་དགོས་འདུན་ཆོལ་གསུམ་བོད་རིགས་ཡོངས་རྫོགས་གཅིག་ཏུ་བསྒྲིལ་བའི་ཆེས་མཐོའི་རང་སྲིད་རང་སྐྱོང་ལ་ཁ་ཕྱོགས་དགོས་ཀྱི་ཡོད་ནའང་འདྲ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཁྲིམས་མཐུན་གྱི་ཐོབ་ཐང་ཡོད་པའི་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཚད་ལྡན་ཟེར་བའི་གོ་རྟོགས་དཀའ་བའི་ཆབ་སྲིད་ཀྱི་ལྟ་གྲུབ་ལ་ཁ་ཕྱོགས་དགོས་ཀྱི་ཡོད་ན་འདྲ་ལ། མཉམ་འབྲེལ་རྒྱལ་ཚོགས་ནས་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་རང་ཐག་རང་གཅོད་ལ་ཁ་ཕྱོགས་དགོས་ཀྱི་ཡོད་ནའང་འདྲ། གསར་དུ་འཁྲུངས་པའི་བདེན་པའི་ཨུ་ཚུགས་ལ་ཁ་ཕྱོགས་ཀྱི་ཡོད་ནའང་རེད།
གང་ལྟར། རྟ་འབབ་བོང་ཞོན་བྱ་དགོས་ཀྱི་ཡོད་ནའང་རེད་ལ། བོང་བསྐྱུར་རྟ་ཞོན་བྱ་དགོས་ཀྱི་ཡོད་ནའང་རེད། མཐོ་ས་ནས་དམའ་སར་འབབ་དགོས་ནའང་རེད་ལ། དམའ་ས་ནས་མཐོ་སར་འཛེགས་དགོས་ནའང་རེད། བཙན་བྱོལ་སྤྱི་ཚོགས་ནང་གི་ཨ་ཡོད་ནང་གི་ད་ཡོད་དང་། སྒོ་ངའི་ནང་གི་སེར་རིལ་སྟོང་གི་ནང་ནས་གདམས། བརྒྱ་ཡི་ནང་གི་རྩེ་ཕུད་མི་མང་གི་འཐུས་མིའི་ཚོགས་ཆེན་འདིའི་ཐོག་ནས་བོད་རྒྱའི་དཀའ་རྙོག་ད་མུས་བཞིན་དུ་མ་ལྷག་པར་བཟང་ཐག་ངན་ཐག་གཅོད་དགོས་པ་དེ་བོད་མི་རིགས་འདི་འཛམ་གླིང་མི་མང་གི་མདུན་དུ་ངོ་ཚ་མི་དགོས་པ་ཞིག་དགོས་པ་ལས་ཁ་དམག་རྒྱག་ཐུབ་པ་ཙམ་གྱི་བོད་རྒྱའི་དཀའ་རྙོག་ནམ་ཡང་སེལ་མི་ཐུབ་ལ། རྫོགས་རྒྱུ་མེད་པའི་གཏམ་བཤད་ལ་མི་མང་མགོ་འཁོར་ནས་བསྡད་པས་དེ་བས་ཀྱང་བོད་རྒྱའི་དཀའ་རྙོག་སེལ་ཐབས་མེད།
བོད་རྒྱའི་དཀའ་རྙོག་སེལ་ཐུབ་པ་ལ་ཆབ་སྲིད་ཀྱི་ཐབས་ལམ་འཚོལ་དགོས་པ་དེ་བོད་རྒྱའི་མགོ་འཁྲིད་རྣམ་པའི་ཐུགས་འགན་ངོ་མ་དེ་ཡིན་པ་ལས་ཞི་བའི་མི་མང་ལ་ནམ་ཡང་ཉེས་པ་དང་ཁག་དཀྲི་གཡོག་མི་ཉན་པ་བཅས་ཕྱི་ལོ་ ༢༠༠༨ དང་། ཕྱི་ལོ་ ༢༠༡༡ བཅས་ཀྱི་ཚོགས་ཆེན་ལྟ་བུའི་གྲོས་ཆོད་ལུང་པ་གང་བཞག་སྟེ། ཚོགས་ཆེན་གྱི་དོན་གོ་འགྲུབ་པར་ངོས་འཛིན་གནང་མ་དགོས་པ་ཞིག་དང་། ཁྲིམས་ཀྱི་དབང་བསྒྱུར་ནས་གང་ཟག་གི་དབང་བསྒྱུར་ལ་གོམ་གང་མདུན་སྤོ་བྱས་ཏེ། ཞི་བའི་མི་མང་ཚོགས་པ་སྐྱིད་སྡུག་གི་སྣེ་འཁྲིད་འོག་སྣ་མང་ལས་འགུལ་ནང་གཡས་འཐེན་གཡོན་འཐེན་གྱིས་དུས་ཚོད་རྫོགས་མ་དགོས་པའི་ཐོག་ནས་མགོ་འཁྲིད་གཅིག་དང་དར་ཆ་གཅིག་གི་འོག་ཏུ། དགོས་འདུན་གཅིག་དང་འབོད་སྒྲ་གཅིག་གི་ལམ་ནས། དུས་ཚོད་གཅིག་དང་རྣམ་འགྱུར་གཅིག་གི་ལས་འགུལ་ནང་། ཆོས་ལུགས་ཆོལ་གསུམ་དང་བཅས་པའི་གཞིས་བྱེས་བོད་མི་ཚང་མཉམ་ཞུགས་དང་། བསྡེབས་ལངས་ཐུབ་པའི་ཁྲིམས་ལུགས་སམ་སྒྲིག་གཞིའི་ལམ་སྟོན་བརྒྱུད་དེ། བོད་རྒྱའི་དཀའ་རྙོག་སེལ་ཐུབ་པའི་འགན་འཁུར་བཞེས་དགོས་པ་དེ་ཚོགས་ཆེན་ཚོགས་པའི་དོན་གོ་འགྲུབ་དགོས་པའི་འབོད་སྐུལ་དང་བཅས། རྒྱལ་ཁབ་དང་མི་རིགས་ཀྱིས་ཆབ་སྲིད་ལ་འགན་འཁུར་ནས་བཅའ་ཁྲིམས་དོན་ཚན་ ༡༣ པའི་ནང་དུ་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་བསྒྲུབས་ཏེ། གང་ཟག་སྒེར་གྱི་བསམ་ཚུལ་གླེང་པ་འདིའི་ཀྱང་བོད་རྒྱའི་དཀའ་རྙོག་མྱུར་དུ་སེལ་ཐབས་སུ་བསྔོ་བའོ།།
ཀོ་ལི་གྷ་གཞིས་ཆགས་ནས། ༢༠༡༢། ༧ ། ༢༤ །
གཞུང་པ་ཚེ་དབང་བསོད་ནམས་ཞུ་བས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ངེས་ཆ་ཡོད་པའི་ཐོག་རྩ་ོམ་ཡིག་སྤེལ་བ་འདི་ཕལ་ཆེ་བ་ཡིད་ལ་འཐད་ཀྱང་ཁ་ཤས་ཤིག་ལ་བསམ་ཚུལ་བཤད་འདོད་བྱུང་། དེ་ཡང་ མགོ་འཁྲིད་གཅིག་དང་དར་ཆ་གཅིག་གི་འོག་ཏུ། དགོས་འདུན་གཅིག་དང་འབོད་སྒྲ་གཅིག་གི་ལམ་ནས། དུས་ཚོད་གཅིག་དང་རྣམ་འགྱུར་གཅིག་གི་ལས་འགུལ་ནང་། ཆོས་ལུགས་ཆོལ་གསུམ་དང་བཅས་པའི་གཞིས་བྱེས་བོད་མི་ཚང་མཉམ་ཞུགས་དང་། བསྡེབས་ལངས་ཐུབ་པའི་ཁྲིམས་ལུགས་སམ་སྒྲིག་གཞིའི་ལམ་སྟོན་བརྒྱུད་དེ། བོད་རྒྱའི་དཀའ་རྙོག་སེལ་ཐུབ་པའི་འགན་འཁུར་བཞེས་དགོས་ཞེས་པ་དེ་ཧོབ་ཏེ་ལྟས་ན་སྙན་ཞིང་མཛེས་བརྗིད་ལྡན་པ་འདྲ་ཞིག་འདུག་ཀྱང་ལག་ལེན་གྱི་ངོས་ནས་ཡོང་རྒྱུ་ཧ་ཅང་གི་ཁག་པོ་རེད། ༧གོང་ས་མཆོག་ལས་བརྩི་མཐོང་ཆེ་བ་ཞིག་རང་ཅག་ལ་བྱུང་མྱོང་མེད་ཀྱང་ཁོང་གིས་དབུ་ཁྲིད་སྐབས་ཀྱང་རང་བཙན་གྱི་ལམ་དུ་བསྐྱོད་པའི་གཞོན་དུ་དང་སློབ་ཕྲུག་ཚོགས་པ། རྒྱ་གར་བོད་གྲོགས་ཚོགས་པ་སོགས་ཡོད་ཅིང་། བདེན་པའི་ཨུ་ཚུགས་ཟམ་གདོང་བླ་མ། རང་ཐག་རང་གཅོད་བཀྲས་མཐོང་བསྟན་རྣམ་སོགས་ཡོད་ཅིང་དེ་དག་གིས་༧་གོང་ས་ཆེན་པོའི་བཀའ་མ་བརྩིས་པ་རེད་ཅེས་བརྗོད་བཞིན་མེད། དམངས་གཙོའི་ཡུལ་གྲུར་ཆབ་སྲིད་ཀྱི་ལྟ་གྲུབ་མི་འདྲ་བ་ཡོང་ཆོག་པའི་ཐོབ་ཐང་ལེན་སྟངས་དང་འགན་ཁུར་སྟངས་མི་འདྲ་བས་དེ་དག་བྱུང་། ད་ལྟ་ཁོང་གིས་དངོས་སུ་ཆབ་སྲིད་ཀྱི་ཐུགས་འགན་གཞེས་ཀྱི་མེད་སྟབས་དེ་བས་ཀྱང་གཅིག་གྱུར་ཡོང་རྒྱུ་ས་ཐག་རིང་དུ་སོང་། ལྟ་གྲུབ་འདྲ་མིན་སོགས་ཡོད་མི་ཆོག་པའི་བཅའ་ཁྲིམས་ལྟ་བུ་ཞིག་གཏན་ལ་ཕབ་ཀྱང་དམངས་གཙོའི་སྲིད་གཞུང་ཚོས་དང་ལེན་མི་བྱེད་ལ་སྤྱི་ཚོགས་ཧྲིལ་པོ་རྙོག་ཟིང་དུ་མི་ཚུད་པའི་ངེས་པ་མེད། ང་ཚོས་རྟག་ཏུ་རྣམ་བཞག་ཀྱང་པ་བཤད་རྒྱུ་ལས་ལག་ལེན་གྱི་ཐོག་ཏུ་བསམ་བློ་མང་བ་གཏོང་དགོས། དེ་བཞིན་ད་བར་ཚོགས་སྡེ་དང་སྒེར་སོགས་ལྟ་གྲུབ་འདྲ་མིན་ཅན་ཚོ་དར་ཆ་གཅིག་གི་འོག་ཏུ་ཤར་སྐྱོད་གནང་ཡོད་ཀྱང་སྐར་ལྔའི་དར་དམྱར་འཕྱར་བའི་དབུ་མའི་ལམ་གྱི་ལས་འགུལ་ཁང་ཟེར་བའི་ཚོགས་པ་ཞིག་ཀྱང་ལོ་ཤས་སྔོན་རྡ་སར་མགོ་འབུས་ཡོད་པས་ད་དུང་ཅི་ཞིག་མགོ་འབུས་གྲབས་ཡོད་ཅི་ཆ། དེ་བཞིན་སྤྱི་འཐུས་ཚོ་ཆུ་ཚོད་ཉེར་བཞིའི་རིང་སྤྱི་འཐུས་ཀྱི་སྒྲིག་གཞིའི་འོག་ཏུ་སྡོད་དགོས་མིན་ཡང་དཔྱད་པའི་གཞི་རེད། དགོས་ན་སྤྱི་འཐུས་ལས་རྒྱུན་རིང་གཞུང་འབྲེལ་ཁོ་ན་ལས་སྒེར་གྱི་བསམ་ཚུལ་ལྟ་བུ་བཤད་ས་མེད་པ་རེད། གཞུང་གི་ལས་བྱེད་མང་པོས་ཚོགས་སྡེ་ག་གེ་མོར་གཏམ་བཤད་སྐབས་དེ་རིང་ང་རང་སྒེར་གྱི་བསམ་ཚུལ་བཤད་བཞིན་ཡོད་པ་ལས་གཞུང་གི་བསམ་ཚུལ་མིན་ཟེར་བ་ལྟ་བུ་དག་ནོར་བར་ངོས་ལེན་དགོས་འདུག འོན་ཀྱང་སྤྱི་འཐུས་བཅུ་པོ་དེ་དག་གིས་གཞུང་འབྲེལ་ཡིན་ཚུལ་གྱིས་དེ་ལྟར་གནང་བཞིན་ཡོད་ན་དེར་ངས་ཀྱང་ངོས་ལེན་མེད། གང་ལྟར་བསམ་ཚུལ་ཙམ་ཡིན།
དོན་ཚན་བཅུ་གསུམ་པ། ཡུལ་མིའི་ལས་འགན།
བོད་ཀྱི་ཡུལ་མི་ཚང་མས་བསྒྲུབ་དགོས་པའི་ལས་གཤམ་གསལ།
༡ བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད།
༢ བཅའ་ཁྲིམས་དང་། ཁྲིམས་ལུགས་ཁག་ལ་སྙིང་བརྩི་བཀུར་དང་། ཉམས་ལེན།
༣ བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་བརྩོན་བྱ་རྒྱུ།
ཞེས་སོགས་བཀོད་ཡོད། གོང་གི་རྩོམ་བྲིས་པས་ཤེས་དགོས་པ་ལ་ཞིག་ལ་བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད་མི་བྱེད་མཁན་སུ་ཡིན་ཤེས་དགོས།
གཉིས་པ་་་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་ནང་དུ་བོད་རྒྱ་ཁུངས་སྡོད་དགོས་ཅེས་གང་ནའང་མི་གསལ། ཁྱོད་ཀྱིས་མཐོང་ཡོད་ན་སྟོན་རོགས་བྱོས།
སྙིང་རྗེ་ཁྲིམས་ལུགས་འདྲ་ཞིག་བཤད་མདོག་མདོག
འོག་གི་ཡར་ཀླུ་ལྷ་རྗེ་ལགས། བཀའ་ཤག་གིས་སྨན་པའི་ལྷན་ཚོགས་ལ་སྒོར་མོ་མ་སྤྲད་པར་སྙིང་ནད་བཟུང་ནས་བོད་རྒྱལ་ཁབ་ཙོང་དགོས་མདོག་མདོག་མ་བཤད། མང་པོ་ཆགས་སོང་།
གཞུང་པ་ཚེ་དབང་བསོད་ནམས་ལགས་ཀྱིས་རྩོམ་ཡིག་དཔེ་ཡག་པོ་ཞིག་བྲིས་འདུག རྩོམ་ཡིག་འདིའི་ནང་དོན་ཆ་ནས་བརྗོད་ན་བཀླགས་ཚར་རྗེས་མི་འདིའི་ཤེས་ཚད་དང་མཐོང་རྒྱ་སོགས་གང་ཙམ་ཡོད་པའི་མི་གཅིག་ཡིན་པ་འདྲ།
འཇམ་ནོར་ལགས་ཀྱིས་གཙོས་པའི་བོད་རང་བཙན་ལྷན་ཚོགས་འཛུགས་རྒྱུ་ཡིན་ཟེར་མཁན་ཚོས་བསམ་གཞིགས་ཡག་པོ་གཅིག་སྔོན་ནས་གཏོང་དགོས་ཀྱི་འདུག
ལྷན་ཚོགས་བཙུགས་ནས་ཁུངས་འཁྱོལ་གྱི་རེད་དམ་མ་རེད། ལྷན་ཚོགས་དེས་རྒྱ་བོད་ཞི་སྒྲིག་ལ་ཕན་དང་མི་མི་ཕན། བོད་མིའི་འཕྲལ་ཕུགས་ཀྱི་མངོན་འདོད་འགྲུབ་ཐུབ་དང་མ་ཐུབ་སོགས་ལ་རྣོ་བསམ་ཡག་པོ་གཏོང་དགོས།
དེ་ནི་ཤིན་ཏུ་ནས་གནད་འགགས་ཅན་ཞིག་ཆགས་ཡོད།
ང་ཚོའི་ད་ཡོད་ཀྱི་བཅའ་ཁྲིམས་དང་། སྤྱི་འཐུས་དམ་འབུལ་གྱི་བརྗོད་ཚིག་གང་ཞིག་གི་ནང་སྤྱི་འཐུས་སྒེར་ལ་རང་བཙན་གྱི་ལྟ་བ་ཡོད་མི་ཆོག་པ་དང་། རང་བཙན་ཐད་ལས་ག་བྱས་མི་ཆོག་ཟེར་ནས་ག་བར་བཀོད་འདུག ཁྲིམས་ཡིག་དང་འབྲེལ་བའི་སྐད་ཆ་བཤད་ན་དེར་ཁྲིམས་ཡིག་རང་ངོས་ནས་གཞི་འཛིན་ས་ཤིག་ཅེས་ཀྱང་དགོས་པ་རེད།
སྤྱི་འཐུས་ལ་སོགས་ཁྲིམས་དང་འགལ་ཡོད་ན། རང་གཞུང་ཁྲིམས་ཁང་ལ་གཏུགས་གཤེར་བགྱིས་ནས་ཞལ་ཆེ་གཅོད་དགོས། གལ་སྲིད་གཞུང་དམངས་གཉིས་ཀྱི་ནང་ན་ཁྲིམས་ལ་བདེན་པའི་རྒྱབ་བྱས་ཏེ་ཁྲིམས་གཏུགས་བྱེད་མི་ཡོད་སོང་ན། བོད་ཀྱི་བཅའ་ཁྲིམས་རིན་པོ་ཆེ་ལ་སྲོག་ཡོད་པ་བདེན་དཔང་བྱས་པ་གཅིག བོད་མི་རྣམས་ཀྱིས་རང་ཁྲིམས་ལ་ཡིད་བརྟན་འཕེར་བ་གཉིས། རྒྱལ་སྤྱིའི་དམངས་གཙོའི་གྲལ་དུ་ཚུད་པ་དང་གསུམ་བཅས་པའི་ཕན་འབྲས་བླ་མེད་འབྱུང་སྲིད།
ཁྱེད་ཀྱི་བསམ་ཚུལ་འདི་ལ་རྒྱབ་སྐྱོར་ཡོད་ལ། རང་བཙན་རྒྱལ་ཡོངས་ལྷན་ཚོགས་ནང་བཞུགས་མཁན་དང་། གོ་སྒྲིག་ཚོགས་ཆུང་ནང་ཡོད་སྤྱི་མཐུས་དེ་ཚོས་དམ་འབུལ་དང། བཅའ་སྒྲིགས་འགལ་བཞིན་རང་སྣང་གང་དྲན་བྱེད་བཞིན་པ་ནི་ཆབ་སྲིད་ཀྱིས་དགོས་དམིགས་གང་གི་ཆེད་ཡིན་མིན་དྭོགས་གནས་སུ་མཐོང་གི་ཡོད། རྒྱ་དམར་གྱི་ག་དུས་ཡིན་ཡང་༧གོང་ས་མཆོག༧ དང་བཙན་བྱོལ་སྒྲིག་ཚུགས་ཀྱིས་གཉིས་ཕན་དབུ་མའི་ལམ་ལ་མངོན་པ་མི་གསལ་བའི་རང་བཙན་བརྗོད་ཀྱི་ཡོད་པ་དེར་ད་དུང་ཡང་ད་ལྟའི་སྤྱི་མཐུས་དེ་ཚོས་ཆར་པ་ཆུ་གྲོགས་ཀྱིས་དམིགས་ཡུལ་ལས་དེ་མིན་དེའི་ནང་ཚོགས་བཞུགས་བྱས་ནས་བོད་དོན་ཕན་པའི་བྱ་བ་གང་ཡང་གྲུབ་རྒྱུ་མེད། མ་ཟད་ཁ་སྟོང་ཚོར་སྣང་གི་གཏམ་བཤད་གྱི་བོད་ནང་ཡོད་པའི་བོད་མི་དེ་ཚོ་མེ་གདོང་ནང་འབུད་རྒྱུ་ལས་གཞན་ཡོང་རྒྱུ་གང་ཡང་མེད་པ་ད་ལྟའི་ལྷགས་བསམ་ཚེ་རིང་གི་ཐོགས་རྩེགས་བཞི་ལྡན་གི་ཁང་པ་དང། འཇམ་ནོར་གྱི་ནུབ་ཕྱོགས་ཨ་རིའི་མི་སེར་བཟོས་ནས་སྐྱིད་ཉལ་ལ་ལྟོས་ཤིག སྤྱི་མཐུས་ཁྱེད་ཚོ་བཅའ་སྒྲིགས་དང་མཐུན་པར་ལས་ཀ་བྱས་ལེགས། རང་སྣང་གང་དྲན་གྱི་ཆབ་སྲིད་མ་བྱེད་དེ་མིན་ན་མགོ་ལ་དབྱུག་པ་ཐོག་ཡོང་།