ཕྱི་རྒྱལ་རང་དབང་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་གངས་ཅན་སྐྱེ་འགྲོ་ཀུན་གྱིས་གསོན་ཅིག
ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ཕྱི་ལོ་ ༢༠༡༢ པའི་ཟླ་ ༡༠ ཚེས་ ༢༦ སྟེ་དེ་རིང་གི་བར། བོད་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་དྲུག་ཅུ་རེ་དྲུག་གིས། འཇིག་རྟེན་ན་གཅེས་པའི་ཚེ་སྲོག་དྲོན་མོ་ང་ཚོའི་ཆེད་དུ་གསོན་བསྲེགས་བཏང་ནས་གཏན་དུ་བཤེགས་ཟིན། འདིའི་ནང་ན་དགོན་བདག་གི་བླ་མ་ཡོད་རེད། དགོན་པའི་མཁན་སྤྲུལ་ཡོད་རེད། གྲྭ་བཙུན་དཀྱུས་མ་ཡོད་རེད། ད་དུང་གཅེས་པའི་བུ་ཕྲུག་གི་ཕ་མ་ཡོད་རེད། བརྩེ་བའི་བཟའ་ཚང་གི་ཁྱོ་ག་དང་ཆུང་མ་ཡོད་རེད། དགུང་ལོ་བདུན་ཅུར་སླེབས་པའི་ལོ་ལོན་ཡོད་རེད། སློབ་རའི་ནང་གི་ན་ཆུང་སློབ་མ་ཡང་ཡོད་རེད།
དེང་སྐབས་བོད་ནང་དུ་མཚོན་ན། དགོན་བདག་མེད་པས་དགོན་པ་བདག་མེད་དུ་ལུས་ཡོད། གྲྭ་བཙུན་མེད་པས་དགོན་པ་སྟོང་པར་ལྷགས་ཡོད། ཕ་མ་མེད་པའི་དྭ་ཕྲུག་གིས་ངུ་འབོད་སྒྲོག་བཞིན་ཡོད། ཁྱོ་ག་མེད་པའི་ཡུགས་མོས་བྲང་ཁོག་རྡུང་བཞིན་ཡོད། ཆུང་མ་མེད་པའི་ཁྱོ་བོས་འོ་དོད་འབོད་བཞིན་ཡོད།
འདི་སུའི་ཆེད་དུ་རེད། བོད་མི་ས་ཡ་དྲུག་གི་མ་འོངས་བདེ་སྐྱིད་ཁོ་ནའི་ཆེད་དུ་རེད། བོད་ཆོལ་གསུམ་ཆོས་རྒྱུད་དང་བཅས་པའི་ཆེད་དུ་རེད། སྲིད་སྐྱོང་བློ་བཟང་སེང་གེའི་ཆེད་དུ་རེད། བཀའ་བློན་རྣམ་པ་བདུན་གྱི་ཆེད་དུ་རེད། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་དབུས་སྤྱི་འཐུས་ཡོངས་ཀྱི་ཆེད་དུ་རེད། ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་ཀྱིས་དབུས་ཁྲིམས་ལུགས་འབྲེལ་ཡོད་རྣམས་ཀྱི་ཆེད་དུ་རེད། དེ་བཞིན་གཞུང་འབྲེལ་ལས་ཁུངས་ཡོངས་ཀྱི་ཆེད་དུ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་དབུས་གཞོན་ནུའི་ཚོགས་མི་ཡོངས་ཀྱི་ཆེད་དུ་རེད། བོད་ཀྱི་བུད་མེད་ལྷན་ཚོགས་སོགས་མདོར་ན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཆེ་ཆུང་ཡོད་དོ་ཅོག་གི་ཆེད་དུ་རེད། ཁྱོད་ཀྱི་ཆེད་དུ་རེད། ངའི་ཆེད་དུ་རེད། བཙན་བྱོལ་བོད་མི་ཡོངས་ཀྱི་ཆེད་དུ་རེད།
དེས་ན་ང་ཚོས་ག་རེ་བྱེད་དགོས་སམ་ཟེར་ན། འདི་ལྟར་བྱེད་དགོས། སྲིད་སྐྱོང་བློ་བཟང་སེང་གེས་དབུས་བཀའ་བློན་རྣམས་ཀྱིས་དབུ་ཁྲིད་པའི་བོད་གཞུང་ལས་བྱེད་ཡོངས་དང་། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་སོགས་རང་དབང་ཅན་གྱི་ཚོགས་སྡེ་ཡོངས་རྫོགས། སྔ་འགྱུར་རྙིང་མའི་དབུ་འཛིན་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེས་དབུས་རྙིང་མའི་སེར་སྐྱ་ཡོངས་རྫོགས། ས་སྐྱ་ཁྲི་འཛིན་མཆོག་གི་དབུས་ས་སྐྱའི་སེར་སྐྱ་ཡོངས་རྫོགས། རྒྱལ་དབང་ཀརྨ་པ་མཆོག་གི་དབུས་བཀའ་རྒྱུད་སེར་སྐྱ་ཡོངས་རྫོགས། དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེས་དབུས་དགེ་ལུགས་གདན་ས་ཁག་གི་དགེ་བཙུན་ཡོངས་རྫོགས། ཇོ་ནང་སིམ་ལ་དགོན་པའི་མཁན་པོ་རིན་ཆེན་ལགས་ཀྱིས་དབུས་ཇོ་ནང་སེར་སྐྱ་ཡོངས་རྫོགས། སྨན་རི་ཁྲི་འཛིན་མཆོག་གིས་དབུས་བོན་གྱི་སེར་སྐྱ་ཡོངས་རྫོགས་དང་། མདོར་ན་རྒྱ་གར་བཙན་བྱོལ་བོད་མི་ཡོད་དོ་ཅོག རྒྱ་གར་རྒྱལ་ས་ལྡི་ལིར་དུས་གཅིག་ལ་འཛོམས་ཤོག
བྱང་ཨ་རིའི་དོན་གཅོད་སྐུ་དྲག་བློ་བཟང་སྙན་གྲགས་ཀྱི་གཙོས་བོད་རིགས་སྤྱི་མཐུན་ཚོགས་པ་སུམ་ཅུ་སོ་གཉིས་ཀྱི་ཚོགས་གཙོ་རྣམས་ཀྱིས་སྣེ་ཁྲིད་དེ་བོད་མི་ཡོངས་རྫོགས། ཉི་འོག་གྲོང་ཁྱེར་དུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་མཉམ་དུ་འཛོམས་ཤོག དེ་བཞིན་ཁེ་ན་ཀྲ་དང་། ཡོ་རོབ་ཏུ་ཡོད་པའི་སྐུ་ཚབ་དོན་གཅོད་ཁག་དང་། བོད་རིགས་ཚོགས་པའི་ཚོགས་གཙོ་རྣམས་ཀྱིས་སྣེ་ཁྲིད་དེ་བོད་མི་ཡོངས་རྫོགས་རྒྱལ་ཁབ་དེ་དང་དེར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱ་ནག་གཞུང་ཚབ་ཁང་ཁག་ཏུ་མཉམ་དུ་འཛོམས་ཤོག
དེ་ལྟར་འཛམ་གླིང་ཁྱོན་ཡོངས་ཀྱི་བོད་མི་ཡོད་དོ་ཅོག ཉིན་བརྒྱ་དུས་གཅིག་ལ་འཛོམས་ཏེ་ཞི་བའི་ངོ་རྒོལ་གཞི་རྒྱ་ཆེ་བ་ཞིག་སྤེལ་དགོས། འཆི་བ་སྲོག་ལ་ཐུག་ཀྱང་། ཇི་སྲིད་རྒྱ་ནག་སྲིད་གཞུང་གིས་བོད་ནང་དུ་སྤེལ་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་ཇུས་ཡོངས་རྫོགས་མཚམས་འཇོག་བྱས་ཏེ། གཞིས་སྡོད་བོད་མི་རྣམས་ཀྱི་རེ་འདོད་མ་བསྐང་བར་དང་། མཉམ་འབྲེལ་རྒྱལ་འཚོགས་ཀྱི་ངོས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ། བོད་ནང་ཁུལ་ལ་ཞི་བདེ་དང་ལྷིང་འཇགས་མ་བྱུང་བར་དང་། ཡང་ན་བོད་རྒྱའི་གྲོས་མོས་འཕྲལ་དུ་མགོ་བཙུགས་ཏེ། དོན་ཕན་ལྡན་པའི་ཐག་གཅོད་མ་བྱུང་བར་དེ་སྲིད་དུ་ཞི་བའི་ལས་འགུལ་མཚམས་འཇོག་མི་བྱེད་པའི་ཆོད་སེམས་བརྟན་པོ་བཟུང་ནས་མཉམ་དུ་འཛོམས་ཤོག
ཞི་བའི་ལས་འགུལ་སྐབས། གཅིག་གྱུར་གྱི་འབོད་ཚིག་འདི་ལྟར་སྒྲོག་དགོས།
༡༽བོད་ལ་རང་ས་རང་སྐྱོང་གི་རང་དབང་དགོས། ༢༽༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ༣༽བོད་ནང་སྤེལ་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་འཕྲལ་དུ་མཚམས་འཇོག་བྱེད་དགོས། ༤༽བོད་མིའི་ཚད་མཐོའི་ཞི་རྒོལ་མེར་བསྲེག་ལས་འགུལ་གྱི་འགན་རྒྱ་ནག་སྲིད་གཞུང་ལ་ཡོད། ༥༽བཙན་བཟུང་བྱས་པའི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་དཀྲོལ་གཏོང་དགོས། ༦༽བོད་རྒྱའི་གནད་དོན་གྲོས་མོལ་གྱི་ལམ་ནས་མགྱོགས་མྱུར་ཐག་གཅོད་བྱེད་དགོས།
བྱེས་སྡོད་གངས་ཅན་པ་རྣམས་གསོན་དང་། གཞིས་བཞུགས་བོད་མི་རྣམས་ཀྱིས་གཅེས་པའི་ཚེ་སྲོག་ང་ཚོའི་ཆེད་དུ་མེ་རུ་སྒྲོན་ཐུབ་ན། ང་ཚོས་ཁོང་ཚོའི་ཆེད་དུ་ཞི་བའི་ངོ་རྒོལ་ཙམ་ཡང་བྱེད་མི་ཐུབ་པ་ཅི་ཡིན་ནམ། ང་ཚོའི་ཁ་ནས་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཟེར་བཞིན་ཡོད་པ་དེ་ཚིག་ཙམ་དུ་སོང་བ་མ་ཡིན་ནམ། གལ་ཏེ་བོད་མིའི་སྐྱིད་སྡུག་མཉམ་ཟེར་བ་དེ་དོན་ལ་གནས་ན། བྱེས་སྡོད་གངས་ཅན་པ་རྣམས། མཉམ་དུ་འཛོམས་ཤོག བོད་མིའི་སྐྱིད་སྡུག་མཉམ་མྱོང་བྱེད་འདོད་ན་མཉམ་དུ་འཛོམས་ཤོག ང་ཚོས་མཉམ་དུ་ཞི་བའི་ལས་འགུལ་སྤེལ། ང་ཚོས་དོན་དམ་པའི་བོད་མིའི་སྐྱིད་སྡུག་མཉམ་མྱོང་བྱེད། འཛོམས་ཤོག འཛོམས་ཤོག མཉམ་དུ་འཛོམས་ཤོག
ངས་བལྟས་ན། རིག་པའི་རྡོ་རྗེ་ཟེར་བ་དེས་གསུང་པ་ནང་བཞིན་བྱེས་སྡོད་བོད་རིགས་ཡོངས་ཀྱིས་རྒྱ་ཆེའི་ལས་འགུལ་ཞིག་སྤེལ་ཐུབ་ན། དག་དག་གྲུབ་འབྲས་ཞིག་ཐོན་གི་རེད་བསམ་གི སྤྱིར་བཏང་གྲུབ་འབྲས་ཐོན་མི་ཐོན་ཟེར་བ་དེ་ལས་འགུལ་གྱི་ངོ་བོ་དང་འབྲེལ་བ་འདུག རིག་པའི་རྡོ་རྗེས། གྲུབ་འབྲས་མ་ཐོན་པར་ཞི་བའི་ལས་འགུལ་མཚམས་མི་འཇོག་པའི་ཆོད་སེམས་བརྟན་པོ་བཟུང་ནས་འཛོམས་ཤོག ཅེས་སྡོམ་ཚིག་བཀོད་འདུག་མ་གཏོགས། ལས་འགུལ་སྤེལ་བ་ཙམ་གྱིས་ནུས་པ་ཐོན་གི་རེད་གསུང་མི་འདུག
ད་དུང་གཤམ་དུ་ཁོང་ལ་བཅར་འདྲི་བྱས་པ་ཞིག་འདུག་པས་ཚང་མས་གསན་རོགས།
http://www.rfa.org/tibetan/chediklaytsen/amdolaytsen/jomolang-mae-nyinsib/interview-with-khenpo-ngwang-dorjee-11082012162540.html
མཁན་པོ་ངག་དབང་རྡོ་རྗེ་ལགས། ད་ནངས་ཞོགས་པ་རླུང་འཕྲིན་ལས་ཁྱེད་ཀྱི་བཅར་འདྲི་གོ་བས་འདིར་ཆེད་དུ་ཡོང་བ་ཡིན། འདིར་བཀླགས་ནས་བསམ་ཚུལ་ཞིག་གླེང་འདོད་བྱུང་། མཁན་པོ་ལགས་ཀྱིས་ལས་འགུལ་འདི་ལྟ་བུ་ཞིག་སྤེལ་བས་ནུས་པ་ཆེན་པོ་ཞིག་ཐོན་དགོས་པ་དེ་ལས་འགུལ་འདིའི་དམིགས་ཡུལ་གཙོ་བོར་བཞག་ན་གནས་ཚུལ་དང་སྣང་ཚུལ་ལོག་པའི་མཐོང་ཚུལ་ཞིག་ཡོད། གཤམ་ནས་བོད་མི་ཁ་ཤས་ཀྱིས་བསམ་ཚུལ་སྤེལ་བར་ཡང་གོ་རྒྱུ་མེད་པ་མ་རེད། དུས་དང་གནས་བབ་བཅས་ཡོངས་སུ་ཚང་བ་ཞིག་དགོས་པ་ཨ་ཅང་ཅང་རེད། འོན་ཀྱང་ངའི་བསམ་ཚུལ་ནི་ཁྱེད་ཀྱི་ལས་འགུལ་འདི་ལྟ་བུ་ཞིག་སྤེལ་བར་འབོད་སྐུལ་དང་མཉམ་ཞུགས་ཀྱི་གྲ་སྒྲིག་རེ་བ་བཅས་ཡོད། རྒྱུ་མཚན་གཞིས་ལུས་བོད་མི་བདུན་བཅུས་རང་གི་གཅེས་པའི་ལུས་སྲོག་འདི་ལྟར་བློས་གཏོང་མཛད་པ་ལ། ང་ཚོ་ཁུ་སིམ་སིམ་རང་གནས་སུ་སྡོད་པ་ནི་རྒྱལ་གཅེས་ཤི་བོ་ཚོའི་མདུན་དུ་ནམ་ཡང་བླ་དགས་ཀྱི་མ་རེད་ལ། ལོ་རྒྱུས་ཀྱི་ངོས་ནས་ཀྱང་བླ་དགས་ཀྱི་མ་རེད། སྤྱིར་ད་ལྟའི་དུས་བབ་འདིར་བོད་དོན་ཐད་འགྱུར་ལྡོག་མངོན་འགྱུར་བ་ཞིག་འབྱུང་བར་གཞིས་སྡོད་བོད་མི་དཔའ་བོ་དཔའ་མོ་དག་གི་དུར་མདུན་དུ་ང་ཚོར་བྱ་རྒྱུ་གང་ཡང་ལྷག་ཡོད་པ་མ་རེད་ལ། བྱ་ཤེས་པ་མེད་པ་ཡང་དོན་དངོས་རེད།
འོན་ཀྱང་ང་ཚོའི་ངོས་ནས་བྱ་ཐུབ་པའི་ལས་འགུལ་འདི་ལྟ་བུ་ཞིག་ཀྱང་མ་སྤེལ་བ་ཡིན་ན། མ་འོངས་གཞིས་ལུས་བོད་མི་ཚོའི་མདུན་དུ་ང་ཚོས་གདོང་ཇི་ལྟར་བསྟན་དགོས་ཀྱི་རེད། དེ་བས་ང་ཚོས་གཞིས་ལུས་མི་མང་ལ་རང་གི་སེམས་འདུན་ཙམ་སྟོན་པ་ཁོ་ནའི་ཆེད་དུ་ལས་འགུལ་འདི་ལྟ་བུ་ཞིག་ངེས་པར་དུ་སྤེལ་དགོས་འདུག དྲ་གྲོགས་རྣམ་པ། ང་ཚོས་ནང་ཁུལ་ཕན་ཚུན་སེམས་ལ་ཚིག་མཚོན་འདེབས་པ་ལས། བསམ་བློ་གུ་ཡངས་ཤིག་དང་། དཀྱེལ་ཆེ་བ་ཞིག་གིས་དོན་དངོས་ལ་དང་ལེན་གནོངས་དང་། ཚང་མའི་སེམས་དང་ལུས་པོ་ཐེངས་གཅིག་མཉམ་སྦྲེལ་བྱོས་དང་། ང་ཚོའི་ངོས་ནས་གཞིས་ལུས་བོད་མའི་མདུན་དུ་མགོ་བོ་དུད་དེ་མྱ་ངན་གྱི་གུས་པ་ཙམ་སྟོན་པའི་ཆེད་དང་། བཞུད་ཟིན་པ་ཁོང་རྣམ་པའི་ཁ་ཆེམས་ཀྱི་ཆེད་དུ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་མཚོན་པའི་མཉམ་འཛོམས་ཐེངས་གཅིག་གནོངས་དང་། ད་ལྟ་འབར་བཞིན་པའི་མེ་ཕུང་དེ་ཕུགས་སུ་དེད་ན་ང་དང་ཁྱོད་ཀྱི་མ་འོངས་པའི་ཆེད་དུ་རེད། ཁོང་ཚོ་ན་ཟུག་དང་མེ་ཕུང་ཁྲོད་གཏན་དུ་ཆས་ཟིན་པ་རེད། ཡོད་ཚད་ང་ཚོའི་ཆེད་དུ་བཞག་ནས་ཆས་ཟིན་པ་རེད། མཐུན་སྒྲིལ་དགོས་པའི་རེ་བའི་ཁ་ཆེམས་བཞག་ནས་ཆས་ཟིན་པ་རེད།
མི་ཉག་བཙན་པོ་ཟེར་བའི་ཐུག་སྐྱར་ཁོས་
སྤྱི་ལོ། ༢༠༠༨ ནས་༢༠༡༢་བར་ཉམས་མྱོང་དང་ཆ་གཞི་ཡོད་པའི་ལས་འགུལ་གང་སྤེལ་ཡོད་ནམ་
དྲ་གྲོགས་དག་ལ་ཞུ་རྒྱུར།ལོ་མང་གི་རིང་ལ་བོད་པ་ཚང་གིས་ལས་འགུལ་སྣེ་མང་སྤེལ་ཟིན་པ་དང་
སྤེལ་བཞིན་པ་རེད།ཡིན་ན་ཡང་ཁྱེད་རྣམས་ཀྱིས་
འཆར་སྣང་དང་སེམས་ཤུགས་ནི་།ཉམས་མྱོང་མེད་པའི་འཆར་སྣང་དང་འགན་འཁུར་མི་དགོས་པའི་སེམས་ཤུགས་ཤིག་རེད་ཅེས་བརྗོད་ཆོག་་་
བོད་པ་ཚང་གིས་འདས་པའི་ལོ་མང་གི་རིང་ལས་
འགུལ་གང་མང་སྤེལ་བའི་ཉམས་མྱོང་ལ་གཞིགས་ན་རྙིང་མ་པ་དང་ས་སྐྱ་དཀའ་རྒྱུད་པའི་དབུ་ཁྲིད་
དག་གིས་སྣེ་ཁྲིད་དེ་བོད་མི་རིགས་ཀྱི་ཆེད་དུ་ལས་འགུལ་ལ་ཞུགས་མི་སྲིད་པ་ནི་ཧ་ཅང་གི་གསལ་པོ་ཡིན།་་༢༠༠༨་ནས་༢༠༡༢་བར་ལས་འགུལ་རིམ་པ་སྤེལ་ཡོད་མོད།ཆོས་རྒྱུན་ཁག་དེ་དག་གི་ཁྱབ་ཁོངས་ཀྱི་མཁན་བླ་དང་དགེ་འདུན་པ་ག་ཚོད་
མཉམ་ཞུགས་བྱས་ཡོད་མེད་ལ་བལྟས་ན་ཤེས་ཐུབ།།རྒྱ་གར་དང་བལ་ཡུལ་ནང་ལ་ལས་འགུལ་འདྲ་མིན་བྱུང་ཡོད་ཀྱང་ཆོས་རྒྱུན་དེ་དག་གི་དགེ་འདུན་པ་དཀྱུས་མ་ཡང་རེ་ཟུང་མ་གཏོགས་མཉམ་ཞུགས་བྱས་མཁན་མི་འདུག།ཆོས་ལུགས་དེ་དག་གི་དབུ་
ཁྲིད་རྣམས་ཀྱིས་མི་རིགས་ཀྱི་རྩ་དོན་ལ་ཕན་པའི་ཆབ་སྲིད་ཀྱི་གཏམ་བཤད་ཙམ་སྤེལ་བའི་ལོ་རྒྱུས་མེད།།་དེས་ན་ཁྱེད་རྣམས་ཀྱིས་བསམ་དོན་བཞིན་འགྲུབ་སྲིད་དམ་མི་སྲིད།་མི་སྲིད་པ་ཞིག་པ་ཡིན་པ་ཤེས་བཞིན་དུ་བཤད་ན་དགོས་པ་གང་ཡང་མི་འདུག་ཅེས་དྲང་བདེན་གྱི་གཏམ་དམར་དམར་རྗེན་རྗེན་འདི་འདྲ་ཞིག་ཁ་ནས་ཤོར་སོང་།།
རེད་རེད། ད་འོ་ན་་་་འཛོམས་ཤོག་འཛོམས་དྲ་འབུ་མགོ་སྟོང་ཚོ་འཛོམས་ཤོག །ལ་རྒྱལ་ཁ་ལ་འཁྱེར་ནས་དྲ་བ་ནང་འཛོམས་ཤོག །ལྟ་གྲུབ་ཁ་ལ་འཁྱེར་མཁན་དྲ་འབུ་ཚོ་འཛོམས་ཤོག །ཕུ་དཀྲུགས་འདའ་དཀྲུགས་བཟོ་བཞིན་དྲ་བ་ནང་འཛོམས་ཤོག །འཇའ་ཚོན་གོས་སུ་གྱོན་མཁན་ཁ་མཁས་ཚོ་འཛོམས་ཤོག །གཟིགས་ལྤག་ལུས་ལ་གྱོན་པའི་བོང་བུ་ཚོ་འཛོམས་ཤོག །འགན་ཁུར་མེད་པའི་ལ་རྒྱའི་དཔའ་རྒོད་ཚོ་འཛོམས་ཤོག །
མཁྱེན་ལྡན་གྱི་དྲ་གྲོགས་ཚོ། རིག་པའི་རྡོ་རྗེ་ལགས་ཀྱི་འབུལ་སྐུལ་དེར་ལེགས་པར་དཔྱད་དང་། ངས་བལྟས་ན་ཁོང་གིས་དོན་དངོས་དང་མཐུན་པའི་ལས་འགུལ་སྤེལ་ཕྱོགས་སྐོར་ལ་ལྷག་བསམ་ཆེན་པོས་རང་ཉིད་ཀྱི་བསམ་ཚུལ་ཚད་དང་ལྡན་པ་བྱེད་ཐུབ་པ་ སྒྲུབ་ཐུབ་པ་ཞིག་བརྗོད་འདུག་པས་རྗེས་སུ་ཡིད་རངས་ཡོད།
ཡིནའང་མི་ཉག་བཙན་པོ་འབོད་པའི་ཀླད་སྟོང་དེའི་གཏམ་འཆལ་ལ་ཆོ་ག་རེ་ཡོད་རེད་དམ། རིག་པའི་རྡོ་རྗེས་བཙན་འབྱོར་བོད་མི་ཤི་དགོས་བརྗོད་ནི་མི་འདུག ཁོང་གི་འབོད་སྒྲ་ནི་མདོར་ན་རྒྱ་གར་བཙན་བྱོལ་བོད་མི་ཡོད་དོ་ཅོག རྒྱ་གར་རྒྱལ་ས་ལྡི་ལིར་དུས་གཅིག་ལ་འཛོམས་ཤོག་ཟེར། དེ་བཞིན་ཁེ་ན་ཀྲ་དང་། ཡོ་རོབ་ཏུ་ཡོད་པའི་སྐུ་ཚབ་དོན་གཅོད་ཁག་དང་། བོད་རིགས་ཚོགས་པའི་ཚོགས་གཙོ་རྣམས་ཀྱིས་སྣེ་ཁྲིད་དེ་བོད་མི་ཡོངས་རྫོགས་རྒྱལ་ཁབ་དེ་དང་དེར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱ་ནག་གཞུང་ཚབ་ཁང་ཁག་ཏུ་མཉམ་དུ་འཛོམས་ཤོག་ཟེར།
མུ་མཐུད་ནས།
གལ་ཏེ་བོད་མིའི་སྐྱིད་སྡུག་མཉམ་ཟེར་བ་དེ་དོན་ལ་གནས་ན། བྱེས་སྡོད་གངས་ཅན་པ་རྣམས། མཉམ་དུ་འཛོམས་ཤོག བོད་མིའི་སྐྱིད་སྡུག་མཉམ་མྱོང་བྱེད་འདོད་ན་མཉམ་དུ་འཛོམས་ཤོག ང་ཚོས་མཉམ་དུ་ཞི་བའི་ལས་འགུལ་སྤེལ། ང་ཚོས་དོན་དམ་པའི་བོད་མིའི་སྐྱིད་སྡུག་མཉམ་མྱོང་བྱེད། འཛོམས་ཤོག འཛོམས་ཤོག མཉམ་དུ་འཛོམས་ཤོག ཟེར།
མི་ཉག་བཙན་པོ་དང་འཇམ་གཅེས་ལ་སོགས་པའི་ཀླད་སྟོང་བྲང་གོ་ན་ནས་གང་མྱུར་ཤི་རྒྱུ་ཚོ་དོན་མེད་སེམས་འབྲལ་མ་བྱེད།
ཨ་ཨ་ཨ། ང་ཚོའི་སྤྱི་ཚོགས་འདི་ལ་ཅི་ཞིག་མ་ཉན་པ་རེད་དམ། མི་ཉག་བཙན་པོ་ཟེར་བ་དེའི་ཁོག་ན་སེམས་ཞིག་མེད་དམ། རིག་པའི་རྡོར་རྗེ་ཟེར་བ་དེས་བྱེས་བཞུགས་བོད་མི་རྣམས་ལ་འབོད་སྐུལ་ཅིག་ཞུས་པ་ལ། འགན་ཁུར་ཡོད་མེད་ཟེར་རྒྱུ་ག་རེ་ཡིན་ནམ། ག་རེ་བྱས་ནས་ཁོང་གིས་འབོད་སྐུལ་ཞུས་པར་དཔྱོད་ལྡན་རྣམས་དགོད་བྲོ་བའི་གནས་སུ་འགྱུར་རམ། དངོས་ནས་དཔྱོད་ལྡན་རྣམས་ཀྱིས་དཔྱད་ན་ཁྱེད་ཀྱི་ཞབས་མཆན་ལ་དགོད་ཤོར་ངེས་རེད། མི་ཞིག་གིས། སྤྱི་ཚོགས་ནང་འབོད་སྐུལ་ཞུས་པ་ཙམ་ལ་འགན་ག་རེ་ཁུར་དགོས་སམ། དྲ་ཚོགས་ཚོས། མི་འདི་ཚོའི་དྲས་ལ་བསམ་ཞིབ་གནང་རོགས།
གལ་ཏེ་ཕྱི་སྡོད་རྣམས་ཀྱིས་བོད་དོན་ཆེད་ལས་འགུལ་ཆེ་འཕྲ་ག་དུས་སྤེལ་ན་ང་རང་མཉམ་ཞུགས་བྱེད་རྒྱུའི་གྲ་སྒྲིག་ཨང་གསར་ཡོད། རིག་པའི་རྡོར་རྗེ་ལགས་ཀྱིས། མང་ཚོགས་ལ་འབོད་སྐུལ་ཞུས་པར་རྒྱབ་སྐྱོར་ཡོད།
སྨྲ་བརྗོད་རང་དབང་ཡོད་པའི་ས་ཆ་ཞིག་ལ་སྡོད་མཁན་ཞིག་གིས་
འགན་འཁུར་མི་དགོས་པའི་བསམ་འཆར་རྣོ་ངར་ལྡན་པ་ཡིན་ཁུལ་བྱས་ནས་གང་དྲན་སྨྲ་བ་ནི་རྣམ་དཔྱོད་ཅན་དག་གིས་བསམ་གཞིགས་བྱས་ན་དགོད་བྲོ་བའི་གནས་སུ་གྱུར།མི་སྲིད་པ་དང་མི་ཡོང་བ་ཞིག་ལ་རེ་བ་རྒྱག་པ་ནི་འཇའ་ཚོན་གོས་སུ་བསམ་པ་དང་མཚུངས་སོ།སྐད་ཆ་དེ་ནི་༢༠༠༨་ནང་གཞོན་ནུས་ཚོགས་པ་དང་གཞན་ཚོགས་པ་ཁ་ཤས་ཀྱིས་བོད་བར་དུ་གོམ་འགྲོ་བྱས་ཁུལ་བྱས་པ་དང་གཅིག་མཚུངས་རེད།ཕན་འབྲས་གང་ཡང་འབྱུང་མི་སྲིད་པ་ཞིག་རེད།
སྐད་ཆ་འདིའི་སྔ་ཕྱི་བར་གསུམ་ལ་གཞིགས་ན་རྒྱུ་མཚན་ཡོད་པ་ཤར་རྟགས་རེད ། འོན་ཀྱང་། འདི་ཙམ་གྱིས་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་རྒྱུ་ཁག་སེ་རེད ། སྐད་ཆ་འདི་བྱེས་སྡོད་བོད་མི་ཁ་མཁས་ཐོབ་དང་གོ་ས་དེ་ཙམ་མེད་མཁན་ཞིག་གི་ངལ་བ་ཆད་བསལ་གྱིས་འབྲི་ཁུལ་བྱས་ཀྱང་རུང་། ལྟ་མཁན་ཡོད་པ་དེ་ཙམ་གྱི་ཆོག་གོ སྐད་ཆ་འདི་ལྟ་བུ་བོད་ནང་གི་ཅིག་གི་སྤེལ་བ་ཡིན་ན་ཕལ་ཆེར་དོན་ཐོག་ཏུ་སྨིན་ངེས་རེད་སྙམ །
ཁ་བརྡ་དྲ་ནང་དུ་མི་ཁ་ཤས་ཀྱིས་༧གོས་མཆོག་ལས་འགུལ་སྐེལ་སར་ཕེབས་དགོས་ཟེར་འདུག་པས །༧གོང་ས་ཡིད་བཞིན་ནོར་བུ་ལས་འགུལ་སྤེལ་སར་ཕེབས་ཤོག་ཟེར་བ་ནི་ངོ་མ་སྨྱོས་ཆུ་ཡི་གཟི་བས་སྐད་ཆ་འམ་བསམས་ཚུལ་རང་ལས་མ་འདས། ཁྱོད་ཚོས་ཤེས་དགོས་པ་ཞིག་ནི་༧གོང་ས་མཆོག་ནི་དེང་གིས་དུས་འདིར་འཇིག་རྟེན་སྤྱིར་ཡངས་ཀྱིས་མགོན་སྐྱབས་དང་བླང་དོར་ལམ་བསྟོན་གྱི་སྒྲོན་མེ་ཡིན་པ་ལས་མི་རིགས་བྱེ་དྲག་པ་ཞིག་དང་རྒྱལ་ཁབ་རེ་ཟུང་གིས་བེད་སྤྱོད་གཏང་ཆོག་ཆོག་མེད་པར་ཤེས་དགོས །དེ་ལྟར་ཤེས་བཞིན་དུ་བཤད་པ་ཡིན་ན་ནི་གནས་ཚུལ་ཁ་ཁར་རེད། མ་ཤེས་ན་གཞན་ལ་དྲིས། ཡང་ན་ཁ་ཙུམ་ནས་བསྡོད་དང་མཛེས་ཤོས་རེད། སྙིང་རྗེ་ཁྱོད་ཚོ་ད་དུང་མི་ལ་ངན་སྨས་འདྲ་བཟོ་ཁུལ་་ཧ་ཧ་
རིག་པའི་རྡོ་རྗེ་ལགས་ཀྱི་སེམས་ཤུགས་ལ་ཡིད་རང་ཡོད། འོན་ཀྱང་། མི་རིགས་ཤིག་གི་འཐབ་བརྩོད་ནི་རྒྱུན་སྲིངས་དགོས་པའི་བྱ་བ་ཆེན་པོ་ཞིག་ཡིན་པ་ལས་ཉིན་རེ་གཉིས་ནང་སྒྲུབ་ཐུབ་པའི་གནད་དོན་ཞིག་མ་རེད། ལྷག་པར་དུ་བོད་རིགས་ཚོས་ཉིན་བརྒྱ་དུས་གཅིག་ལ་ལས་འགུལ་གཅིག་སྤེལ་ནས་ནུས་པ་མཐོན་པའི་རེ་བ་བྱས་ཚེ་དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད། གཙོ་བོ་དེ་གོ་སྐབས་དམ་འཛིན་བྱེད་ཐུབ་མིན་དེ་རེད། ཆབ་སྲིད་ཀྱི་ཕོ་འགྱུར་ཁྲོད་དུ་གོ་སྐབས་ལེན་མ་ཐུབ་ཚེ་ང་ཚོ་ཚར་བ་རེད། འཕོ་འགྱུར་དེ་ག་དུས་ཡོང་གི་ཡོད་དང་ཇི་ལྟར་ཡོང་མིན་སུས་ཀྱང་རྟོགས་དཀའ་བ་ཞིག་རེད། འོན་ཀྱང་། ང་ཚོས་གསལ་པོ་ཤེས་དགོས་པ་ཞིག་ལ་རྒྱ་ནག་དམར་ཤོག་མཐོར་ཡང་དེའི་རྐུབ་སྟེགས་སྟེང་སྡོད་མཁན་ཞིག་དགོས་ཀྱི་ཡོད་པ་རེད། དེ་ནི་མང་ཚོའི་ལས་འགུལ་བ་མིན་པ་ཐག་ཆོད་པ་རེད། དེ་བས་གལ་ཏེ་དམར་ཤོག་ཚོགས་པ་མཐོར་ཚེ་དབང་སྒྱུར་བ་ངོ་མ་དེ་དམག་དཔུང་ཆགས་རྒྱུ་ཡིན་པ་ཆབ་སྲིད་ཀྱི་འགྲོ་སྟངས་རེད། དེ་ནི་སྲིད་གཞུང་མཐོར་བའི་རྒྱལ་ཁབ་མང་པོའི་ནང་བྱུང་བའི་དཔེ་མཚོན་ཞིག་རེད། མིག་མདུན་གྱི་དཔེ་མཚོན་གཅིག་ནི་ཨི་འཇེབ་རེད། རྒྱ་ནག་དམར་ཤོག་མཐོར་ནས་དམག་གིས་དབང་སྒྱུར་རྗེས་རིམ་བཞིན་སྲིད་སྐྱོང་ལམ་ལུགས་གསར་པ་ཞིག་གོམ་པ་སྤོ་སྲིད་པ་རེད།
རིག་པའི་རྡོ་རྗེ་ལགས་ཀྱིས་གསུངས་པ་བཞིན་ངེད་ཚོས་ལས་འགུལ་ནུས་ལྡན་ཞིག་སྤེལ་རྒྱུའི་དུས་ལ་སླེབས་འདུག་སྙམ། ངེད་ཚོས་ཁ་ནས་གདུང་སེམས་སྙམ་སྐྱེད་གཅིག་པུས་མི་འགྲིགས་པར། ད་ལྟ་བྱ་སྤྱོད་ངོ་མའི་ཐོག་ནས་གདུང་སེམས་མཉམ་སྐྱེད་བྱེད་དགོས་སྙམ།
ང་ཚོས་ལས་འགུལ་གང་འདྲ་ཞིག་སྤེལ་ཡང་བབས་བརླིང་དང་བརྟན་གསུམ་དགོས་པ་ལས་སེམས་ཚོར་ཙམ་གྱི་རྗེས་སུ་དུས་ནམ་ཡང་འགྲོ་མི་རུང་། ལྷག་པར་དུ་ད་ལྟའི་དུས་འདིར་ཆིག་སྒྲིལ་གིས་ནུས་པ་ནི་མེད་དུ་མི་རུང་བ་ཡིན་པས་ཆོལ་ཁ་དང་ཆོས་ལུགས། རིགས་རུས་དང་རྒན་གཞོན། སྐྱ་སེར་སོགས་ཀྱི་ཕྱོགས་ཞེན་གྱིས་ལྟ་ངན་མཐའ་དག་རིང་དུ་དོར་ནས་རང་རང་གིས་ཁུར་དུ་བབས་པས་ལས་འགན་གང་ཡིན་ཧུར་ཐག་བཙོན་དགོས་པ་ནི་ཁ་ཚབ་དགོས་ཏུག་གི་དགོས་མཁོ་གལ་ཆེ་ཞིག་ཆགས་ཡོད་པར་གངས་ཅན་པ་ཚོས་ཐུགས་ལ་ངེས་དགོས། ལྷག་པར་དུ་ལས་འགུལ་གང་འདྲ་ཞིག་སྤེལ་རུང་སྒྲིག་འཛུགས་དང་ཆིག་སྒྲིལ་གྱིས་རྣམ་པར་འཛམ་གླིང་མི་མང་གི་མིག་སྔར་ངེས་པར་དུ་མངོན་ཐུབ་པ་བཟོ་དགོས་པ་འདོད། དེ་མིན་ཚོགས་པ་ཡིན་ཟེར་ནས་ལྟ་གྲུབ་ལོག་ཁ་རེད་དང་། སྒྲིག་འཛུག་ཡིན་ཟེར་ནས་ལོ་ཁ་རེ་བྱས་ན་རང་དབང་ཡིན་རུང་། གནད་ལ་ཁེལ་མིན་དང་ལེགས་ཆར་ཡོད་མིན་ཡང་དཔྱད་དགོས་པའི་དུས་སུ་སླེབས་པ་མ་ཡིན་ནམ།
ཡང་བསྐྱར་ཚིག་ཁ་ཤས་མ་བཤད་ན་མི་འགྲིག་ངོ་མ་རེད། ཉོན་ཨ་གྲོགས་པོ་ཚོ། ང་ཚོས་ཉམས་མྱོང་དང་། རྒྱ་ནག་དང་རྒྱལ་སྤྱིའི་གནསས་བབས་སོགས་ཕྱོགས་གང་ལ་བལྟས་རུང་། རྒྱ་ནག་ནང་ཁུལ་དུ་འགྱུར་བ་ཆེན་པོ་ཞིག་མ་བྱུང་བར་དུ་ལས་འགུལ་གང་འདྲ་ཞིག་སྤེལ་ཀྱང་། གནད་ལ་སྨིན་པའི་གྲུབ་འབྲས་ཞིག་ཐོབ་པར་ངོ་མ་དཀའ་བས་གནས་སུ་མཐོང་། ལྷག་པར་དུ་ང་ཚོ་ལྡི་ལིའི་གཙོས་ས་གནས་གང་སར་མི་མང་འདུ་འཛོམས་ལེན་གཅིག་ཙམ་གྱིས་ས་ཆོད་གང་ཡང་མི་ཡོང་བ་མིག་མཐོང་ལག་ཟིན་ཡིན་པར་ནི་ང་ཡི་འདོད་ཚུལ་ངོ་མ་དེ་ཡིན། ང་ཚོས་ལས་འགུལ་གང་འདྲ་ཞིག་སྤེལ་རུང་གཞིས་ལུས་དཔའ་བོ་དཔའ་མོ་དག་གིས་སྤེལ་བས་ལས་འགུལ་ལས་རྒྱ་ཆེ་བ་དང་ཚད་མཐོབ་ཞིག་སྤེལ་ཡ་མེད་པ་དང་སྤེལ་མི་ཐུབ་པ་ཡང་ཁྱོད་ཚོས་ཤེས་དགོས། ད་དུང་༧གོང་ས་མཆོག་ལས་སྤེལ་སར་ཕེབས་ཤོག་ཟེར་བ་ནི་ངོ་སྨྱོས་ཆུ་མཐུང་མཁན་གྱི་མི་ཞིག་གིས་བསམ་ཚུལ་ལྟ་བུར་ལས་གང་མི་འདུག །རྣམ་དཔྱོད་དང་མཁྱེན་རྒྱལ་ཡངས་པའི་བོད་རིགས་སྤུན་ཟླ་ཚོར། ནམ་རིང་སྒྲུང་གིས་མི་ཆོད་པར་ངེས་པར་དུ་མཁྱེན་དགོས། མདོར་བསྡུས་ནས་བཤད་ན་ང་ཚོའི་གཞུང་དང་དབུ་ཁྲིད་དག་གིས་ལམ་སྟོན་དང་། ལྷག་པར་༧གོང་ས་ཡིད་བཞིན་ནོར་བུའི་དགོངས་གཞིར་རྟོགས་པར་བྱས་ནས་བྱ་བར་བཙོན་དགོས་གལ་ཆེ། དེ་མིན་དྲྭ་འབུ་དག་ལ་ཡིད་ཆེས་དུས་ནམ་ཡང་གནང་མི་རུང་། རིགས་ཞེན་དང་། རྒྱལ་ཞེན། ལྟ་གྲུབ་སོགས་ཁ་ལ་འཁྱེར་ཏེ་འུར་སྒྲོག་བཟོ་མཁན་དག་ནི་དུས་ནམ་ཡང་ཡོད་ཡོད་པ་རེད། །
རིག་པའི་རྡོ་རྗེས་སེམས་ཚོར་ཆེན་པོའི་ཐོག་ནས་བྲིས་འདུག་པས་དོན་སྙིང་ལྡན་གི འདི་འདྲའི་ལས་འགུལ་ཞིག་ངེས་པར་དུ་སྤེལ་དགོས་འདུག གཞིས་ལུས་བོད་མི་རྣམས་ཀྱི་སྐུ་གཟུགས་མེར་བསྲེགས་ཐུབ་ཀྱང་། ང་ཚོ་ཕྱི་སྡོད་བོད་མི་རྣམས་ཀྱི་ལུས་སྟེང་ནས་དུད་པ་སྔོ་ལུང་ཞིག་ཀྱང་འཕྲོ་མི་ཐུབ་པའི་གནད་འགག་གང་ན་ཐུག་ཡོད་དམ།
ངས་བལྟས་ན་སྐུ་ངོ་རྣམས་སྐུབས་སྟེགས་ཀྱི་ཆེད་དུ་བྲེལ། ལས་བྱེད་དཀྱུས་མ་རྣམས་ཟླ་རེའི་གླ་ཕོག་གི་ཆེད་དུ་བྲེལ། སྤྱི་འཐུས་སྐུ་ངོ་རྣམས་གཞུང་དོན་ཁ་གཡར་ལྟ་སྐོར་གྱི་ཆེད་དུ་བྲེལ། གྲྭ་བཙུན་རྣམས་དབྱིན་ཡིག་སློབ་སྦྱོང་གི་ཆེད་དུ་བྲེལ། མགོ་སྟོང་མང་པོ་ཞིག་དབྱིན་མོའི་ཆེད་དུ་བྲེལ། རྡ་སའི་བོད་མི་མང་ཆེ་བ་ཚོང་ལས་ཀྱི་ཆེད་དུ་བྲེལ་ནས་སྡོད་པ་ལས། བོད་མིའི་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་ཧ་ཅང་དཀོན་པའི་དུས་ངན་འདིར། ཁྱེད་ཀྱིས་དེ་འདྲ་ཞིག་བཤད་ཕོད་པ་སྙིང་སྟོབས་རེད། རྒྱབ་སྐྱོར་ཡོད། གལ་ཏེ་རྒྱ་གར་ནས་ལས་འགུལ་དེ་འདྲ་ཞིག་སྤེལ་ཐུབ་ན། ང་རང་མཉམ་ཞུགས་བྱེད་ཐག་ཆོད་ཡིན། བོད་རང་བཙན་ཡིན།
རིག་པའི་རྡོ་རྗེའི་བསམ་ཚུལ་དང་རེ་སྐུལ་ལ་རྒྱབ་སྐྱོར་ཡོད་ལ། བོད་གཞུང་མང་གཉིས་ཀྱིས་ལས་འགུལ་ག་དུས་སྤེལ་ན་མཉམ་ཞུགས་བྱེད་རྐྱང་ཡིན་པ་མ་ཟད། གལ་ཏེ་གཟུགས་པོ་མེར་བསྲེག་གཏོང་དགོས་ཀྱང་ཕན་ཐོགས་ཡོད་པར་མཐོང་ན་བསྲེག་རྐྱང་ཡིན། ང་ཚོ་སྐྱིད་པོ་བྱས་ནས་འདུག་ཚོད་གཏན་ནས་མ་རེད།
དངོས་གནས་བཤད་ན་སུས་ཀྱང་སེམས་སྡུག་གི་ཡོད་ལ་ཡིད་སྐྱོ་ཀི་ཡོད་ སུས་ཀྱང་ན་ཟུག་གཟོད་ཀི་མེད་ལ་ཁོང་ཁྲོ་ཞི་ཀི་མེད།
ང་སེམས་ཁྲེལ་ཡོངས་ས་ནི་ང་ཚོའི་ན་ཟུག་དང་ཁོང་ཁྲོ་འདི་དག་འབར་སླ་ལ་ཉམས་ཀྱང་སླ་བས་རེད། འབར་སླ་བ་དང་ཞི་སླ་བའི་ང་ཚོའི་ལར་ཞེན་དང་ཆོད་སེམས་འདི་དག་མང་ན་ཟླ་རེད
ང་ཚོ་བོད་རིགས་དྲྭ་འབུ་ཚོས་ཀྱང་། ལས་འགུལ་ཅི་ཞིག་རྩོམ་ཐུབ་བམ། ལགས།
མདོར་ན་རྒྱ་གར་བཙན་བྱོལ་བོད་མི་ཡོད་དོ་ཅོག རྒྱ་གར་རྒྱལ་ས་ལྡི་ལིར་དུས་གཅིག་ལ་འཛོམས་ཤོག ་་་ཟེར།
ཡང་།
དེ་བཞིན་ཁེ་ན་ཀྲ་དང་། ཡོ་རོབ་ཏུ་ཡོད་པའི་སྐུ་ཚབ་དོན་གཅོད་ཁག་དང་། བོད་རིགས་ཚོགས་པའི་ཚོགས་གཙོ་རྣམས་ཀྱིས་སྣེ་ཁྲིད་དེ་བོད་མི་ཡོངས་རྫོགས་རྒྱལ་ཁབ་དེ་དང་དེར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱ་ནག་གཞུང་ཚབ་ཁང་ཁག་ཏུ་མཉམ་དུ་འཛོམས་ཤོག ་་་ཟེར།
མུ་མཐུད་ནས།
གལ་ཏེ་བོད་མིའི་སྐྱིད་སྡུག་མཉམ་ཟེར་བ་དེ་དོན་ལ་གནས་ན། བྱེས་སྡོད་གངས་ཅན་པ་རྣམས། མཉམ་དུ་འཛོམས་ཤོག བོད་མིའི་སྐྱིད་སྡུག་མཉམ་མྱོང་བྱེད་འདོད་ན་མཉམ་དུ་འཛོམས་ཤོག ང་ཚོས་མཉམ་དུ་ཞི་བའི་ལས་འགུལ་སྤེལ། ང་ཚོས་དོན་དམ་པའི་བོད་མིའི་སྐྱིད་སྡུག་མཉམ་མྱོང་བྱེད། འཛོམས་ཤོག འཛོམས་ཤོག མཉམ་དུ་འཛོམས་ཤོག ཟེར།
ཨ་རྩི་་་་་་་་་་་་་་་་ངོ་མ་དུས་ཚོད་འདི་འདྲ་ཞིག་ག་དུས་ཤར་ཡོང་།
འོ་ཛི་་་་་་་་་་་་་་་་མི་ཐུབ་པའི་རྒྱུ་མཚན་གང་འདྲ་ཞིག་བཤད་ཡོང་།
རིག་པའི་རྡོ་རྗེས་ལགས་ཐུགས་རྗེ་ཆེ།