མདོ་སྨད་རྨ་ལྷོ་རེབ་གོང་ས་ཁུལ་གྱི་བོད་མི་ཚོས་འདི་ལོའི་དྲུག་པའི་ཀླུ་རོལ་མྱ་ངན་གྱི་རྣམ་པས་སྲུང་གཙི་བྱས་ཡོད་འདུག
དགེ་འདུན་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ལོ་རེའི་བོད་ཟླ་ ༦ པའི་ནང་བོད་མདོ་སྨད་རྨ་ལྷོ་རེབ་གོང་ས་ཁུལ་གྱི་བོད་མི་ཚོས། བོད་ཀྱི་སྲོལ་རྒྱུན་གྱི་རྒྱན་ཆ་འདོགས་པ་དང་གྱོན་གོས་གསར་བ་གོན་པ། ལྷ་རྩེད་དང་ཀླུ་རྩེད། དམག་རྩེད། གཞན་ཡང་། གླུ་དང་ལ་གཞས། གར་རྩེད་སོགས་བྱེད་སྲོལ་ཡོད་ཀྱང་། འདི་ལོ་རེབ་གོང་ས་ཁུལ་གྱི་བོད་མི་ཚོས་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་སྐུ་གྲོངས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་དང་། ད་ལྟའི་རྒྱ་གཞུང་གི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད། སྤྱིར་བཏང་གི་བོད་ལྭ་གོན་པ་དང་། རྩེད་མོའི་རིགས་ཆ་ཚང་མཚམས་འཇོག་གིས་མྱ་ངན་གྱི་རྣམ་པས་སྲུང་གཙི་བྱས་ཡོད་པ་མ་ཟད། སྡེ་བ་ཁག་ཅིག་གིས་ལྷ་བབ་བཅུག་ཏེ་ལྷ་བས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་ཁ་བཏགས་སྒྲོན་འབུལ་ཞུས་ཡོད་འདུག