མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཤག་ནས་བོད་མིར་མགོ་སྐོར་བཏང་བ།

བོད་ཀྱི་དུས་བབ།
༢༠༡༢/༠༨/༣༠
Share on FacebookShare on TwitterShare on EmailShare on Whatsapp

གྱད་ལྷ་དགའ།

རང་བཙན་དང་རང་སྐྱོང་བར་གྱི་འགལ་འདུ། ལོ་རྒྱུས་ཐོག་ལ་རང་བཙན་དང་རང་སྐྱོང་གཉིས་ཀ་བྱུང་མྱོང་ཡོད་ཅིང་། གནས་བབ་དང་ཆབ་སྲིད་བསམ་བློ་སོགས་ལ་གཉིས་ཀར་གྲ་སྒྲིག་ཆོག་པ། རེ་བ་ཡང་གཉིས་ཀར་བརྒྱག་ཆོག་ལ། ཡིད་ཆེས་དང་གདེང་ཚོད་ཀྱང་གཅིག་འདྲ་ཡིན་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་མ་འདྲ་བ་གཉིས་ཀྱི་བསམ་བློའི་འཐབ་རྩོད་ནི། ད་སྐབས་ཆེས་ཛ་དྲག་ཅན་དུ་འགྱུར་ཡོད་ཚོད་འདུག རང་སྐྱོང་མངོན་འདོད་མཁན་དག་གིས་ལོ་རྒྱུས་ལ་གཞི་བཅོལ་བ་མ་ཡིན་པར། སྔ་མོ་ཞིག་ལ་རྒྱ་རྒན་ཏིང་གིས་རྒྱལ་དོན་ཅན་ལ་བཤད་པར་གྲགས་པའི་འཆལ་གཏམ་ཁུངས་མེད་ཅིག་ལ་གཞི་བྱས། བོད་མའི་རྒྱ་ཆ་གོ་དགུའི་གདམ་ཁ་ཡིན་ཚུལ་གྱི་དྲིལ་བསྒྲགས་ས་ཆེན་རལ་བ་ལྟ་བུ་ཞིག་གི་འོག་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་ཡིན་ཏེ་འདུག


རྒྱ་རྒན་ཏིང་གི་སྐད་ཆ་ཡིན་པའི་ཁུངས་ལུང་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། བོད་མའི་རྒྱ་ཆ་གོ་དགུའི་གདམ་ག་ཡིན་ཡང་རུང་ལ་མིན་ཡང་རུང་། གང་ལྟར་རྩ་དོན་དེར་ཐབས་ལམ་གཅིག་ཡོད་པ་ནི་དབུ་མའི་ལམ་ཟེར་བའི་སྲིད་བྱུས་ནོམ་ཆེན་དེ་ཡིན་པ་རེད། བོད་རྒྱའི་འགལ་བ་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་དང་དེ་ཡང་གཉིས་ཕན་དབུ་མའི་ལམ་ལ་གཞོལ་དགོས་པ་གཉིས་ཕན་དབུ་མའི་ལམ་གྱི་གྲུབ་འབྲས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡིན་པ་སོགས་ཁ་ཡག་ལུང་པ་གང་བཤད་པ་དང་སྐུ་ཚབ་ཕར་གཏོང་ཚུར་སླེབས་ཀྱི་སྐབས་རེ་རེར་སྐུ་ཚབ་གཉིས་དང་བཀའ་ཁྲི་ཟམ་གདོང་བཅས་ཚང་མས། ཁ་ཡག་ཡིན་པ་དང་ཞལ་རྫུན་ཡིན་པ་བོད་མི་རྣམས་མགོ་སྐོར་ཡིན་པ་བཅས་ཀྱི་གྲུབ་འབྲས་གང་འཚམས་ཡོད་ལུགས་དང་ཕར་ཕྱོགས་ནས་ངོས་ལེན་སྔར་དང་མི་འདྲ་ལུགས་རེ་བ་ཡོད་ཚུལ་སོགས་ཁ་ཁོག་མི་མཚུངས་པའི་མུ་ཅོར་གྱི་གཏམ་དག་བར་མེད་དུ་སྨྲས་རྐྱེན་ད་བར་དུ་བོད་མི་བྱིངས་མགོ་སྐོར་འོག་ཏུ་ཚུད་པ་རེད་འདུག


དེ་ལྟར་སྨྲས་རྐྱེན་རང་ངོས་ནས་རྟོག་དཔྱོད་ཀྱི་བློ་མིག་གཏན་ནས་མ་དོད་ཅིང་གཞན་ཟེར་ལ་མཛུབ་མོ་གར་བསྟན་ཤར་རང་དུ་ངོས་འཛིན་རྐྱང་གནང་བའི་སྤྱི་འཐུས་འགའ་ནས་དབུ་མའི་ལམ་གྱི་བོད་རྒྱའི་དཀའ་རྙོག་སེལ་ལ་ཉེ་ཚུལ་དབུ་མའི་ལམ་གྱི་བོད་མའི་མངོན་འདོད་འགྲུབ་ལ་ཉེ་ཚུལ་སོགས། རྒྱུ་མཚན་དང་གནས་ལུགས་སོར་གང་མེད་པར་མ་ཡིན་ཡིན་མདོག་ཆེན་པོས་བཤད་རྐྱང་གནང་བ་རེད། དབུ་མའི་ལམ་ལམ་རང་སྐྱོང་མངོན་འདོད་ནི་བོད་མའི་རྒྱ་ཆ་གོ་དགུའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཡིན་མིན་ཤེས་དཀའ་ཞིང་ལྐོག་ཏུ་གྱུར་ནའང་། ༧གོང་ས་མཆོག་གི་ཐུགས་བཞེད་དང་བཞེངས་ཕྱོགས་ཡིན་པ་ནི་གསལ་པོར་ངེས་ཟིན་འཐོབ་རྒྱུ་ཞིག་ཡིན་སྣང་ཤར། རྒྱུ་མཚན་དེ་ལ་བརྟེན་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུས་པ་ལས་རང་ངོས་ནས་ཆབ་སྲིད་ཀྱི་གནད་འགག་ཤེས་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཕལ་ཆེར་མེད་པའི་ཚོད་དུ་འདུག


དེ་ལས་ཐབས་སྐྱོ་བ་ཞིག་ལ་སྐབས་སྔ་མའི་དཀའ་ཤག་ལྟ་བུ་ཡིན་ན། ཁ་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་མདོག་གིས་བོད་མི་རྣམས་ལ་མགོ་སྐོར་བཏང་ཡང་། དོན་དུ་དབུ་མའི་ལམ་ལ་ཡིད་ཆེས་དང་རེ་བ་མེད་པར་མ་ཡིན་ཡིན་མདོག་གནང་བ་མིན་ནམ་སྙམ་པའི་རྣམ་རྟོག་སྐྱེ་གཞི་དེ་འདྲའང་མཐོང་ཐོས་ཡོང་གི་ཡོད་པ་རེད། དཔེར་ན། སྐབས་སྔ་མའི་དཀའ་བློན་ཞིག་ནས་བརྗོད་དོན། ང་ཚོ་བོད་ལ་རེ་བ་བརྒྱག་ས་གཅིག་རང་ཡོད་པ་དེ་རྒྱ་གཞུང་དམངས་གཙོའི་ལམ་དུ་ཕྱོགས་མིན་དེ་རེད། གལ་སྲིད་དམར་གཞུང་དམངས་གཙོའི་ལམ་དུ་ཁ་ཕྱོགས་པ་ཡིན་ན། དེའི་དུས་སུ་ང་ཚོས་རང་བཙན་དང་རང་སྐྱོང་གང་བརྩད་ཀྱང་རེ་བ་ཆེན་པོ་ཡོད་པ་དང་། དེ་མ་བྱུང་བར་དུ་ང་ཚོས་འདི་ནས་ཅི་ཞིག་བཤད་ཀྱང་ལག་པ་ཡ་གཅིག་གིས་ཟློག་པ་མི་ཡོང་བའི་དཔེ་ལྟར་གང་ལ་ཡང་རེ་བ་མེད་ཚུལ་འདྲ་འདྲ་འགྲིག་འགྲིག་གིས་བཤད་འདུག་པ་ལྟ་བུ་རེད། ཕལ་ཆེར་དེ་ནི་དོན་དངོས་ཡིན་རྒྱུ་རེད་ལ། དོན་དངོས་དེ་ལྟར་ཡིན་པ་ཤེས་བཞིན་དུ་རང་སྐྱོང་ལས་རང་བཙན་ལ་མདུན་ལམ་མེད་ཚུལ་རྦད་དང་བཅས་ཏེ་བཤད་དོན་ཅི་ཞིག་ཡིན་ནམ།

གལ་སྲིད་སྐུ་ཚབ་རྣམ་གཉིས་དང་བཀའ་ཁྲི་བཅས་པས་བརྗོད་གསལ་ལྟར། རྒྱ་ཕྱོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་ཡི་ཡོད་པ་བདེན་ན། བོད་མའི་ཕལ་གྱི་སྙིང་ལ་གྲི་གཡུག་པ་ལྟ་བུའི་རང་སྐྱོང་མངོན་འདོད་ཀྱི་ཡིག་ཆ་རྒྱ་མིར་སྤྲད་རྗེས། ཅིའི་ཕྱིར་འབྲེལ་མོལ་མཚམས་ཆད་པ་རེད། ད་བར་དུ་བསྐྱར་གསོ་མ་ཐུབ་པར་ཅིའི་ཕྱིར་ལུས་པ་རེད། དེ་མ་ཚད་སྐུ་ཚབ་གཉིས་ནས་ད་སྐབས་ཁ་ཆུ་ཡི་འཁྱག་ཚད་བཤད། མུ་ཤི་ལུང་པ་གང་བགྲང་ནས་དགོངས་པ་ཞུ་དོན་ཅི་རེད། མིག་མཐོང་ལག་ཟིན་གྱི་གནས་ཚུལ་འདི་ཙམ་མདུན་དུ་ལྷག་ཀྱང་། མི་ལོ་བཅུ་ཡི་རིང་ལ་གྲུབ་འབྲས་དང་བྱས་རྗེས་སྣ་གཅིག་སྟོན་རྒྱུ་མེད་པར་དེ་རིང་སྒྲེན་མོ་ལག་སྟོང་མཆན་དུ་བཅུག་ནས་ཁྲི་ལས་གཡོལ་སྐབས། བཀའ་ཤག་གསར་པར་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་མ་གཏང་ན་ཡག་ཚུལ་གལ་སྲིད་སྲིད་བྱུས་དེར་འགྱུར་བ་གཏང་བ་ཡིན་ན་བཀའ་ཤག་གསར་པར་མདུན་ལམ་དང་རེ་བ་མེད་ཚུལ་བརྗོད་དེ་རྟིང་བསྐུལ་དང་སྲིད་བྱུས་དེར་བཙན་བརྫང་བྱེད་དོན་ཅི་ཞིག་རེད།


དེས་ན་ད་ནི་ལོ་རྒྱུས་ཀྱི་རིན་ཐང་མི་གཅིག་ལ། མདུན་ལམ་ཡོད་མེད་ཀྱི་ཁྱད་པར་ཕྱེ་རྒྱུ་མེད་པ། དམིགས་ཡུལ་དང་རེ་བ་གཅིག་མཚུངས་ཡིན་ཡང་། བོད་མི་རྣམས་ཀྱི་སེམས་ལ་གཅེས་ལུད་གནམ་ས་ཙམ་ཤོར་བའི་རང་བཙན་གྱི་ལྟ་གྲུབ་བསྐྱར་དར་བཏང་སྟེ་གཞུང་སྒེར་ཚང་མས་སྲིད་བྱུས་གཅིག་ལ་ཤི་འཇུ་རོ་འཐམ་དགོས་པ་ལས། ཁ་གཅིག་ཁོག་གཉིས་ལྟ་བུའི་གཡས་འགྱུར་གཡོན་འགྱུར་གནང་རྒྱུ་མི་འདུག་བསམ། ལྷག་པར་དམར་གཞུང་ཡང་དག་པའི་དམངས་གཙོའི་ལམ་དུ་མ་ཕྱིན་བར་དུ་ང་ཚོ་ལ་བྱེད་ཐབས་མེད་པར་བདེན་ཤས་ཆེ་བས། དེའི་བར་དུ་ང་ཚོ་གཏམ་སྣེ་གཅིག་དང་རེ་བ་གཅིག་གྲ་སྒྲིག་གཅིག་དང་དམིགས་ཡུལ་གཅིག་ལ་སྣ་གཏད་དགོས་པ་ལས། འདི་ནས་ཁ་ཉེན་ཚིག་འཆལ་ཤོར་མི་ཉེན་པ་དང་། སྔར་ཤོར་བ་རྣམས་ཀྱང་ཡོངས་ཁྱབ་ཏུ་རྩིས་མེད་སོང་ཚུལ་གསར་འགོད་གསལ་བསྒྲགས་སྤེལ་དགོས་པ་གལ་ཆེན་རེད།


དེ་ལྟར་མ་བྱས་ཚེ། ཡི་གེ་ནག་ཆུང་ཤི་མེད་དང་ཐེལ་ཚེ་ཁྲ་མོ་བོར་མེད་ལྟ་བུའི་ཚིག་འཆལ་ཁག་ཡིག་ཚང་ཁག་ཏུ་ལུས་ཤོར་ཚེ། རྗེས་ཕྱོགས་ཚིག་རེ་རེའི་ན་ས་དང་། ཚིག་རེ་རེའི་འཆི་ས་བྱེད་ངེས་ཡིན་དུས་ཏན་ཏན་དཀའ་ངལ་ཡོང་རྒྱུ་རེད་སྙམ་བཞིན་འདུག ད་དུང་ཡང་དམར་གཞུང་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ལ་འདུག་བཅུག་མིན་ལ་མ་བལྟོས་པར་འདུག་འདོད་ཀྱི་བསམ་བློར་རྗེ་སྤོར་མེད་པར། གཞུང་གི་ལངས་ཕྱོགས་ཀྱང་དེར་ཕྱོགས་སུ་བཙན་གྱིས་དྲངས་ན། ནམ་ཉི་མ་ཞིག་ལ་ལོ་རྒྱུས་ཀྱིས་ཀྱང་དཔང་པོ་མི་ཐུབ་པར་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་འབངས་ནས་ཁ་བྲལ་ཐབས་མེད་པའི་ཉི་མ་ནག་པོ་ཞིག་ཐོད་ལ་ཤར་ཚེ། རྣམ་པ་ཚོ་ནག་ཉེས་ལ་དེ་ཡན་མེད་པའི་ལོ་རྒྱུས་ཐོག་གི་མི་སྣར་ཆགས་པ་རེད་ལ་ནམ་ཡང་བསྒྱུར་དུ་མེད་པའི་རྒྱལ་འཚོང་བའི་ཆོ་ལོ་དེ་ཡང་རྣམ་པ་ཚོའི་དབུ་དང་སྐེ་ལ་གཏན་དུ་འཁོར་བ་རེད། སྐབས་དེ་དུས་བཙན་པོའི་ཁྲག་རྒྱུན་རྩ་ལམ་དུ་བཞུར་ཞིང་། གངས་ལྗོངས་ཀྱི་ཡ་ང་བའི་སྐྱོ་གར་མིག་མདུན་དུ་ལྷག་པ་མ་བཟོད་ནས་རྣམ་པ་ཚོའི་དུར་བྱང་ཚུན་དུ་ངོ་རྒོལ་སྡིགས་དམོད་ཀྱི་འཕྲེད་དར་འཛུགས་མི་སྲིད་པ་མིན་པ་ད་ཙམ་ནས་ཤེས་པ་གནང་རོགས།

 

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

གཞས་པ་ཨ་སངས་ལགས་མུ་མཐུད་བཀག་ཉར་འོག་ཡོད་འདུག

༢༠༢༥/༡༠/༡༨
Zhang Youxia (front), newly-elected Vice Chairman of the Central Military Commission of the People's Republic of China, swears an oath with members of the Central Military Commission (L-R) Zhang Shengmin, Liu Zhenli, He Weidong, Li Shangfu, and Miao Hua, after they were elected during the fourth plenary session of the National People's Congress (NPC) at the Great Hall of the People in Beijing. photo credit: Reuter
Mobile App

རྒྱ་ནག་གཞུང་གིས་དམར་ཤོག་དཔོན་རིགས་དགུ་ཕྱིར་ཕུད་བཏང་།

༢༠༢༥/༡༠/༡༨
མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་བརྟན་གསུམ་འདེགས་འབུལ་ཞུས། ༢༠༢༥།༡༠།༡༨ དུས་བབ་ཀྱི་པར།
Mobile App

མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།

༢༠༢༥/༡༠/༡༨
Richard Gere receiving the Human Rights First Visionary Award. Photo: ICT
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ།

༢༠༢༥/༡༠/༡༧
Mobile App

སེར་བྱེས་མཁས་སྙན་གྲྭ་ཚང་གིས་༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་གཙི་ཞུས།

༢༠༢༥/༡༠/༡༧
Mobile App

བོད་ནང་ཤོག་སྦག་གི་སྒྱུ་རྩལ་འགྲེམས་སྟོན་བྱེད་མཁན་ལ་ཉེས་ཆད་བཅད།

༢༠༢༥/༡༠/༡༦

མཆན། 34

  1. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    ལོག་འཇོམས་རལ་གྲིས་གསུང་བ་དོན་ལ་གནས་འདུག་ལ་དེ་དེ་བཞིན་ནོ། བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད།

    Reply
  2. ལོག་འཇོམས་རལ་གྲི། says:
    ལོ་ 13 སྔོན།

    བཙན་པོའི་བུ།
    དགྲ་ལྷ་རྩེ་རྒྱལ།
    རྒྱ་རྙི།

    འདི་ཚོ་ཡང་མིང་རྫུན་རྐྱང་རེད་ལ། བདག་ཀྱང་མིང་རྫུན་འོག་ན་ཡོད། མི་རྫུན་གྱི་འོག་ཏུ་མ་ཡིབ་ན་དྲ་ཁྱི་དག་གིས་སོ་རྒྱག་སེམས་ཐག་རེད་གོ  ་་་་་་་་་་་་་་ ཧཧཧཧཧཧ

    Reply
  3. ལོག་འཇོམས་རལ་གྲི། says:
    ལོ་ 13 སྔོན།

    སྤྱི་ཙོགས་ཀྱི་དཔྱད་བརྗོད་དག་ནི་ངེས་པར་ཡོད་དགོས་པ་རེད་ལ། གླེང་མཁན་དག་གིས་ཀྱང་དྲང་ཕྱོགས་ནས་གླེང་དགོས་པ་དང། དེ་ལྟར་གླེང་ཐུབ་ན་ལྷག་པར་དགོས་དོན་ཆེ་བ་ཡིན། དེ་ལྟར་ན་གླེང་གཞིར་བཟུང་མི་ཆོག་པའི་ཤེས་བྱ་ཞིག་གཏན་ནས་ཡོད་པ་མ་རེད་ལ། གང་ཟག་ཞིག་ནི་དེ་བས་ཀྱང་ཡོད་པ་མ་རེད། སེམས་ཅན་གྱི་ཁ་སངས་རྒྱས་ཀྱིས་མི་ཁོག་ཟེར་བ་ལྟར་རེད། འདི་ནི་གནས་ལུགས་ཀྱི་མདུན་ན་སུ་ལའང་དམིགས་གསལ་མེད་པས་རེད། ཁ་ཟེར་བ་ལ་ཞེད་ན་རང་གི་གོམ་པ་སྤོ་སྟངས་ལ་འགྱུར་བ་གཏོང་དགོས་པ་ལས་མི་ཡི་ཁ་བཙན་གྱིས་འགོག་ན་སྨྲ་བརྗོད་རང་དབང་ལ་རྡོག་བརྫིས་བྱས་པ་རེད།

    ཡིནའང་འདི་ན་ཁ་ཤས་ཀྱིས་རང་གི་བསམ་ཚུལ་དང་མི་མཐུན་པའི་དཔྱད་བརྗོད་རེ་མཐོང་བ་དང་ལམ་སང་མི་དམངས་ཀྱི་མདུན་ན་ནག་པོ་བཟོ་ཐབས་བྱེད་པ་མ་ཟད། མིང་འདོགས་ཀྱོ་འོག་ལ་ཡིབ་ནས་ཉོག་གཏམ་བཤད་མི་ཆོག་པ་དང་། བུ་ཡིན་ན་རང་གི་གདིང་རིས་ངོ་མ་བསྟན་དགོས་པར་སྒྲོག་གིན་འདུག སྨྲ་མཁན་ཁོ་རང་ཚོ་ལ་གཅིག་བལྟས་ཡོང་དུས་ཁོ་རང་ཚོ་ཡང་མིང་འདོགས་རེའི་འོག་ན་ཡིབ་ཅིང་ཉོག་གཏམ་རྫོགས་རྒྱུ་མེད་པ་རེ་བཤད་བཞིན་འདུག སོམས་དང་ཅི་འདྲ་རེད། མི་ས་ལ་རང་བཞག། རང་ས་མི་བཞག་ཏེ་གཅིག་སོམས་དང་ངུ་དྲི་མི་བྲོའམ། དེའི་ཕྱིར་ངས་འདི་དག་ལ་དེང་རབས་བོད་ཀྱི་དྲ་ཁྱི་རུ་འབོད་ན་འདོད་དེ། རང་གི་བསམ་ཚུལ་རྗོད་མི་ཆོག་ཟེར་ནས་ཟུག་བཞིན་འདུག་པས་སོ།

    དེས་ན་བསམ་ཚུལ་གཅིག་ལས་ཡོང་མི་ཆོག་པའི་བསམ་བློག་དོག་པོ་དེ་ཅུང་ཟད་ཀློད་དེ་བསམ་ཚུལ་སྣ་ཚོགས་ལ་གུ་ཡངས་མོས་ཉན་ཏེ་དཔྱད་བསྡུར་བྱེད་དགོས་ལ། གལ་ཏེ་དཔྱད་བསྡུར་བྱེད་པའི་རིན་ཐང་མི་འདུག་སྙམ་ན་བདག་པོ་མ་རྒྱབ་ན་ཡང་ཆོག། གལ་ཏེ་བསམ་ཚུལ་རྗོད་མཁན་དག་གི་གདོང་རིས་ངོ་མ་དེ་མཐོང་ན་འདོད་ཚེ། རང་གི་བསམ་ཚུལ་ཁ་ནས་ཐོན་མ་ཐག་མི་མང་མདུན་དུ་ནག་པོ་བཟོ་བའི་འབུར་འཇོམས་ཀྱི་གོམས་གཤིས་ངན་པ་དེ་གཙང་བཟོ་བྱེད་དགོས་པར་འདོད་ལ། འདི་ནི་ངས་བསམ་ཚུལ་ཡིན། དེས་ན་རང་དབང་ལུང་པ་ལ་བསྡད་དེ་བསམ་ཚུལ་ཁོག་ཏུ་རུལ་ན་ཕངས་སྙམ་ཏེ་འདིར་བཀོད་པ་ཡིན། སྨྲ་བརྗོད་རང་དབང་གི་ས་མཚམས་དང་འགལ་འདུག་ན་གསལ་སྟོན་གནང་རོགས་ཞུ་བཞིན་ཡོད་དོ།།

    Reply
  4. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 13 སྔོན།

    གྱད་ལྷ་དགས་མི་ཤེས་ཤེས་མདོག་ཏོག་ཙམ་བྱས་འདུག རྩོམ་ཡིག་གི་དུམ་མཚམས་དང་པོའི་ནང་ལ་རྒྱ་རྒན་ཏིང་གི་སྐད་ཆར་བརྟེན་ནས་རང་སྐྱོང་ངམ་དབུ་མའི་ལམ་གྱི་རྩེ་མོ་ཚུགས་ཤིང་རྩ་བ་རྒྱས་རབས་བཤད་འདུག དེ་ནི་བདེན་པ་རྩ་བ་ནས་མ་རེད།
    རང་སྐྱོང་ཡོང་བའི་བསམ་བློའམ། དབུ་མའི་ལམ་གྱི་བསམ་བློ་ནི་དེའི་སྔོན་ནས་འཆར་གཞི་དང་བསམ་བློ་བཏང་ཚར་བ་ཞིག་ཡིན་པ་༸གོང་ས་མཆོག་གིས་ཡང་ཡང་གསུངས་པ་དེ། གྱད་ལྷ་དགས་མ་ཤེས་པ་རེད་དམ་མ་ཤེས་མདོག་མདོག་རེད།

    Reply
  5. འཇམ་དབྱངས་གྲགས་པ། says:
    ལོ་ 13 སྔོན།

    བཙན་པོའི་བུས་བཤད་པ་བདེན་པ་རེད། ལམ་དབུ་མ་ནི་༧གོང་ས་མཆོག་གི་དགོངས་གཞི་དང་བོད་མི་མང་ཚོགས་ཀྱི་མངོན་འདོད་ཡིན་པ་སྤྱི་འཐུས་ཚོགས་ཆེན་ཐོག་ཐག་བཅད་པ་ལས་ཟོམ་གདོང་རིན་པོ་ཆེས་མི་གནང་དགུ་གནང་གནང་ནས་རང་དོན་བསྒྲུབས་པ་མ་རེད། ཤ་ཚ་གྱད་ལྷ་དགའ་ཟེར་བ་འདི་དཔལ་འབྱོར་གྱི་འཁོས་ཀ་ཞན་ཅིང་མི་ཆེན་གྱི་རྒྱབ་སྐྱོར་མེད་ལ་རང་ཉིད་ལ་འཇོན་ཐང་མེད་པའི་མི་དེའི་གྲས་ཤིག་ཡིན་ས་རེད། སྐར་མ་གཉིས་ཀྱི་སྐད་གྲགས་ཐོབ་ཆེད་ཟོམ་གདོང་རིན་པོ་ཆེན་སོགས་བོད་ཀྱི་ཆབ་སྲིད་ཀྱི་ཀ་བ་དག་དངོས་སུ་དགག་པའི་ཟོལ་གྱིས་དོན་དུ་༧གོང་ས་མཆོག་གི་གསུང་ལ་ངོ་ལོག་བྱེད་བཞིན་ཡོད་པ་རེད། མ་བདེན་ན་ཚིག་དུམ་འདི་ལ་ལྟོས་དང་།
    “རྒྱ་རྒན་ཏིང་གི་སྐད་ཆ་ཡིན་པའི་ཁུངས་ལུང་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། བོད་མའི་རྒྱ་ཆ་གོ་དགུའི་གདམ་ག་ཡིན་ཡང་རུང་ལ་མིན་ཡང་རུང་། གང་ལྟར་རྩ་དོན་དེར་ཐབས་ལམ་གཅིག་ཡོད་པ་ནི་དབུ་མའི་ལམ་ཟེར་བའི་སྲིད་བྱུས་ནོམ་ཆེན་དེ་ཡིན་པ་རེད། “

    Reply
  6. རྒྱ་རྙི། says:
    ལོ་ 13 སྔོན།

    གྱད་ལྷ་དགའ་ཟེར་བ་འདི་མིང་རྫུན་མའི་འོག་གབ་པའི་སྤྱི་འཐུས་ཀྱི་མིང་ཅན་ཞིག་རེད། སྔ་ཕྱིར་སྤྱི་ཚོགས་ནང་དངོས་གཟུགས་གབ་སྟེ་དཀྲུགས་ཤིང་སྣ་ཚོགས་ཤིག་བྱས་ཡོད་ཀྱང་ད་སྔར་སུས་ཀྱང་ཐེར་འདོན་བྱས་མེད། དངོས་མིང་གབ་ནས་འགན་འཁུར་མེད་པའི་འཆལ་གཏམ་འདི་རིགས་སྒྲོགས་པ་འདི་བོད་མི་མང་སྤྱི་འཐུས་ཀྱི་བཟང་སྤྱོད་དང་མཐུན་གྱིན་ཡོད་དམ།

    Reply
  7. ཟླ་བ་བསོད་ནམས། says:
    ལོ་ 13 སྔོན།

    གནས་ཚང་ལ་རྗེས་ནས་སླར་ཡང་འཕྲད་པའི་རེ་བ་ཡོད། སྐབས་སུ་མྱི་དགའ་དང་ལྷ་དགའ་ཚུལ་གྱིས་དགའ་ནས་ཡོད། ཐུགས་རྗེ་ཆེ།

    Reply
  8. བསྟན་འཛིན་ཚེ་འཚོ། says:
    ལོ་ 13 སྔོན།

    ང་ཚོ་ལྷུང་ས་ཤི་ལ་ལྷུང་ཡོད་ལ། ང་ཚོ་འབབ་ས་ཤིང་ལ་བབ་ཀྱང་ཡོད། ང་ཚོ་རང་བཙན་གཙང་མ་ལས་དབུ་མའི་ལམ་ལ་བབ་ཡོད་ལ། དབུ་མའི་ལམ་ལས་རང་སྲིད་རང་སྐྱོང་གི་གནས་བབ་ལ་ཞོལ་ཡོད། གནས་འདི་ནས་ང་ཚོ་གང་ཞིག་གི་ཕྱོགས་ལ་ཨུ་ཚུགས་ཀྱིས་འབབ་རྒྱུ་ཡིན།
    དྲན་ཨེ་མྱོང་། ད་ལྟ་ཡང་ངང་སྒུག་ཙམ་ལས་གང་ཡང་མེད། དེ་ནི་དཔེར་ན་བཀའ་ཁྲི་མཆོག་ནས་ད་དུང་ང་ཚོས་ཡུན་བརྟེན་བྱེད་དགོས། རྒྱ་ནག་གིས་དཔོན་པའི་ནང་ཁུལ་རྩོད་ལེན་བྱེད་བཞིན་པའི་སྒང་རེད། ང་ཚོའི་རེ་འདོན་ལ་ཁ་ཡ་བྱེད་རྒྱུ་མ་རེད། ཞེས་དང་ཐོག་ནས་གཉའ་ཞུམ་དང་བག་ཁུམ་གྱི་ལྟ་བ་ཞིག་སྐེ་ལ་ཁུར་ནས་ཡོད་ཚད་ཀུན་ལ་ཁྱབ་བསྒྲགས་བྱས་པ་རེད། རང་ཉིད་ལ་ལྟ་གྲུབ་མེད་སྟབས་གཞན་བརྟེན་གཤིས་སྤྱོད་ཁོ་ན་ཁུར་བ་རེད། བཤད་སྙིང་སྤྲོ་མ་སོང་། མཆན་འདེབས་མཁན་ཚང་མ་རང་རང་ས་ན་ངལ་རྒྱལ་གྱིས་འཚོ་བཞིན་ཡོད་སྟབས། ངས་འདི་ནས་གསལ་བཤད་ཞིག་བྱས་པས་ཉན་འཇོག་ཨེ་ཡོང་།

    Reply
  9. བཙན་པོའི་བུ། says:
    ལོ་ 13 སྔོན།

    བཀའ་ཤག་གིས་བོད་མིར་མགོ་སྐོར་བཏང་པ་རེད་དམ་ཡང་ན་ཁྱོེད་རང་མགོ་འཁོར་བ་རེད།
    ངས་ཆོ་མེད་ཀྱི་སྐད་ཆ་མང་པོ་མི་ཤོད་ལ། དོན་མེད་ཀྱི་འཆལ་གཏམ་དེ་བས་བརྗོད་འདོད་མེད། འོན་ཀྱང་དེང་སང་རང་རེའི་དྲ་བའི་ཁོར་ཡུག་ནང་མིང་རྫུན་འོག་དོན་དངོས་ལས་འགལ་བའི་འུར་གཏམ་མི་ཉུང་བ་ཞིག་དང་ལྷག་པར་དུ་རང་གཞུང་ལའང་སྙོན་འཛུགས་རང་བཞིན་གྱི་རྩོམ་རྫོབ་མི་ཉུང་ཞིག་མཐོན་བཞིན་ཡོད་པ་ནི་ངས་བརྗོད་མི་དགོས་པར་ཚང་མས་ཤེས་གསལ་རེད། སྐབས་སུ་བབ་པ། མང་གཅོའི་སྤྱི་ཚོགས་ཀྱི་གལ་ཆེའི་གྲུབ་ཆ་གཅིག་ནི་སྨྲ་བརྗོད་རང་དབང་ཡིན་སྟབས་གང་ཟག་སུ་ཞིག་གིས་ཀྱང་རང་ཉིད་ཀྱི་བསམ་འཆར་བཤད་ཆོག་ལ་འབྲི་ཡང་ཆོག། འོན་ཀྱང་། གཞི་མེད་སྙོན་འཛུགས་ཀྱིས་རྩོམ་འཆལ་འབྲི་བ་དང་གཏམ་འཆལ་སྨྲ་བ་ནི་སྨྲ་བརྗོད་རང་དབང་གི་གྲུབ་དོན་དང་འགལ་བ་རེད། དེ་ཡང་ངས་རྩོམ་ཡིག་འདིའི་མགོ་ནས་མཇུག་བར་ཐེངས་གཉིས་གསུམ་ཙམ་བཀླགས་པ་ཡིན། འོན་ཀྱང་། རྒྱུ་མཚན་དང་གནས་ལུགས་ཀྱི་ཕྱུགས་པའི་སྐད་ཆ་ཞིག་རྩ་བ་ནས་མཐོང་མ་སོང་། དེ་ཡང་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགོངས་གཞི་དེ་སྤྱི་ལོ་ ༡༩༧༣ ཡས་མས་ནས་༧གོང་ས་མཆོག་གི་ཐུགས་ལ་འཁྲུངས་ཡོད་པ་མ་ཟད་འབྲེལ་ཡོད་བཀའ་བློན་ཚོར་ཡང་བཀའ་བསྡུར་གནང་ཡོད་བཞིན་དུ་་་་་་རྒྱ་རྒ་ན་ཏིང་གིས་རྒྱལ་དོན་ཅན་ལ་བཤད་པར་གྲགས་པའི་འཆལ་གཏམ་ཁུངས་མེད་ཅིག་ལ་གཞི་བྱས།་་་ཅེས་བརྗོད་ནི་དོན་དངོས་རྡོག་རྫིས་བཏང་པ་མིན་ན་ཅི་རེད། ལར་ནས་ཏིང་གིས་རྒྱལ་དོན་ལ་བཤད་པའི་སྐད་ཆ་དེ་ཁྱོད་རང་གིས་ཁུངས་མེད་ཅི་ལྟར་སྒྲུབ་རྒྱུ་ཡིན། རྒྱལ་ལོ་དོན་གྲུབ་ལགས་གནད་དོན་དེ་འབྲེལ་གྱི་ཁུངས་མིན་ན་ཅི་རེད། ཁུངས་མེད་ཇི་ལྟར་གྱུར་བ་རེད། རྒྱ་དམར་པོའི་ཁུངས་དེ་ཤི་ཚར་ཀྱང་ང་ཚོའི་ཁུངས་ད་ལྟ་ཡང་ཡོད། མ་གཞི་ནས་ཁྱེད་རང་གིས་ཁུངས་མེད་སྒྲུབ་བྱེད་དེ་དེ་སྔོན་རྒྱ་དམར་གྱིས་དྲི་སྒྲགས་རྫུན་མ་པ་དེར་གཞི་བྱས་པ་ཡིན་སྲིད། དེས་ནས་ཁྱེད་རང་གིས་ཡིད་ཆེས་བྱེད་ས་དེ་ད་དུང་ཡང་དམར་ཤོག་གི་དྲིལ་སྒྲགས་དེ་ཡིན་པ་འདྲ། དེ་ནས་ཁྱེད་རང་གིས་དབུ་མའི་ལམ་དང་བོད་རྒྱ་ཞི་མོལ་གྱི་གྲབ་འབྲས་བྱུང་པ་རྣམས་ཡོད་ཚད་གད་སྙིགས་ནང་བླུགས་པ་ནི་ཅི་འདྲའི་ཐབས་སྐྱོ་ལ་དྲང་ཚུགས་ཡེ་ནས་མེད་པ་ཞིག་མིན་ན་ཅི་རེད། དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བོད་རྒྱ་ཞི་མོལ་གྱི་ལམ་བུ་དེ་ཕྱེས་པ་རེད། བོད་རྒྱ་ཞི་མོལ་གྱི་ལམ་བུ་དེའི་བཀྲིན་ལ་བརྟེན་ནས་བོད་རིགས་སྤུན་ཟླ་ཕན་ཚུན་ཐུག་འཕྲད་དང་བོད་ནས་རྒྱ་གར་དུ་སློབ་གཉེར་ལ་ཡོང་ཐུབ་པ། རྒྱ་གར་ནས་བོད་ཀྱི་དགོན་སྡེ་ཁག་གི་ནང་ནང་ཆོས་དགེ་རྒན་ཕེབས་ཐུབ་པ། དེ་བས་ཀྱང་གྲུབ་འབྲས་ཆེ་བ་གཅིག་ནི་བོད་ཆོལ་གསུམ་གྱི་གཅིག་སྒྲིལ་གྱི་འདུ་ཤེས་དེ་རེད། དེ་ལྟ་བུའི་འདུ་ཤེས་དེ་བོད་ཕྱི་ནང་གི་སྤུན་ཟླ་རྣམས་ཕན་ཚུན་ཐུག་འཕྲད་བྱུང་སྟེ་༧རྒྱལ་བའི་མཛད་འཕྲིན་དང་བོད་གཞུང་གི་སྲིད་བྱུས་རྣམས་བོད་ཕྱི་ནང་གི་ཤེས་རྟོགས་བྱུང་བའི་རྐྱེན་ལས་བྱུང་ཡོད། ངས་བོད་གཞུང་གི་སྲིད་བྱུས་ཟེར་བ་དེར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ལ་ཟེར་གྱི་ཡོད། དེ་ཚོ་ཚང་མ་ཁུངས་གཏུགས་ན་དབུ་མའི་ལམ་དང་བོད་རྒྱ་འབྲེལ་མོལ་གྱི་ལམ་ལས་བྱུང་བ་མིན་ན་ཅི་རེད། དེ་ནས་ཁྱོད་ཀྱིས་བོད་མི་རྣམས་མགོ་སྐོར་འོག་ཚུད་ལུགས་བཤད། གྲོགས་པོ། སྐད་ཆ་དེ་ཤོད་རྒྱུ་ད་ལྟ་སྔ་དྲག་པ་རེད། མི་རིགས་གཅིག་གི་འཐབ་བརྩོད་དེ་ལོ་ཤས་དང་ཟླ་ཤས་ནང་ཐག་ཆོད་པའི་གནད་དོན་ཞིག་མ་རེད། དཔེ་མཚོན་གསལ་ཤོས་ཁྱོད་རང་གི་མིག་མདུན་གྱི་རྒྱལ་ཁབ་རྒྱ་གར་རེད། དེ་བས་ཀྱང་འུད་གཏམ་ཆེ་བ་ཞིག་ནི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་ཆབ་སྲིད་ཀྱི་གནད་འགག་ཤེས་ནས་རྒྱབ་སྐྱོར་བྱས་པ་མིན་ལུགས་བརྗོད་པ་ནི་མངོན་སུམ་ལ་སྙོན་འདིང་བ་མིན་ན་ཅི་རེད། མ་གཞི་ནས་ཁྱོེད་རང་གིས་བརྗོད་པའི་རང་བཙན་དེ་ཇི་ལྟར་ལེན་རྒྱུ་ཡིན་ནམ། ཁྱོད་རང་ཐབས་བྱུས་ཡོད་དམ། གལ་སྲིད་རྒྱ་དམར་པོས་བོད་རང་སྐྱོང་ལྗོངས་གཅིག་པུར་རང་བཙན་སྤྲད་ན་ཁྱོད་རང་ལ་འཐུས་ས་རེད་དམ། ང་ལ་ནི་འཐུས་ས་མ་རེད། གྲོགས་པོ་འུར་གཏམ་རྒྱབ་ནས་ཅི་གང་ཕན་གྱི་མ་རེད། དོན་དངོས་ལ་བསྟུན་དགོས་རེད། མདོར་ན་ངས་བརྗོད་འདོད་པ་ནི་ཁྱོད་རང་གི་འུད་སྒྲོག་རྒྱུ་མ་གཏོགས་ཅི་གང་ཤེས་ཀྱི་མེད་པ་དེ་རེད་ཏོ།

    Reply
  10. གནས་ཚང་། says:
    ལོ་ 13 སྔོན།

    ཁ་སྣོན་གཅིག་བྱེད་ཆོག་པ་ཞུ། དད་པ་དང་མངོན་འདོད་བསྲེས་པ་ནི་མགོ་རྙོག་ཅིག་རེད་ཅེས་ཞུ་དོན་ནི། ཕྱོགས་གཅིག་ནས་སྟོན་པ་སངས་རྒྱས་ཀྱི་རྗེས་འཇུག་པ་ཞིག་ཡིན་ཚེ། དེ་ལ་བསྲེག་བཅད་བརྡར་གསུམ་གྱི་ཐོབ་ཐང་ཆ་ཚང་བ་ཞིག་ཡོད་པ་རེད། མངོན་འདོད་དང་དད་པའི་བར་ལ་འགལ་བ་བྱུང་མྱོང་བ་མ་རེད། ཕྱོགས་གཞན་ཞིག་ནས་བོད་དུ་ནང་ཆོས་དར་བ་དང་སྒོས་སུ་དགེ་ལུགས་པ་དར་རྒྱས་ཕྱིན་རྗེས། རྗེ་བླ་མའི་གསུང་པོད་༡༨བརྒལ་མི་ཆོག་པ་ལྟ་བུའི་བཀའ་རྒྱ་བཟོས་ཡོད་པས། དེང་སྐབས་ཀྱི་མགོ་རྙོག་འདི་བྱུང་གི་ཡོད་པ་རེད་ལ། སྲིད་དོན་པ་ཚོས་བེད་སྤྱོད་ཡག་ཐག་ཆོད་རེ་གཏོང་གི་ཡོད་པ་རེད། དེ་བས། བོད་མི་ཚོས་སངས་རྒྱས་ཀྱི་རྗེས་སུ་འཇུག་འོས་པའང་གསལ་བོ་མ་རེད་དམ།

    Reply
  11. གནས་ཚང་། says:
    ལོ་ 13 སྔོན།

    ཟླ་བ་བསོད་ནམས་ལགས་སླར་ཡང་ཕེབས་འདུག དད་པ་དང་མངོན་འདོད་བསྲེས་ནས་སླེབས་འདུག འདི་ཧ་ཅང་གི་མགོ་རྙོག་ཅིག་རེད།

    ༡ དད་པ་ནི་ཆོས་ལུགས་ཀྱི་ཁྱབ་ཁོངས་ཡིན་པས། བླ་སློབ་ཀྱི་འབྲེལ་བ་ཡོད་མཁན་ཚོས་བླ་མའི་བྱེད་བབས་ལ་སྐྱོན་བརྗོད་ཆོག་གི་མ་རེད། སྲིད་དོན་ནི་གཡོ་སྒྱུ་ཁྲམ་གསུམ་གཞི་གཅིག་ཏུ་གྲིལ་བའི་སྒྱུ་རྩལ་ཡན་གར་བ་ཞིག་ཡིན་པར་མ་ཟད། བོད་མིའི་མངོན་འདོད་ཀྱང་ཐད་ཀར་སྲིད་དོན་ལ་འབྲེལ་བ་ཆགས་ཡོད་པས། བླ་མ་དགོས་ན་མངོན་འདོད་དོར་དགོས་པ་དང་། མངོན་འདོད་དགོས་ན་བླ་མ་དོར་དགོས་པ་འདྲ་བོའི་གནས་སྟངས་ཤིག་ཏུ་སྲོད་དོན་པ་ཚོས་སྒྲུབ་ཡོད་པ་རེད། ཡིན་ནའང་། དེ་ནི་ཧ་ཅང་གི་མི་འོས་པ་ཞིག་དང་མགོ་རྙོག་རེད།
    ༢ གཞོན་ནུའི་ཐད་ནས་མང་བོ་གླེང་དགོས་ཡ་མི་འདུག ཡིན་ནའི། རྒྱ་མིའི་དེང་སྐབས་ཀྱི་གནས་སྟངས་ཁེ་ཕན་ཁོ་ནར་འདུར་བཞིན་པ་ཞིག་ཡིན་པས། གནའ་ནས་ཡོད་པའི་རྒྱ་རིགས་ཆེན་པོའི་བསམ་བློའང་ཕྱོགས་གཅིག་ནས་བསྐུལ་སློང་བྱེད་དགོས་པ་ཞིག་ཆགས་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་ཁོ་རང་ཚོས་ཀྱང་གོ་སྐབས་དེ་བཟུང་ནས་སེམས་ནང་གི་རང་དབང་མེད་པའི་ན་ཚ་ཕྱི་ལ་བརྟོལ་བཞིན་པ་ཞིག་རེད།

    Reply
  12. ཟླ་བ་བསོད་ནམས། says:
    ལོ་ 13 སྔོན།

    སྤྱིའི་ཆ་ནས་གནས་ཚང་ལགས་ཀྱིས་གནས་ལུགས་རྩལ་ཏུ་བཏོན་ནས་བརྡ་སྤྲད་པ་ནང་བཞིན། བདག་གི་མགུ་ཁེངས་ནས་ཡོད། འོན་ཀྱང་མཐར་ཐུག་གི་མདོ་དོན་གནད་གཅིག་ལ་སྤུངས་རྒྱུ་དེ་གལ་ཆེན་རེད་བསམ་ཐོག སླར་ཡང་སྐད་ཆ་ཚིག་ཁ་ཤས་སྣོན་འབབ་བྱེད་འདོད་བྱུང་།
    ༡༽ཟམ་གདོང་བླ་མ་ཐེ་པའི་སྐུ་ཚབ་རྒྱ་རི་ཡིན་ཀྱང་ཆོག དེ་མིན་སུ་ཡིན་རུང་གཞོན་ནུའི་ཚོགས་ཁག་བརྒྱུད་ཐོབ་གོ་ས་ལ་བསྙེགས་ནས་ལངས་ཕྱོགས་དོར་བའི་མ་ཟད། མི་གཤིས་བརླགས་སོང་རུང་། གཞོན་ནུ་ཚོགས་པས་སྔར་བཞིན་རང་བཙན་བསམ་ནས་ནུས་ཚོད་དང་ལྕོགས་ཚོད་ཀྱིས་ལངས་ཕྱོགས་བརྟན་པོ་གནས་ཀྱིན་པ་རེད། གོང་གི་མི་སྣ་འདི་འདྲ་རྗེས་སོར་ཡང་འབྱུང་སྲིད་པ་རེད་དེ། སེམས་ངལ་མི་དགོས་ས་ནི་གཞོན་ནུ་ཚོགས་པའི་དགོས་འདོད་ཕྱི་དགྲ་དང་ནང་གི་རྐྱེན་ཅུང་ཙག་ལ་བརྟེན་ནས་རྦད་དེ་དོར་མི་ཤེས་བའམ་འཇིག་མི་འགྲོ་ཚུལ། སྐབས་འཚོལ་བ་ལབ་ཀྱང་བཀའ་ཟུར་ཟམ་གདོང་ཚུད་པའི་སྐུ་ཚབ་རྒྱ་རི་སོགས་ཀྱིས་བློ་ལོག་པའི་མཇུག་འབྲས་སམ། བློ་གདེང་འཁེལ་ས་ནོར་སོང་བའི་བྱ་བྱེད་ཐད་ནས་རྟོགས་ཐུབ་ཀྱིན་འདུག ཁོ་བོ་དག་གར་སོང་ས་ནས་རྒྱ་ནག་གི་རྙི་ལ་ཐེབས་ཀྱིན་པའི་བཟོ་དེ་གསལ་བོ་རེད། འདི་ལྟར་བལྟས་ཡོང་ན་གཞོན་ནུའི་ལངས་ཕྱོགས་རང་བཞིན་གྱིས་བརྟན་པོ་ཆགས་པ་རེད་ལ། རྒྱ་ནག་གི་ལག་གཡོག་ནས་གང་ས་གང་ལ་འཐེན་ཆོག་ཆོག་གི་ལངས་ཕྱོགས་སྙི་མོ་ཞིག་མིན་ཚུལ་ར་འཕྲོད་པ་རེད། མ་རེད་དམ།
    ༢༽གཞོན་ནུ་ཚོགས་པ་རྒྱ་ནག་གི་མིག་ལམ་ནས་འབུར་འབུར་ཞིག་དང་རིལ་རིལ་དེ་ཅི་ལྟར་ཆགས་བ་རེད། ལངས་ཕྱོགས་ཤོག་ངོས་ན་ལྷག་ཡོད་སྟབས་སེམས་འཁྲེང་ས་དང་བློ་དོགས་སའི་གནས་སུ་གྱུར་བ་རེད་དམ། སྐུ་ཉིད་ཀྱི་འདོད་པ་ལྟར་ན་རྒྱ་གཞུང་གིས་གཞོན་ནུ་ལག་པ་ཕྱི་སའི་རས་ཡུག་ཅིག་ལ་སྒོམ་འདུག་སྟེ། དོན་དངོས་ཐོག་རྒྱ་ནག་གི་མི་རིགས་ཆེན་པོའི་རིང་ལུགས་ནི། ཁ་གཡར་ས་བཙལ་ནས་སྐུལ་སློང་བྱེད་དགོས་བ་ཞིག་ཡིན་ནི་མ་རེད། གདོད་མ་ནས་གྲུབ་ཡོད་པ་རེད་ལ་མུ་མཐུད་ནས་གནས་རྒྱུ་རེད། རྒྱུ་མཚན་ཁ་སང་དེ་རིང་བར་དུ་རྒྱ་ནག་ཆེན་པོའི་མི་རིགས་ཀྱི་མགོ་ཡར་འདེགས་ཐབས་བྱུང་མ་མྱོང་བར་བརྟེན། སོག་པོ། མན་ཇུ།འཇར་པན། ཐ་ན་འུ་ཅག་གི་བཙན་པོའི་རིང་ནས་རྒྱ་ནག་ཚང་གི་འུ་ཐུག་པའི་བསམ་ཕྱོགས་འདི་ཤ་གསེང་རུས་གསེང་ལ་ཐུམ་བསྡད་ཡོད་བ་རེད། དེར་བརྟེན་དེ་རིང་ཉིན་མོ་གཞོན་ནུ་ལ་ཁ་གཡར་ནས་རྒྱ་ནག་མི་རིགས་ཆེན་པོའི་རིང་ལུགས་དར་སྤེལ་གཏོང་ཀྱིན་པ་རེད་བསམ་པ་འདི། ཕྱོགས་གཅིག་ནས་དངོས་ཡོད་ལ་ཞིབ་འཇུག་བྱེད་རྒྱུ་ལས་ཚོད་དཔག་གི་མྱོང་བ་སྔོན་ལ་ཤོར་བའི་རྟགས་རེད།། ཕྱོགས་གཞན་ནས་རྒྱ་ནག་གིས་དབུ་མའི་ལམ་ཡར་འཐེན་མར་འཐེན་སྟོང་བྱས་ནས་རྩབ་ཧྲལ་དུ་བཏང་རུང་། གཞོན་ནུ་ཀ་ལངས་ལངས་བྱས་ནས་གཡོ་བ་མེད་སོང་ན་རྒྱ་ནག་གཞུང་གིས་དབུ་མའི་ལམ་ལ་ཡ་ཁོ་རང་མ་བྱས་རུང་། དོན་དམ་གྱིས་བོད་ཀྱི་བདེན་དོན་སྔར་བཞིན་གནས་བའི་མ་ཚད་བརྟན་པོ་ཆགས་རྒྱུའི་སེམས་ངལ་ཞིག་ཡོད་སྟབས། པེ་ཅིན་གཞུང་གི་མིག་ནང་ན་ཚེར་རྡོག་བཟོད་དཀའ་བ་ཞིག་ཅི་ལ་མིན།
    ༣༽རང་སེམས་ན་ཉེས་བ་མེད་ན་གཤིན་ཕྲེང་ནས་འཇིགས་སྐྲག་མྱོང་དགོས་དོན་ཡོད་བ་མ་རེད། ང་ཚོས་བདེན་དོན་ཞིག་རྩོད་ཀྱིན་པ་མིན་ནམ། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་དཔངས་ལ་བཞག་བའི་རང་བཙན་རྩོད་རྒྱུ་ལ་། དེ་འདྲའི་ཞེ་སྣང་ཞིག་གང་ནས་ཐོན་སོང་། ང་ཚོས་སྣང་བ་ལ་འཛམ་གླིང་ཟླུམ་པོ་འདིས་ཞི་འཇམ་སྒོས་གྲོས་མོལ་གཙོ་བཟུང་ནས་གནད་དོན་སེལ་གྱིན་པའི་ཁུལ་རེད་མ་གཏོགས། དོན་དམ་གྱིས་འཛམ་གླིང་ཤར་ནུབ་གང་རུང་ན་རང་ཉིད་ཀྱི་ཁེ་དབང་དང་རང་ཡུལ་རང་སའི་ཆེད་དུ་མི་རྒྱུ་སྲོག་གསུམ་གྱི་འགྲོ་གྲོན་གཏོང་དང་བཏང་ཟིན་པ་རེད། འདི་ལྟར་བལྟས་ན་གཞོན་ནུས་རྒྱ་ནག་ལ་ཚིག་ལོག་ཁ་ཤས་བྱས་བ་ཙམ་གྱིས་འུ་ཅག་གི་རང་མདོག་བསྟན་ནས། རྒྱ་ནག་གི་ཁ་ནང་ནས་ཚིག་ཅི་འབུད་ལ་དོགས་ཟོན་བྱེད་ལུགས་འདི། དོན་ངོ་མས་འུ་ཅག་ལ་བདེན་དོན་རྩོད་རྒྱུའི་སྙིང་སྟོབས་མེད་སོང་བ་རེད། རེད་དམ། རྐྱེན་འདི་འདྲ་རྒྱུན་ཏུ་འཕྲད་ཀྱིན་ཡོད་ཙང་རྒྱ་ནག་གཞུང་གི་གང་བཤད་པ་ཆ་ཚང་ལ་ནུས་བ་རེ་ངམ་ངམ་ཤུགས་ཀྱིས་ཐོན་བཞིན་པ་མ་རེད་དམ།
    ༤༽ ད་ལྟའི་ཆར་མང་གཙོའི་མཚན་ཉིད་ཡོངས་སུ་འུ་ཅག་གི་གཉའ་ལྟག་ལ་བབ་ཡོང་དུས། དགུ་ཆུ་གསུམ་ལྟ་བུའི་ཚོགས་པ་སུ་ཞིག་གིས་རང་ཉིད་ཀྱི་ལྟ་གྲུབ་གཙོ་བཟུང་ནས་སྲིད་དོན་ཚོགས་པའི་མཉམ་བསྟན་པ་རེད། བར་འདི་ནས་ངའི་སྐད་ཆ་བཤད་ས་འགྲོ་ཀྱིན་མི་འདུག ང་རང་ལ་མཚོན་ན་ཚོགས་པའི་གྲལ་ཁུངས་ལ་འཇུག་གི་མེད་ཙང་། ཚོགས་པ་ཁག་གི་ས་ཁོད་བཟུང་ཡོད་མཁན་དག་གིས་ཧུར་བརྩོན་བྱེད་རྒྱུའི་དུས་ལ་ཕལ་ཆེར་བབ་ཡོད་པ་འདྲ། གཞན་་་་གཞོན་ནུ་བརྒྱུད་པའི་སྲིད་དོན་པ་ཆེན་པོ་སུ་ཡོད་རེད་ལབ་ཡོང་དུས། ཉེན་རྟོགས་པའི་འདྲི་གཞི་དང་འདྲ་བས་ལན་ནོར་བ་ཡིན་ན་ཉེས་བ་ཕོགས་འགྲོ་བར་དོགས་པས། རེ་ཞིག་ང་ཁུ་སུམ་མེར་མི་འདུག་ཐབས་མེད་རེད།
    ༥༽ མདོ་དོན་་་གནས་ཚང་དབུ་མའི་ལམ་གྱི་སྒང་ལ་རྟ་བྱོན་ནས་ཕེབས་འདུག་ན། རྒྱལ་སྤྱའི་སྲིད་དོན་པའི་ཁྲོད། བོད་ཀྱི་དྲང་བདེན་དང་སྟབས་བསྟུན་གྱི་ནུས་བ་ཤོར་ཟིན་པ་ཕལ་ཆེར་འདྲ་བོ་རེད། རྦད་དེ་ཤོར་མེད་ཚུལ་རྒྱ་ནག་གཞུང་གིས་༧གོང་ས་མཆོག་སྐུ་ཚེ་ཚོད་དཔག་བྱས་ནས་ཁྱོད་དང་ང་ལྟ་བུ་གད་སྙིགས་ནང་ལ་གཡུག་སོང་བ་ལྟར་རེད། འདིའི་བསྟན་དོན་རྒྱ་ནག་གཞུང་༧གོང་ས་མཆོག་ལ་གདོང་སྟོན་རྒྱུའི་བློ་སྟོབས་མི་འདུག ཁུར་བོ་ཆེན་པོ་དག་རང་དབང་ལུང་བ་ན་ཡོད་མཁན་ཚོས་འཁུར་ན་བསམ་གྱིན་ཡོད་ལ། དེ་འདྲ་ཞིག་ཡིན་ཀྱང་དགོས་རྒྱུ་རེད། དེར་བརྟེན་གཞིས་ལུས་ཡུལ་མི་དག་གི་ཅི་བྱེད་ང་ཚོས་མཆུ་ཏོ་ཐེབས་པ་བྱེད་དགོས་རྒྱུ་མ་རེད། ང་ཚོས་རང་ས་ནས་གོ་བབ་ལྟར་རྒྱལ་སྤྱིའི་གདོང་གི་སྐྱི་པགས་མཐུག་པོ་མར་ཕུད་ཐབས་ལ་འབད་དགོས་རྒྱུ་རེད། ཕལ་ཆེར་མ་རེད་ཟེར་རྒྱུ་ཡིན་པ་འདྲ།

    Reply
  13. གནས་ཚང་། says:
    ལོ་ 13 སྔོན།

    ཟླ་བ་བསོད་ནམས་ལགས་ཡང་བསྐྱར་ཕེབས་པར་ཤིན་ཏུ་དགའ་ཡོད།

    ༡ གཞོན་ནུ་ཚོགས་པའི་ལངས་ཕྱོགས་ཀྱི་སྐོར་ནས་རེད། གཞོན་ནུ་ཚོགས་པ་དེང་ཐོག་ནས་ཐད་ཀར་སྐབས་འཚོལ་བ་འདི་དག་གི་ལག་ཆར་གྱུར་ཡོད་པའི་ཁར། ལངས་ཕྱོགས་ཁྱོན་ནས་རྒྱུན་འཛིན་བྱེད་མི་དགོས་པའི་ཚོགས་སྡེ་ཞིག་ཏུ་གྱུར་ཡོད་པ་རེད། གནད་དོན་གཙོ་བོ་དེ་བཞིན་མིའི་དགོས་དབང་ལ་བསྟུན་བཞིན་པ་ལས་ཚོགས་པའི་དགོས་དབང་གཡུགས་ཟིན་པ་ཞིག་རེད། དེ་བས། ལངས་ཕྱོགས་ཤོག་ངོས་སུ་ལྷག་ཟིན་པ་རེད།
    ༢ འོ་ན། རྒྱ་གཞུང་གིས་གཞོན་ནུ་ཚོགས་པར་དོ་སྣང་ཆེན་པོ་བྱེད་དོན་གང་ལ་ཐུག་ཡོད་རེད་དམ། རོབ་ཅིག་ཞུས་པ་ཡིན་ན། གཅིག་རྒྱ་མིའི་གཞུང་གིས་ག་དུས་ཀྱང་དགྲ་བོ་ཞིག་མི་མང་ལ་ཁྱབ་བསྒྲགས་ཤུགས་ཆེན་བྱེད་ཀྱིན་ཡོད་པ་རེད་ལ། དམིགས་ཡུལ་གཙོ་བོ་རྒྱ་མིའི་སེམས་ནང་གི་རྒྱ་རིགས་ཆེན་པོའི་འདུ་ཤེས་སློང་ཐུབ་ཀྱི་ཡོད། དེ་བས། གཞོན་ནུ་ཚོགས་པ་དེའི་སྟེང་ལ་བེད་སྤྱོད་གཏོང་གི་ཡོད་པ་རེད། གཉིས་གཞོན་ནུ་ཚོགས་པ་དེ་ལྟར་བེད་སྤྱོད་གཏོང་བཞིན་པའི་ཁར། དྲག་པོའི་ཚོགས་པ་ཞིག་ལ་སྒྲུབ་འདུན་འཆིང་ཡོད་པ་རེད། དེའང་གཞན་མ་ཡིན་པར་ཨ་རིའི་གཞུང་གིས་དྲག་སྤྱོད་པ་བཏུལ་བའི་ལས་གཞིའི་ཁྱབ་ཁོངས་སུ་བོད་ཀྱང་འཇུག་སྙམ་བཞིན་པ་དེ་རེད། གསུམ་གཞོན་ནུ་ཚོགས་པ་ནི་སྐྱ་བོའི་ཚོགས་པ་ཞིག་ཡིན་པས། མ་འོངས་པར་རྒྱ་གར་གྱིས་བེད་སྤྱོད་བཏང་མི་ཡོང་ངམ་སྙམ་ནས་ཞེད་སྣང་ལངས་ཀྱི་ཡོད་པ་རེད། གལ་སྲིད་དྲག་སྤྱོད་པར་བསྒྱུར་ཐུབ་པ་ཡིན་ན། ཞེད་སྣང་དེ་ངང་གིས་སེལ་ཐུབ་ཡོད་པ་རེད།
    ༢ གཞོན་ནུ་ཚོགས་པ་སྲིད་དོན་ཚོགས་པ་ཞིག་རེད་དམ། གལ་ཏེ་སྲིད་དོན་ཚོགས་པ་ཞིག་ཡིན་ན། གཞོན་ནུའི་ལངས་ཕྱོགས་སྒང་ཤར་བསྐྱོད་ཀྱི་སྲིད་དོན་པ་ཆེན་པོ་སུ་ཡོད་དམ། མདོར་བསྡུས་ནས་བཤད་ན། ལངས་ཕྱོགས་མེད་པའི་ཚོགས་མི་བསྐྱེད་བསྲིངས་གནང་སའི་བར་བརྒལ་ཚོགས་པ་ཞིག་རད། དྲིལ་བསྒྲགས་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་པ་རེད་ལ། ནུས་པ་དེ་ཁྱབ་སྤེལ་གནང་རྒྱུ་ཧ་ཅང་གི་གལ་ཆེན་ཡང་རེད།

    ༣ དབུ་མའི་ལམ་སྲིད་བྱུས་སྲིད་དོན་གྱི་ཆ་ནས་ཕམ་ཁ་བྱུང་ཡོད་པ་རེད། དེའང་གཙོ་བོ་སྲིད་དོན་ནི་གཡོ་སྒྱུ་ཁྲམ་གསུམ་ལ་བསྟུན་དགོས་ཀྱི་ཡོད་པས། ལས་རྒྱུ་འབྲས་ཀྱི་ལམ་ཁ་འགག་ཚར་བས་རེད། ཡིན་ནའང་། གནང་དོགས་མི་འདུག ལས་འགུལ་བོད་ནང་དུ་ཐོན་བཞིན་པ་ལྟར་ལམ་ཕྱོགས་སམ་ལས་འཆར་ཡང་བོད་ནང་ནས་ཐོན་ངེས་རེད། དེ་དུས་ཚང་མ་ལོས་རྡོག་རྩ་གཅིག་སྒྲིལ་གནང་རྒྱུ་ཧ་ཅང་གལ་ཆེན་རེད།

    Reply
  14. ཉེར་གཅིག་པའི་ཅོང་བརྡ། says:
    ལོ་ 13 སྔོན།

    གྱད་ལྷ་དགའ་ལགས་ཀྱིས་བསམ་གཞིགས་ལེགས་པར་བཏང་ནས་བྲིས་འདུག།
    ཐུགས་རྗེ་ཆེ་ཞུ། མུ་མཐུད་ནས་འབྲི་རོགས་གནང་།

    Reply
  15. བསྟན་འཛིན་ཚེ་འཚོ། says:
    ལོ་ 13 སྔོན།

    དྲང་མོར་ཞུས་ན། གཞོན་ནུ་ལྷན་ཚོགས་ལ་འུར་ཙམ་དང་མི་དམངས་ལ་ཞལ་འདེབས་སློང་སྐབས་འུར་སྒྲོགས་ཀྱི་གཅིག་བྱས་མི་ཡོང་ངམ་སྙམ་པའི་འདུ་ཤེས་དེ་ལས་གཞན་གང་ཡང་ཡོད་པ་མ་རེད། མི་དམངས་ལ་བསླངས་བའི་ཞལ་འདེབས་དེ་ལས་གཞུང་འཚབ་དག་གི་མདུན་ནས། སྐད་འབོད་རེར་བྱེད་རྒྱུ་དང་། ཡིག་ཚགས་ཁ་ཤས་ཁྱབ་བསྒྲགས་བྱེད་རྒྱུ་དེ་རེད། དེ་ནས་ད་དུང་མི་དམངས་ལ་མགོ་སྐོར་རེར་གཏོང་རྒྱུ་ནི་བོད་ཀྱི་རྒྱལ་དར་ཚོང་འགྲེམས་ལ་བརྒྱུས་ནས། རྒྱུ་སྤུས་ཧ་ཅང་ཞན་པའི་ཐོག་ནས་ཉི་གདུགས་གཅིག་ལ་ཉིན་སྒོར་བཞི་བྱས་ནས་བཙོང་རྒྱུ་དེ་རེད།
    གལ་སྲིད་གཞོན་ལྷན་ནས་དངོས་ཡོད་ཐོག་ནས་མི་དམངས་ལ་ཤ་ཚ་དང་། བསམ་འདུ་ཞིག་གིས་ཐོག་ནས་དངུལ་བསྡུ་རབ་བྱེད་བཞིན་ཡོད་ན། དུས་རྒྱུན་ཁྱེད་ཀྱིས་དངུལ་ཡོང་ཁུངས་གཙོ་བོ་དེ་མི་དམངས་ཡིན་སྟབས། གོང་ཆེན་པོའི་ཐོག་ནས་བཙོང་ཡང་རྒྱུ་སྤུས་ལ་བསམ་ཞིབ་གནང་དགོས་ངེས་རེད། དེ་བས་འུར་སྒྲོགས་ལས་དོན་དངོས་ལ་འབད་པ་དང་དོན་དངོས་ལ་གཞོལ་ན་ལེགས་པར་མཐོང་། གསལ་བོར་ཞུ་རྒྱུ་ཞིག་ལ་འདི་ནི་ཕྲན་གྱིས་མཐོབ་དག་གསལ་གསལ་རྗེན་རྗེན་དུ་ཞུ་བཞིན་ཡོད་པ་ལས། མི་སྒེར་ལ་སྐྱོན་བརྗོད་དང་ཟུར་འདེད་བྱས་པ་ཞིག་དེ་བས་མིན། འདི་ནི་གཞོན་ལྷན་གྱིས་ཡིད་གཟབ་དང་དོ་སྣང་བྱེད་བརྒྱུ་ཞིག་རེད་སྙམ།

    Reply
  16. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    འཇུག་མེད་ལགས། ཁྱེད་ང་དང་མཉམ་དུ་བཀས་མོལ་ངོ་མ་གནང་འདོད་ན། གོང་དུ་ངས་བྲིས་པའི་གནད་དོན་དག་ལ། ལན་རེ་རེ་ཁྱེར་ཤོག ངས་བཀའ་ཤག་སྔོན་མ་ཤི་མི་འདུག་པའི་རྒྱུ་མཚན་དུ་བྱེད་དེ། བསམ་་འཆར་གང་དུ་བཤད་འདུག དང་པོ་དེ་ཤོད་ཤོག དེ་ནས་འཁྱོག་བཤད་དང་ཕྱོགས་རིས་ཅན་སུ་ཡིན་མིན་དེ། བཤད་མ་དགོས་པར་གསལ་ཡོང་། བཀའ་ཤག་སྔོན་མ་ཤི་རྒྱུ་ཞིག་ཕར་ཤོག མགོ་བཏགས་ཞུས་སྟེ་རང་ཉིད་ཀྱི་བདེན་པ་དང་རྩ་དོན་ཡོངས་རྫོགས་བློས་མ་གཏོང་ན་འགྲིག  བྱས་རྗེས་མེད་ཀྱང་ཞབས་འདྲེན་མེད་ན་འགྲིག ད་ཧ་གོ་སོང་ངམ། བཀའ་ཤག་སྔོན་མ་ཚོ་ལ་ཡག་པོ་འདུག་བསམ་བཞིན་ཡོད་ཟེར། ཡག་པོ་ཡོད་ན་སྤྱི་འཇོག་དང་། བྱས་རྗེས་གང་ཞིག་འདུག་གམ། ལོ་ངོ་དྲུག་ཅུ་ལ་ཉེ་བའི་བར་དུ་འཐབ་རྩོད་བྱས་པའི་ལམ་ཁ་ལ་ལག་པ་འཆང་ས་མེད་པ་བཟོས་པ་དེ་ཡག་པོ་རེད་དམ། དཔའ་བོ་ཁྲི་ཕྲག་མང་པོའི་ཚེ་སྲོག་དེ་དག་ཆུས་ཟོས་སུ་བཏང་སྟེ། ཀྲུང་དབྱང་གྱི་དགོངས་དོན་སྒྲུབ་པ་དེ་ཡག་པོ་རེད་དམ།
    དབུ་ལམ་དང་རང་བཙན་གཉིས་མེ་ཆུ་བཞིན་དགྲ་གཤེད་དུ་འཛིན་པའི་མཇུག་འབྲས། དེ་རིང་ཁ་སང་དབུ་མའི་ལམ་དང་རང་བཙན་གཉིས་འགལ་བ་ཆེས་ཆེར་འགྲོ་སྟེ་གླེང་སློང་སྣ་ཚོགས་ཡོང་བཞིན་ཡོད།  སྔར་ཡིན་ན་དབུ་ལམ་དང་རང་བཙན་གཉིས་གཅིག་ཕན་གཅིག་གྲོགས་སུ་ཡོད། བཀའ་ཤག་སྔ་མའི་སྐབས་ནས། རང་བཙན་དང་དབུ་མ་ཟེར་དུས། ཕྱོགས་གཉིས་སུ་གྱེས་དགོས་ཆགས་ཡོད། ཆུ་མགོ་སྦུག་ནས་རྙོག་ན་གཞུག་ནས་མི་དྭངས་པར་མཁྱེན་བཞིན་དུ་ཟམ་གདོང་བླ་མས་མཛད་རྗེས་དེ་རིང་ཁ་སང་གི་རྙོག་གླེང་འདི་སྤྱི་འཇོག་བྱས་པ་དེ་ཙམ་རེད། 

    Reply
  17. ཟླ་བ་བསོད་ནམས། says:
    ལོ་ 13 སྔོན།

    གནས་ཚང་ལགས་ཕེབས་ནས་དངོས་ཡོད་གནས་སྟངས་ལ་མཛུབ་མོ་བཙུགས་ནས་ཁ་གྲགས་འདུག་ན། ཁོ་བོ་ཤིན་ཏུ་དགའ་ནས་ཡོད། འོན་ཀྱང་མི་སྣ་འདི་དག་གི་སྒང་ནས་གཞོན་ནུ་ལ་ལངས་ཕྱོགས་ཡོད་མེད་ཁ་ཚོན་གཅོད་མི་ཐུབ་པ་འདྲ།
    ༡༽དེ་སྔོན་སྤྱི་ལོ་བརྒྱད་བཅུ་གྱ་གྲངས་ནང་ལོག་ནས་ཕྱི་རྒྱལ་གསར་འགོད་པས་༧གོང་ས་མཆོག་ལ་གཞོན་ནུ་དང་འབྲེལ་བའི་བཀའ་འདྲི་བྱས་བར་ལན་སྐྱོན་སྟངས་འདི་འདྲ་རེད། ང་ཚོ་མང་གཙོ་རེད་བསམ་ཚུལ་མི་མཐུན་པ་དང་ལམ་ཕྱོགས་མི་འདྲ་བ་ཡོང་ན་ཆོག་གི་རེད་ཅེས་བ་ལྟར་ན། གཞོན་ནུ་ལ་ལངས་ཕྱོགས་ཏན་ཏན་ཡོད་ཆོག་གི་རེད་ལ། གྲ་རྒྱས་རུ་བཏང་ནས་བསམ་རྒྱུ་རང་བཙན་དང་དྲན་རྒྱུ་རང་བཙན་ཁོ་ན་ལས་མེད་པའི་ལྟ་གྲུབ་ཆིག་ཆོད་ཅན་འཇམ་ནོར་ལྟ་བུའི་བསམ་བློའི་རྒྱུན་བསྐྱངས་ན་འགྲིག་གི་རེད། གཞོན་ནུའི་ལངས་ཕྱོགས་ཁྲོད་ཀྱི་མི་སྣ་སུ་ཡིན་རུང་རང་ཉིད་ཀྱི་ལངས་ཕྱོགས་ལ་འགྱུར་བ་འགྲོ་སྲིད་པ་རེད། སྤྱིར་མིའི་བསམ་ཕྱོགས་སྣ་གཅིག་ལ་གཏད་ནས་འདུག་ཐབས་དཀའ་བའི་ཆོས་ཉིད་ལ་འཁང་ར་བྱེད་དགོས་དོན་མི་འདུག་ལ། བློ་ཕམས་དེ་བས་ཀྱང་མེད། འོན་ཀྱང་ཁ་ཕྱིར་འཁོར་ནས་བློ་ལོག་པའི་གཏམ་རྒྱུད་འདི་རིགས་ཁོ་བོ་དག་གི་མི་གཤིས་སྟེང་གི་གནད་དོན་ཅིག་རེད་མ་གཏོགས། གཞོན་ནུའི་ལངས་ཕྱོགས་མི་སྣ་འདི་དག་གིས་དོར་ཀྱང་མ་དོར་རུང་གནད་འགག་གང་ཡང་མེད་པའི་མཚོན་དོན་གལ་ཆེ་བ་ནི། གཞོན་ནུའི་གཟུགས་གཞི་འདི་པེ་ཅིན་གཞུང་གི་མིག་ལམ་ན་ཚེར་མ་ར་མགོ་བཞིན་དུ་ལག་འཆང་ས་མི་འགྲོ་བ་འདི། སྐུ་ཉིད་ཀྱི་དཔེར་མཚོན་མི་སྣ་དག་པེ་ཅིན་གཞུང་གིས་རྩབ་ཧྲལ་ལ་བཏང་ཟིན་པའི་ཁ་སང་དེ་རིང་གི་གནས་བབ་སྟེང་ན་གསལ་བོ་རེད། མ་རེད་དམ།
    ༢༽ཕྱོགས་གཅིག་ནས་གཞོན་ནུའི་ལངས་ཕྱོགས་ཤོག་ངོས་ན་ལྷག་བསྡད་ཡོད་པ་རེད། གཞོན་ནུ་དྲིལ་བསྒྲགས་ཁོ་ན་འཇུག་པ་ལས་དོན་དམ་གྱིས་ངོ་བོ་སྟོན་རྒྱུ་ཞིག་ཡོད་བ་མ་རེད་བསམ་པའི་བརྡ་སྟོན་ལུགས་འདི། སྙིང་ཉེ་བོ་ཞིག་ཁྱོན་ནས་མ་རེད། ལམ་དབུ་མའི་དགོངས་དོན་པེ་ཅིན་གཞུང་གིས་བརྩིས་མེད་དུ་བཏང་ཟིན་པའི་དབང་དུ་བཏང་ན། གཞོན་ནུ་ཕུད་རྗེས་ང་ཚོའི་རང་ཉིད་ཀྱི་ངོ་བོ་གང་ནས་བཙལ་རྒྱུ་ཡིན་ནམ། སྲིད་དོན་ཚོགས་པ་མིན་ཚུལ་སྐུ་ཉིད་ཀྱིས་ཁ་གསལ་སྒོས་འབྲེལ་བརྗོད་རེ་གནང་རོགས་ཞུ།

    Reply
  18. གནས་ཚང་། says:
    ལོ་ 13 སྔོན།

    ཟླ་བ་བསོད་ནམས་ལགས།

    ངོས་ཀྱིས་ཀྱང་ཁྱེད་རང་གི་ལན་གཉིས་པར་དཔྱད་པ་ཞིག་གཏོང་ཁུལ་ལ་འཇུག་གི་ཡིན།

    དྲང་པོར་ལབ་ན། གཞོན་ནུ་ཚོགས་པར་ལངས་ཕྱོགས་ཤིག་ཡོད་པ་མ་རེད། གསལ་བོར་ཞུས་ན་ལངས་ཕྱོགས་ཤོག་ངོས་སུ་ལྷག་བསྡད་ཡོད་པ་རེད། དཔེར་ན། བཀའ་ཁྲི་ཟུར་བ་ཟམ་གདོང་ནས་སྐུ་ཚབ་ཟུར་བ་རྒྱ་རི། སྲིད་སྐྱོང་གསར་བ་བློ་སེང་ནས་སྤྱི་འཐུས་ཚོགས་གཙོའི་བར་དུ་གཞོན་ནུ་ལྷན་ཚོགས་མ་བརྒྱུད་མཁན་གཅིག་ཀྱང་ཡོད་པ་མ་རེད་ལ། ལངས་ཕྱོགས་བཟུང་ཡོད་མཁན་རྐང་གཅིག་ལྷག་ཡོད་པ་མ་རེད། དེ་བས། གཞོན་ནུ་ཚོགས་པ་ནི་བར་བརྒལ་གྱི་ལས་ཁུངས་ཤིག་གམ། མཐོ་རིམ་ལས་བྱེད་གསར་བ་བསྐྱེད་བསྲིངས་གནང་སའི་སྦྱོང་བརྡར་བསྟི་གནས་ཤིག་རེད་མ་གཏོགས་སྲིད་དོན་ཚོགས་པ་ཞིག་མ་རེད་ལ། དྲིལ་བསྒྲགས་བསྟི་གནས་ཤིག་རེད། དེ་འདྲ་ཞིག་མ་རེད་དམ།

    Reply
  19. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    བཀའ་ཤག་གིས་བོད་མིར་མགོ་སྐོར་བཏང་བ་བ་མིན་པར། གྱད་ལྷ་དགས། རང་གི་ལྟ་གྲུབ་སྤེལ་ཕྱིར། བོད་མིར་མགོ་སྐོར་གཏོང་འདོད་མིན་ནམ། ཧ་ཧ།

    Reply
  20. མཇུག་མེད། says:
    ལོ་ 13 སྔོན།

    བསོད་ནམས་རྒྱ་མཚོ་ལགས་དེ་འདྲ་སྐད་ཆ་བཤད་དུས་ཁྱེད་མི་འཁྱོག་བཤད་ལ་དགའ་བོ་ཡོད་པའམ་ཡང་ན་ཕྱོགས་རེ་ཞིག་གི་ཆེད་ཡིན་རྒྱུ་རེད་བསམ་བཞིན་ཡོད། རྒྱལ་ཁབ་ཞིག་གི་དོན་ཡིན་དུས་ཆུང་ཆུང་མི་ཚང་ཞིག་གམ་མི་སྒེར་ཞིག་གི་ལས་དོན་ནང་བཞིན་ཡོང་གི་མ་རེད། བཀའ་ཤག་སྔོན་མ་ཚོ་ཡག་པོ་འདུག་བསམ་བཞིན་ཡོད། རང་ཉིད་ཤི་དགོས་ན་ཁོང་ཚོས་ཡང་ཡོང་གི་མ་རེད་ལ་ཁྱོད་ཀྱིས་ཀྱང་ཡོང་གི་མ་རེད། དེ་ལས་གཞན་བཀའ་ཤག་སྔོན་ལས་ལྷག་ག་རེ་ལས་རྒྱུ་འདུག

    Reply
  21. མཇུག་མེད། says:
    ལོ་ 13 སྔོན།

    བཀའ་ཤག་སྲིད་གཞུང་གི་བོད་མི་མགོ་སྐོར་གཏོང་གི་འདུག་ཟེར་ན་དེ་ཡང་མ་རེད་བསམ་གི་ཡོད། ཡིན་ན་ཡང་ལས་དཀའ་ལས་ཕྱོགས་ཀྱི་ཆ་ནས་གཟབ་གཟབ་བྱེད་དགོས། དཔེར་ན་བཀའ་བློན་སྔོན་མ་མཁས་དབང་ཟམ་གདོང་རིན་པོ་ཆེ་ཡིན་ན་གཞི་ཆགས་ཁག་ལ་ཕེབས་དུས་ཁང་པ་ག་འདྲ་ཡིན་མིན་གྱི་ཁྱད་པ་མེད་པ་གཞུང་ལས་ཁང་ལ་བཞུགས་ཡོད་རེད། བློ་གསར་གླིང་ཡིན་ན་ཁོ་རང་གི་གྲྭ་ཚང་རེད། ཕེབས་རོགས་ཕེབས་ཡོད་མ་རེད། རང་གི་འགྲིག་འཛུགས་བཤད་པ་བཞིན་ལག་ལེན་ཡང་བྱེད་ཐུབ་མཁན་ཞིག་རེད། འདི་སྔོན་ལ་བཀའ་བློན་ཁྲི་བ་དང་རྒྱ་རི་སྒྲོན་གཉིས་རིམས་བཞིན་གཞི་ཆགས་ཁག་ལ་ཕེབས་ཡོད་པ་རེད། ཡིན་ན་ཡང་གཞུང་གི་ལས་ཁང་མ་བཞུགས་པ་བྱས་ཁང་པ་གང་ཡག་དང་བསྡད་ས་གང་སྐྱིད་ལ་བཞུགས་ཡོད་པ་མཐོང་གསར་རེད། དེ་འདྲ་བྱས་ན་ཡག་པོ་ཡོད་མ་རེད་རྗེས་མ་ནས་གཟབ་དགོས་པ་རེད།

    Reply
  22. འཇམ་བཟང་། says:
    ལོ་ 13 སྔོན།

    ཤ་རུས་ཁྲག་གསུམ་གཅིག་ལས་མཆེད་པའི་བརྩེ་བའི་སྤུན་ཟླ་ཕུ་ནུ་མིང་སྲིང་རྣམས་པ་ཚོ། སྤྱིར་བཏང་ང་ཚོའི་མཆན་གང་ཞིག་བཏབ་ཡང་ལོས་ཆོག འོན་ཀྱང་ང་ཚོ་ནང་མི་རྣམས་གཅིག་གིས་གཅིག་ལ་ཕན་ཚུན་ཚིག་རྩུབ་སྨྲ་བ་ཚིག་མཚོན་འདེབས་རེས་བྱས་ན། འདི་ནི་དགྲ་དགའ་གཉེན་སྡུག་གི་ལས་ཞིག་ཡིན་པ་ལས། འདིས་ང་ཚོའི་རྩ་དོན་ལ་ཅི་ཡང་མི་ཕན་པ་མ་ཚད། འདི་ནི་མཐུན་བསྒྲིལ་གཏོར་བཤིག་བཏང་བའི་གཞི་རྩ་ཡིན། སྤུན་ཟླ་ཚོའི་སེམས་ལ་བཟུང་རོགས། ང་ཚོ་ལ་ཆིག་བསྒྲིལ་དང་། མཉམ་ལས་ཀྱི་བསམ་བློ་མེད་ན། ནམ་ཡང་བོད་ལ་སྐྱིད་པ་ཉི་མ་ཞིག་འཆར་དཀར་བ་ཡིན། ངས་ལྟས་ན་དེ་ལས། ང་ཚོའི་ད་དུང་མི་མཐུད་ནས་དགྲ་བོ་རྒྱ་དམར་ལ་ཁ་བཏེག་གང་འདྲ་ཞིག་བཅག་དགོས་མིན་ཐད། བགྲོ་གླེང་བྱས་ན་བཟང་སྙམ། བོད་རྒྱལ་ལོ།།།།།།།།།།།།།།།།།།།།།།།།།།།

    Reply
  23. ཟླ་བ་བསོད་ནམས། says:
    ལོ་ 13 སྔོན།

    རྦད་དེ་གོ་རྒྱུ་མི་འདུག་ན་ཁ་མ་གྲགས་ན་ཡག་ཤེས་རེད། ཅུང་ཙམ་གོ་བ་ལོན་ཡོད་ན་ནུས་ཚོད་ཀྱིས་ཨ་ལན་བྱིན་ནས་མི་འདོད་ས་དང་མི་འགྲིག་སར་མཛུབ་མོ་བཙུགས་ནས་དགེ་སྐྱོན་གང་ཡོད་ཁ་གསལ་བོ་བྱེད་རྒྱུ་དེ་གལ་ཆེན་རེད། དོན་མེད་ལ་བརྒྱ་ཆའི་བརྒྱ་མོས་མཐུན་ཡོད་དང་མེད་ཀྱི་སྐད་ཆ་འདི་ལ་བཟོ་བལྟ་ཞིག་ཁྱོན་ནས་མི་འདུག
    བདག་གི་བསམ་སྣང་ལ་གྱད་ལྷ་འབོད་པས་འདི་འདྲ་ཞིག་བསམ་ཀྱིན་འདུག
    ༡༽ དབུ་མའི་ལམ་གྱི་གཉིས་ཕན་ལམ་ལུགས་འདི་ལ་རྒྱ་ནག་གིས་ཁ་ཡ་བྱེད་ཀྱིན་མི་འདུག དེར་བརྟེན་བཀའ་ཟུར་ཟམ་གདོང་བླ་མའི་སྐུ་རིང་ལ་པེ་ཅིན་མཁར་གྱི་ཇུས་འགོད་དང་བསྟུན་གང་ཐུབ་བྱས་རུང་འབྲས་བུ་གཅིག་ཀྱང་སྟོན་རྒྱུ་ཡོད་བ་མ་རེད་དེ། མར་བོད་མི་མང་ལ་གསལ་འདེབས་བྱེད་རྒྱུ་ནི་གང་མགྱོགས་སྒོས་དབུ་མའི་ལམ་གྱི་མངོན་འདོད་འགྲུབ་ལ་ཉེ་ཚུལ་ཀྱིས་གྲོས་མོལ་ལན་བརྒྱ་ཆད་མཐུད་བྱས་བ་ནི། བོད་མི་མང་ལ་མགོ་སྐོར་བཏང་བ་རེད་ལབ་ཀྱིན་འདུག་སྙམ། འོན་ཀྱང་གནས་ལུགས་འདི་ཙམ་གྱིས་བདག་གི་བློ་ཡིད་ཚིམས་དཀའ་བ་དང་དྲང་གཏམ་འབའ་ཞིག་མ་རེད་བསམ་པའི་ཐོག རང་ཉིད་ཀྱིས་གང་བསམ་པ་དེ་གླེང་ན་འདོད་བྱུང་། དང་པོ། བོད་མི་མཐེ་བོང་ཙམ་ཞིག་ཡིན་རུང་བཙན་བྱོལ་གྱི་རིང་འདི་ལ་རང་ཡུལ་བསྐྱར་གསོ་བྱེད་རྒྱུ་ནི་ཐོག་མའི་དམ་བཅའ་དང་མཐའ་མའི་དམིགས་ཡུལ་ཡིན་པ་གང་ཞིག་ལ། ལག་ལེན་གྱི་སྟེང་ནས་བོད་འབངས་ཕལ་ཆེ་བས་ཁ་གནམ་གདང་གིས་གྱོག་གནམ་ལྷུང་ལ་རེ་བ་བཞིན་བོད་རྒྱ་ཞི་མོལ་ལ་ངང་སྒུག་བྱེད་མཁན་རྐྱང་རེད་མ་གཏོགས། དངོས་ཡོད་ཐོག་རང་རང་སོ་སོའི་ཕྲག་སྟེང་ལ་བབས་པའི་ཁུར་བོ་ཡོངས་སུ་༧གོང་ས་མཆོག་ཁོ་ནའི་སྒང་ལ་སྤུངས་ནས་བཞག་བ་ཡིན་པ། དེ་རིང་གི་ཉིན་མོ་འདིར་འུ་ཅག་གིས་ཁ་གདང་ཐུབ་ཚོད་ཅིག་གདང་ནས་གནས་ལུགས་རེ་མ་བཤད་གོང་ལ། རང་ཉིད་ལ་བསྐྱར་ཞིབ་བྱས་ནས་དབང་བོ་སྒོ་ལྔ་ལ་ཚང་རྩིས་རེ་བྱས་ན་འགྲིག་གི་འདོད། ཕྲན་གྱི་གྲོགས་པོ་ཞིག་དུས་རྒྱུན་ཕངས་སེམས་སྐྱེས་ས་ཞིག་ནི་དབུ་མའི་ལམ་ལ་འཐབ་རྩོད་མི་འདུག་ཅེས་ཡང་དང་བསྐྱར་དུ་ཤུགས་རིང་འཐེན་ཀྱིན་འདུག དོན་དངོས་ཐོག་རྒྱུ་མཚན་ཅི་ཞིག་ལ་ཐུག་པ་ཡིན་ནམ།
    ༢༽ བོད་རྒྱ་གྲོས་མོལ་གྱི་སྐུ་ཚབ་གཉིས་ནས་ཀྱང་མེད་མུག་ལུང་བ་གང་བཏོན་རྗེས། ངལ་བའི་རེ་བ་འབྲས་མེད་སྒོས་དགོངས་ཞུ་གནང་བ་འདི་ཐད་ནས་གྱད་ལྷ་འབོད་པའི་སེམས་ཕྱོགས་ལྟར་ན། བོད་རྒྱ་ཞི་མོལ་འདི་མཇུག་སྡུམ་མ་བྱས་གོང་མཚམས་ཆད་པར་བརྟེན་དབུ་མའི་ལམ་གྱི་སྒྲུང་རྫོགས་ཚར་བ་རེད་དེ། སྲིད་སྐྱོངས་བློ་སེང་ལ་ཁ་ཆེམས་བོད་རྒྱ་ཞི་མོལ་གློད་མི་རུང་ཚུལ་གྱིས་ནན་ཏན་སྒོས་ལག་འཇུ་བྱེད་པའམ། ལམ་དབུ་མའི་གཞི་རྩའི་ལངས་ཕྱོགས་འདི་འགྱུར་མེད་སྒོས་བློ་གཏོད་བྱེད་དགོས་ཚུལ་དམིགས་སུ་ནན་བཤད་བྱས་བའི་བཟོ་འདི། སྐུ་ཚབ་རྣམ་པ་ལྷན་རྒྱས་ཀྱི་སྤམ་ཤོར་དོགས་ཀྱི་རྣམ་འགྱུར་ཞིག་ལ་ངེས་བཟུང་བའི་མ་ཟད། ར་མདའ་ལ་བོད་རྒྱ་ཞི་མོལ་ཐད་དུ་རེ་ལྟོས་བྱེད་ས་མེད་ན། དེ་ལུགས་ལྟར་ཁ་གསལ་བོ་བཟོ་ནས་བོད་འབངས་སྤྱི་ལ་བསྒྲགས་གཏམ་སྤེལ་དགོས་བ་མ་གཏོགས།བལྟ་ས་ཉན་ས་མེད་བཞིན་དུ་ཨམ་ཚིགས་བསྡམས་པ་འདི།སླར་ཡང་བོད་འབངས་ལ་མགོ་སྐོར་ཐེབས་འགྲོ་འང་སྙམ་ནས་དགག་གཏོར་འཕེན་ཀྱིན་འདུག་མོད། དོན་དམ་གྱིས་སྐུ་ཚབ་རྣམ་གཉིས་འདི་འདྲིའི་རྫོབ་པོ་ཞིག་ཡིན་མིན་ཁ་ཚོན་གཅོད་དཀའ་ན་ཡང་། བོད་རྒྱ་ཞི་མོལ་གྱི་མཇུག་སྐྱེལ་རྒྱུར་སྲིད་སྐྱོངས་བློ་སེང་ཁོ་ནའི་སྒང་ལ་ལྷུང་བ་འདི། བསྐྱར་ཞིབ་བྱེད་རྒྱུ་ཞིག་ལྷག་བསྡད་ཡོད་བ་རེད་བསམ་གྱིན་ཡོད།
    ༣༽གྱད་ལྷའི་བསམ་སྣང་ལ་དབུ་མའི་ལམ་ལ་སེམས་ཐག་བཅད་ནས་སླར་རང་བཙན་བསྐྱར་གསོ་བྱེད་རྒྱུ་མ་གཏོགས།འདི་མུར་བོད་རྒྱ་ཞི་མོལ་ལ་ངང་སྒུག་བྱས་བ་ཡིན་ན། ནམ་ཞིག་གི་ཚེ་ལག་པ་འཆང་སའི་གཞི་རྩ་བོར་འགྲོ་བར་དོགས་པ་ཞིག་རེད། ཡིན་ནའང་བདག་གི་བསམ་སྣང་ལ་ད་ལྟའི་གཞོན་ནུའི་བློ་མ་ལོག་ན་སེམས་ངལ་འདི་འདྲ་བྱེད་དགོས་དོན་གང་ཡང་མི་འདུག གཞོན་ནུའི་ལྟ་གྲུབ་གྱི་གོ་རིམ་འདི་ཁ་སང་དེ་རིང་བྱུང་བ་ཞིག་མ་རེད། སྔོན་མ་ནས་གཞོན་ནུ་བརྒྱུད་དམིགས་གཏད་ས་འདི་བསམ་བཞིན་དུ་བསྒྲུབས་པ་མ་རེད་དེ། ལྷུན་གྱིས་གྲུབ་པ་རེད། འདི་ང་ལ་མཚོན་ན་ནམ་ཡང་བློ་བདེ་སའི་གནད་དོན་ཅིག་ཡིན། འོན་ཀྱང་འཛམ་གླིང་ཟླུམ་པོ་འདིའི་སྒང་ན་པེ་ཅིན་གཞུང་གི་ཁ་ནང་ནས་ཚིག་ཅི་འབུད་ལ་བལྟ་མཁན་མང་ནི་རེད། དེར་བརྟེན་བོད་རྒྱ་ཞི་མོལ་བྱེད་རྒྱུར་ང་ཚོ་བློ་སྤོབས་དང་བདེན་སྟོབས་ཀྱིས་ཁེངས་ཡོད་བཞིན་དུ། པེ་ཅིན་གཞུང་ལ་ཁ་གཡར་སའི་འཐབ་ར་དེ་ང་ཚོ་རང་སྟེང་བརྩིགས་བ་ཡིན་ན། ད་བར་དུ་འཛམ་གླིང་གི་མིག་མདུན་ནས་ཅི་བཤད་པ་དང་གང་བསྟན་པ་ཐ་དག བོད་རང་ངོས་ནས་རྩ་གཏོར་དུ་བཏང་བ་མ་རེད་དམ། དེར་བརྟེན་ལྕོགས་ཚོད་ཀྱིས་ལས་འགན་བླངས་ནས་པེ་ཅིན་མཁར་ལ་གདོང་གཏོད་རྒྱུ་ལས། རྒྱལ་འཚོང་བའི་ནག་ཉེས་ཆེན་པོ་སུས་བཟོ་ལ་ཚོད་དཔག་བྱས་ནས་སྒྲོ་འདོགས་པའི་བཟོ་འདྲ་བསྟན་བསྡད་ན། ཕལ་ཆེར་ཕལ་ཆེར་་་་་་་་་་་

    Reply
  24. ལུང་རྟོགས། says:
    ལོ་ 13 སྔོན།

    རྩོད་དགོས་པ་བོད་དོན་མི་རྩོད་པར་མི་དགོས་པ་དབུ་མ་དང་རང་བཙན་རྩོད། ད་ཡང་ལྟས་ངན་འདི་ཚོས་མགོ་རྙོག་ལུང་པ་གང་སློང་རྩིས་འདུག རྩ་མེད་འདི་ཚོ།

    Reply
  25. ལྷག་བསམ says:
    ལོ་ 13 སྔོན།

    བོད་རང་བཙན་འཐབ་རྩོད་པ་རྣམས་ལ་མདའ་ཁ་དང་མདུང་ཁ་གཏོད་ཀྱི་ཡོད་པ་འདི་ནི་བོད་མི་ཞིག་གིས་ངོས་ནས་སེམས་སུ་བཟོད་དཀའ་བའི་སྡུག་བསྔལ་ཞིག་རེད།
    ཕ་མོས་བསད་ཕ་ས་ཕྲོགས་པའི་གུན་ཁྲན་ཏང་ལ་ངོ་དགལ་དང་སྤྲེལ་ལད་ཁྲམ་བསྡད་པ་ནི་དགྲ་དགའ་གཉེན་སྡུག་གི་ལས་ཀ་མིན་ན་གང་ཡིན།

    རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོལ་གཞིའི་འོག་ཏུ་ཁེ་ཕན་ཞིག་བོད་མི་རྣམས་ལ་འཐོབ་ཀྱི་ཡོད་ན་བོད་མི་རྣམས་ཀྱིས་རང་ལུས་མི་ལ་སྲེག་དོན་ཅི་ཞིག་ཡོད།
    རྒྱ་ནག་གི་རྩ་ཁྲིམས་དང་གྲོས་ཆོད་ལ་ཆ་བཞག་ཞིག་ཡོད་ན་གྲོས་མཐུན་དོན་ཚན་བཅུ་བདུན་བརྩི་མེད་བཏང་ནས་བཙན་བྱོལ་དུ་བྲོས་དགོས་དོན་གང་ཡོད།
    རྒྱ་དཔོན་ཚོས་ནང་མི་བུ་ཕྲུག་དང་བཅས་པ་ནུབ་ཕྱོགས་ཡུལ་དུ་གནས་སྤོར་བྱེད་བཞིན་པའི་དུས་ཚོད་འདི་ལ་བཙན་བྱོལ་བོད་མི་ཕར་རྒྱ་ཁུངས་སུ་འགྲོ་གི་ཡིན་ཟེར་བ་ནི་ནོར་འཁྲུལ་ཞིག་མིན་ན་གང་ཡིན།
    རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་རང་དབང་གི་ཉི་མ་ཞིག་ཤར་གྱི་ཡོད་ན་རྒྱ་ནག་ནང་གི་ཕྱུག་བདག་ཚོ་ཨ་རི་ལ་བྲོས་གང་ཐུབ་བྱེད་དགོས་དོན་གང་ཡོད།

    Reply
  26. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    བཀའ་ཤག་སྔ་མས། མི་རིགས་ཤིག་དང་། རྒྱལ་ཁབ་ཅིག་གི་འཆི་གསོན་གཉན་འཕྲང་གི་སྐབས་དེར། མི་ལོ་བཅུའི་རིང་ལ་ཕྱག་ལས་ཅི་ཞིག་གནང་བ་རེད། གཞན་ལ་སྒྲོག རང་ཉིད་ཡང་སྤོབས་པ་སྐྱེ་ས་དང་། མཛད་རྗེས་ཆེ་ཤོས་དེ་ཡིན་མདོག་གི་གཤོམ་ར་དེ་ནི། རྒྱ་བོད་ཞི་མོལ་ཁོར་ཡུག་སྐྲུན་རྒྱུ་ཡིན་ཞེས་པ་དེ་རེད། ཞི་མོལ་ཁོར་ཡུག་དེ་སྐྲུན་ཕྱིར་བོད་ནང་མི་བསད་ཁྲག་སྦྱོར་བྱེད་དུས་མི་བསད་སོང་ཙམ་ཡང་ལབ་མི་ཆོག་པ་བཟོས་པས་མ་ཚད། ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་ནས་སྤྲེལ་ལད་གྱི་རྔ་མ་དགུང་ལ་གཡུགས་དུས་འཛམ་གླིང་མི་དམངས་ལོས་ཡིན་ཏེ། དྷ་སའི་སྲང་མཐའི་སྤྲེའུ་དག་གིས་ཀྱང་གད་མོ་འཚེར་འཚེར་གྱིས་འཕྱ་བ་རེད། དེ་ལྟར་རྩ་དོན་ཡོངས་རྫོགས་བློས་གཏོང་བྱས་པ་རེད། དམངས་གཙོའི་ལམ་ནང་དུ་བཀའ་གཏོང་ས་མེད་ནའང་། གནོན་ཤུགས་འདྲ་མིན་དང་བཅས་ཏེ། རྒྱལ་བའི་དགོངས་གཞི་སྒྲུབ་ན་དབུ་ལམ་དུ་མིག་བཙུམ་སྟེ། འཛུལ་དགོས་རབས་དང་མ་འཛུལ་ན་རྒྱལ་བའི་བཀའ་དང་འགལ་འགྲོ་ཚུལ་ཡང་དང་ཡང་དུ་ནན་བཤད་འཛམ་གླིང་དུ་སྒྲོག དབུ་མའི་སྐོར་ལ་དོགས་སློང་ཕར་ཞོག་དྲི་བ་ཙམ་བཀོད་ནའང་། སྨྱོན་པའམ་རིག་འཚོ་བརླག་པའི་སྐྱེ་བོ་ཡིན་རབས་གསུངས།  དཔེར་ན། བསྟན་འཛིན་མགོན་པོ་དང་། ལྷ་བཟང་ཚེ་རིང་སོགས་སྨྱོན་པ་རེད་ཤག ཡ་མ་བྱེད་གསུངས་པ་རེད། དོན་གྲུབ་ལྷ་དར་ལ་རིག་འཚོ་མ་ཟིན་པའི་བུ་རེད་ཅེས་དང་། གྲྭ་ས་ཁག་གི་ཉོན་མོངས་དེ། མི་སྐྱ་ཕོ་མོ་ལས་ཀྱང་ཆེ་བ་འདུག་གསུངས་པ་རེད། གཞོན་ནུ་ཚོགས་པ་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་ཡོད་ཚད་སྤྲད་དེ་ཟམ་གདོང་གི་འཇོན་ཐང་ཡོད་ཚད་རྩལ་དུ་བཏོན་པ་རེད། རྒྱ་བོད་ཕན་ཚུན་དོགས་པ་རྣམ་རྟོག་སེལ་ཐུབ་ན། རྒྱ་མིས་ནམ་ཡང་བོད་པར་མགོ་བསྐོར་གཏོང་གི་མ་རེད་ཡང་ཡང་གསུངས་པ་རེད། ད་རྒྱ་མིས་མགོ་སྐོར་བཏང་འདུག་མིན་དེ་རིང་ཁ་སང་། ཕྱི་གསལ་ནང་གསལ་ཡིན་ནའང་། མ་གོ་མ་ཤེས་མདོག་མདོག་གི་བྱེད་སྟངས་ལ་བལྟས་ན། སུ་ཞིག་དྲང་བདེན་ཡིན་མིན་དེ་དཔྱོད་ལྡན་ཀུན་གྱིས་ཤེས།
     སི་ཊ་སི་སྦག་གི་དོན་མཚན་ལྔ་ཡང་རྩིས་མེད་བཏང་།  དབུ་ལམ་དང་རང་བཙན་གྱི་ལྟ་བའི་འཐབ་རྩོད་གང་ཡང་མེད་པའི་མགོ་བཏགས་ཀྱི་ཆབ་སྲིད་འཛིན་ཏེ། ཟམ་གདོང་དང་དེའི་རྗེས་འབྲང་བྱ་ལག་ཅན་འགས་མཉམ་རུབ་ཀྱིས། ཆོ་འཕྲུལ་གཏོན་རྗེས་ཟམ་གདོང་བཀའ་ཤག་གི་ཁྲི་ལ་མེད་ནའང་བཀའ་ཤག་གསར་པས། དེའི་རྗེས་སུ་མ་འབྲང་ན་འགྲོ་ས་མེད་པ་བཟོས་ཡོད། མཐར་རྒྱ་དམར་གྱིས་རིང་དུ་བརྣག་པའི་བོད་གཞུང་དེ། བསྡུ་གསོག་རྒྱབ་ཏེ། ཀྲུང་དབྱང་གི་རྩ་དོན་མཐར་ཐུག་དེ་སྒྲུབ་པ་རེད་ལ། འགྲུབ་སོང་བ་རེད། ད་རྩ་དོན་མེད་པའི་བོད་མི་སྒྲིག་འཛུག་ཞིག་གི་ཅི་བྱེད། མཚན་སྙན་གྱི་ཆོ་ལོར་རྔམ་ཏེ་བཀའ་ཤག་སྔ་མས་ལོ་ངོ་བཅུ་དེ་ཆུད་ཟོས་སུ་བཏང་བ་རེད། བགྲང་བྱ་དྲུག་བཅུ་ལ་ཉེ་བའི་བར། བོད་མི་དཔའ་བོ་ཁྲི་ཕྲག་མང་པོ་རང་སྲོག་གཏོང་བས་དགོས་དོན་དག ཉིན་གཅིག་ལ་གཏན་བརླག་དུ་བཟོ་རྩིས་མིན་ནམ་ཅི། ཉིས་སྟོང་བརྒྱད་ལོ་ནས་བོད་ས་ཡོངས་རྫོགས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུ། རྒྱ་ནག་གི་དྲག་གནོན་སྐབས། བོད་མི་ཞིག་ཕར་ཞོག མི་གཞན་གྱི་བློས་མ་བཟོད་པ་གྱུར་ཀྱང་། ཟམ་གདོང་གིས་ལས་འགུལ་ཞིག་སྤེལ་མེད་པ་མ་ཟད། གནད་དུ་ཁེལ་བའི་གཏམ་བཤད་དང་། གཞིས་ལུས་མི་དམངས་ལ་སེམས་གསོ་ཞིག་ཀྱང་གནང་མེད། དེ་རིང་ཁ་སང་རྒྱ་དར་མེ་སྲེག་གཏོང་བ་ལ་སྡུག་བསྔལ་གྱི་འོ་དོད་ལས། བོད་མིའི་ཚེ་སྲོག་སྲེག་པར་། གདུང་སེམས་མཉམ་སྐྱེད་ཀྱི་བཀའ་ཞིག་གོ་རྒྱུ་མི་འདུག ད་བོད་ལ་ལྟས་ངན་སྔ་མདའ་ཚང་གི་འདུག རང་གིས་རང་བརླག་པ་འདིར་རྒྱ་དམར་གྱིས་མཚར་བལྟས་ཀྱིས་ཁོང་དགོད་ཤོར་གྱི་འདུག་གོ།

    Reply
  27. བུ་ཡུག says:
    ལོ་ 13 སྔོན།

    གྱལ་འདྲེ་དགའ་ཤིང་ལྡོང་གི་ཡལ་གའི་སྟེང་ནས་རྩ་བ་བཅད་ན་རང་འཆི་ལམ་དུ་འདེད་རྒྱུ་ལས་གཞན་ཅི་ཡོད། སྐབས་སྔ་མའི་བཀའ་ཤག་གིས་དུས་ཡུན་ཐུང་ཐུང་ཞིག་གི་རིང་ལ་གྲུབ་འབྲས་ཅི་ཡང་ལྟོན་རྒྱུ་མི་འདུག་ཟེར་བ་དེ་མནར་མ་སོན་པའི་བྱིས་པ་སྣུབ་ལུག་ཞིག་གི་བསམ་བློ་ལས་ཆ་འཇོག་མི་འདུག། ང་ཚོའི་འཐབ་རྩོད་ནི་ས་རྩོད་ཆུ་རྩོད་མ་རེད་མི་རིགས་དང་རིགས་གཞུང་གི་འཐབ་རྩོད་ཞིག་ཡིན་པས་དུས་ཡུན་ཐུང་ངུ་ཞིག་གི་རིང་ལ་འགྲུབ་མི་ཐུབ་པ་ནི་རྒྱ་གར་ལྟ་བུའི་དཔེ་མཚོན་གྱི་སྟངས་ནས་ལོས་ཤོས།

    Reply
  28. གནས་ཚང་། says:
    ལོ་ 13 སྔོན།

    གནས་ལུགས་འདུག ཡིན་ནའི། ཚོར་བའི་ཆའང་དྲག་པོ་རེད། གནས་ལུགས་རྐྱང་བ་གསུང་བར་རེ་བ་ཡོད།

    Reply
  29. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    གྱད་ལྷ་དགའ་ཁྱོད་ལ།
    སྔ་མོ་ཞིག་ལ་རྒྱ་རྒན་ཏིང་གིས་རྒྱལ་དོན་ཅན་ལ་བཤད་པར་གྲགས་པའི་འཆལ་གཏམ་ཁུངས་མེད་ཅིག་ལ་གཞི་བྱས། བོད་མའི་རྒྱ་ཆ་གོ་དགུའི་གདམ་ཁ་ཡིན་ཚུལ་གྱི་དྲིལ་བསྒྲགས་ས་ཆེན་རལ་བ་ལྟ་བུ་ཞིག་གི་འོག་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་ཡིན་ཏེ་འདུག ཅེས་པའི་གཏམ་ལ་ཁུངས་ཡོད་དམ། ཁུངས་མེད་གཏམ་བཤད་ཀྱིས་རང་མཚང་ཕྱི་ལ་མ་སྟོན་ཡག་བགྱིད་རེད་དོ། །

    Reply
  30. སྟོང་ལྡན་འོད་དཀར། says:
    ལོ་ 13 སྔོན།

    གྱད་ལྷ་དགའ་ལགས་ཀྱི་རྩོམ་ཡིག་འདི་ལ་རིན་ཐང་ཡོད་མེད་བཤད་མི་དགོས། བོད་ཀྱི་དུས་བབ་ཚང་གིས་རིན་ཐང་སྤྲད་པ་འདིས་རྟོགས་ཐུབ། སྤྱིར་སྟངས་སྐབས་སྔོན་མའི་བཀའ་ཤག་གིས་དུས་ཡུན་ལོ་བཅུའི་ནང་གྲུབ་འབྲས་སྣ་གཅིག་ཐོན་མེད་པ་དངོས་ཡོད་ཡིན་པ་མ་ཟད། ཉི་མ་ཕུད་ཐབས་ཀྱིས་བོད་རྒྱ་ཞི་མོལ་དང་། ཞི་འགྲིག གཉིས་སྨན་དབུ་མའི་ལམ་སོགས་མིང་སྙན་པོ་རེ་ལ། འགྲེལ་བཤད་སྙན་པོ་རེ་རྒྱག་ནས་སྐྱིད་ཉལ་བྱས་ནས་བསྡད་པ་དངོས་ཡོད་རེད། འཁྱུར་ཟིན་མ་ཐག་པའི་བཀའ་ཁྲི་ཟུར་པ་ཟམ་གདོང་གིས་ཉེ་ཆར་གཏམ་བཤད་ཅིག་གི་ནང་༼ངོས་ཀྱིས་བཀའ་ཤག་གི་འགན་འཁུར་ཞུས་རིང་བོད་རྒྱ་ཞི་མོལ་གྱི་ལས་དོན་གང་བྱས་པ་དེ་བོད་དོན་བདེན་མཐའ་གསལ་ཐབས་སུ་མིན་པར། རྒྱལ་སྤྱིའི་ཐོག་དོ་སྣང་ཡོང་ཆེད་ཙམ་ཡིན།༽ཡིན་ཞེས་གཏམ་དམར་ལྗན་དུ་ཐོན་ཡོད།

    Reply
  31. སེང་གེ་གནམ་འཆོང། says:
    ལོ་ 13 སྔོན།

    བཀོད་ན་ ་་་་་ཞེས་ཀློག་རོགས།

    Reply
  32. སེང་གེ་གནམ་འཆོང། says:
    ལོ་ 13 སྔོན།

    ད་དངོས་གནས་དོན་དག་མི་འདུག རྩོམ་སྒྲིག་པས་ཡིག་ཉོག་འདི་རྣམས་བཀླགས་ནས་བཀོད་པ་འོས་མཚམས་སུ་མཐོང།

    Reply
  33. བློ་ལྡན། says:
    ལོ་ 13 སྔོན།

    གྱད་ལྷ་དགས་གསུང་བ་ལ་མོས་མཐུན་བརྒྱ་ཆའི་བརྒྱ་ཡོད། ཐུགས་རྗེ་ཆེ།

    ཡལ་ཀླུང་ལྷ་རྗེ་ཟེར་བའི་སེམ་ལ་གདོན་འཞུགས་ནི་ཡིན་རྒྱུ་རེད་མ་གཏོགས་དེ་མི་གོ་བ་ཞིག་ག་ལ་སྲིད།

    Reply
  34. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    དམིགས་ཡུལ་ཡོད་རུང་ཁ་སྟོང་གི་ཐབ་ལམ་གང་ཡང་ད་བར་སྟོན་རྒྱུ་མེད་པའི་ཚོར་གཏམ་འཆད་མཁན་ཞིག་བྱུང་སོང་གོ་རྒྱུ་གང་ཡང་མིན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese