མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྐོག་ཟ་བྱེད་མཁན་འདི་ལྟར་འཇོག་ན་རྒྱ་གར་གཞུང་ལ་གཏུག་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རི་ནཱ་ཅལ་འབུམ་སྡེ་ལ་ས་གནས་གཞིས་མགོ་བཀྲ་ཤིས་ནོར་བུ་དང་བསྟན་འཛིན་སྒང་མཉམ་འབྲེལ་དྲུང་ཆེ་བསྟན་འཛིན་རིག་བཟང་གཉིས་ཀྱིས། རྒྱ་གར་གཞུང་གིས་བོད་རིགས་ཕྲུ་གུའི་འཚོ་སྣོན་ཆེད་སྤྲོད་བཞིན་པའི་ཧིན་སྒོར་འབུམ་ ༢ ལྷག་སྒེར་ཟ་བྱས་ཡོད་པ་ར་འཕྲོད་བྱུང་འདུག

ཨ་རི་ནཱ་ཅལ་འབུམ་སྡེ་ལ་ས་གནས་གཞིས་མགོ་བཀྲ་ཤིས་ནོར་བུ་དང་བསྟན་འཛིན་སྒང་ས་གནས་མཉམ་འབྲེལ་དྲུང་ཆེ་བསྟན་འཛིན་རིག་བཟང་གཉིས་ཀྱིས། བསྟན་འཛིན་སྒང་སྣ་འཛོམས་བདེ་དོན་མཐུན་ཚོགས་ (Tenzingang Multipurpose Welfare Society) ཞེས་པའི་ཚོགས་པའི་ཐམ་ག་དང་དངུལ་འཛིན། ཚོགས་པའི་རྩིས་ཁྲ་བཅས་རྫུན་བཟོ་བྱས་ཏེ། ལོ་ལྟར་རྒྱ་གར་གཞུང་གིས་ས་གནས་ཀྱི་ཕྲུ་གུ་རང་ལོ་ ༥ མན་ལ་འཚོ་སྣོན་དུ་སྤྲོད་བཞིན་པའི་རོགས་དངུལ་ཧིན་སྒོར་འབུམ་ ༢ ལྷག་སྒེར་སྤྱོད་བྱས་ཡོད་འདུག ༢༠༡༠ ལོ་དང་ ༢༠༡༡ ལོ་བཅས་སུ་རྒྱ་གར་གཞུང་གིས་རྩིས་ཞིབ་ལས་བྱེད་ས་གནས་སུ་འབྱོར་ཏེ་ཤེས་རྟོགས་བྱུང་བ་དང་། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་རྣམ་གཉིས་འབུམ་སྡེ་ལར་གཞུང་འབྲེལ་ཕྱོགས་སྐྱོད་སྐབས། ས་གནས་མི་མང་གིས་གཞིས་མགོ་བཀྲ་ཤིས་ནོར་བུ་དང་བསྟན་འཛིན་རིག་བཟང་གཉིས་ཀྱིས་ཚོགས་པའི་ཐམ་ག་དང་དངུལ་འཛིན། རྩིས་ཁྲ་དང་བཅས་པ་རྫུན་བཟོ་བྱས་པའི་བདེན་དཔང་ར་སྤྲོད་བྱས་ཡོད་འདུག སྐབས་དེར་ནང་སྲིད་བཀའ་བློན་དང་དྲུང་ཆེ་གཉིས་ཀྱིས་ལས་བྱེད་དོ་བདག་གཉིས་འབོད་འགུག་གིས་སྐད་ཆ་དྲིས་སྐབས་ངོས་ལེན་བྱས་ཡོད་པ་དང་། ཉེ་ལམ་ནང་སྲིད་ལས་ཁུངས་ཀྱིས་བཀའ་ཤག་ལ་སྙན་སེང་ཞུས་རྗེས། གཞིས་མགོ་བཀྲ་ཤིས་ནོར་བུ་ཕྱིར་ནང་སྲིད་ལས་ཁུངས་ལ་གནས་སྤོར་གྱིས་གནས་རིམ་གཅིག་མར་ཕབ་སྟེ་ཧིན་སྒོར་ ༢༥༠༠༠ ཉེས་ཆད་དང་། བསྟན་འཛིན་རིག་བཟང་ལ་ཧིན་སྒོར་ ༥༠༠༠༠ བཅས་ཀྱི་ཉེས་ཆད་བཏང་ཡོད་འདུག

ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོར་ཨ་རི་ནཱ་ཅལ་བསྟན་འཛིན་སྒང་གཞིས་གྲོང་གཉིས་པའི་བློ་བཟང་རྒྱལ་མཚན་ལགས་འདི་ག་གསར་ཁང་ལ་བཅར་ཏེ། གཞིས་མགོ་བཀྲ་ཤིས་ནོར་བུ་དང་མཉམ་དྲུང་བསྟན་འཛིན་རིག་བཟང་གཉིས་ཀྱིས་ཚོགས་པ་དེབ་སྐྱེལ་གྱི་ཡིག་ཆ་རྫུན་བཟོ་བྱས་པའི་ཁུངས་སྐྱེལ་ཡིག་ཆ་དང་། ཨ་རུ་ནཱ་ཅལ་སྤྱི་ཚོགས་བདེ་དོན་ལྷན་ཁང་(ARUNACHAL PRADESH STATE SOCIAL WELFARE BOARD) ནས་དངུལ་ག་ཚོད་བླངས་མིན་གྱི་ཁུངས་སྐྱེལ་ཡིག་ཆ་བཅས་མཉམ་འཁྱེར་གྱིས། ཕྱི་ལོ་ ༢༠༠༧ ལོ་ནས་བཟུང་རྒྱ་གར་སྤྱི་ཚོགས་བདེ་དོན་ཚོགས་པས་ས་གནས་ཀྱི་བྱིས་པའི་འཚོ་སྣོན་ཧིན་སྒོར་འབུམ་ ༢ ལྷག་ལྐོག་ཟ་བྱས་པ། གནས་ཚུལ་དེ་ཐོག་མར་ཕྱི་ལོ་ ༢༠༡༠ དང་ ༢༠༡༡ ལོར་རྒྱ་གར་གཞུང་གི་རྩིས་ཞིབ་ལས་བྱེད་ས་གནས་སུ་ཡོང་སྐབས། ཁོང་ཚོ་ལས་བྱེད་ནང་ཁུལ་མཐུན་གྱི་མེད་པའི་གནས་ཚུལ་བྱུང་ཡོད་པ་དང་། རིམ་གྱིས་ས་གནས་མང་ཚོགས་ཀྱིས་ཧ་གོ་ཡོད་པ་བཅས་ལ་བརྟེན་ཏེ། ཁོང་ལ་ལས་བྱེད་ཅིག་བརྒྱུད་བཀྲ་ཤིས་ནོར་བུ་དང་བསྟན་འཛིན་རིག་བཟང་གཉིས་ཀྱི་ལས་ཁུངས་དང་ཐམ་ག དངུལ་ཁང་འཛིན་བྱང་། དེབ་སྐྱེལ་ས་ཡིག་རྫུན་བཟོ་བྱས་པ་བཅས་ཀྱི་དཔང་རྟགས་ཡིག་ཆ་ཞིག་རག་རྗེས། ཁོས་རྒྱ་གར་གནས་ཚུལ་མཁོ་སྤྲོད་ (Right To Information) ལས་ཁུངས་ལ་སྙན་ཞུ་ཕུལ་ཏེ། མཐར་ཁོ་རང་གཉིས་ཀྱིས་ཁྱོན་ཧིན་སྒོར་ ༢།༥༠༧༢༨ སྒེར་ཟ་བྱས་ཡོད་པ་ར་འཕྲོད་ཡོད་སྐོར་ངོ་སྤྲོད་གནང་སོང་། 

ཁོང་ལ་བཀྲ་ཤིས་ནོར་བུ་དང་བསྟན་འཛིན་རིག་བཟང་གཉིས་ཀྱིས་ཚོགས་པ་རྫུན་བཟོ་བྱས་པའི་བདེན་དབང་ག་རེ་ཡོད་མེད་དྲིས་པར་ཁོང་གིས། “ སྤྱིར་བཏང་བསྟན་འཛིན་སྒང་དུ་ཁྲིམས་མཐུན་དེབ་སྐྱེལ་ཡོད་པའི་ཚོཊ་པ་རྒྱུད་སྟོད་མཉམ་འབྲེལ་མཐུན་ཚོགས་ (Gyedo TrantricCooperative Society) དང་། བསྟན་འཛིན་སྒང་མཉམ་འབྲེལ་མཐུན་ཚོགས་ (Tenzingang Multipurpose cooperative society) གཉིས་ལས་ཡོད་མ་རེད། ལོ་ཤས་གོང་ཁོ་རང་གཉིས་ཀྱིས་བསྟན་འཛིན་སྒང་ས་གནས་བདེ་དོན་ཚོགས་པ་ (Tenzingang Multipurpose Welfare Society) ཞེས་པ་ཞིག་རྫུན་བཟོ་བྱས་ཏེ། ཚོགས་པ་དེའི་མིང་ཐོག་ནས་དངུལ་བླངས་འདུག ང་ཚོའི་ས་གནས་ལ་ཚོགས་པ་དེ་འདྲ་ཞིག་མེད་པ་ངས་གསལ་བོར་ཞུ་ཐུབ་ཀྱི་ཡོད། དེབ་སྐྱེལ་ཡིག་ཆ་དེ་ཡང་བསྟན་འཛིན་རིག་བཟང་གིས་ཡི་གེ་བྲིས་ཏེ། དེ་སྔོན་གྱི་མཉམ་འབྲེལ་ཚོགས་གཙོ་ཕུན་ཚོགས་ཆོས་རྒྱལ་གྱིས་དངུལ་ཁང་གི་འཛིན་བྱང་བཟོ་ཆོག་པའི་ཆོག་མཆན་རྒྱབ་གཉེར་སྤྲད་དེ། ༢༠༠༦ ཟླ་ ༡༠ ཚེས་ ༢༠ ཉིན་ནས་ལོ་ ༤ རིང་ཚོགས་པ་དེས་ལས་ཀ་ཡག་པོ་བྱས་ཡོད་ཚུལ་བྲིས་འདུག 

སྙན་ཞུ་དང་ཚོགས་པའི་ཐམ་ག་བརྒྱུད་དངུལ་ལེན་ཐབས་སུ་ཕུན་ཚོགས་ཆོས་རྒྱལ་དང་སེ་ཡཱ། ཐུབ་བསྟན། བྱམས་པ་ཤེས་རབ། བློ་བཟང་ཡེ་ཤེས་བཅས་ཡི་གེ་ཤེས་མི་ཤེས་མང་པོ་ཞིག་གི་མཚན་རྟགས་བརྒྱབ་འདུག དེའི་ཐད་ཉེ་ཆར་ནང་སྲིད་བཀའ་བློན་དང་དྲུང་ཆེ་གཉིས་ས་གནས་སུ་ཕེབས་སྐབས། མི་སྣ་དེ་དག་གིས་མཚན་རྟགས་རྫུན་མ་ཡིན་པ་ར་འཕྲོད་གསལ་བོ་བྱུང་ཡོད་པ་རེད། སྔར་ལོའི་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་ངས་རྒྱ་གར་གྱི་ (Right to Information)ལས་ཁུངས་ལ་སྙན་ཞུ་ཕུལ་བ་བཞིན་ད་ལོའི་ཕྱི་ཟླ་ ༡ ཚེས་ ༡༧ ཉིན་ང་ལ་གནས་ཚུལ་སྤྲད་པའི་ནང་། ༢༠༠༥ ནས་  ༢༠༠༧ ལོའི་བར་ཁྱོན་བསྡོམས་ཧིན་སྒོར་ ༢༥༠༧༢༨ ཙམ་ཁོ་རང་གཉིས་ཀྱིས་བླངས་འདུག ” ཅེས་བརྗོད་བྱུང་། 

ཡང་ཁོང་ལ་ནང་སྲིད་བཀའ་བློན་དང་དྲུང་ཆེ་རྣམ་གཉིས་ས་གནས་སུ་ཕེབས་སྐབས་ག་རེ་གསུངས་ཡོད་མེད་དྲིས་པར། ཁོང་གིས། “ ཟླ་སྔོན་མའི་ཕྱི་ཚེས་ ༡༧ ཉིན་ནང་སྲིད་བཀའ་བློན་མཆོག་དང་དྲུང་ཆེ་རྣམ་གཉིས་ས་གནས་ལ་ཡོང་སྟེ། བསྟན་འཛིན་སྒང་དུ་ཚོགས་འདུ་ཚོགས་སོང་། སྐབས་དེར་བཀྲ་ཤིས་ནོར་བུ་དང་བསྟན་འཛིན་རིག་བཟང་གཉིས་སྐད་བཏང་ཡོད་པ་རེད། ཉིན་དེར་ངས་གནས་ཚུལ་འདིའི་སྐོར་ཆ་ཚང་སྙན་སེང་ཞུས་པ་ཡིན། ཚེས་ ༡༨ ཉིན་འབུམ་སྡེ་ལར་ཁེ་ན་ཌར་འགྲོ་ཕྱོགས་སྐོར་གྱི་ཚོགས་འདུ་གྲུབ་རྗེས། བཀྲ་ཤིས་ནོར་བུ་མི་མང་ནང་ཡར་ལངས་ཏེ་ཁོང་གིས་ད་ལྟའི་བར་ས་གནས་སུ་ལས་ཀ་ཡག་པོ་བྱས་ཡོད་ཚུལ་དང་། མི་ལ་ནོར་འཁྲུལ་ཏོག་ཙམ་ཡོང་སྲིད་སྟབས། དགོངས་དག་ཞུས་པ་ཡིན་ཞེས་བཤད་བྱུང་། སྐབས་དེར་བཀའ་བློན་མཆོག་གིས། བཀྲ་ཤིས་ནོར་བུ་ཁྱེད་རང་ངོ་ཚ་རྒྱུ་མི་འདུག ཁྱོད་རང་གིས་བྱ་སྤྱོད་དེ་ནོར་བ་ཙམ་མ་རེད། བྱེད་སྟངས་དེ་ཇག་པ་དང་གཅིག་པ་རེད་ཅེས་གསུངས་སོང་། ཉིན་དེར་ང་དང་བཟང་པོ་གཉིས་ཀྱིས་སྙན་ཞུ་ཕུལ་ཏེ། ཐེངས་འདིར་སྤྱི་རྒྱུ་སྒེར་ཟ་བྱས་པའི་དཔང་རྟགས་ཆ་ཚང་རག་ཡོད་པ་རེད། ད་དུང་ཁུངས་སྐྱེལ་མེད་པའི་ལས་ཀ་ག་ཚོད་བྱས་ཡོད་མེད་ང་ཚོས་བཤད་ཐུབ་ཀྱི་མེད་སྟབས། ཐེངས་འདིར་ཁོང་གཉིས་ལས་གནས་ནས་ཕྱིར་འཕུད་གཏོང་དགོས་པའི་རེ་སྐུལ་ཞུས་ཡོད། ཡིན་ནའང་། བློ་ཕམ་ཆེ་ཤོས་ནང་སྲིད་ལས་ཁུངས་ཀྱིས་བཀྲ་ཤིས་ནོར་བུ་ས་གནས་ནས་གནས་སྤོར་གྱིས་ནང་སྲིད་ལས་ཁུངས་ནང་མུ་མཐུད་ལས་ཀ་བྱས་བཅུག་འདུག བསྟན་འཛིན་རིག་བཟང་ཡང་གནས་ཚུལ་གང་ཡང་མ་བྱུང་མདོག་མདོག་གིས་ལས་གནས་ཐོག་རང་འཇགས་བསྡད་ཡོད་པ་རེད། ང་ཚོའི་ངོས་ནས་ད་ལྟའི་བར་བོད་མིའི་སྒྲིག་འཛུགས་ལ་འབྲེལ་བ་བྱས་ཏེ་གནས་ཚུལ་ཆ་ཚང་ཞུས་ཡོད། གལ་སྲིད་ཁོ་རང་གཉིས་འདི་ལྟར་འཇོག་རྒྱུ་ཡིན་ན། ཐེངས་འདིའི་དངུལ་དེ་རྒྱ་གར་གཞུང་གི་དངུལ་ཡིན་སྟབས། ང་ཚོའི་རྒྱ་གར་གཞུང་གི་ཆེས་མཐོའི་ཁྲིམས་ཁང་ལ་བསྐྱལ་རྒྱུ་ཡིན། ” ཞེས་བརྗོད་བྱུང་།

ཕྱི་ཚེས་ ༧ ཉིན་གྱི་ཕྱི་དྲོར་གསར་འགོད་པས་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལཊ་སུ་ཐེངས་འདིའི་གནས་ཚུལ་ཐད་བཅར་འདྲི་བྱས་པར་ཁོང་གིས། “ འབུམ་སྡེ་ལར་བྱུང་བའི་གནས་ཚུལ་དེ་དངོས་ཡོད་རེད། བྱུང་རིམ་གྱི་ཐད་ནས་དེ་སྔོན་ནས་བཟུང་རྒྱ་གར་དབུས་སྤྱི་ཚོགས་བདེ་དོན་ལྷན་ཁང་(Center Social Welfare Board) བརྒྱུད་ལོ་ལྟར་ས་གནས་ཀྱི་རང་ལོ་ ༥ མན་གྱི་བྱིས་པ་ཚོར་ཟས་བཅུད་མཁོ་སྤྲོད་ཆེད། ལོ་ལྟར་དངུལ་ཏོག་ཙམ་ཞིག་གསོལ་རས་གནང་གི་ཡོད་པ་རེད། བར་ལམ་བསྟན་འཛིན་སྒང་མཉམ་འབྲེལ་དེབ་སྐྱེལ་ཡོད་པའི་ཚོགས་པ་ཡིན་སྟབས། ༢༠༠༢ ལོ་ཡས་མས་ནས་བཟུང་ལོ་ལྟར་ཧིན་སྒོར་འབུམ་ ༢ ཡས་མས་འབྱོར་གྱི་ཡོད་པ་རེད། ༢༠༠༤ ལོ་ཡས་མས་སུ་རྒྱ་གར་གཞུང་གིས་མཉམ་འབྲེལ་གྱི་དེབ་སྐྱེལ་དེ་ཚོང་ལས་ཀྱི་རྣམ་པ་འདུག ཁོང་ཚོའི་དངུལ་དེ་མི་མང་གི་བདེ་སྡུག་ཆེད་སྤྲོད་ཀྱི་ཡོད་སྟབས། ཚོང་དང་འབྲེལ་བའི་ཚོགས་པར་སྤྲད་ན་ཏག་ཏག་བསྡད་ཀྱི་མི་འདུག་ཅེས་བཀའ་གནང་འདུག དངོས་ནས་བྱས་ན་གནས་སྟངས་དེར་ས་གནས་མཉམ་འབྲེལ་དང་མཉམ་འབྲེལ་འགན་འཛིན་ལྷན་ཚོགས། ས་གནས་མགོ་འཛིན་བཅས་ཀྱིས་གྲོས་བསྡུར་བྱས་ཏེ། ཚོགས་པ་གསར་བ་དེབ་སྐྱེལ་ཇི་ལྟར་བྱེད་མིན་ཐོག ཁྲིམས་ཀྱི་འགྲོ་ལུགས་དང་མཐུན་པ་ཞིག་བཟོ་དགོས་ཀྱི་ཡོད་པ་རེད། འབུམ་སྡེ་ལར་ལས་ཀ་བྱེད་མཁན་བཀྲ་ཤིས་ནོར་བུ་ལ་མཚོན་ན་ས་གནས་ཀྱི་ལས་དྲུང་རེད། ལས་ཀ་བྱས་ཏེ་ལོ་གང་འཚམ་སོང་ཡོད་པ་མ་ཟད། ལས་བྱེད་རྩེ་ཕུད་ཀྱི་རྟགས་མ་རག་མྱོང་བའི་མི་ཞིག་ཆགས་ཡོད། ཁོང་གིས་བསྟན་འཛིན་སྒང་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་འགྲོ་སྟངས་གསལ་བོ་ཤེས་ཀྱི་མེད་སྟབས། ཁོང་ལ་རོགས་པ་གནང་རོགས་ཞེས་བཤད་འདུག  སྐབས་དེ་དག་ཏུ་ཁོས་གཞུང་ཞབས་ཞིག་ཡིན་པའི་ཆ་ནས་གཞུང་གི་སྒྲིག་འཛུཊ་ཀྱི་འགྲོ་སྟངས་དང་། ལས་བྱེད་ཀྱི་སྒྲིག་གཞི་གཞིར་བཟུང་ཆོག་དང་མི་ཆོག་མང་པོ་ཡོད་ཀྱང་། ངས་བྱས་ཆོག་གི་རེད་དམ་མ་རེད་ཅེས་ལས་ཁུངས་ལ་བཀའ་འདྲི་སོགས་རྩ་བ་ནས་མ་ཞུས་པར། སྔོན་མ་བོད་རིགས་མཉམ་འབྲེལ་མཐུན་ཚོགས་ (Multipurpose Tibetan Cooperative Society) ཀྱི་མིང་དེ་ཡོང་གི་མེད་སྟབས། བོད་རིགས་བདེ་དོན་ཚོགས་པ་ (Multipurpose Tibetan Welfare Society) ཞེས་པ་ཞིག་དེབ་སྐྱེལ་བྱས་ན་ཡག་པོ་ཡོད་པ་རེད་ཅེས་རྒྱ་གར་གཞུང་གི་ལས་བྱེད་ཚོས་ལམ་སྟོན་བྱས་ཡོང་སྐབས། བསྟན་འཛིན་སྒང་གི་མཉམ་འབྲེལ་དྲུང་ཆེ་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་གིས་ཁོང་ལ་རེ་སྐུལ་ཞུས་འདུག ལས་ཀ་དེའི་རིགས་ཁྲིམས་སྒྲིག་དང་འགྲོ་ལུགས་ལ་མཐུན་དགོས་པ་རེད། སྔོན་ལ་འགན་འཛིན་ལྷན་ཚོགས་ཀྱིས་རྒྱ་གར་གཞུང་ལ་སྙན་སེང་དང་ཚོགས་པ་དེབ་སྐྱེལ་དགོས་པའི་རྒྱུ་མཚན་ཐད་འགན་འཛིན་ལྷན་ཚོགས་རང་གིས་གྲོས་ཆོད་འཇོག་དགོས་པ་ཞིག་ཆགས་ཡོད། ཡིན་ནའང་གྲོས་ཆོད་དེར་འགན་འཛིན་ལྷན་ཚོགས་ཀྱི་མི་མེད་པར་ཁོང་ཚོ་རང་གིས་འགན་འཛིན་ལྷན་ཚོགས་ཀྱི་མིང་ཐོག་ནས་ཡི་གེ་བཟོས། མཚན་རྟགས་རྫུན་མ་བརྒྱབ་འདུག བྱེད་སྟངས་དེ་ཁྲིམས་སྒྲིག་གཞི་དང་མ་མཐུན་པ། རྒྱ་གར་གྱི་ཡུལ་ཁྲིམས་དང་འགལ་བ། བོད་གཞུང་དང་༸སྐྱབས་མགོན་རིན་པོ་ཆེར་མཚན་ཤས་འགྲོ་བའི་ལས་ཀ་ཐབས་རྡུགས་ཤིག་བྱུང་བ་རེད། ཚོགས་པ་གསར་བ་དེབ་སྐྱེལ་བྱས་ཚར་རྗེས་ལོ་གཅིག་དང་གཉིས་རིང་དངུལ་མུ་མཐུད་བསླེབས་འདུག དངུལ་བསླེབས་རྗེས་མཉམ་འབྲེལ་གྱི་རྩིས་ཁོངས་ནང་དང་། འགྲོ་སོང་གཏོང་དགོས་པའི་རིགས་དེ་འགན་འཛིན་ལྷན་ཚོགས་ལ་བཀའ་འཁྲོལ་བཅས་ལམ་ལུགས་ཀྱི་འགྲོ་སྟངས་ལྟར་མ་བྱས་པར། དངུལ་རག་པ་དེ་ཁོ་རང་གཉིས་ཀྱི་མིང་ཐོག་ཏུ་རྩིས་འགོད་དང་དངུལ་བཅུག་རྗེས་འགྲོ་སོང་དེ་ལས་གཏོང་རྐྱང་བྱས་འདུག འགྲོ་སོང་དེ་གཞུང་གི་འགྲོ་སོང་ཡིན་མིན་ཁ་གསལ་གང་ཡང་མི་འདུག ཧིན་སྒོར་ཁྲི་ ༧ དང་ ༨ ཞིག་གིས་ལག་ཁྱེར་གློག་ཀླད་དང་ཁ་པར་ཉོས་པ་དེ་འདྲ་འདུག དེའི་རིགས་ང་ཚོས་ཞིབ་འཇུག་བྱས་ཏེ་མཉམ་འབྲེལ་ནང་ཕྱིར་སློག་བྱེད་དགོས་པ་རེད་ཅེས་ཞུས་ཡོད། མཉམ་འབྲེལ་གྱི་རྒྱུ་ཅ་ལག་ཚང་མ་རྩིས་ཁྲའི་ལམ་ནས་བཏོན་ཡོང་གི་རེད། དངུལ་འཇལ་དགོས་པའི་རིགས་ཆ་ཚང་མཉམ་དྲུང་རང་གི་མིང་ཐོག་ཏུ་དངུལ་འཛིན་(cheque) ཞུས་ཡོད། ” ཅེས་གསུངས་བྱུང་།

མཇུག་ཏུ་དྲུང་ཆེ་ལགས་སུ་ཁོང་གཉིས་ལས་ནག་ཉེས་གཙོ་བོ་སུ་ལ་ཡོད་མེད་དྲིས་པར། ཁོང་གིས། “ བཀྲ་ཤིས་ནོར་བུའི་སྐྱོན་ཆ་གང་རེད་ཅེ་ན། ལས་ཀ་བྱེད་མཁན་མཉམ་འབྲེལ་དྲུང་ཆེ་རེད། ཁོ་དང་མཉམ་དུ་རྩིས་ཁོངས་བྱས་པ་དང་ཡིག་ཆ་བཟོས་པ། དངུལ་ཆ་ཚང་བེད་སྤྱོད་བཏང་རྗེས་རྒྱ་གར་གྱི་སེ་ཨེ་ (CA) རྩིས་ཞིབ་ལ་དངུལ་བེད་སྤྱོད་བཏང་བའི་རྩིས་ཁྲ་གཏོང་དགོས་ཀྱང་། རྩིས་ཁྲ་དངུལ་སྤྲད་དེ་བཟོ་བཅུག་པ་སོཊ་འགལ་འཛོལ་ཆེན་པོ་བྱུང་བ་རེད། བར་ལམ་ང་ཚོ་ལས་གཞི་གཞན་ཞིག་གི་ཆེད་ས་གནས་སུ་ཕྱིན་པ་དང་མཉམ་དུ་ཞིབ་འཇུག་བྱེད་སྐབས། རྩིས་ཞིབ་སྙན་ཐོའི་ནང་གསལ་བསྡད་འདུག སྐབས་དེར་ང་ཚོས་དོ་བདག་གཉིས་ཚུར་སྐད་བཏང་སྟེ་གསལ་བཤད་ཀྱི་གོ་སྐབས་ཆ་ཚང་སྤྲད་རྗེས་གསལ་བོ་ཆགས་པ་རེད། གནས་ཚུལ་དེའི་ཐོག་གཞུང་གིས་བཀའ་ཆད་ག་རེ་བཏང་བ་ངོས་ལེན་ཞུ་རྒྱུ་ཡིན་ཞེས་ཁས་ལེན་ཞུས་སོང་། དེའི་རྗེས་ང་ཚོས་ཞིབ་འཇུག་བྱས་པའི་གནས་སྟངས་བཀའ་ཤག་ལ་ཞུས་པ་ལྟར། བཀའ་ཤག་གིས་ང་ཚོའི་ཞིབ་འཇུག་སྙན་ཐོ་དང་བཀའ་ཤག་གི་ཕྱག་བྲིས་འདེམས་བསྐོ་ལྷན་ཁང་ལ་བཏང་སྟེ། ལས་དྲུང་བཀྲ་ཤིས་ནོར་བུ་གནས་ཚུལ་ཐག་གཅོད་མ་བྱུང་བར་ལས་ཀ་མཚམས་འཇོག་གིས་ཞོགས་པ་ཆུ་ཚོད་ ༩ པར་འབྱོར་ཐོ་དང་། དགོང་དྲོའི་ཆུ་ཚོད་ ༥ བར་ཐོན་ཐོ་འགོད་ཀྱི་ཡོད་པ་རེད། ཁོང་ནང་སྲིད་ལས་ཁུངས་ལ་གནས་སྤོར་གྱིས་གནས་རིམ་གཅིག་མར་ཕབ་པ་མ་ཟད། ཕབ་ཟིན་པའི་གནས་རིམ་དེའི་གྲལ་མཐར་འཇོག་རྒྱུ་དང་། ཧིན་སྒོར་ ༢༥༠༠༠ གི་ཉེས་ཆད་བཏང་ཡོད། བསྟན་འཛིན་རིག་བཟང་མི་མང་གིས་བདམས་པའི་མཉམ་འབྲེལ་དྲུང་ཆེ་ཆགས་ཡོད་སྟབས། ཁོ་རང་ལ་ང་ཚོས་ཧིན་སྒོར་ ༥༠༠༠༠ ཉེས་པ་བཏང་ཡོད། མུ་མཐུད་མཉམ་འབྲེལ་དྲུང་ཆེར་འཇོག་མིན་མཉམ་འབྲེལ་རང་གིས་ཐག་གཅོད་བྱ་དགོས་ཞེས་ང་ཚོར་བཅད་ཁྲ་བཏང་བ་དེ་མཉམ་འབྲེལ་ཚོགས་གཙོར་བཏང་ཡོད། ཉེ་ཆར་ཚོགས་གཙོས་མི་གཉིས་ས་གནས་སུ་ཁོང་ལ་ཞིབ་འཇུག་བྱེད་དུ་བཏང་འདུག མཐའ་མར་སྤྱི་མཐུན་མཉམ་འབྲེལ་དྲུང་ཆེར་འཇོག་མིན་གྱི་འགན་དབང་ཆ་ཚང་ཁོང་ཚོར་སྤྲད། ཧིན་སྒོར་ཁྲི་ ༥ ཉེས་ཆད་དེ་མཉམ་འབྲེལ་གྱི་རྩིས་ཁོངས་སུ་འཇོག་དགོས་པའི་ལམ་སྟོན་གནང་ཡོད། ” ཅེས་བརྗོད་བྱུང་། 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Xu Qiliang, vice chairman of the Central Military Commission, attends the second plenary session of the National People's Congress (NPC) at the Great Hall of the People in Beijing, China May 25, 2020. REUTERS/Thomas Peter
Mobile App

ཞི་ཅིན་ཕིན་གྱི་བློ་མཐུན་ཞིག་རྐྱེན་འདས་སུ་གྱུར་འདུག་ཟེར།  

ཆུ་ཚོད་ ༢ སྔོན་ལ།
ཕྱི་ཟླ་ ༦ ཚེས་ ༣ ནས་ ༤ བར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་འཚོག་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༥།༦།༣
Mobile App

ཉི་ཧོང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་བོད་མིའི་སྒྲིག་འཛུགས་ལ་སྐྱོན་བརྗོད་བྱས།

ཆུ་ཚོད་ ༢ སྔོན་ལ།
Rescuers work at the site of the landslide in Muta Township, Dengqen County, southwest China's Xizang Autonomous Region, June 2, 2025. (Xinhua)
Mobile App

བོད་ཆབ་མདོ་སྟེང་ཆེན་ཁུལ་དུ་ས་རུད་བྱུང་། 

ཆུ་ཚོད་ ༦ སྔོན་ལ།
Front Slider

རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༠ པ་དབུ་འཛུགས།

༢༠༢༥/༠༦/༠༢
The US defense secretary warned that China poses a real threat to Taiwan
Mobile App

ཉིན་གྲངས་གསུམ་རིང་སིངྒ་པུར་དུ་ཨེ་ཤ་ཡའི་བདེ་འཇགས་ལྷན་ཚོགས་འཚོགས།

༢༠༢༥/༠༦/༠༢
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁ་བའི་འོག་གི་མེ་ལྕེ་ཞེས་པའི་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པར་མཇལ་འཕྲད་གནང་། ༢༠༢༥།༠༥།༣༡ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཀའ་སྤྱི་གཉིས་ཀྱིས་ཉི་ཧོང་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༥/༠༦/༠༢

མཆན། 22

  1. ནོར། says:
    ལོ་ 12 སྔོན།

    དུང་གསལ་འདེབས་བྱེད་རྒྱུ་ཞིག་ལ། གོ་ཐོས་ལྟར་ན་མཉམ་འབྲེལ་དྲུང་ཆེ་བསྟན་འཛིན་རིག་བཟང་ནི། དེ་སྔོན་བསྟན་འཛིན་སྒང་དུ་བུད་མེད་ཅིག་གི་སྐྲ་བྲེགས་ལུས་གཤེར་བུར་ཕུད་མཁན་དེ་སྡེ་བའི་སྲམ་མདོར་ཁྲིད་དེ་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་མཁན་གྱི་ཨ་ཅག་སྨྱོན་པ་མ་དེའི་མང་པོ(སྤུན་རྒྱ་པུ)་ཆུང་བ་དེ་རེད་འདུག ཁྱིམ་ཚང་འདི་བ་ཚང་ནི་རྒྱུད་བཙོག་སྤྱོད་ངན་ལྟོས་ངན་ཏག་ཏག་ཡིན་ས་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    བོད་མིའི་སྒྲིག་འཛུགས་ལས་བྱེད་ཅིག་གིས། སྒོར་འབུམ་གཅིག་༼སྒོར་༡༠༠ ༠༠༠༽ལྐོག་ས་བྱས་པ་དང་། རྒྱ་གཞུང་གི་ལས་བྱེད་ཅིག་གིས་༼སྒོར་༡༠༠༠ ༠༠༠༽སྒོར་ས་ཡ་ཅིག་སྒེར་བྱས་གཉིས་གཅིག་པ་ཆགས་འགྲོ་བ་ལྟ་བུ་མིན་ནམ། ད་གཟབ་གཟབ་གྱིས། ལས་བྱེད་གཡོག་པོ་ཚོས།
    ད་དུང་སྐོག་ཟ་རུལ་སུངས་མང་པོ་ལྐོག་ཏུ་སྦས་ཡོད་པ་འགའ་ཤས་ངས་ཀྱང་ཤེས་བགྱིད་ཡོད། ཁྱེད་རྐུ་མཁན་ཚོ་ངོ་མི་ཚ་ཡང་། ང་ཤོད་མཁན་ཡང་ངོ་ཚ་བགྱིད་འདུག་པས། ད་དེ་རིང་དེ་ཙམ་གྱིས་འཐུས་པར་བྱས་སོ།།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    རྐུན་མ་འདི་གཉིས་ད་དུང་གཞུང་ཞབས་སུ་བཞག་པ་ནི་བློ་ཕམ་སྐྱེ་དགོས་པ་ཞིག་རེད། ་་་་་་ཟེར།

    Reply
  4. མཉམ་ཞུགས says:
    ལོ་ 12 སྔོན།

    ནང་སྲིད་བཀའ་བློན་གྱིས་“ བཀྲ་ཤིས་ནོར་བུ་ཁྱེད་རང་ངོ་ཚ་རྒྱུ་མི་འདུག ཁྱོད་རང་གིས་བྱ་སྤྱོད་དེ་ནོར་བ་ཙམ་མ་རེད། བྱེད་སྟངས་དེ་ཇག་པ་དང་གཅིག་པ་རེད་ཅེས་གསུངས་སོང་།”ཞེས་གསུངས་པ་དང་། ཡང་ནང་སྲིད་དྲུང་ཆེ་མཆོག་གིས་ “བྱེད་སྟངས་དེ་ཁྲིམས་སྒྲིག་གཞི་དང་མ་མཐུན་པ། རྒྱ་གར་གྱི་ཡུལ་ཁྲིམས་དང་འགལ་བ། བོད་གཞུང་དང་༸སྐྱབས་མགོན་རིན་པོ་ཆེར་མཚན་ཤས་འགྲོ་བའི་ལས་ཀ་ཐབས་རྡུགས་ཤིག་བྱུང་བ་རེད། ”ཞེས་གསུངས་པ་རྣམས་ཁ་ཞེ་མེད་ཀྱི་ཐོག་ནས་གསུངས་པ་ཞིག་ཁྱོན་ནས་མ་རེད་བསམ་གྱི་འདུག གལ་ཏེ་ཁ་ཞེ་མེད་ཡིན་པ་ཡིན་ན། ནང་སྲིད་བཀའ་བློན་དང་དྲུང་ཆེ་གཉིས་ནས་ག་རེ་བྱས་ནས་ཇག་པ་ངོ་ཚ་མེད་མཁན་དང་། རྒྱ་གར་གྱི་ཁྲིམས་འགལ་བ། བོད་གཞུང་གི་ཞབས་འདྲེན་པ། སྐྱབས་མགོན་རིན་པོ་ཆེ་ལ་མཚན་ཤས་བྱེད་མཁན་མུ་མཐུད་ནས་ནང་སྲིད་ཀྱི་གཞུང་ཞབས་པའི་གོ་སྐབས་སྤྲོད་དོན་ཅི་ཡིན།
    འདི་ལྟར་བྱས་པ་ཡིན་ན་ང་ཚོའི་བཙན་བྱོལ་སྒྲིགས་འཛུགས་འདི་བཞིན་ཇག་པ་དང་ཁྲེལ་མེད་ལ་གོ་སྐབས་སྤྲོད་པའི་གཞུང་ཞིག་དང་། ཁྲིམས་འགལ་བ་དང་།བོད་གཞུང་གི་ཞབས་འདྲེན་པ།གོང་༸ས་མཆོག་ལ་མཚན་ཤས་བྱེད་མཁན་རྣམས་སྲུང་སྐྱོབས་བྱེད་པའི་གཞུང་ཞིག་ཆགས་པ་མ་ཡིན་ནམ།བོད་ནང་དུ་རང་གི་གཅེས་པའི་ལུས་སྲོག་ཡོངས་རྫོགས་ཕོངས་མེད་དུ་བཏང་དང་གཏོང་བཞིན་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་རྣམ་ཤེས་དང་འཚོ་བཞུགས་དཔའ་པོ་དཔའ་མོ་རྣམས་ཀྱི་གོ་ཚེ་ཧ་ཅང་ཡིད་ཕངས་པ་སྐྱུགས་སྤྲོ་བའི་ལས་ཞིག་མ་རེད་དམ། དེ་འདྲའི་ཐག་གཅོད་དེ་དངོས་གནས་ཡ་མཚན་རེད། དོགས་པ་ཆེན་པོ་འདུག དོགས་པ་མ་ཟ་རང་ཟ་རེད།

    Reply
  5. ནོར། says:
    ལོ་ 12 སྔོན།

    ད་ནི་ཅི་བྱ། བོད་མི་མང་གིས་བདམས་པའི་སྤྱི་འཐུས་ནང་དུའང་རྐུན་མ་ཡོད་པ་རེད། རྐུས་བྱེད་ཞོར་ད་དུང་ལག་པ་ཐལ་མོ་སྦྱར་ཏེ་རྒྱལ་བ་རིན་པོ་ཆེ་ཡི་བཀའ་དགོངས་སྒྲུབ་རྒྱུ་ཡིན་ཞེས་བོད་ཀྱི་དྲ་བརྙན་བརྒྱུད་དེ་མི་མང་ལ་ཟློས་གར་འཁྲབ་བསྡད་ཡོད་རེད།
    གཞུང་གིས་བདམས་པའི་གཞུང་ཞབས་ལས་བྱེད་ནང་དུའང་རྐུན་མ་ཡོད་པ་རེད། རྐུས་ལྷིང་ལ་མ་བུད་སྔོན་ལ་ལས་བྱེད་རྩེ་ཕུད་ཀྱི་རྟགས་མ་ཕུལ་བ་རེད། རྐུས་ལྷིང་ལ་བུད་གནས་རིམ་གཅིག་ཕབ་ཏེ་ས་གནས་དབུས་ལ་གདན་འདྲེན་ཞུས་པ་རེད། ད་འགྲོ་སྟངས་ལས་སྟངས་འདི་ག་འདྲ་ཞིག་ཏུ་འགྲོ་གི་ཡོད་མེད་ཀྱང་དངོས་གནས་ཤེས་ཀྱི་མི་འདུག རྐུན་མ་དཔའ་དར་རང་རེད།

    Reply
  6. ནོར། says:
    ལོ་ 12 སྔོན།

    ད་དུང་བཤད་རྒྱུ་ཞིག་ལ། ནང་སྲིད་དྲུང་ཆེ་ཡིས་གསར་ལམ་ཁག་ཏུ་ནམ་རྒྱུན་དོན་དངོས་བག་སྟེ་ཡག་བཤད་རྫུན་བཤད་ཐེངས་གཅིག་མ་ཡིན་པར་ཐེངས་འགར་བཤད་སོང་། དེ་ཁྱོན་ནས་ཡག་པོ་མི་འདུག སྤྱིར་ཡིན་ན་བློ་གཞུང་ལ་དཀར་དགོས་པ་རེད། ཤ་དམངས་ལ་ཚ་དགོས་རེད། དེ་ལྟར་མ་བྱས་པར་ངའི་ངོ་ཤེས། ངའི་གྲོགས་པོ། ངའི་ཤ་ཉེ། ངའི་ཁ་ལ་ཉན་མཁན། སོགས་སུ་ཞེན་ཆགས་དང་ཕྱོགས་སུ་ལྷུང་ན་ལས་རྒྱུ་འབྲས་ལ་རན་གི་མ་རེད། དེང་སྐབས་བོད་མི་མང་ལ་སྔོན་ཆད་ལྟར་མགོ་གཡོགས་ལས་སླ་བོ་ཡོད་པ་མ་རེད། གནས་སྐབས་རིང་འཚེར་སྣང་དབང་གིས་ཅང་མ་བཤད་པར་བསྡད་ཡོད་པ་རེད་མ་གཏོགས། སེམས་ནས་རྫུན་བཤད་ཀྱིན་ཡོད་མེད་སྣོག་རྒྱག་གི་ཡོད་མེད་གསལ་བོ་ཤེས་ཀྱི་ཡོད་པ་རེད། དེ་ཐུགས་ལ་འཛིན་རོགས་ཞུ།

    Reply
  7. ནོར། says:
    ལོ་ 12 སྔོན།

    ངས་ནི་འདི་ལྟར་འཆར་སྣང་སྒོམ་གྱིན་ཡོད། ལས་དྲུང་ནོར་བུ་ཚེ་རིང་གིས་ལས་དྲུང་ཆུང་ཆུང་ཞིག་ནས་བྱིས་པ་ཆུང་ཆུང་ཚོའི་མགྲིན་པ་བགག་ཏེ་ཧིན་སྒོར་འབུམ་ཟས་སོང་། ལས་རིམ་གཅིག་མར་ཕབ་ཀྱང་རྗེས་མ་ག་ལེར་ཁེན་ས་དག་ལ་ཁེན་འཐེན་མཁན་དག་གིས་འཐེན་ནས་རིམ་པས་ཡར་འཛེགས་རྒྱུ་ནི་ཆོས་ཉིད། མ་འོངས་པར་ལོ་༡༥ རྗེས་སུ་ཁོ་ཧ་ལམ་ད་ལྟའི་ནང་སྲིད་དྲུང་ཆེའི་རྐུབ་སྟེགས་སུ་བསྡོད་ཐུབ་ངེས། ཁོས་འབུམ་ཉིས་བརྒྱ་ཟ་མི་ཐུབ་རུང་འབུམ་ཉི་ཤུ་ཟ་ཐག་ཆོད་ཡིན། བྱིས་པ་ཆུང་ཆུང་མགྲིན་པ་སྒོག་ཐུབ་མཁན་ཞིག་གིས་མི་མང་དཀྱུས་མའི་མགོ་རྡུང་རྒྱུར་འཚེར་སྣང་སྐྱེས་མི་སྲིད་པ་ནི་ཟུར་བལྟས་ལེབ་མཐོང་རེད། དེ་དུས་ཁོའི་རྐང་པ་གཉིས་དྲུང་ཆེ་ཆུང་གི་པང་ལ་བཙུགས་ཡོད་ངེས། ཁོའི་ལག་པ་གཉིས་བཀའ་ཤག་ལྷན་རྒྱས་ཀྱི་ཕྲག་པར་ཁེན་ཡོད་སྲིད། དེ་དུས་ཁོས་ཇི་ལྟར་ཟས་ཀྱང་ཁོ་ལ་སྐུ་ངོ་ཞེས་པའི་མཚད་བསྟོད་ཅིག་ལས་རྐུན་མ་ཞེས་པའི་ཁྲིམས་ཆད་ཅིག་ཡོང་ཐབས་ག་ལ་ཡོད། དེར་མ་ཟད། སྐབས་དེར་ཁོས་རང་ཉིད་ཀྱི་མཐུ་འོག་གི་ལས་དྲུང་ཆུང་ཆུང་གི་རྐུས་རྒྱབ་ལག་པས་སྐྱོར་དེ་རིང་ཁོ་རང་ཉིད་སུ་ཞིག་གིས་སྐྱོར་གྱིན་པ་དེ་ལས་ཀྱང་ལྡབ་འགྱུར་གྱིས་ཡག་ཐག་ཆོད་ཅིག་སྐྱོར་ངོས་ཡིན། འདི་ལྟར་འཁོར་གསུམ་སྐོར་བའི་མཐའ་མར། གྱོང་སུ་ལ་རག་རྒྱུ་ཡིན་ནམ། གཞུང་ག་འདྲ་ཆགས་རྒྱུ་ཡིན་ནམ།

    Reply
  8. ཉེར་གཅིག་པའི་ཅོང་བརྡ། says:
    ལོ་ 12 སྔོན།

    རྐུན་མ་འདི་གཉིས་ད་དུང་གཞུང་ཞབས་སུ་བཞག་པ་ནི་བློ་ཕམ་སྐྱེ་དགོས་པ་ཞིག་རེད།
    བཙན་བྱོལ་ཁྲིམས་ཞིབ་ཁང་དེ་སྒོ་རྒྱབ་ན་ཡག་པོ་རེད། གང་ལ་ཟེར་ན། ཁྲིམས་ཞིབ་ཁང་གིས་ལྐོག་ཟ་རུལ་སོང་ལ་ཉེས་ཆད་གཅོད་མི་ཐུབ་ན། ཁྲིམས་ཞིབ་ཁང་གི་ག་རེ་ཕན་ཐོགས་གི་རེད། ཁྲིམས་ཞིབ་ཁང་དང་སྒྲིག་འཛུགས། ལྐུག་ཟ་རུལ་སོང་རྣམས་བར་འབྲེལ་བ་ཡག་པོ་ཡོད་པའི་རྟགས་མངོན་འདུག། བཙན་བྱོལ་གཞུང་ནང་སྔོན་མ་ནས་ད་ལྟ་བར་ལྐོག་ཟ་རུལ་སོང་རྒྱུན་ཆད་མ་མྱོང་། རྗེས་ཕྱོགས་ཀྱང་རྒྱུན་ཆད་གི་མ་རེད།

    Reply
  9. nyimowa says:
    ལོ་ 12 སྔོན།

    དེ་ལྟ་བུའི་གནས་ཚུལ་མང་པོ་ཡོད་པ་ཤེས་གསལ་རེད། གང་ཡིན་ཟེར་ན་རང་ཉིད་ལ་གླ་ཕོག་མང་ཉུང་ག་འདྲ་ཡོད་མེད་ཚང་མས་མཁྱེན་གསལ་བཞིན་ང་ཚོ་བོད་པའི་མཐོ་རིམ་དཔོན་པོ་ཚོའི་རྒྱུ་དངོས་ཁང་ཁྱིམ་དེ་རྣམས་ལ་གཟིགས་ན་ལམ་སང་མཁྱེན་ཐུབ། ལྐོག་ཟ་གནང་མཁས་བ་དང་མ་མཁས་བ་སོགས་མང་པོ་ཡོད། ད་དུང་དགོན་པའི་ནང་དུ་ལྐོག་ཟ་གནང་མཁན་དེ་ཚོ་ནི་ཆེད་མཁས་པའི་ནང་གི་མཁས་པ་རེད།

    Reply
  10. སྐར་ཁྲི་བཙན། says:
    ལོ་ 12 སྔོན།

    ངས་ལྟས་ན་འདི་གཅིག་པོའི་ཚད་རྒྱུ་མ་རེད། ད་དུང་འདི་ལྟ་བའི་ལྟས་ངན་མང་རྒྱུ་རེད་ཡ།

    Reply
  11. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    གསལ་ལེ་རྒྱལ།
    ༢༠༡༣/༠༦/༡༢ ཉིན་འདོན་སྤེལ་བྱས།
    རྣམ་པ་གཉིས་ཀའི་སྐུ་པར་ལ་མཇལ་རྒྱུ་བྱུང་ན་ཅི་མ་རུང་། དད་པ་སྐྱེས་ཀི་ཡ། རིག་གཞུང་རྒྱུད་འཛིན་པ་རེད། ་་་་་་་ཟེར།

    Reply
  12. མྱི་རྐྱང་སྨྱོན་པ། says:
    ལོ་ 12 སྔོན།

    གནས་ཚུལ་འདི་རིགས་སྤྱིར་བཏང་རྒྱུན་ལྡན་ལྟ་བུ་ཞིག་ཏུ་མཐོང་མོད། ཤེས་བཞིན་འདི་གར་རང་དགར་ཉེས་ཆད་བག་ཙམ་གྱིས་འཐུས་པར་བྱས་ཏེ་རང་སོར་བཞག་པ་ནི་བྱེད་སྟངས་མ་ཤེས་པའི་བཟོ་ཞིག་འདུག
    བྱེད་སྟངས་འདིའི་ཐོག་ནས་ངའི་རྒྱ་ནག་གི་གློག་བརྙན་འདེད་འཛིན་ཞེས་པ་ཞིག་དྲན་ཡོང་གིན་འདུག གསང་བ་འདིའི་རྒྱབ་ལོགས་སུ་འདི་ལས་ཀྱང་འཇིགས་རུང་གི་རྣམ་པ་ཞིག་མེད་དམ་སྙམ་ན་ཞེད་ནི་ཞིག་རེད།
    མི་འདི་རིགས་ངན་པ་རྒྱ་ཡན་དུ་བཏང་ན་གཞུག་ཕྱོགས་འདི་ལས་ཡ་མཚན་པ་མང་དག་ཅིག་མཐོང་ངེས་སོ།།
    ལས་ཀྱི་སྣེ་མོ་བར་གཏོགས་པའི་སྐུ་ཞབས་རྣམ་པ། འུ་ཅག་གི་ཚོགས་སྤྱི་ཆུང་ཆུང་འདིའི་ནང་ལའང་བཤིགས་མི་སྤོབས་པའི་གསང་བ་མང་དག་ཅིག་བདོག་པ་འུ་རེད།

    Reply
  13. སེམས་དཀར། says:
    ལོ་ 12 སྔོན།

    ངས་བསམ་ན།   གནད་དོན་འདིའི་རྒྱབ་ལོག་ན་ད་དུང་འགུལ་མི་ཉན་པའི་གསང་བ་མང་པོ་ཞིག་ཡོད་པའི་རྟགས་རེད།   གལ་ཏེ་མེད་ན།   བློ་སེང་གིས།   ཉེས་ཅན་པ་དེ་གཉིས་མུ་མཐུད་དུ་གཞུང་གི་ལས་ཀ་ལས་བཅུག་དོན་ཡོད་མ་རེད།   འདི་གནད་དོན་ཆེན་པོ་ཞིག་རེད།   
    གལ་ཏེ་ཉེས་ཅན་པ་དེ་གཉིས་ལས་གནས་ནས་ཕྱིར་འབུད་དང་ཉེས་ཆད་ཆེན་པོ་བཅད་པ་ཡིན་ན།   དེའི་རྗེས་སུ་གཉན་པོ་གསང་བ་མང་པོ་ཞིག་དབྱར་དུས་ཀྱི་ཤ་མོ་ལྟར་གཅིག་རྗེས་གཉིས་མཐུད་དུ་བརྡོལ་རྒྱུ་ཡིན་པ་གོར་མ་ཆག
    དེར་བརྟེན་ཉེས་ཆད་ཡང་མོ་ཞིག་བཅད་ནས་གཞུང་གི་ལས་ཀ་སོར་བཞག་བྱས་ཡོད་རེད།   ངོ་མ་བློ་ཕམ་གྱི་གནས་རེད།   ང་ཚོ་ད་དུང་འདི་ལྟར་ག་ཚོད་ཅིག་ལ་འགྲོ་རྒྱུ་ཡིན་ནམ།

    Reply
  14. ཧོར་བུ་ཡེ་ཤེས says:
    ལོ་ 12 སྔོན།

    མི་དེ་གཉིས་ཅི་ཡིན་རུང་མི་མང་གི་སྒོར་མོ་ལྐོག་ཟ་བྱས་པ་ཡིན་པའི་སྲིད་སྐྱོང་མཆོག་གིས་ཁོ་གཉིས་མུ་མཐུད་ལས་སྣེ་སུ་བཞག་པ་དེ་ནོར་བ་ཡིན །རྩ་ནས་འཇོག་མི་ཆོག །ཅི་མགྱོགས་སྒོར་མོ་ཐམས་ཅད་ཚུར་ལེན་པ་མ་ཟད །རབ་བྱུང་ན་བཙན་དུ་བཅུག་དགོས་།དེ་མ་བྱུང་ཡང་ལས་སྣེ་ནས་ཕྱི་ལོག་གཏོང་དགོས །ང་ཚོ་བོད་མི་ལ་མི་དེ་འདྲ་རྩ་ནས་དགོས་པ་མེད །མི་དེ་ཚོས་སྒོར་མོའི་དོན་དུ་ཅི་ཡང་བྱ་སྲིད།

    Reply
  15. Ngawang Norbu says:
    ལོ་ 12 སྔོན།

    ༄༅། །ལྐོག་ཟ་རུལ་སོང་བྱེད་མཁན་རྒྱ་གར་དཔོན་རིགས་ནང་བློན་ཆེན་ཡིན་ཀྱང་ཁར་ཏུག་བཙོན་ཁང་ནང་བཏང་གི་འདུག་མ་རྟོགས་གནས་སྤོར་གྱི་གཞུང་ལས་ནང་རང་ཅག་འཇོག་གི་མིན་འདུག སོང་ཙང་བོད་གཞུང་ཁྲིམས་ཞིབ་ལྷན་ཁང་ནས་དྲང་ལྡན་ཐོག་ནག་ཉེས་ཆེ་ཆུང་ལ་ཞིགས་པའི་ཁྲིམས་བཅད་ནན་པོ་གནང་དགོས་ངེས་རེད་བསམ་གྱི་འདུག

    Reply
  16. གསལ་ལེ་རྒྱལ། says:
    ལོ་ 12 སྔོན།

    དུས་བབ་དང་ནང་སྲིད་ཟུང་འབྲེལ་གྱིས་གཞུང་རྒྱུ་བརྐུ་སྟངས་ལའང་འགྲེལ་བཤད་གསལ་བོ་ཞིག་བརྒྱབས་འདུག་པར་ཐུགས་རྗེ་ཆེ། ང་ལྟ་བུས་བརྐུ་སྟངས་འདི་འདྲ་ཡོད་པའང་ད་དུང་ཤེས་མེད། ད་འབད་པ་བྱ་ངེས་ཡིན།

    Reply
  17. གསལ་ལེ་རྒྱལ། says:
    ལོ་ 12 སྔོན།

    རྣམ་པ་གཉིས་ཀའི་སྐུ་པར་ལ་མཇལ་རྒྱུ་བྱུང་ན་ཅི་མ་རུང་། དད་པ་སྐྱེས་ཀི་ཡ། རིག་གཞུང་རྒྱུད་འཛིན་པ་རེད།

    Reply
  18. བོད་དགའ། says:
    ལོ་ 12 སྔོན།

    ནང་སྲིད་བཀའ་བློན་གྱིས་“ བཀྲ་ཤིས་ནོར་བུ་ཁྱེད་རང་ངོ་ཚ་རྒྱུ་མི་འདུག ཁྱོད་རང་གིས་བྱ་སྤྱོད་དེ་ནོར་བ་ཙམ་མ་རེད། བྱེད་སྟངས་དེ་ཇག་པ་དང་གཅིག་པ་རེད་ཅེས་གསུངས་སོང་།” གསུངས་སོང་ཟེར།

    ནང་སྲིད་དྲུང་ཆེ་མཆོག་གིས་ “བྱེད་སྟངས་དེ་ཁྲིམས་སྒྲིག་གཞི་དང་མ་མཐུན་པ། རྒྱ་གར་གྱི་ཡུལ་ཁྲིམས་དང་འགལ་བ། བོད་གཞུང་དང་༸སྐྱབས་མགོན་རིན་པོ་ཆེར་མཚན་ཤས་འགྲོ་བའི་ལས་ཀ་ཐབས་རྡུགས་ཤིག་བྱུང་བ་རེད། ”

    ཡང་ཁོང་གིས་ “ཁོང་ནང་སྲིད་ལས་ཁུངས་ལ་གནས་སྤོར་གྱིས་གནས་རིམ་གཅིག་མར་ཕབ་པ་མ་ཟད། ཕབ་ཟིན་པའི་གནས་རིམ་དེའི་གྲལ་མཐར་འཇོག་རྒྱུ་དང་།”
    གཞུང་ཞབས་ཀྱི་སྒྲིག་གཞིའི་ནང་དུ་ལས་བྱེད་ཀྱི་སྒྲིག་གཞི་དང་འགལ་བ། རྒྱ་གར་གྱི་ཡུལ་ཁྲིམས་དང་འགལ་བ། སྤྱི་རྒྱུ་སྒེར་བདག་གི་ཉེས་པ། ཇག་པ་དང་གཅིག་པ། བོད་གཞུང་དང་༸རྒྱལ་བ་རིན་པོ་ཆེར་མཚན་ཤས་འགྲོ་བའི་རིགས་བྱུང་ཚེ་གང་ཟག་དེ་ཉིད་གཞུང་ཞབས་ནས་གནས་དབྱུང་གཏང་རྒྱུ་ལས་ལྷག་ཡོད་པ་མ་རེད་དྲན། འདིར་ད་དུང་ལས་གནས་འདྲ་ཞིག་བརྗེས་བཞག་ཡོད་གསུང་གིན་འདུག ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ལའང་རུལ་སོང་གི་གནས་སྟངས་འཁྲུག་པོ་འདུག གཅིག་གིས་གཅིག་འགེབ་ཐབས་འདྲ་བྱེད། འཛམ་གླིང་ནང་མི་འབོར་མང་ཤོས་རྒྱ་དཀར་ནག་གཉིས་ལ་ལྐོག་ཟའི་དོན་རྐྱེན་ཡང་ཡང་འབྱུང་བཞིན་ཡོད་པར་ཁག་མི་འདུག་དྲན།

    Reply
  19. ཉེར་གཅིག་པའི་ཅོང་བརྡ། says:
    ལོ་ 12 སྔོན།

    རྐུན་མ་འདི་གཉིས་ཀྱི་གནས་རིམ་ཅུང་མར་ཕབ་པ་དང་།
    ཉེས་ཆད་ཀྱི་དངུལ་ཉུང་ཙམ་བླངས་པ་ཙམ་གྱིས་ག་ནས་འགྲིག་གི་རེད།
    ཁོང་གཉིས་ད་དུང་ལས་གནས་ནས་རྦད་དེ་ཕྱིར་འབུད་མི་གཏོང་པའི་རྒྱུ་མཚན་ག་རེ་རེད།
    དེའི་རྒྱུ་མཚན་ངས་དྲ་གྲོགས་རྣམ་པར་བཤད་ཡ། དེ་ནི་བཙན་བྱོལ་སྒྲིག་འཛུགས་ནང་དུ་རུལ་སོང་མང་པོ་ཡོད་པའི་རྟགས་རེད།
    ད་ཡིན་ན་ཚར་ཤག བློ་སེང་གིས་ག་རེ་བྱས་ནས་ཁོང་གཉིས་ད་དུང་ལས་གནས་སུ་ཉར་དགོས་པ་རེད། དེ་ན་ཡང་ལྐོག་ཟ་རུལ་སོང་ཡོད་ནི་མིན་ན། དྲི་རྟགས་ཆེན་པོ་ཞིག་རེད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།

    Reply
  20. གནས་ཚང་། says:
    ལོ་ 12 སྔོན།

    དོན་རྐྱེན་འདི་རིགས་སྤྱི་འཐུས་སྒྲོལ་དཀར་ལྷ་མོ་ནས་རྒྱ་ཡན་དུ་ཤོར་བ་ཞིག་མ་རེད་དམ།

    Reply
  21. Dawai Shonu says:
    ལོ་ 12 སྔོན།

    མི་དེ་གཉིས་ཀྱི་སྤྱི་དངུལ་ལྐོག་ཟ་བྱས་པ་ལ་ཧ་ཞེ་དྲག་ལས་ཀྱི་མིན་འདུག འོན་ཀྱང་མི་ཚང་སྐྱོ་བོ་ཚོའི་ཕྲུ་གུའི་འཚོ་སྣོན་གྱི་དངུལ་དེ་དག་ཕྲུ་གུ་ཚོར་མ་སྤྲད་པར་རྐུ་མ་བརྒྱབ་པ་དེ་ཞེ་དྲག་གི་བློ་ཕམ་པོ་འདུག དངོས་ནས་སེམས་པ་སྐྱོ་པོ་བྱུང། གཞིས་ཆགས་ཀྱི་མི་སྐྱོ་བོ་ཡི་གེ་མ་ཤེས་མཁན་ཚོར་མགོ་སྐོར་གཏོང་མཁན་ལས་བྱེད་མང་པོ་བྱུང་ཡོད་པ་རེད། ད་བཤད་ཚོད་ཡོད་མ་རེད།
    བོད་གཞུང་གིས་མི་དེ་གཉིས་ཀྱི་ནོར་འཁྲུལ་ཚབ་ཆེན་པོ་དེ་འདྲ་བྱས་ཀྱང་དེ་མུར་བཞག་པ་དཔེ་རེད། དེས་གཞན་ལ་མིག་དཔེ་ངན་པ་སྟོན་གྱི་རེད། གལ་སྲིད་ཁོང་གཉིས་ཀྱི་ནོར་འཁྲུལ་དེ་ལྟར་དངོས་སུ་བྱས་པ་ཡིན་ན་ལས་གནས་ནས་ཕུད་དགོས། དངུལ་ཚང་མ་ཚུར་ལེན་དགོས།

    Reply
  22. jigme sengye says:
    ལོ་ 12 སྔོན།

    མི་འདི་གཉིས་ཀྱིས་དངུལ་ལྐོག་ཟ་བྱས་པས་མི་ཚད་མི་གཞན་གྱི་ས་ཡིག་རྐུ་མ་བརྒྱབ་ཡོད་པ་ཡིན་ན། ཧ་ཅང་འཛབ་ཆེན་པོ་རེད། ནག་ཉེས་ཉིས་བརྩེགས་གསུམ་བརྩེགས་འབབ་གི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese