གཟའ་ཕུར་བའི་ཉིན་རྒྱ་གཞུང་གིས་རྨ་ཆུ་མུ་རའི་གྲྭ་སྦྱིན་པ་ལགས་གློ་བུར་འཛིན་བཟུང་བྱས་ཏེ། ད་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་འདུག
ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་རྨ་ཆུ་མུ་ར་ངག་སྐོར་སྡེ་བའི་ནོར་ཕུན་ཚང་གི་རང་ལོ་ ༣༨ ཡིན་པའི་གྲྭ་སྦྱིན་པ་ལགས། ཕྱི་ལོ་ ༢༠༠༨ ལོར་ས་གནས་སུ་བྱུང་བའི་ཞི་རྒོལ་གྱི་གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱེད་མཁན་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་སྒྲོག་བྱས་མཁན་ཡིན་པའི་ཉེས་འཛུགས་དོགས་གཞིའི་འོག སྔ་ཕྱིར་ཐེངས་མང་པོར་འཛིན་བཟུང་གིས་བཀག་ཉར་འདྲི་བརྩད་དང་རྗེས་འདེད་ལྟ་རྟོགས་བྱས་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་གྱི་བོད་ནང་གི མཚན་ཆུ་ཚོད་ ༢།༠༠ པ་ཡས་མས་སུ་རྒྱ་ནག་གི་གྲོང་ཁྱེར་ཁྲིན་འདུར་གློ་བུར་འཛིན་བཟུང་བྱས་ཏེ། ད་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག
གནས་ཚུལ་མཁོ་སྤྲོས་པས་བརྗོད་པ་ལྟར་ན། ད་ཆར་ཁོང་གི་ནང་མི་ཉེ་འབྲེལ་ཚོས། དེ་སྔོན་རྒྱ་གཞུང་གིས་གྲྭ་སྦྱིན་པ་ལགས་ཐེངས་མང་པོར་འཛིན་བཟུང་གིས་བཀག་ཉར་དང་འདྲི་བརྩད་བྱས་པའི་གནས་ཚུལ་རིམ་པ་ལས། ཐེངས་འདིར་ཁོང་ལ་ཉེ་ཆད་གཅོད་སྲིད་པའི་བློ་འཚབ་སྐྱེ་བཞིན་ཡོད་འདུག་ལ། རྨ་ཆུ་ས་གནས་ལ་མཚོན་ན། ད་ཆར་རྒྱ་གཞུང་གིས་དམག་མི་འགྲེམས་འཇོག་གིས་སློབ་གྲྭ་ཁག་ལ་དམ་དྲག་བྱས་ཏེ། ཁྱིམ་བདག་དང་སློབ་མ་ཐུག་འཕྲད་ལ་བཀག་སྡོམ་དང་། ས་གནས་ཀྱི་བརྒྱུད་ལམ་ཡོངས་བཀག་འགོག ས་གནས་གྱི་གཞུང་ལམ་ཁག་ཏུ་ཞིབ་བཤེར་བཅས་བྱས་ཏེ་ས་གནས་མི་མང་དམ་དྲག་འོག་ལྷག་ཡོད་འདུག
ཧ་ཅང་སེམས་པ་སྐྱོ་བ་ལ། སྦྱིན་པ་ནི་རང་ངོས་འདྲེས་ཆེ་བའི་གྲོགས་པོ་ཞིག་ཡིན་པར་མ་ཟད་ཉེ་འབྲེལ་ཀྱང་ཡོད་པ་རེད། གནས་ཚུལ་འདི་མཐོང་ནས་ཧང་སོང་།