ཧྥེ་ལེ་པེན་ནང་རླུང་འཚུབ་དྲག་ཆར་གྱི་རྐྱེན་པས་མི་ ༤༧༧ ཙམ་གྱི་ཚེ་སྲོག་ཤོར་ཞིང་། མི་བྱེ་བ་འགའ་སྡོད་ཁང་མེད་པར་གྱུར་འདུག
ཁ་སང་ཕྱི་ཚེས་ ༦ ཉིན་ཧྥེ་ལེ་པེན་གཞུང་གིས་ཐེངས་འདིའི་རླུང་འཚུབ་དྲག་ཆར་གྱི་དོན་རྐྱེན་འོག ཡུལ་མི་བྱེ་བ་འགའི་སྡོད་ཁང་ལ་གཏོར་སྐྱོན་བྱུང་སྟེ་སྡོད་ཁང་མེད་པར་གྱུར་ཡོད་པ་དང་། ད་སྔ་མི་ ༤༧༧ འཆི་ལམ་དུ་ཕྱིན་ཡོད་པ་ཤེས་རྟོགས་བྱུང་ཡོད་ཀྱང་། བོར་བརླག་ཏུ་ཕྱིན་པའི་གྲངས་ཀ་ཁ་གསལ་ཤེས་ཀྱི་མེད་པ་མ་ཟད། དམག་མི་དང་མྱུར་སྐྱོབ་རུ་ཁག་གིས་མུ་མཐུད་འཚོལ་བཤེར་བྱེད་བཞིན་ཡོད་ཅིང་། རྐྱེན་འདས་སུ་གྱུར་པའི་གྲངས་ཚད་ཀྱང་འཕར་བཞིན་ཡོད་སྐོར་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རོགས་སྐྱོར་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
ཕྱི་ཚེས་ ༤ ཉིན་ཧྥེ་ལེ་པེན་ནང་རླངས་འཚུབ་དང་དྲག་ཆར་ཤུགས་ཆེན་པོ་བྱུང་པ་ལ་བརྟེན་ནས། ཆུ་ལོག་དང་ས་རུད་སོགས་གོད་ཆག་ཚབས་ཆེན་བྱུང་སྟེ། ཧྥེ་ལེ་པེན་གྱི་མངའ་སྡེ་ ༨ དང་ལྷག་པར་དུ་མཱེན་ཌ་ནའོ་(Mindanao) ས་གནས་སུ་གནོན་འཚབ་ཤུགས་ཆེར་ཕོག་ཡོད་ཅིང་། ད་ཆར་གནོད་ཐེབས་ས་ཁུལ་ཁག་ཏུ་ཧྥེ་ལེ་པེན་གྱི་དམག་མི་དང་མྱུར་སྐྱོབ་རུ་ཁག་བཏང་ཡོད་པ་མ་ཟད། ཨ་རི་དང་ཉི་ཧོང་། སེན་གྷ་པོར་སོགས་ཀྱིས་ཀྱང་ཛ་དྲག་མྱུར་སྐྱོབ་རུ་ཁག་བཏང་ཡོད་འདུག
སྔར་ལོ་ཧྥེ་ལེ་པེན་ལ་དྲག་ཆར་རླུང་འཚུབ་ཀྱི་གོད་ཆག་ཆེན་པོ་བྱུང་སྟེ། མི་ ༡༣༠༠ ཙམ་རྐྱེན་ལམ་དུ་ཤོར་ཡོད་ཅིང་། འདི་ལོ་གོད་ཆག་ཐེངས་འགའ་བྱུང་ཡོད་པ་ལས་ཐེངས་འདིའི་གནོད་སྐྱོན་ཚབས་ཆེ་ཤོས་ཆགས་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།
སྙིང་རྗེ་་་་་ དཀོན་མཆོག་གསུམ་པོ་མཁྱེན། འགྲོ་བ་སེམས་ཅན་ཐམས་ཅད་ལ་འདི་ལྟ་བུའི་སྡུག་བསྔལ་མི་འབྱུང་བར་ཤོག