ཨེ་ཙི་ནི་འཛམ་གླིང་སྒང་ཧ་ཅང་དོ་སྣང་དང་གཟབ་ནན་བྱ་དགོས་པའི་ཉེན་ཚབས་ཅན་གྱི་ན་ཚ་ཞིག་ཆགས་ཡོད་པ་ལྟར། བོད་ཕྱི་ནང་གཉིས་སུ་ཨེ་ཙི་འགོས་ཁྱབ་ཀྱི་ཉེན་ཁ་དང་བོད་ལུགས་གསོ་རིག་གིས་ཨེ་ཙི་ནད་ཚར་གདོང་ལེན་ཇི་ལྟར་བྱ་དགོས་མིན་ཐད། བོད་མི་མང་སྤྱི་འཐུས་སྨན་པ་མཁྱེན་རབ་ལགས་སུ་བཅར་འདྲི་ཞུས་ཡོད།
དྲི་བ། ཐོག་མར་ཕྱི་ལུགས་ཀྱིས་ཨེ་ཙི་(AIDS) ཟེར་བ་འདི་དང་། བོད་སྐད་ནང་གཉན་ནད་རེག་དུག་ཟེར་བ་འདི་གཉིས་ན་ཚ་གཅིག་ཡིན་མིན་དང་། བོད་ལུགས་གསོ་རིག་གཞུང་དུ་ཨེ་ཙི་ན་ཚ་ངོས་འཛིན་སྟངས་ཅི་འདྲ་ཡིན་མིན་ངོ་སྤྲོད་ཅིག་གནང་རོགས།
ལན། ཕྱི་ལགས་ཀྱིས་ཨེ་ཙི་ཟེར་བའི་ན་ཚ་འདིར་འགྲེལ་བཤད་རྒྱག་སྟངས་དང་ངོས་འཛིན་བྱེད་སྟངས། ན་ཚའི་འབྱུང་ལུགས་བཅས་ལ་བལྟས་པ་ཡིན་ན། བོད་སྐད་ནང་གཉན་ནད་རེག་དུག་ཅེས་པའི་ཚིག་དེ་ཏག་ཏག་ཅིག་བསྡད་མི་འདུག་དྲན་ཡོད། བོད་པའི་སྨན་གཞུང་དུ་རེག་དུག་ཅེས་པ་དེ་ནི་སྤྱི་མིང་ཞིག་རེད། དེ་ལ་བྱེ་བྲག་གི་ན་ཚ་འདྲ་མིན་ཡོད། དཔེར་ན། བསེ་མོག་གི་ན་ཚ། ཁྱི་སྨྱོན་དང་སྦྲུལ། སྡིག་པ་རྭ་ཙ་སོགས་ཀྱིས་སོ་བརྒྱབ་སྟེ་གཟུགས་པོར་དུག་ཕོག་པའི་ན་ཚ་དག་ཀྱང་རེག་དུག་གི་ཁོངས་རེད། ཕྱི་རྒྱལ་གྱིས་ཨེ་ཙི་ཟེར་བ་དེར་ང་ཚོ་བོད་པས་ཐ་སྙད་ག་རེ་འདོགས་དགོས་མིན་ཐད། ད་ལྟའི་ཆར་སྨན་རྩིས་ཁང་གི་ངོས་ནས་ཐ་སྙད་ཡོངས་གྲགས་ཤིག་གཏན་འབེབས་ཐུབ་མི་འདུག རེག་དུག་དང་བསེ་མོག་གི་ན་ཚ། ལུས་ཀྱི་སྲིན་འབུ་འཁྲུག་པའི་ན་ཚ་སོགས་ཐ་སྙད་འདྲ་མིན་བེད་སྤྱོད་གཏོང་གི་འདུག ངས་བལྟས་ན། བསེ་མོག་གི་ནད་ཚ་དེ་ལྟོས་ས་ལྟོས་འཇོག་གིས་མཐུན་ཆེ་ཤོས་རེད་དྲན་ཡོད། ཡིན་ནའང་། ན་ཚའི་ངོ་བོ་དང་རྒྱུ་རྐྱེན། ན་ལུགས་མང་པོ་ཞིག་བསེ་མོག་གི་ན་ཚ་བྱུང་སྟངས་ཏག་ཏག་ཅིག་སྡོད་ཡོད་མེད་བཤད་ཁག་པོ་རེད། བསེ་ཤིང་དེས་དུག་ཕོག་པའི་གནས་སྐབས་ལ་འབུ་སྲིན་གྱི་ངོ་བོར་གྱུར་ཏེ་ན་བཞིན་ཡོད་མེད་ཀྱི་དྲི་བ་བསླེབས་པ་ཡིན་ན། ན་ཚ་ཕོག་པའི་གནས་སྐབས་དེར་ང་ཚོར་འབུ་སྲིན་གྱི་གནས་སྟངས་ལ་བརྟག་དཔྱད་བྱེད་ཆས་ཀྱི་མཐུན་རྐྱེན་མེད་དུས་མཐའ་གཅིག་ཏུ་རེད་ཅེས་ལབ་ཐུབ་རྒྱུ་ཁག་པོ་རེད། ད་ལྟའི་ཆར་བོད་པའི་གསོ་བ་རིག་པའི་ནང་ཐག་ཆོད་པའི་ངོས་འཛིན་གསལ་པོ་ཞིག་མེད།
དྲི་བ། འགྲོ་བ་མིའི་སྤྱི་ཚོགས་ནང་འགོས་ནད་རང་བཞིན་གྱི་ན་ཚ་རིགས་འདྲ་མིན་ཞིག་ཡོད་པའི་ནང་ནས། ཨེ་ཙི་ན་ཚ་ཡི་ཉེན་ཚབས་རང་དེ་ཚད་ག་འདྲ་ཞིག་ལ་བསླེབས་ཡོད།
ལན། དེ་ནི་ཉེན་ཁ་ཆེན་པོ་ཞེ་དྲག་རེད། ང་ཚོའི་སྤྱི་ཚོགས་ནང་དཀའ་ངལ་ཆེན་པོ་ཡོད་བསྡད་པའི་ན་ཚའི་རིགས། དཔེར་ན། ཀཱན་སེལ་(Cancer ) (སྐྲན་ནད) དང་གཅིན་སྙི། གྲུམ་བུའི་ན་ཚ་སོགས་མང་པོ་ཡོད་པ་དེ་དག་ཀྱང་ཉེན་ཁ་དང་དཀའ་ངལ་ཆགས་བསྡད་ཡོད། ཨེ་ཙི་ཉེན་ཁ་ཆེ་ཤོས་གྲས་རེད། ཀཱན་སེལ་(སྐྲན་ནད)དང་གཅུན་སྙི་ན་ཚའི་རིགས་ནི་ལོ་སྟོང་ཕྲག་སྔོན་ནས་བྱུང་སྟེ་བོད་ལུགས་གསོ་རིག་ནང་སྨན་བཅོས་ཀྱི་རིམ་པ་གསུངས་ཡོད་པ་ཞིག་རེད། ཨེ་ཙི་ན་ཚ་ནི་ཕྱི་ལོ་ ༡༩༨༡ ལོར་ཨ་རིའི་ནང་གཞི་ནས་འབུ་སྲིན་གྱི་ན་ཚ་ཞིག་ཏུ་ངོས་འཛིན་བྱུང་ཐུབ་ཡོད་པ་དང་། རྒྱ་ནག་ནང་ ༡༩༨༥ ལོ་དང་རྒྱ་གར་ནང་ ༡༩༨༦ ལོ་བཅས་སུ་ངོས་འཛིན་ཐུབ་ཡོད། ད་ལྟ་བར་ལོ་ ༣༠ ལྷག་ཕྱིན་པའི་རིང་ན་ཚ་འདི་འཛམ་གླིང་ཐོག་ཁྱབ་ཚད་མཐོ་པར་བསླེབས་ཡོད། ན་ཚ་འདིས་གྲོངས་པའི་མི་གྲངས་ས་ཡ་ ༢༥ དང་། ན་མཁན་མི་ས་ཡ་ ༣༤ ལྷག་ཡོད། ད་དུང་ཤེས་རྟོགས་མ་ཐུབ་པ་ག་ཚད་ལྷག་ཡོད་པ་རེད། དེའི་ཐོག་ད་ལྟའི་ཆར་གདེང་འཁེལ་བའི་ཐོག་ནས་ན་ཚ་དེ་འདི་རེད་ཟེར་བ་ཞིག་སྟོན་ཐུབ་མེད་ལ། སྨན་བཅོས་ཀྱི་ཐོག་ནས་ཀྱང་ནད་ཚ་གཞན་པ་ནང་བཞིན་གསོ་བཅོས་ཐུབ་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད། ཨ་རིའི་ལོ་རེའི་ནང་ན་ཚ་འདིར་གདོང་ལེན་ཆེད་འགྲོ་སོང་ཨ་སྒོར་དུང་ཕྱུར་ ༢༤ གཏོང་གི་ཡོད། ང་ཚོ་བོད་པའི་སྤྱི་ཚོགས་ནང་ན་ཚ་འདི་འགོས་ཁྱབ་ཀྱི་རྒྱ་ཆེ་རུ་ཕྱིན་པ་ཡིན་ན། ང་ཚོར་ཨ་རི་ནང་བཞིན་གདོང་ལེན་བྱེད་རྒྱུའི་ནུས་པ་མེད་སྟབས་ཧ་ཅང་བློ་འཚབ་སྐྱེ་དགོས་པ་ཞིག་རེད།
དྲི་བ། ད་ལྟའི་ཆར་རྒྱ་གཞུང་གིས་བོད་རིགས་ཞིང་འབྲོག་གྲོང་རྡལ་ཅན་དུ་བསྒྱུར་ཏེ་བོད་རྒྱ་མི་རིགས་མཉམ་བསྲེས་ཀྱི་སྲིད་ཇུས་སྤེལ་བཞིན་པའི་གནས་སྟངས་འོག བོད་ཁུལ་དུ་ཨེ་ཙི་ན་ཚ་འགོས་ཁྱབ་ཀྱི་ཉེན་ཁ་མཐོང་གི་འདུག་གམ།
ལན། རྒྱ་ནག་ནི་ཨེ་ཙི་ན་ཚ་ཡོད་པའི་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད། རྒྱ་ནག་ནང་གི་གྲོང་ཁྱེར་ཁག་ནས་རྒྱ་མི་མང་པོ་བོད་ནང་དུ་ཡོང་གི་ཡོད། དེའི་གྲས་སུ་སྨད་ཚོང་མ་སོགས་མི་འདྲ་མིན་ཡོད། བོད་ཀྱི་ས་གནས་གྲོང་ཁྱེར་དང་གྲོང་གསེབ། འབྲོག་ཁུལ་བཅས་སུ་འཕྲོད་བསྟེན་ཤེས་བྱའི་ཚད་དམའ་བོ་ཡིན་སྟབས། ཨེ་ཙི་ན་ཚའི་གནས་སྟངས་ཡག་པོ་མ་ཤེས་པར་སོ་སོའི་ལུང་པའི་འཚོ་བའི་འགྲོ་སྟངས་དང་བསམ་བློ་འཁྱེར་སྟངས་དེའི་ཐོག་ནས་དེང་རབས་སྤྱི་ཚོགས་ནང་འཛུལ་སྐབས། ལྷ་ས་ལྟ་བུར་མཚོན་ན་གྲོང་ཁྱེར་ནང་ཆང་ཁང་དང་ཞབས་བྲོ་ཁང་། སྨད་ཚོང་ཁང་སོགས་སྣང་བ་སྐྱིད་པོ་གཏོང་ས་རྒྱ་མིས་མང་པོ་བཟོས་ཡོད་ལ། དེང་སྐབས་སྨད་ཚོང་ཁང་དུ་བོད་རིགས་བུ་མོ་ལོ་ཆུང་དེ་འདྲ་མང་པོ་ཡོད་སྐོར་ཐོས། ན་ཚ་དེ་མང་ཆེ་བ་ཕོ་མོའི་ལུས་འབྲེལ་ལས་ཁྱབ་ཀྱི་ཡོད་སྟབས། འགོས་ཁྱབ་མགྱོགས་པོ་འགྲོ་རྒྱུ་ལས་སླ་བོ་རེད། ལྷག་པར་དུ། འབྲོག་ཕྱོགས་དང་གཞི་རིམ་ས་ཁུལ་ཁག་ནང་རྒྱ་ནག་གཞུང་གི་ངོས་ནས་འཕྲོད་བསྟེན་སློབ་གསོའི་རིགས་ཚད་འདང་པ་ཞིག་སྤྲོད་ཀྱི་ཡོད་པ་མ་རེད། ང་ཚོ་བོད་མི་རིགས་གྲངས་འབོར་ཉུང་བའི་སྒང་ལ། ན་ཚ་དེ་འདྲ་ཞིག་འགོས་ཁྱབ་ཕྱིན་ཚེ། བོད་མི་རིགས་ཀྱི་གྱོང་གུད་ཆེན་པོ་ཞིག་ཆགས་ཉེན་ཡོད། རྒྱ་ནག་གཞུང་གིས་ང་ཚོ་མི་རིགས་རྩ་མེད་དུ་གཏོང་བའི་འཆར་ལྡན་གྱི་མི་སེར་སྤེལ་བའི་སྲིད་ཇུས་ཞིག་འཛིན་གྱི་ཡོད་སྟབས། བོད་པ་རང་ངོས་ནས་འགན་འཁུར་དགོས་པ་གལ་ཆེན་པོ་རེད།
དྲི་བ། ཨེ་ཙི་ན་ཚ་དེ་གཙོ་བོ་བརྒྱུད་ལམ་གང་དག་ནས་འགོས་ཁྱབ་ཡོང་གི་ཡོད་པ་དང་། དེ་འགོས་ཁྱབ་མི་འགྲོ་བའི་ཆེད་སྔོན་འགོག་གི་ཐབས་ལམ་གང་དག་ཡོད་དམ།
ལན། བརྒྱུད་ལམ་གཙོ་བོ་ཞིག་ཕོ་མོའི་ལུས་འབྲེལ་རེད། ཕོ་མོའི་ལུས་འབྲེལ་སྐབས་འགྱིག་ཤུབ་བེད་སྤྱོད་བཏང་བ་ཡིན་ན། འགོས་ནད་རིགས་གང་ཡིན་ཡང་སྔོན་འགོག་ཐུབ། གཉིས། སྐྲ་བཟོ་ཁང་ནང་མི་འདྲ་མིན་སྣ་ཚོགས་ཡོང་གི་ཡོད་ལ། སྐྲ་བཞར་བྱེད་ཀྱི་གྲི་གསར་པ་བརྗེ་བོ་མ་བརྒྱབ་པ་དང་གཙང་མ་མིན་པ་བཅས་ལ་བརྟེན་ནས། སྐྱི་ལྤགས་ཀྱི་ཕྲ་ཕུང་བརྒྱུད་ནས་འགོས་ཁྱབ་འགྲོ་ཡི་ཡོད། དེ་ལ་ཡིད་གཟབ་ཀྱིས་སྐྲ་གྲི་གསར་པ་བརྗེ་བོ་རྒྱག་གི་ཡོད་མེད་ལ་དོ་སྣང་སྤྲོད་དགོས། གསུམ། སྨན་ཁང་ནང་མི་གཅིག་ལ་བེད་སྤྱོད་བྱས་ཟིན་པའི་ཁབ་ཏེ་མི་གཞན་ལ་བསྐྱར་དུ་བེད་སྤྱོད་བྱེད་མི་རུང་། ཁབ་བརྒྱུད་ནས་མི་མང་པོར་འགོས་ཁྱབ་འགྲོ་བཞིན་ཡོད། བཞི། ན་བ་ཚ་བ་སོགས་བྱུང་སྟེ་ཁྲག་གི་མ་འདང་བར་ཁྲག་ཕར་སྤྲོད་ཚུར་ལེན་བརྒྱུད་ནས་འགོས་ཁྱབ་འགྲོ་བཞིན་ཡོད། ཁྲག་ལ་བརྟག་དཔྱད་ཡག་པོ་བྱས་ཏེ་ན་ཚ་མེད་པ་གསལ་ཁ་ཆོད་རྗེས་ཁྲག་སྤྲོད་དགོས། ལྔ། ཕ་མར་ནད་ཚ་ཡོད་པ་ལ་བརྟེན་ནས་སོ་སོའི་བུ་ཕྲུག་འགོས་མཁན་ཡང་ཡོད། དེ་ཚོ་ཚང་མར་གཟབ་གཟབ་བྱེད་དགོས། སྤྱིར་སྨན་བཅོས་ཀྱི་ཐད་ནས་བཤད་ན། ཨེ་ཙི་ན་ཚའི་དབང་གིས་གཟུགས་པོའི་ནང་གི་སྔོན་འགོག་རྫས་རྒྱུན་དེ་དག་གི་ནུས་པ་ཉམས་འགྲོ་བཞིན་པ་དེར། ནུས་པ་ཡར་སྤར་ཐབས་ཀྱི་སྨན་དང་ཁབ་དེ་འདྲ་ཡོད་ཀྱང་། ན་ཚ་རང་གི་ཆེད་དུ་སྨན་བཅོས་འདི་ཟེར་བ་ཞིག་བཏོན་ཐུབ་ཡོད་པ་མ་རེད།
དྲི་བ། ཨེ་ཙི་ན་ཚ་སྔོན་འགོག་དང་སྨན་བཅོས་ཐད། བོད་རང་གི་གསོ་བ་རིག་པའི་གཞུང་དུ་ཐབས་ལམ་གང་དག་ཡོད་དམ།
ལན། བོད་སྨན་གྱི་ངོས་ནས་ཨེ་ཙི་ན་ཚར་སྨན་བཅོས་འདི་ཡོད་པ་རེད་ཟེར་ནས་ཉམས་ཞིབ་གཏན་འབེབས་བྱས་བཞག་པ་ཞིག་ད་སྔ་ཡོད་པ་མ་རེད། ཡིན་ནའང་། ཕྱི་རྒྱལ་དང་རྒྱ་གར་སོགས་མི་རིགས་གཞན་པའི་ཨེ་ཙི་ནད་པ་དེ་འདྲ་བོད་པའི་སྨན་པར་སྟོན་མཁན་ཡོང་གི་འདུག བོད་སྨན་ཟོས་ཏེ་གཟུགས་པོ་ཇེ་བདེར་ཕྱིན་སོང་ཟེར་མཁན་ཡང་རེ་ཟུང་འདུག ཨེ་ཙི་ན་ཚ་དེ་གཟུགས་པོའི་ནང་ལ་བསླེབས་རྗེས་གཟུགས་པོས་སྲུང་སྐྱོབ་དང་སྔོན་འགོག་ནུས་པ་འཇོམས་འགྲོ་བཞིན་ཡོད་སྟབས། རླུང་དང་ལུས་ཟུངས། དོན་སྣོད་གང་དག་ནུས་པ་ཞན་པའི་དཀའ་ངལ་ཡོད་མེད་བརྟག་དཔྱད་བྱས་ཏེ་སྨན་སྤྲོད་ཀྱིན་ཡོད། དེ་མ་གཏོགས་བོད་སྨན་འདི་དང་འདི་ཟོས་ན་ཨེ་ཙི་ན་ཚ་དྲག་འགྲོ་བ་རེད་ཟེར་རྒྱུ་ཁག་པོ་རེད། ཕྱི་ལུགས་བོད་ལུགས་གང་ཡིན་རུང་། ན་ཚ་དེ་གཟུགས་པོའི་སྒང་ལ་བསླེབས་ཚར་བའི་རྗེས་ལ་བཅོས་ཐབས་ཁག་པོ་རེད།
དྲི་བ། ཨེ་ཙི་ནད་པ་ཚོར་སྤྱི་ཚོགས་ཀྱི་ངོས་ནས་ལྟ་སྟངས་ངན་པ་འཛིན་བཞིན་པའི་གནས་སྟངས་སྣ་ཚོགས་ཡོང་གི་ཡོད་པ་རེད། ཁྱེད་རང་ལ་དེའི་ཐད་གཟིགས་ཚུལ་ག་རེ་ཡོད།
ལན། འཛམ་གླིང་གི་ལུང་པ་འདྲ་མིན་ནང་། ཨེ་ཙི་ནད་པ་ཡིན་ཚར་བའི་རྗེས་ལ་མི་རིགས་དང་སྤྱི་ཚོགས་ཀྱི་གྲས་ནས་ཕུད་སོང་བ་སོགས་དཀའ་ངལ་མང་པོ་ཡོང་གི་ཡོད། རྒྱལ་སྤྱིའི་སྒང་དེར་གདོང་ལེན་བྱེད་ཕྱོགས་ཀྱི་ཐབས་ལམ་འདྲ་མིན་བཟོ་བཞིན་ཡོད། ལྷོ་ཨ་ཧྥི་རི་ཀའི་ནང་ཨེ་ཙི་ནད་པའི་སློབ་གྲྭ་བཙུགས་ཡོད་པ་མཐོང་རྒྱུ་འདུག ཁོང་ཚོར་ཐོབ་ཐང་གི་སྒང་ནས་སྐད་ཆ་བཤད་མཁན་མང་པོ་བསླེབས་ཡོང་གི་ཡོད་པ་ལྟར། ང་ཚོ་བོད་པར་མཚོན་ནའང་ཨེ་ཙི་ནད་པ་རྣམས་ལ་ལྟ་སྟངས་བཟུང་སྟེ་སྤྱི་ཚོགས་ནང་ནས་ཕུད་རྒྱུ་ཡོད་པ་མ་རེད། ཁོ་ཚོའི་སེམས་ལ་དཀའ་ངལ་ཆེན་པོ་ཡོང་གི་རེད། གཅིག་ནས་ན་བའི་དཀའ་ངལ་དང་། གཉིས་ནས་སྤྱི་ཚོགས་དཀའ་ངལ། ཐ་ན་ཁྱིམ་ཚང་ནང་ནས་ཕུད་འགྲོ་བའི་དཀའ་ངལ་ཡང་ཡོང་གི་ཡོད། སྤྱིར་ཞེ་དྲག་འཛེམ་བག་བྱེད་དགོས་པ་དེ་འདྲ་མ་རེད། མཉམ་དུ་སྐད་ཆ་བཤད་པ་དང་སློབ་སྦྱོང་བྱེད་པ། ལས་ཀ་བྱེད་པ། འོ་བྱེད་པ། ཟ་མ་ཟ་བ་སོགས་ཀྱིས་འགོ་བ་མ་རེད། དེར་བརྟེན། ཨེ་ཙི་ནད་པར་སྤྱི་ཚོགས་ཀྱི་བྱམས་བརྩེ་དང་ལྟ་སྐྱོང་ཐོབ་དགོས་རྒྱུ་དེ་གལ་ཆེན་པོ་རེད།
དྲི་བ། ཨེ་ཙི་ནད་པ་རྣམས་ཀྱིས་སྤྱི་ཚོགས་ནང་རང་ངོས་ནས་དཀའ་ངལ་ལ་གདོང་ལེན་ཇི་ལྟར་བྱས་ན། ད་གཟོད་སོ་སོའི་མི་ཚེ་དང་འཚོ་བ་ལེགས་པོ་ཞིག་སྐྱེལ་ཐུབ་བམ།
ལན། ཨེ་ཆི་ཨའེ་ཝེ་(རེག་དུག) (HIV) གཟུགས་པོའི་ནང་ལ་བསླེབས་པ་ཙམ་གྱིས་སེམས་ཤུགས་ཆགས་མ་བསྡད་པར། རང་གི་གཟུགས་པོའི་ནང་གི་སྲུང་སྐྱོབ་དང་སྔོན་འགོག་གི་རྫས་རྒྱུན་ནུས་པ་ཉམས་ཉེས་སུ་འགྲོ་རུ་མ་བཅུག་པར། ཟ་མ་བཟའ་བཏུང་བྱེད་ཕྱོགས་དང་སྤྱོད་ལམ་བཅས་ལ་གཟབ་ནན་བྱེད་པ། ལྷག་པར་དུ་མིའི་བསམ་བློས་སོ་སོའི་གཟུགས་པོ་ལ་དབང་སྒྱུར་བཞིན་ཡོད་སྟབས། བསམ་བློ་གཏོང་སྟངས་ཀྱི་ཐོག་ནས་གུ་དོག་པོ་བྱས་མ་བསྡད་པར། ཨེ་ཙི་ཆེད་ལས་སྨན་པར་འབྲེལ་བ་བྱས་ཏེ་སྨན་བཟའ་རྒྱུ་དང་ཁབ་རྒྱག་རྒྱུ་དེ་ཚོ་ཏག་ཏག་བསྟེན་དགོས་པ་རེད། བོད་སྨན་ནང་གཟུགས་པོའི་ཟུངས་གསོ་བྱེད་དང་། ནད་འབུའི་གཉན་ཁ་འཇོམས་བྱེད་ཀྱི་སྨན་ཡག་པོ་དེ་འདྲ་ཡོད། ཨེ་ཙི་ནད་པ་ཁ་ཤས་ལོ་ ༢༠ དང་ ༣༠ ཕྱིན་སོང་ཟེར་མཁན་མཐོང་རྒྱུ་འདུག
དྲི་བ། ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་གཞིགས་ན། ཨེ་ཙི་ན་ཚ་དེར་གདོང་ལེན་བྱེད་ཐུབ་མིན་ཐོག་དཀའ་ངལ་གང་འདྲ་མཐོང་གི་ཡོད་དམ།
ལན། བཙན་བྱོལ་བོད་མིའི་ནང་ན་ཚ་དེ་ཡོང་ཕྱོགས་ཀྱི་ལོ་རྒྱུས་རེ་ཟུང་ལ་བལྟས་ན། མོན་གྷོ་ཊི་ནི་ཡུལ་སྐོར་ས་གནས་གྷོ་བར་ཐག་ཉེ་བོ་ཡོད་པར་བརྟེན། མོན་གྷོ་ཊི་ནང་ཨེ་ཌི་ན་ཚ་དེ་མང་པོ་ཡོང་གི་ཡོད་ལ། དེ་མིན་ས་གནས་ཀྱི་དབང་གིས་ན་ཚ་མང་ཤོས་ཤིག་ལྡི་ལི་ཆགས་འདུག མན་ཇུ་ཌེ་ལཱ་ཆུང་ཆུང་དེ་བོད་པ་ཕར་འགྲོ་ཚུར་ཡོང་ཚང་མ་འཛོམས་ས་ཞིག་ཆགས་བསྡད། སྔོན་མ་མན་ཇུ་ཌེ་ལཱར་བུ་མོ་ཁ་ཤས་ལ་ནད་ཚ་དེའི་དཀའ་ངལ་ཡོད་པར་བརྟེན་ནས་དུས་ཐུང་ནང་བུ་མང་པོར་འགོས་ཁྱབ་ཕྱིན་འདུག དེ་བཞིན། ང་ཚོ་བོད་པའི་སྤྱི་ཚོགས་ནང་ངོ་ཚ་ཆེན་པོ་ཞིག་ལ་བརྩིས་ནས། བརྟག་དཔྱད་གཏོང་བར་འགྲོ་རྒྱུར་འཛེམས་པ་དང་། ཁ་ཤས་ཀྱིས་རང་ཉིད་ལ་ཡོད་པ་ཤེས་བཞིན་དུ་གསང་བ་བྱས་བསྡད་ཡོད་པ་རེད། ད་ལྟའི་ཆར་ཤེས་རྟོགས་བྱུང་ཡོད་པའི་ཨེ་ཙི་ནད་པ་ ༡༣༠ ཡོད་སྐོར་བརྗོད་ཀྱི་འདུག བོད་པའི་སྤྱི་ཚོགས་ནང་ཨེ་ཙི་ན་ཚས་འདས་གྲོངས་ཕྱིན་མཁན་ཡང་གང་ལ་གང་འཚམ་ཡོད། འུ་ཚོ་བོད་པ་འབུམ་གཅིག་གི་ནང་བརྒྱ་ཆར་ཕབས་པ་ཡིན་ན་མང་པོ་རེད། ད་དུང་མ་ཤེས་མཁན་ག་ཚོད་ལྷག་ཡོད་མེད་བརྗོད་ཁག་པོ་རེད། ཁྱབ་ཚད་ཀྱི་ཐོག་ནས་བལྟས་ན་ཉེན་ཁ་ཆེན་པོ་ཆགས་འདུག
དྲི་བ། མ་འོངས་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས། ཨེ་ཙི་ན་ཚ་སྔོན་འགོག་གི་ཐབས་ལམ་གང་དག་བསྟེན་དགོས་པར་མཐོང་གི་ཡོད།
ལན། ན་ཚ་འདི་ཛ་དྲག་ཅན་ཞིག་ཡིན་སྟབས། མི་སྒེར་རང་ངོས་ནས་ཀྱང་འགན་ཁུར་དགོས་པ་མ་ཟད། ཁྱིམ་ཚང་དང་སྤྱི་ཚོགས་ཚང་མའི་འགན་ཆགས་ཡོད། ན་ཚ་འདིའི་ཐད་དམིགས་བསལ་དོ་སྣང་སྤྲོད་དགོས་པ་གལ་ཆེན་པོ་རེད། ཟབ་སྦྱོང་ལ་འཛུལ་ཞུགས་དང་དེའི་སྐོར་གྱི་དེབ་ཀློག་རྒྱུ། སྨན་པར་སྐད་ཆ་འདྲི་རྒྱུ། རྒྱལ་སྤྱིའི་ཨེ་ཙི་ན་ཚའི་ཉིན་མོ་སྲུང་གཙི་བྱེད་པ། དེ་འདྲའི་ལས་འགུལ་ཁག་ལ་དོ་སྣང་དང་མཉམ་ཞུགས་བྱེད་རྒྱུ། དེ་བཞིན་སྒྲིག་འཛུགས་དང་འཕྲོད་བསྟེན་གྱི་ངོས་ནས་ན་ཚ་སྨན་བཅོས་བྱེད་པ་ལས་ལྷག་ཅིག་ན་ཚ་སྔོན་འགོག་བྱེད་སྟངས་ཀྱི་ཤེས་བྱ་བརྒྱུད་སྒྲོག་བྱེད་རྒྱུ་གལ་ཆེན་པོ་རེད། སློབ་གྲྭ་ཁག་ནང་དེའི་སྐོར་གྱི་ཤེས་བྱ་འཁྲིད་ཀྱིན་ཡོད་ན་རྩེ་གྲས་རེད། སློབ་ཕྲུག་ཚོ་ལོ་ཡར་སོན་ཏེ་སྤྱི་ཚོགས་ནང་བསླེབས་དུས་མི་ཚེ་སྐྱེལ་སྟངས་དང་འཕྲོད་བསྟེན་གནང་ཕྱོགས་ཐད། སོ་སོར་འགན་འཁུར་ཐུབ་མཁན་ཞིག་བཟོ་དགོས་ཀྱི་འདུག
དྲི་བ། ཨེ་ཙི་ན་ཚ་འཛམ་གླིང་རང་བཞིན་གྱི་ཉེན་ཚབས་ཅན་གྱི་འགོས་ནད་ཅིག་རེད། བོད་ལུགས་གསོ་བ་རིག་པའི་ངོས་ནས་ན་ཚ་འདིར་གདོང་ལེན་ཇི་ལྟར་བྱེད་དགོས་པར་དགོངས་ཀྱི་ཡོད་དམ།
ལན། ང་ཚོ་བོད་པའི་སྤྱི་ཚོགས་ནང་ཨེ་ཙི་ན་ཚ་གཅིག་པུ་ཙམ་མིན་པར་ཀཱན་སེལ་(Cancer)དང་ཧེ་བྷེ་ཁྲི་ཌི་བྷེ (མཆིན་ནད་)(Hepatitis B)བཅས་ན་ཚ་བྱེ་བྲག་པ་མང་པོའི་སྒང་ལ་ཞིབ་འཇུག་དང་། ནད་ཚ་བྱེ་བྲག་པ་རེ་རེ་སྤྱི་ཚོགས་ནང་ཁྱབ་ཚད་ཀྱི་གནས་སྟངས་ག་འདྲ་ཡོད་མེད། དེ་ལ་དཔག་པའི་སྨན་བཅོས་འགྲོ་གྲོན་ག་ཚོད་སླེབ་ཀྱི་ཡོད་མེད་ཉམས་ཞིབ་བྱེད་དགོས་པ་རེད། དེའི་ཐད་ངས་སྔོན་མ་གྲོས་ཚོགས་ནང་ནས་འཕྲོད་བསྟེན་ལས་ཁུངས་ལ་ཞུས་མྱོང་། ང་ཚོའི་སྤྱི་ཚོགས་ནང་ད་ལྟའི་ཆར་ཉམས་ཞིབ་ཀྱི་གནས་སྟངས་ཧ་ཅང་དམའ་བོ་རེད། དངོས་གནས་བྱས་ན་སྨན་རྩིས་ཁང་དང་འཕྲོད་བསྟེན་ལྟ་བུའི་གཞུང་གི་སྒྲིག་འཛུགས་དང་ཚོགས་སྡེ་ཁག་གིས། འདིའི་སྒང་ལ་ཆེད་དུ་དམིགས་ཏེ་སྨན་བཅོས་བྱེད་ཐབས་ཐོག་ཉམས་ཞིབ་བྱེད་དགོས་སར་ཉམས་ཞིབ་དང་། སྨན་གསར་བཟོ་བྱེད་དགོས་སར་གསར་བཟོ་བྱེད་དགོས་ཀྱི་འདུག ཡིན་ནའང་། ད་ལྟའི་བར་ཨེ་ཙི་ན་ཚ་གཙོས་པའི་ན་ཚ་བྱེ་བྲག་དེ་དག་ཐོག་ལ་འཆར་གཞི་ལྡན་པ་ཞིག་བྱེད་ཐུབ་མི་འདུག དེང་སང་ཞིབ་འཇུག་བྱེད་སྟངས་ཐད་ཚན་རིག་གི་བྱེད་ཐབས་སོགས་དཔེ་ལེན་ས་ཡོད་པ་རེད། དེ་བཞིན། བོད་ཀྱི་གསོ་བོ་རིག་པའི་ནང་སྨན་རྐྱང་སེལ་གྱི་སྒོ་ནས་སྨན་གྱི་རྣམ་གྲངས་ ༩༠༠ ལྷག་དང་། སྨན་སྡེབ་སྦྱོར་བྱས་བཞག་པའི་སྨན་གྱི་རྣམ་གྲངས་ ༣༠༠༠ ལྷག་བཅས་ཁྱོན་སྡོམ་ན་ཚའི་གཉན་པོ་སྨན་ ༤༠༠༠ ལྷག་ཡོད་པ་རེད། ང་ཚོའི་གསོ་བ་རིག་པའི་རྒྱུད་བཞི་འདི་ནི་དེ་འདྲའི་སྡེབ་སྦྱོར་གྱི་མཛོད་ལྟ་བུ་རེད། དེའི་ནང་ནས་ད་ལྟ་བར་དུ་སྨན་རྩིས་ཁང་གིས་སྨན་བེད་སྤྱོད་གཏོང་བཞིན་པ་ ༡༦༠ ཙམ་མ་གཏོགས་ཡོད་པ་མ་རེད། དེ་བརྒྱ་ཆར་བཀུག་ན་བརྒྱ་ཆའི་བཅུ་གྲངས་ལས་ཟིན་ཐུབ་ཀྱི་མེད། དེར་བརྟེན། ན་ཚ་དེ་རིགས་གཟུགས་པོའི་ནང་ལ་ཁྱབ་སྟངས་དང་ན་སྟངས། དེའི་གནས་སྟངས་ཀྱི་རིམ་པར་དབྱེ་ཞིབ་ནན་མོ་བྱས་ཏེ། ན་ཚ་དེ་དག་ལ་གདོང་ལེན་བྱེད་ཐབས་ལ་སྨན་གང་དག་རན་པོ་དང་འཚམ་པོ་ཡོད་མེད། དེའི་ཆེད་དུ་ཞིབ་འཇུག་བྱས་ཏེ་སྨན་གསར་པ་ག་རེ་བཟོ་དགོས་མིན་སོགས་ཀྱི་སྐོར་ལ། མ་འོངས་པར་གཞུང་དང་སྒྲིག་འཛུགས་ཤིག་གི་ངོས་ནས་འཆར་གཞི་ལྡན་པའི་ཕྱག་ལས་ཤིག་གནང་བ་ཡིན་ན་ཏན་ཏན་ཕན་ཐོགས་ངེས་ཅན་ཡོང་གི་རེད་སྙམ།
གསར་འགོད་པ། ཚེ་རིང་རྒྱལ།
༼བོད་ཀྱི་དུས་བབ་གསར་ཤོག་ལས་བདམས་བཀོད་བྱས།༽
དང་བོ་བསམ་བློ་གཏོང་དགོས་པ་ཞིག་ལ། ཨེ་ཙི་ན་ཚ་འཛམ་གླིང་ནང་ངོས་འཛིན་ག་དུས་བྱུང་བ་དང་། བོད་ཀྱི་གསོ་བ་རིག་པ་རྒྱུད་བཞི་ག་དུས་བརྩ་མས་པ་ཤེས་ན་ཨེ་ཙི་ན་ཚ་བོད་ལུགས་གསོ་རིག་ལས་ངེས་འཛིན་ག་རེ་བྱས་ནས་མ་བྱས་པ་གསལ་བོ་རེད། དུས་ཕྱིས་སུ་བྱུང་བའི་ན་ཚ་འདི་ན་སྨན་པ་སྒེར་ངེས་ནས་ངོས་འཛིན་གསལ་བོ་བྱེད་བཞིན་ཡོད་ལ་དེ་མཐུན་གྱི་བཅོས་ཀྱང་སྨན་རྩིས་ཁང་གིས་བྱེད་བཞིན་ཡོད་རེད། ནད་པ་མང་པོ་ལ་ཕན་བསྐྱེད་ཡག་པོ་བྱུང་ཡོད་པ་བདེན་དཔངས་སྟོན་རྒྱུ་ཡོད་རེད། སྲིན་འཁྲུགས་བགོས་ནད་དང་། གཉན་ནད་རེག་དུག་སོགས་དེང་དུས་ཨེ་ཙི་ན་ཚའི་མིང་གསར་དུ་བོད་སྨན་པས་བཏགས་པ་རེད། ལོ་རྒྱུས་ཀྱི་ཁུངས་ཤེས་ན་བོད་པའི་སྨན་པ་ཞིག་ཡིན་པས་ཆ་ནས་བོད་སྨན་ཐོག་ངོས་འཛིན་ཡོད་མ་རེད་ཅེས་དགྲ་དགའ་གཉེན་སྡུག་གི་སྐད་ཆ་མ་བཤད་ན་ཡག་གི་རེད། དཔལ་ལྡན་རྒྱུད་བཞི་ལ་ཟུར་ཟ་གནང་ན་ཡག་པོ་ཡོད་མ་རེད།
སྲིན་འཁྲུགས་བགོས་ནད་ཅེས་ན་སྤྱི་མིང་ཞིག་རེད། སྲིད་འབུ་འཁྲུགས་པའི་འགོས་ནད་འདྲ་མིན་སྣ་ཚོགས་ཡོད་པ་རེད། ཨེ་ཙི་གཅིག་པར་ངེས་ཐུབ་ཡོད་མ་རེད། ཨེ་ཙི་ན་ཚ་ཁོ་རང་གཅིག་པུ་རང་མ་ནོར་མ་བསྲེས་པའི་ཐོག་ནས་གསལ་རྗེན་དུ་ངོས་འཛིན་ཞིག་ད་སྔ་དངོས་གནས་མེད་ལེ་རེད། བོད་པའི་སྨན་པ་རྣམས་ཀྱིས་སྔར་གྱི་བོད་གསོ་བ་རིག་པའི་རླབས་ཆེན་སྨན་པ་རྣམས་ཀྱི་མཛད་རྗེས་ཁོ་བསྐྱར་ལྡབ་ཀྱིས་ཁོང་རྣམས་པའི་མཛད་ཁོ་ནའི་རང་ཉིད་ཀྱི་ལྟོ་བ་འགྲེངས་ཐབས་ཁོ་ན་མི་བྱེད་པར། འཛམ་གླིང་མི་དམངས་ཀྱི་ན་ཚའི་སྡུག་བསྔལ་སྤྱི་དང་། ཡང་དགོས་བོད་མི་རིགས་རང་གི་མི་མང་ཀྱི་ན་ཚའི་སྡུག་བསྔལ་མཐའ་དག་ཁུར་ཏུ་བླངས་ཏེ། ཉམས་ཞིབ་དང་གསར་གཏོད། མདུན་བསྐྱོད་བཅས་བྱས་ཏེ། དེང་སྐབས་ཀྱི་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་སྨན་པ་དག་གི་དུས་སྐབས་འདི་ལའང་། རྗེས་ཕྱོགས་ལོ་རྒྱུས་ཀྱིས་ཕྱིར་མིག་བགྲོད་སྐབས་བྱས་པ་ཡོད་པ་ཞིག་གནང་རྒྱུ་གལ་ཏུ་ཆེའོ། དེ་མིན་རང་ཉིད་ཁོ་ནའི་ལྟོ་རྒྱབ་གཅིག་པུར་བསམ་བློ་བཏང་སྟེ། སྨན་ཚོང་ཁོ་ནར་མགོ་འཁོར་བསྡད་ན། མ་འོངས་པའི་ལོ་རྒྱུས་ཀྱི་ངོས་ནས་དེང་སྐབས་ཀྱི་བོད་ལུགས་གསོ་བ་རིག་པའི་སྨན་པ་རྣམས་ནི། སྨན་ཚོང་རུལ་སུངས་བའི་སྨན་པའི་ཁྱུ་གཅིག་བོད་ས་སྒང་དུ་བྱུང་མགོ་ཚུགས་པའི་ལོ་རྒྱུས་གསར་བ་ཞིག་ཏུ་འགྱུར་ངེས་སོ།
ཨེ་ཙི་ནད། ལ། སྲིན་འཁྲུགས་བགོས་ནད། ཞེས་གསུངས་འདུག་སྙམ་ལགས།