མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསོད་རིན་གྱི་སྣོག་གཏམ་ལ་གསལ་བཤད།

བོད་ཀྱི་དུས་བབ།
༢༠༡༣/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

བསོད་རིན་གྱི་སྣོག་གཏམ་ལ་གསལ་བཤད་དུམ་བུ་གཉིས་པ་དོལ་རྒྱལ་བསྟེན་གསོལ་ལ་བསྙད་པའི་ལོག་སྒྲུབ་ལ་གཏམ་པ་ཚངས་ཐིག

ཐུབ་བསྟན་ལུང་རིགས།

༄༅། །རྒྱའི་དུས་དེབ་༼ཀྲུང་གོའི་བོད་ལྗོངས་༽ཟེར་བའི་ནང་གཞིས་སུ་བོད་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་སྐུ་ལུས་གཞུགས་སུ་འབུལ་མཁན་རྒྱལ་གཅེས་པ་དག་ལ་དམའ་འབེབས་ཚད་བརྒལ་དང་སྦྲགས་དོན་དུ་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་བླང་དོར་ལམ་སྟོན་པ་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དོལ་རྒྱལ་བསྟེན་གསོལ་གྱི་བླང་དོར་ལམ་སྟོན་ལ་བསྙད་དེ་མི་བདེན་རྫུན་སྒྲིག་སྣ་ཚོགས་ཤིག་བྱས་འདུག་པ་ལ་ “ངན་སྐྱུགས་ཁྲོན་པ་སུ་ཞིག་སློང༌།།” གསུངས་པ་བཞིན་གསལ་བཤད་ལན་འདེབས་བྱ་འོས་མ་མཆིས་མོད། འོན་ཀྱང་སྣང་མེད་བཞག་ན་ངན་བྱས་ངོ་སོར་ཁྱེར་ཏེ་བཤད་བཤད་ན་བདེན་པ་ཐོབ་པར་རློམ་སྟེ་ྋགོང་ས་མཆོག་གི་བཀའ་སློབ་ལ་དྲང་ངེས་ཀྱི་འགྲེལ་བརྗོད་རང་སྣང་གང་དྲན་བྱས་ཏེ་སྐྱེ་བོ་མང་པོ་ཕྱོགས་ཐམས་ཅད་ནས་གནས་ཚུལ་མ་རྟོགས་པས་བསླུ་བྲིད་འོག་ཚུད་ཉེན་དང༌། རྫུན་བསྒྲགས་བདེན་པར་བཟུང་སྟེ་དོལ་རྒྱལ་བཙན་ཤེད་ཀྱིས་དམ་བསྒྲགས་གནང་པ་དང༌། དེའི་དབང་གིས་རྙོག་དྲ་སྣོན་མ་ཞིག་ཆགས་སོང་བ་ལྟ་བུར་ངོས་འཛིན་མཁན་ཡང་ཡོད་པ། ཡང་གཞོན་སྐྱེས་འགའ་ཞིག་གིས་གསལ་བཤད་ལན་འདེབས་མི་བྱེད་པ་ཅི་ཡིན་ཟེར་མཁན་ཡང་ཡོད་པ་མ་ཟད། ལོ་རྒྱུས་ཀྱི་དགོས་མཁོ་བཅས་ཀྱིས་འདིར་ཅུང་ཞིག་གཏམ་པར་བྱ་བ་མ་གཏོགས། ཇི་སྐད་དུ། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། །དོན་དུ་མི་གཉེར་ཁོ་ནར་མ་ཟད་ཁྲག་དོག་དྲི་མ་དག་གིས་སྡང་བ་ཡང༌། །ཡོང་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད། །ཅེས་གསུངས་ཤོར་བ་ཇི་བཞིན་ྋགོང་ས་ྋསྐྱབས་མགོན་ཆེན་པོས་སྤྱིར་སངས་རྒྱས་ཀྱི་བསྟན་པ། སྒོས་བོད་བསྟན་སྲིད་མི་རིགས་བཅས་པའི་འཕྲལ་ཕུགས་ཁེ་ཕན་ཉག་ཅིག་གི་དོན་དུ་སྐུ་སྒེར་ལ་མཛད་དཀའ་ཅི་འདྲ་བ་ཞིག་ཀྱང་ཐུགས་འགན་གྱི་རལ་པ་ཐུག་པོའི་འཁུར་གྱིས་མཉའ་བ་ཁེབ་སྟེ་མས་བུ་ལ་བརྩེ་བས་གདམས་པ་བཞིན་ལུང་དང་རིགས་པའི་རྒྱབ་རྟེན། ལོ་མང་གི་ཐུགས་མྱོང་ཕྱུག་པོས་རྨོངས་མུན་སེལ་བའི་བླང་དོར་བཀའ་སློབ་མུ་ཏིག་དོ་ཤལ་འཛད་པ་མེད་པ་ཞིག་ཕེབས་ཡོད་ནའང༌། གོ་ཤེས་ཉན་ཤེས་ལྟ་ཅི་དེ་ལས་ལྡོག་སྟེ་ཚོད་རྩིས་དང་ཚད་བརྒལ་སྒྲོ་བཀུར་མཚན་སྨོད་ཁོ་ནས་རང་ཉིད་ལོག་ལམ་དུ་འགྲོ་བ་མ་ཟད། གཞན་དག་ཀྱང་ངན་སོང་དུ་འཁྲིད་པ་ལ་ཡ་ང་བག་ཚ་ཙམ་མེད་མཁན་ལ་ཕན་པའི་རེ་བ་མེད།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དོལ་རྒྱལ་བསྟེན་གསོལ་གྱི་བླང་དོར་ལམ་སྟོན་མཛད་པ་ནི་མགོན་པོ་གང་ཉིད་བོད་བརྒྱུད་ནང་བསྟན་གྱི་བསྟན་པའི་མངའ་བདག་ཡིན་པའི་ཐུགས་འགན་ཡོད་པ་མ་ཟད། བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་བླང་དོར་ལམ་སྟོན་པ་ཡང་ཡིན་པ་གོང་དུ་བརྗོད་ཟིན་ལྟར་དང༌། བོད་ཀྱི་ཆོས་བརྒྱུད་ཆེན་པོ་ས་དགེ་བཀའ་རྙིང་ཡོངས་སུ་རྫོགས་པ་དུས་དང་གནས། རྒྱ་གར་མཁས་པའི་སློབ་བརྒྱུད་ཀྱི་མཚན་བཅས་ཀྱིས་མིང་འདོགས་མི་འདྲ་བ་ཙམ་ལས་དོན་དུ་ཆུ་མགོ་གངས་ལ་ཐུག་པ་ལྟར་དཔལ་ན་ལེནྜ་ནས་བྱུང་བའི་སྟོན་པ་བཀའ་དྲིན་ཅན་རྣམ་འདྲེན་བཞི་པ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་དྲི་མ་མེད་པ་ཉིད་ཡིན་པ་ལ་བཟང་ཞན་གྱི་དབྱེ་བ་མེད་ནའང༌། ནང་ཁུལ་འཁྲུག་རྩོད་སློང་བ། ཆོས་བརྒྱུད་དབུ་ཁྲིད་རྣམ་པའི་བར་གཟིགས་ཚུལ་བཟོ་བ། བོད་མི་རིགས་ཀྱི་རྩ་དོན་སྒྲུབ་པའི་སྤྱི་མཐུན་བསོད་ནམས་གསོག་པ་ལ་རིས་མེད་ཆོལ་ཁ་དབྱེར་མེད་མཉམ་འདུས་ཀྱི་དགེ་སྦྱོར་བརྩོམ་པར་བར་དུ་གཅོད་པ། བྱེ་བྲག་ཏུ་འཇམ་མགོན་རྒྱལ་བའི་བསྟན་པར་བསྲེས་ལྷད་དང་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་དང་ཆོས་བརྒྱུད་གཞན་དབར་དམ་ཚིག་བསྲེས་ལྷད་བཟོ་བ་སོགས་ཛ་དྲག་གིས་རྐྱེན་པས་ཆོས་དང་ཆབ་སྲིད་གཉིས་ཀའི་ཐོག་དགེ་སྐྱོན་ཡོ་བསྲང་གནང་རྒྱུའི་ཐུགས་འགན་ཡོད་པ་བཞིན་དོལ་རྒྱལ་བསྟེན་གསོལ་གྱི་བླང་དོར་ལམ་སྟོན་གནང་དགོས་བྱུང་བ་ཡིན། དེ་ཡང་ཕྱི་ལོ་ ༡༩༦༨ ལོར་གནས་ཆུང་ཆོས་རྒྱལ་ཆེན་པོས་དོལ་རྒྱལ་བསྟེན་པ་མི་འགྲིག་པའི་ལུང་འབུལ་སྐབས་ྋགོང་ས་མཆོག་གི་ཐུགས་དགོངས་ལ་དོལ་རྒྱལ་བསྟེན་མཁན་གྱི་མི་མང་པོའི་སེམས་ཟང་ཟིང་གི་དཀྲོགས་རྐྱེན་འགྲོ་ཡོང་སྙམ་པ་འཁྲུངས་ཏེ། གནས་ཆུང་ཆོས་རྒྱལ་ལ་དེང་སང་ཤུགས་ལྡན་བསྟེན་མཁན་མང་པོ་ཡོད་པས།  དེ་ལྟར་གསུངས་ན་མི་མང་པོའི་སེམས་ནང་དམ་ཚིག་བསྲེས་ལྷད་འགྲོ་ངེས་རེད། ཁ་རོག་བཞུགས་ཞེས་ལྷག་བསམ་ཟོལ་མེད་ངང་ཞལ་བཀག་པ་གནང་སྟེ་སྐུའི་ཡོངས་འཛིན་རྣམ་གཉིས་ལ་ཞིབ་པར་སྙན་སེང་དགོངས་སྐོར་དང་དཔྱད་པ་ཞིབ་མཛད་ཀྱིས་སྐུ་སྒེར་གྱི་ཐོག་ནས་ཐུགས་ཐག་ཆོད་པ་གནང་ན་འགྲིག་རྒྱུར་དགོངས་ཏེ་མཛད་ཕྱོགས་དགོངས་བཞེས་གནང་པ་ཙམ་ལས་མང་ཚོགས་ནང་རྒྱ་ཁྱབ་ཀྱིས་དོལ་རྒྱལ་བསྟེན་གསོལ་ཐད་དམིགས་བསལ་དམ་བསྒྲགས་གནང་པ་མེད་ཀྱང༌། ཕྱི་ལོ་ ༡༩༧༤ ལོར་ཕ་རྒོད་བླ་མའི་ཞལ་ལུང་ཞེས་པའི་དཔེ་དེབ་སྤྱི་ཚོགས་ནང་བཀྲམས་པའི་གོང་དུ་བཀོད་པ་ལྟར་ད་སྐབས་གཉན་འཕྲང་ཆེ་བའི་དུས་སུ་ཆོས་བརྒྱུད་ཆོལ་ཁ་བཅས་པ་འོ་ཆུ་གཅིག་འདྲེས་ངང་བོད་བསྟན་སྲིད་སྤྱི་ལ་ཕན་པའི་ཕྱྭར་གྲུ་མཉམ་འདེགས་ཐོག་རྩ་དོན་བསྒྲུབ་ལ་རྩེ་གཅིག་ཏུ་གཞོལ་དགོས་པའི་དུས་ཤིག་ཡིན་ནའང་སངས་རྒྱས་ཀྱི་བསྟན་པ་དྲི་མ་མེད་པ་དེ་འཛིན་གྱི་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ནང་ཁུལ་ཕྱོགས་རིས་འཁྲུགས་རྩོད་དང་བཟང་ཞན་དབྱེན་སྦྱོར། ཆོས་བརྒྱུད་བླ་ཆེན་ནང་ཁུལ་དགོངས་ཕྱོགས་བཟོ་བ། རིས་མེད་ལ་དག་སྣང་ཉམས་བཞེས་གནང་མཁན་དགེ་ལྡན་པ་ཞིག་ཡིན་ན་རྗེ་བདག་ཉིད་ཆེན་པོའི་བསྟན་པ་ལ་བསྲེས་འཇུག་མཁན་ཡིན་པས་རྒྱལ་ཆེན་ཤུགས་ལྡན་གྱིས་དཀྲོང་གི་ཡོད་ཚུལ།  དེ་ལ་སོགས་པའི་འཇིགས་དངངས་ཅན་གྱི་དཀྲོག་རྐྱེན་གྱིས་མང་ཚོགས་བྱིངས་ཁྱིམ་པའི་ནང་དུའང་ལྟ་ཚུལ་མཐོང་ཕྱོགས་ཀྱིས་འཆམ་མཐུན་ལ་གནོད་པ། དཔེར་ན། ཕྱི་ལོ་ ༡༩༧༥ ལོར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་བསྟན་སྲིད་དོན་དུ་མ་ཧ་གཱུ་རུའི་འབུམ་ཚོགས་གལ་ཆེ་གནད་ཆེན་ལྟ་བུར་མཉམ་ཞུགས་མི་ནུས་པའི་མང་ཚོགས་ཀྱི་བསམ་བློའི་ནང་འཇིགས་དངངས་དཀྲོགས་རྐྱེན་བཟོ་བ་ནས་བོད་ཀྱི་རྩ་དོན་སྒྲུབ་པ་ལ་གནོད་པའི་འགོག་རྐྱེན། ཆོས་བརྒྱུད་ནང་ཕན་ཚུན་དབྱེ་འབྱེད་འཁྲུགས་སློང་སོགས་ཛ་དྲག་གི་གནས་སྟངས་སུ་གྱུར་སྐབས། ཐོག་མར་ཕྱི་ལོ་ ༡༩༧༨ ལོར་རྣམ་གྲྭ་དང་གནས་ཆུང་གྲྭ་ཚང་གི་དགེ་འདུན་པ་ཉུང་ཤས་ཤིག་དང་དྷ་སར་བཞུགས་པའི་རྒྱུད་སྨད་སྟོད་ཀྱི་སྐུ་ཚབ་བཅས་ཉུང་བསྡུས་ཤིག་ལ་དོལ་རྒྱལ་སྐོར་གྱི་གནས་ལུགས་གསེད་དཀྲོལ་གནང་བ་ལས་རྒྱ་ཁྱབ་དམ་བསྒྲགས་རིགས་གནང་བ་མེད་མོད། འོན་ཀྱང་ཆེད་དུ་མངགས་ནས་དོལ་རྒྱལ་ཚོགས་པ་འཛུགས་པ་དང་དེ་ཐོག་ནས་ཡིག་ཆ་འདྲ་མིན་སྣ་ཚོགས་ཤིག་མང་ཚོགས་ནང་བཀྲམས་པ། དགའ་ལྡན་ཕོ་བྲང་ལ་ཁ་མཆུ་འཛུགས་རྒྱུ་ཡིན་ལུགས་བརྗོད་པའི་གནས་ཚུལ་རིགས་སྤེལ་བ་ལ་བརྟེན་ནས་ཡོངས་ཁྱབ་ཏུ་ལམ་གོལ་ལས་སྐྱོབ་ཐབས་ཀྱི་དམ་བསྒྲགས་ཤུགས་ཆེ་ཙམ་གནང་དགོས་བྱུང་བ་ཡིན། ཞེས་སྤྱི་བཤད་ལྷང་ཙམ་ཞིག་གིས་བསུས་ཏེ་སྐབས་དོན་གཏམ་པར་བྱ་བ་ལ།།

བསོད་རིན་གྱིས་ཀྲུང་གོའི་བོད་ལྗོངས་སུ་གྲགས་པའི་དུས་དེབ་ཏུ་སྤེལ་རྩོམ་ནང་ ྋགོང་ས་མཆོག་ལ་འདི་ལྟར་ ༡༽ “ཁོས་བོད་མི་ཚོར་རྒྱལ་ཆེན་ཤུགས་ལྡན་ལ་མི་མཆོད་པར་བསྐུལ་བ་མ་ཟད་རྒྱ་གར་དུ་རྒྱལ་ཆེན་ཤུགས་ལྡན་ལ་མཆོད་པ་ནི་ཁྲིམས་དང་འགལ་བར་བསྒྲགས།” ཞེས་བཀོད་འདུག་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་དོལ་རྒྱལ་བསྟེན་གསོལ་གྱི་བླང་དོར་ལམ་སྟོན་གནང་ཡོད་པ་ཀུན་ལ་ས་རིས་ཐང་གསལ་ཡིན་གཤིས། དེའི་དགག་དགོས་ཀྱང་གོང་དུ་སྤྱི་བཤད་སྐབས་ཞིབ་བཀོད་ཟིན་པས་འདིར་ཡང་བཤད་ཀྱི་དགོས་པ་མ་མཐོང༌། དེ་ཡང་དོལ་རྒྱལ་བསྟེན་གསོལ་གྱི་སྤང་བླང་ལམ་སྟོན་ནམ་ཕེབས་ལ། ྋགོང་ས་མཆོག་ནས་ “རྣམ་ཀུན་ང་ཚོའི་ཁ་རྒྱུན་ལ། ྋརྒྱལ་བ་རིན་པོ་ཆེའི་བཀའ་སྒྲུབ་དགོས་ཞེས་རྒྱུ་མཚན་བཀོད་དེ་གསུང་གི་འདུག ངས་བལྟས་ན་འདི་ནོར་བ་རེད་བསམ་གྱི་འདུག” ཅེས་དང༌། “ལོ་མང་རིང་བརྟག་དཔྱད་རིམ་པར་བྱས་ཏེ་ཐག་བཅད་པ་ཡིན། སྐྱོན་གནས་མཐོང་བ་དེ་ཤོད་རྒྱུ་ངའི་ལས་འགན་ཡིན། དེ་ཡང་བོད་བསྟན་སྲིད་ཀྱི་དོན་དང༌། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤུས་དག་པོ་ཡོང་མིན་བཅས་ལ་ཐུག་ཡོད་པར་བརྟེན། ངས་འཛེམས་ཟོན་སྤངས་ཏེ་ཧ་ཅང་གསལ་པོ་ཞུས་པ་ཡིན། ཡིན་ནའང་ཁ་ཆེ་ཕ་ལུའི་ནང་བཤད་པ་བཞིན། ཁ་ཆེ་ཕ་ལུའི་སྙིང་གཏམ་བཤད་ཡོད་དོ། ཉན་དང་མི་ཉན་རང་རང་སོ་སོ་རེད། ཅེས་གསུངས་པ་ལྟར་སོ་སོའི་བསམ་བློ་རེད།” ཅེས་དང་ “གང་ལྟར་དགེ་སྐྱོན་མཐོང་ནས་གཞན་ལ་མ་བཤད་ན་ང་ནོར་བ་དང་གསལ་བཤད་བྱེད་རྒྱུ་ངའི་ལས་འགན་ཡིན། བཤད་ནས་མ་ཉན་ན་ཁྱེད་རང་ཚོའི་ནོར་འཁྲུལ་རེད།” ཅེས་དང༌། “སྒེར་སོ་སོའི་ངོས་ནས་བསམ་བཞིན་དུ་དོལ་རྒྱལ་བསྟེན་རྒྱུར་དགེ་མཚན་ཡོད་པ་ཞིག་མཐོང་སྟེ་བསྟེན་པ་ཡིན་ན་སོ་སོའི་རང་དབང་རེད། སོ་སོས་ཤེས་བཞིན་དུ་དུག་ཟས་པ་ཡིན་ན་སོ་སོའི་རང་དབང་རེད་མ་གཏོགས་གང་ཡང་བརྗོད་རྒྱུ་མེད། བསྟེན་དང་མ་བསྟེན་སོ་སོའི་རང་དབང་རེད།” ཅེས་དང༌། “མི་སྒེར་སོ་སོའི་གནས་ཚུལ་ཐ་དད་རེད། ཆོས་བྱེད་དང་མི་བྱེད་སོ་སོ་རང་དབང་རེད། དེ་འདྲ་ཡིན་དུས་སྲུང་མ་ག་འདྲ་བསྟེན་དང་མ་བསྟེན། ཡི་དམ་ག་འདྲ་བསྟེན་དང་མ་བསྟེན་ཟེར་རྒྱུ་དེ་སོ་སོར་རང་དབང་རེད་མ་གཏོགས་དེར་སུ་གཅིག་གིས་རྙོག་ཁྲ་བཤད་མཁན་མེད། བོད་སྤྱི་པའི་དོན་དག་དང༌། བོད་བསྟན་སྲིད་ཀྱི་དོན་དག་ལ་ཐུག་ཡོང་དུས། དཔལ་ལྡན་ལྷ་མོ་གཙོ་བོ་ཡིན། དེ་དང་འབྲེལ་བའི་རྒྱལ་པོ་སྐུ་ལྔ།” ཞེས་སོགས་རང་དབང་གིས་བྱ་ཆོག་པའི་བླང་དོར་འཇུག་ལྡོག་གི་ལམ་སྟོན་དང༌། བོད་ཀྱི་རྩ་དོན་གྱི་འགག་རྩ་དང་འབྲེལ་བའི་བཀའ་བསྩལ་བ་ལས་བཙན་བཀའ་བཏང་བ་དང་གཞི་མེད་སྒྲོ་བཀུར་གྱིས་དམ་བསྒྲགས་གནང་པ་བློ་གཟུ་བོར་གནས་པ་སུ་ཞིག་ལ་ཤོད་རྒྱུ་མེད། ལྷག་པར་དུ་ཕ་བོང་ཁ་རིན་པོ་ཆེ་དང་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་རྣམ་གཉིས་ལ་མཚོན་ནའང༌། “སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་བླ་མ་བསམ་གྱི་མི་ཁྱབ་པ་རེད། དངོས་གནས་ལམ་རིམ་དང་བློ་སྦྱོང་གི་བསྟན་པའི་བདག་པོ་ཧེ་རུ་ཀ་དངོས་གནས་ཧ་ལས་དགོས་པ་ཞིག་ཡིན། འགའ་ཤས་ནས་བསྐུར་འདེབས་ཞུ་གི་འདུག་པ་དེ་ནི་ནོར་འཁྲུལ་རེད།” ཅེས་དང༌། “སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ཕལ་ཆེར་ཇོ་བོ་རྗེ་དཱི་པམ་ཀ་རའམ་མར་མེ་མཛད་ཀྱི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡིན་པ་གསལ་པོ་བྱུང༌། བསམ་གྱི་མི་ཁྱབ་པ་རེད། འོན་ཀྱང་དོལ་རྒྱལ་བསྟེན་གནང་བ་དེ་ནོར་བ་ལས་ཡང་དག་པ་རེད་ཅེས་སྒྲུབ་ཐབས་མེད།” ཅེས་དང༌། “བླ་མ་ཡབ་སྲས་རྣམ་གཉིས་ཀྱི་ཐུན་མོང་མ་ཡིན་པའི་སྐུ་ཆེ་བའི་ཡོན་ཏན་དང༌། མཛད་པ་འཕྲིན་ལས་རྒྱས་ཡུལ་ནི་ལམ་རིམ་བློ་སྦྱོང་དང༌། འཁོར་ལོ་སྡོམ་པའི་ཡབ་བཀའ་ཡུམ་བཀའ་འདི་དག་ཡིན་ཅིང༌། དོལ་རྒྱལ་གྱི་སྐོར་འདི་ཕལ་པ་ཞིག་ལས་མཛད་པའི་གཙོ་བོ་མིན། ཞེས་དངོས་འབྲེལ་གྱི་གནས་སྟངས་གང་ཡིན་པ་ཇི་བཞིན་གསུངས་པ་མ་གཏོགས། མ་ཡིན་ཡིན་ཚུལ་དང་ཡིན་པ་མ་ཡིན་ཚུལ་གྱི་གཞི་མེད་སྐྱོན་འཛུགས་སྒྲོ་བཀུར་གྱི་མཐའ་དང་བྲལ་བའི་རང་བཞིན་དུ་གསུངས་པ་ནས་རང་དབང་མེད་པའི་བཙན་བསྐུལ་གནང་བར་སྒྲོག་པའི་ཁྱེད་ཀྱི་རུས་སྦལ་གྱི་སྤུ་དེ་གང་ན་གདའ། ཡང་ “རྒྱ་གར་དུ་ཤུགས་ལྡན་ལ་མཆོད་པ་ནི་ཁྲིམས་དང་འགལ་བར་བསྒྲགས་” ཟེར་བའང་བདེན་པ་རྩ་བ་ནས་མིན་གཤིས། དེ་ནི་སྤྱི་ཚོགས་ནང་ྋགོང་ས་མཆོག་ལ་གཞི་མེད་ངན་ཁག་འགེལ་ཐབས་ཀྱི་བྱུས་ངན་བཀྲམས་པ་འབའ་ཞིག་ལས་གནད་དོན་ངོ་མ་དྷི་ལི་རྒྱ་གར་གཞུང་གི་ཆེས་མཐོའི་ཁྲིམས་ཁང་ནས་གཞི་རྩ་མེད་པར་ངོས་འཛིན་གྱིས་ཁ་མཆུ་ངོས་བཞེས་མ་གནང་བ་མ་གཏོགས། ལྷ་མི་སྲུང་སྐྱོབ་ཚོགས་པར་(དོལ་རྒྱལ་ཚོགས་པ་) གྲགས་པས་གཞིས་བྱེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད། འཇིག་རྟེན་ཞི་བདེའི་དེད་དཔོན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཁྲིམས་སར་བསྐྱལ་བ་ཡོངས་གྲགས་ཡིན། ཁྭ་ཏས་མི་གཙང་ཟོས་པའི་མཆུ། །ས་གཙང་དག་ལ་འབད་ནས་ཕྱིས། །གསུངས་པ་ཅིས་མི་བདེན་ཨང༌།

 མགོན་པོ་མཆོག་ནས་བོད་སྐྱོང་ལྷ་སྲུང་གནས་ཆུང་ཆོས་རྒྱལ་ཆེན་མོའི་བཀའ་ལུང་ཙམ་ལ་ཆ་བཞག་མ་གནང་བར་ྋགོང་ས་སྐུ་ཕྲེང་ལྔ་པ་ཆེན་པོས་དབུས་ཁྲི་ཆེན་ངག་དབང་མཆོག་ལྡན། ལྕང་སྐྱ་རོལ་པའི་རྡོ་རྗེ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ཕུར་ལྕོག་ངག་དབང་བྱམས་པ། པཎ་ཆེན་ཡོངས་འཛིན་དཀའ་ཆེན་ཨང་ཉི་མ། པཎ་ཆེན་བསྟན་པའི་དབང་ཕྱུག པཎ་ཆེན་བསྟན་པའི་ཉི་མ།  རྗེ་གུང་ཐང་རིན་པོ་ཆེ་སོགས་དང༌། དེ་བཞིན་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བཞི་པ་དང་བཅུ་དྲུག་པ། སྨིན་གླིང་ལོ་ཆེན་དྷརྨ་ཤྲི། ཆོས་རྒྱལ་གཏེར་བདག་གླིང་པ། རྡོ་བྲག་རིག་འཛིན་པདྨ་འཕྲིན་ལས། ཨེ་ཝྃ་ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ། ཨཝྃ་ཁང་གསར་མཁན་པོ་ངག་དབང་ཡོན་ཏན་རྒྱ་མཚོ། ངོར་ཀླུ་ལྡིང་མཁན་པོ་འཇམ་དབྱངས་ཐུབ་བསྟན་ལུང་རྟོགས་རྒྱལ་མཚན་སོགས་ཆོས་བརྒྱུད་རིས་མེད་ཀྱི་ཚད་ཐུབ་བླ་མ་སྐྱེ་ཆེན་དུ་མ་ཞིག་གིས་དོལ་རྒྱལ་དམ་བསྒྲགས་མཛད་པའི་གསུང་རྣམ་སོགས་ལོ་རྒྱུས་གཞིར་མཛད། མགོན་པོ་གང་ཉིད་ནས་ཀྱང་ལོ་ནས་ལོ་སྦྲེལ་ཏེ་བརྟག་ཐབས་སྣ་ཚོགས་པ་ནས་རྟོག་ཞིབ་མཐིལ་ཕྱིན་གནང་སྟེ་དཔྱད་གསུམ་རྣམ་དག་གིས་བོད་བསྟན་སྲིད་དང་སྐྱེ་འགྲོ་སྤྱི་སྒེར་གང་ལའང་དོལ་རྒྱལ་བསྟེན་པས་ཕན་ལས་གནོད་ཆེ་བ་འཁྲུལ་བྲལ་ངེས་པ་བརྙེད་པ་བྱུང་སྟེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང༌། བོད་ཀྱི་བསྟན་སྲིད་སྐྱེ་འགྲོའི་འཕྲལ་ཕུགས་བདེ་ཐབས་ཁོ་ནར་དགོངས་ཏེ་ྋརྒྱལ་དབང་སྐུ་ཕྲེང་ལྔ་པ་དང་བཅུ་གསུམ་པའི་མཛད་འཕྲིན་གྱི་འཕྲོ་བདེན་སྤོབས་ཀྱིས་སྐྱོང་གནང་བ་ཞིག་ཡིན།

༢༽ཡང་བསོད་རིན་གྱིས་ “ཁོས་ (ྋགོང་ས་མཆོག) དེ་ལྟར་བསྒྲགས་ཏེ་དུས་ཚོད་རིང་པོ་མ་སོང་བར་བོད་དུ་ཁོའི་རྗེས་འབྲངས་པས་ཆོས་རྒྱལ་ཤུགས་ལྡན་གྱི་སྐུ་ཁ་ཤས་གཏོར།” ཞེས་ཟེར་བ་ནི། བོད་ནང་རང་དབང་འཐབ་རྩོད་ཀྱི་དོན་དུ་རྒྱལ་གཅེས་པ་དག་གིས་སྐུ་ལུས་གཞུགས་སུ་འབུལ་བས་མཚོན་ལས་འགུལ་གང་ཞིག་བྱས་པ་རྒྱ་གཞུང་གིས་ཏྭ་ལའི་བླ་མ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བརྒྱུད་བསྐུལ་བྱས་པ་ཞེས་བསྙོན་འཛུགས་བྱས་པ་དང་གཉིས་སུ་མེད་པ་ཞིག་ཡིན་པ་ལས་དོན་ངོ་མ་རྒྱ་གར་ནང་ཡོད་པའི་དོལ་རྒྱལ་ཚོགས་པས་བོད་ནང་འབྲེལ་བ་བྱས་ཏེ་བོད་ནང་གི་དོལ་རྒྱལ་བསྟེན་མཁན་ཚོ་དང་མཉམ་དུ་རྒྱ་ནག་གུང་ཁྲན་ཏང་ལ་རྒྱབ་རྟེན་བཅོལ་ཏེ་རྒྱ་ནག་གཞུང་གིས་དོལ་རྒྱལ་བསྟེན་མཁན་ཚོ་བདག་པོ་དང་དམིགས་བསལ་ལྟ་རྟོག་ཀྱང་བྱེད་པ་མ་ཟད། དགོན་པ་ཁག་ལ་ཏཱ་བླའི་བླ་མས་ཆོས་དད་རང་མོས་གཏོར་བཤིག་གཏོང་གི་ཡོད། དོལ་རྒྱལ་བསྟེན་དགོས་ཆོས་དད་རང་མོས་རེད། ཅེས་རྒྱུད་སྐུལ་དང༌། ལྷག་པར་བསམ་ཡས་སུ་ལོ་ཤས་གོང་གཱུ་རུ་རིན་པོ་ཆེའི་སྐུ་གསར་དུ་བཞེངས་པ་ཞིག་ཡོད་པ་དེ་དང་དེ་བཞིན་གྱི་གཱུ་རུའི་སྐུ་གཞན་དག་བཤིག་པ་དང་རྫས་མེས་གཏོར་བའི་གནས་ལུགས་ར་འཕྲོད་འཕེར་ངེས་ཡོད། རྒྱ་གཞུང་གིས་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཚོགས་པ་ཐེངས་དྲུག་པ་ཐུག་འཕྲད་སྐབས་ཀྱང་ཏཱ་བླའི་བླ་མས་ཤུགས་ལྡན་དམ་བསྒྲགས་བྱས་པ་དེས་ཆོས་དད་རང་མོས་གཏོར་བཤིག་གཏོང་གི་ཡོད་རེད་ཅེས་སྐྱོན་བརྗོད་ཞུས་ཡོད། གཞན་ཡང་མཁས་དབང་ཚེ་བརྟན་ཞབས་དྲུང་གིས་མཛད་པའི་ཨ་ལགས་འཇིགས་མེད་དམ་ཆོས་ཀྱི་རྣམ་མཐར་ནང༌། “སྐུ་ཞབས་ཕ་བོང་ཁ་རིན་པོ་ཆེའི་ཞལ་སློབ་ཁ་ཤས་ནས་གསར་རྙིང་གི་གྲུབ་མཐའ་ཆེན་པོ་རྩོད། པདྨ་འབྱུང་གནས་ཀྱི་སྐུ་དང་ཞི་ཁྲོའི་ལྷ་བཤིག བཛྲ་གཱུ་རུ་བཏོན་ན་ཕན་ཡོན་མེད་ཚུལ། པདྨ་བཀའ་ཐང་སོགས་མེ་ཆུར་སྦྱངས་པ་ལ་སོགས་པའི་ལོག་སྤྱོད་མང་པོ་དང༌། མ་ཎི་འཁོར་ལོ་བསྐོར་བ་དང་གཤིན་པོའི་བདུན་ཚིགས་འཛིན་རྒྱུ་སོགས་དགོས་པ་མེད་ཚུལ་མང་པོ་བཤད་ནས་སྐྱེ་བོ་དག་ལོག་ལྟའི་གནས་ལ་འགོད་པ་དང༌། རྒྱལ་པོ་ཤུགས་ལྡན་སྐྱབས་ཀྱི་མཆོག་ཏུ་འཛིན། ལྷོ་རྒྱུད་ཀྱི་དགོན་ཆུང་འགའ་ཞིག་གི་གྲྭ་པ་མང་པོས་ཤུགས་ལྡན་བབས་པ་ཡིན་ཞེས་ཕྱོགས་མཐའ་དག་ཏུ་སྨྱོ་རྒྱུགས་བྱས་ནས་རྟེན་གསུམ་བཤིག་བཅོམ་རང་མཚང་མང་ཞིང༌། ྋརྗེ་རྒྱལ་བ་གཉིས་པ་ཙོང་ཁ་པའི་བསྟན་པ་ལ་རྨ་འབྱིན་ཆེན་པོར་འདུག” ཅེས་སོགས་འཁོད་ཡོད་པ་བཅས་ནས་གཏོར་བཅོམ་བྱེད་མཁན་སུ་ཡིན་དངོས་ར་འཕྲོད་ཐུབ་པ་ཡིན། རྒྱ་གར་ནང་གསོད་སྲེག་རྡུང་རྡེག་འཇིགས་སྐུལ་ཅི་འདྲ་ཞིག་བྱས་པ་སྦ་ཐབས་མེད་པས་ཀུན་གྱིས་མ་ཤེས་པ་མེད༌། ད་དུང་ྋམགོན་པོ་མཆོག་ལ་ཞལ་འཕང་ལག་ཕྱིས་བྱེད་པ་ནི་ལེགས་བཤད་དུ། སྐྱེ་བོ་ངན་པས་རང་གི་སྐྱོན། །གང་ཡིན་གཞན་ལ་འགོད་པར་བྱེད། །གསུངས་པ་ལ་ངེས་པ་བརྙེད་པ་བྱུང༌།

༣༽བསོད་རིན་གྱི་རྩོམ་ཡིག་དེ་གའི་ནང་ “ཏཱ་ལའི་བླ་མས་ད་དུང་རྒྱལ་ཆེན་ཤུགས་ལྡན་བསྟེན་མཁན་ཚོ་རྒྱ་གར་གྱི་བོད་མིའི་སྨན་ཁང་དུ་ཡོང་མི་ཆོག་པར་བྱས།” ཞེས་འདུག་པ་ནི་དངོས་གནས་ཟེར་རྒྱུས་འཕོང་སྟེ་མུན་ནག་འདོམ་འཇལ་ལྟར་ྋམགོན་པོ་མཆོག་ལ་ཞལ་འཕངས་བྱེད་པ་ལས་མ་འདས་གཤིས། ཤུགས་ལྡན་བསྟེན་མཁན་རང་ཉིད་བཙན་བྱོལ་བོད་མིའི་ལས་འགན་མ་སྒྲུབ་པས་ཐོབ་ཐང་ལོངས་སུ་སྤྱོད་དབང་འདོད་པ་དང་ལེན་གྱིས་དོར་བ་དང༌། རང་བློ་རང་ལ་ལྐོག་ཏུ་མ་གྱུར་པས་ངོ་ནོངས་ཏེ་བཙན་བྱོལ་བོད་མིའི་ཁེ་ཕན་ལེན་སྤོབས་མ་བྱུང་བ་ཡིན་ན་དེ་དག་གི་འགན་དཀྲི་ྋགོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་འགེལ་སྟངས་མེད། སྤྱི་སྒྲིག་ལྟར་ཡོང་ན་སུ་ཞིག་ལ་བོད་མི་སྤྱི་མཚུངས་ཐོབ་ཐང་སྤྲད་པ་མ་གཏོགས་དོལ་རྒྱལ་བསྟེན་མཁན་ཡིན་པའི་རྒྱུ་མཚན་གྱིས་སྨན་བཅོས་ལྟ་ཅི། ཤེས་ཡོན་སོགས་ཐོབ་ཐང་གང་ཡང་བཀག་པ་བྱུང་མྱོང་མེད། ཁྱེད་ཀྱིས་མ་ཤེས་པ་ག་ལ་ཡིན་ནའང་མ་ཤེས་པའི་དབང་དུ་བཏང་སྟེ་དཔེ་མཚོན་ཙམ་དུ་བརྗོད་ན། དོལ་རྒྱལ་བསྟེན་མཁན་སྤྱི་བཏང་བ་ལ་བོད་མིའི་ཁེ་ཕན་བཀག་པ་ག་ལ་ཡོད། མཐའ་ན་འཆི་མེད་ཚེརིང་ལགས་སུ་ཞིག་ཡིན་པ་ཡོངས་གྲགས་ཡིན་ནའང་ཕྱི་བསྐྱོད་ལག་ཁྱེར་སེར་པོ་བཟོ་རྒྱུའི་བཀའ་ཤག་གི་རྒྱབ་གཉེར་ཞུས་སྐབས་སྤྱི་མཚུངས་སྤྲད་པ་མ་གཏོགས་ཀ་ཀོར་གང་ཡང་བྱས་མེད་པ་དོ་བདག་ནས་དོན་རྟོགས་ཡིན།

༤༽ ཡང་བསོད་རིན་གྱིས་ྋགོང་ས་མཆོག་ལ་ “ཁོས་ད་དུང་ཁྲིམས་བཏོན་ཏེ་རྒྱལ་ཆེན་ཤུགས་ལྡན་མཆོད་མཁན་དག་བོད་མི་གཞན་ལས་དགར། ” ཞེས་ཟེར་བ་འདི་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་ཡེ་ནས་མ་ཤེས་ཐོག་གང་དྲན་མུན་ནག་མདའ་འཕེན་གྱིས་ྋགོང་ས་མཆོག་ལ་གཞི་རྩ་བྲལ་བའི་མཚན་སྨོད་ཞུ་བ་དང་དམིགས་ཡུལ་ད་ལྟའང་འཇིགས་སྣང་གིས་དོལ་རྒྱལ་འཇོག་མ་ནུས་ཏེ་ཁུ་སིམ་མེར་བསྟེན་སྡོད་མཁན་གྱི་རིགས་ཤིག་ཡོད་སྲིད་པ་དེ་དག་མགོ་བོ་རྨོངས་སུ་འཇུག་པ་ནས་བསླུ་བྲིད་ཐུབ་ཐབས་ཡིན་ངེས།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་རྐྱང་གིས་ཐུགས་བརྩོན་ལྷོད་མེད་མུ་མཐུད་གནང་པ་ཁོ་ནའི་དྲིན་ལས་ད་ལྟ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དོན་དམ་གྱི་རང་དབང་དང༌། འདྲ་མཉམ། དྲང་བདེན། ཆིག་སྒྲིལ་ལྡན་པའི་མང་གཙོའི་ལམ་སྲོལ་ཚད་ལྡན་བྱུང་བ། ལྷག་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་པ་ནས་བཟུང་བཙན་བྱོལ་བོད་མི་རང་འདོད་ཀྱིས་ལོགས་སུ་ཐོན་པ་ཕུད་གཞན་ཡོངས་སུ་རྫོགས་པར་ཁྱབ་པའི་ཁྲིམས་གཏན་ལ་འབེབས་རྒྱུའི་དབང་ཚད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་མ་གཏོགས་ྋགོང་ས་མཆོག་ལ་མེད། དེས་ན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་བཅའ་ཁྲིམས་ཀྱི་དོན་ཚན། ཚིག་གཞི་གང་དུ་དོལ་རྒྱལ་བསྟེན་མཁན་བོད་མི་གཞན་ལས་དགར་བ་ཞིག་གསལ་འདུག་གམ། ཡང་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དོལ་རྒྱལ་དང་འབྲེལ་བའི་ཕྱི་ལོ་༡༩༩༦ ལོར་དོན་ཚན་ ༨ ཅན་ཞིག་དང༌། ༡༩༩༧ ལོར་དོན་ཚན་ ༡༡ ཅན་གྱི་དྲོས་ཆོད་ཁག་གཉིས་བཞག་ཡོད་པ་ནི་ཁྲིམས་མིན་གཤིས། དེ་གཉིས་ཀྱི་དོན་ཚན་གང་དུའང་དངོས་དོན་ངོ་སྤྲོད་དང་ལམ་སྟོན་ཞུ་ཕྱོགས་ཚད་ལྡན་ཡོངས་ཐབས་ལས་དོལ་རྒྱལ་བསྟེན་མཁན་བོད་མིའི་ཁོངས་ནས་ལོགས་སུ་དགར་བ་ཞིག་ཚིག་ཟུར་ཙམ་ལའང་མེད་པ་ཀུན་གྱི་བློ་ཆོད་ཡིན། ཡོད་ན་ཀུན་ལ་ར་སྤྲོད་ཐུབ་པ་ཞིག་དགོས་པ་མ་གཏོགས་སྟོང་གཏམ་བྱེད་པ་ནི་བཞད་བགད་ཀྱི་རྒྱུ་ཡིན།

༥ གཞན་ཡང་ཅ་ཅོ་མང་དག་ཅིག་འདུག་པ་ནི་བྱེ་མའི་ཕྱང་བུ་འདྲ་བར་གཏམ་རྙོག་འབའ་ཞིག་དང༌། ཞེ་སྡང་མི་བཟོད་པའི་ཚིག་ངན་ཞེ་ཅིག་སྐྱུག་པ་ལས་ཤེས་པ་རང་བཞིན་པའི་མུ་ཅོར་ཙམ་གྱི་གསལ་བཤད་ལན་འདེབས་འོས་པའི་གོ་རྒྱུ་ཞིག་མ་མཆིས་མོད་ཀྱང༌། དེ་ལ་རྗེ་ས་པཎ་གྱིས། སྐྱེ་བོ་དམ་པའི་ཡོན་ཏན་རྣམས། །སྐྱེ་བོ་དམ་པ་ལྷག་པར་སྒྲོག །མ་ལ་ཡ་ཡི་ཙནྡ་དྲི། །རླུང་གིས་ཕྱོགས་བཅུར་རྒྱས་པར་བྱེད། །ཅེས་དང༌། ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། །མ་བསྡུས་པར་ཡང་རང་ཉིད་འདུ། །དྲི་ལྡན་མེ་ཏོག་རྒྱང་རིང་ཡང༌། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །ཞེས་ལེགས་བཤད་དུ་གསུངས་པ་ལན་གྱི་ཚུལ་དུ་བྱས་ན་ཅིས་ཀྱང་དོན་མཐུན་པར་སྣང༌། འོན་ཀྱང་ཀློག་པ་པོ་རྣམས་ཀྱི་མཁྱེན་རྟོགས་སུ་བསོད་རིན་གྱི་ངན་སྐྱུག་ཇི་བཞིན་པ་འདིར་འགོད་པར་བྱ་བ་ལ་ “ཁོས་(ྋགོང་ས་མཆོག)ནུབ་ཕྱོགས་དང་ཨེ་ཤ་ཡའི་གསར་འགྱུར་ལས་ཁུངས་ལེགས་པར་སྤྱད་དེ་བོད་མི་སྤུན་ཟླ་ཚོ་དང་ནུབ་ཕྱོགས་ཀྱི་སྟོབས་ཤུགས་ཁ་ལོ་བསྒྱུར། ཏཱ་ལའི་བླ་མས་བོད་མི་ཚོ་དང་ནུབ་ཕྱོགས་པ་ཚོར་མིའི་ཐོབ་ཐང་སྐོར་གྱི་ཆ་འཕྲིན་བརྒྱུད་སྤེལ་བྱས་པ་མི་འདྲ། ནུབ་ཕྱོགས་གསར་འགྱུར་ལས་ཁུངས་དག་གིས་གནས་ཚུལ་འདི་རིགས་མི་ཤེས་པ་ག་ལ་སྲིད། འོན་ཀྱང་ནུབ་ཕྱོགས་གསར་འགྱུར་ལས་ཁང་དག་གིས་ཏཱ་ལའི་བླ་མའི་ཕྱོགས་གཅིག་ཁྱབ་བསྒྲགས་བྱས་པ་མ་གཏོགས་ཕྱོགས་གཞན་ཞིག་དམར་རྗེན་དུ་མི་གཏོང་བ་གང་ཡིན་མ་ཤེས། ཏཱ་ལའི་བླ་མར་ནོ་པེར་ཞི་བདེའི་བྱ་དགའ་ཐོབ་དོན་ཀྲུང་གོའི་སྲིད་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་མའི་ཟིང་འཁྲུག་གཞོལ་འཇགས་སུ་བཏང་པས་ཡིན་པ་དང༌། ཨ་མེ་རི་ཁས་ཁོ་(ྋགོང་ས་མཆོག)ལ་རྒྱལ་ཚོགས་གསེར་གྱི་རྟགས་མ་སྤྲད་དོན་ཀྲུང་གོ་འཕེལ་རྒྱས་ཕྱིན་པར་རྡུང་གདེག་གཏོང་ཆེད་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། འདི་དག་ཡོད་ཚད་ལས་ཏཱ་ལའི་བླ་མ་ནུབ་ཕྱོགས་སྟོབས་ཤུགས་ཀྱིས་ཁ་ལོ་བསྒྱུར་པ་གསལ་བཤད་བྱས།” ཞེས་པ་འདི་ལགས།

སྐབས་ཀྱི་རྩོམ་དུ་གྲགས་པ་དེར་མ་གསལ་རུང་ཞར་བྱུང་ཚུལ་དུ་ཅུང་ཞིག་གླེང་བར་བྱ་བ་ལ། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཚད་མ་གསུམ་སྐྱོན་དང་བྲལ་བའི་མ་རིག་རྨོངས་མུན་གསལ་བའི་བླང་དོར་ལམ་སྟོན་ལ་ཡི་རངས་བློ་གཏད་མེད་ནའང་གཤམ་དུ་འགོད་རྒྱུ་འདི་ལ་ལན་ཅི་ཞིག་ཡོད། ཕ་བོང་ཁ་རིན་པོ་ཆེས་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ལ་ཞུ་སྙན་འདི་ལྟར། “གུས་འབངས་ཕ་བོང་ཁའི་སྐྱེས་མིང་པ་ནས་ཞུ་བ།” ཞེས་སོགས་ནས་ “གུས་འབངས་པའི་མ་རྒན་དེ་ཉིད་ནས་ཤུགས་ལྡན་སྐྱེས་མའི་བརྒྱུད་ཀྱི་ལྷ་ཡིན་ཚུལ་གྱིས་ད་བར་བསྟེན་གསོལ་བྱ་དགོས་བྱུང་ཡང༌། ཕྱིན་ཆད་རང་ནོངས་ལ་འགྱོད་སྡོམ་དྲག་པོས་བསྟེན་གསོལ་བསྐང་འཕྲིན་ནམ་ཡང་མི་ཞུ་བ་ཞེ་དམ་ཤུགས་དྲག་སྙིང་དབུས་སུ་གུས་བཅངས་ཞུས་ཆོག་པ།” ཞེས་ཕ་བོང་ཁ་རིན་པོ་ཆེ་རང་ཉིད་ནས་གང་གི་སྐྱེས་མའི་སྐྱེས་ལྷ་ཡིན་ཚུལ་གྱི་བསྟེན་པ་ཞལ་གྱིས་བཞེས་པ་མ་གཏོགས། རི་བོ་དགེ་ལྡན་པའི་བསྟན་སྲུང་ཡིན་པ་ཞིག་ཚིག་གི་ཟུར་ཙམ་དངོས་ཤུགས་བརྒྱུད་གསུམ་དུ་གསུངས་པ་ཞིག་མེད་ན།  དགེ་ལྡན་པའི་བསྟན་སྲུང་དུ་ཕ་བོང་ཁ་རིན་པོ་ཆེས་བཀའ་བསྒོས་གཉེར་དུ་གཏད་མེད་པ་རིན་པོ་ཆེའི་རྣམ་ཐར་དོན་ལྡན་ཚངས་པའི་དབྱངས་སྙན་ཞུ་བ་དེ་ཉིད་དུ་གསལ་བའི་སྙན་ཞུའི་ཚིག་དོན་འདི་ནས་རྟོགས་ཐུབ། འོ་ན་རྗེ་རྒྱལ་བ་ཙོང་ཁ་པའི་བསྟན་པ་སྲུང་བར་ཚད་ཐུབ་ཀྱི་བླ་མ་སྐྱེ་ཆེན་དམ་པ་སུ་ཞིག་གིས་བཀའ་བསྒོས་གཉེར་དུ་གཏད་པའི་རྒྱབ་རྟེན་ཚད་མ་ཞིག་ཡོད།

ལྷག་པར་དོལ་རྒྱལ་བསྟེན་སྟངས་འདི་རིགས་ཀྱིས་སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་ཡང་ཕ་བོང་ཁ་རིན་པོ་ཆེ་རང་ཉིད་ནས་ཞུ་སྙན་དེ་གའི་ནང་དུ་ “སྐྱབས་འགྲོའི་བསླབ་བྱ་དང་ནང་འགལ་བྱུང་བ་སོགས་དེང་ཕན་ཞུ་འཛོལ་ཅི་མཆིས་དམན་ལ་ལྷག་པར་བརྩེ་བའི་མགོན་པོ་མཆོག་ནས་བརྩེ་ཆེན་བྱམས་གཟིགས་ཀྱིས་ལྷ་དགོངས་གསལ་དྭངས་བརྩེ་བས་གཟིགས་པ་མཁྱཻེཻན། མཁྱེན། ཞེས་ངོས་བཞེས་གཙང་མ་གནང་འདུག་ན་དེ་བས་ལྷག་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་སློབ་ལམ་སྟོན་གྱི་རྒྱབ་རྟེན་ཅི་ཞིག་དགོས། དེ་བས་ན་ལེགས་པར་སོམས་དང་སོམས་དང་ཕྱི་མའི་ལམ་བུ་མ་ནོར་ཡང་དག་འཚོལ་དང་ཨང༌། ཞེས་ཐུབ་བསྟན་ལུང་རིགས་འབོད་པ་ཡིས།། །།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་སྒྲིག་ཁྲིམས་འགན་འཛིན་ཟུར་པར་ལོ་ ༡༠ ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་བསྟུད་མར་བྱུང་།

༢༠༢༥/༠༨/༠༢
Mobile App

དབྱིན་ཡུལ་གྲོས་ཚོགས་འོག་མས་རྒྱ་ནག་ཉིན་རེའི་ཚགས་པར་འགྲེམས་སྤེལ་བཀག་འགོག་གནང་།

༢༠༢༥/༠༨/༠༢
དྲ་ལམ་གྱི་པར།
Mobile App

ཁུང་ཙིའི་སློབ་གླིང་ཁག་སྒོ་རྒྱག་རྒྱུ་ཡིན་པའི་ཉེན་བརྡ་བཏང་།

༢༠༢༥/༠༨/༠༢
Former Pakistan prime minister Imran Khan, gestures as he speaks with Reuters during an interview, in Lahore, Pakistan March 17, 2023. REUTERS/Akhtar Soomro
Mobile App

པཱ་ཀི་སི་ཐན་གྱི་གྲོས་ཚོགས་འཐུས་མི་ཟུར་བ་ ༡༠༨ ལ་ལོ་བཅུ་རེའི་ཁྲིམས་ཐག་བཅད།

༢༠༢༥/༠༨/༠༡
ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག
Mobile App

ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་མི་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག

༢༠༢༥/༠༨/༠༡
Mobile App

ལོ་ངོ་ ༡༢༧ རྗེས་ནས་སངས་རྒྱས་ཀྱི་རིག་དངོས་ཕྱིར་སློག་བྱས།

༢༠༢༥/༠༧/༣༡

མཆན། 8

  1. བསྟན་འཛིན། says:
    ལོ་ 12 སྔོན།

    སྐུ་ངོ་ཐུབ་ལུང་གློ་བུར་དུ་གཉིད་ལས་སད་དེ།   བོད་ཞེན་དང་༧གོང་ས་ཐམས་ཅད་མཁྱེན་པར་གུས་བརྩི་ཡོད་མདོག་གིས།    ཅིག་ཅིག་མིག་མིག་བཤད་ཀྱིན་ཡོད་པ་དེ།  མཐར་དེད་ན་ལོ་གཉིས་ཀྱི་རྗེས་ཀྱི་སྲིད་སྐྱོང་ངམ་བཀའ་ཁྲིའི་འོས་ཤོག་གི་རྨི་ལམ་སྐྱིད་པོ་ཞིག་རྨིས་བཞིན་ཡོད་པ་གསལ་བོ་རེད།
    དེ་ལ་ཁྱད་པར་མི་འདུག་མོད།   བོད་མི་མང་གི་སྐུ་ཚབ་ཅིག་ཡིན་པའི་ཆ་ནས་ཁ་དྲང་ཁོག་དྲང་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེ་སྙམ་མོ།།
       

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    བསོད་རིན་གྱི་སྐོར་ལ་མང་ཙམ་ཤེས་འདོད་ཡོད་པས་་་་་

    Reply
  3. སེམས་ཚོར། says:
    ལོ་ 12 སྔོན།

    ༑འཕགས་ཡུལ་རང་བཞིན་སྐད་ཀྱི་སྒྲ་ཕབ་གུ་ཡངས་སུ་བརྗོད་ན་འདི་ལྟ་སྟེ།

    ཨདྷརྣིཡམནྟིརིཇི། རཱཇནིཏིམེཧོཀར། བིདྦནཀིཀརྱམེཤམིལཧོཀར། ལེཁཨུལེཁཀརནམཱཧཀརྱཧཻ། སཱདྷུ། སཱདྷུ། པུཇརིཅནྡ།།

    ལེགས་སོ་ལེགས་སོ་བཀའ་ཟུར་མཆོག །
    སྲིད་ལ་འཇུག་བཞིན་རྩོམ་འབྲི་སོགས།།
    མཁས་པའི་བྱ་བ་རྒྱུན་སྐྱོང་མཛད།།
    གུན་ཌ་བིད་བན་རྣམ་དབྱེ་འབྱེད།།
    (གུནྜབིདྦན)

    Reply
  4. སྡེ་སྣོད་འཛིན་པ། says:
    ལོ་ 12 སྔོན།

    ༸དགའ་ལྡན་ཕོ་བྲང་ནང་ན།། སྟག་འདྲ་གཟིག་འདྲ་མང་ཡང།། སྟག་ཁྲོས་གཟིག་ཁྲོས་གནང་རྒྱུར།། ཐུགས་སྤོབས་ཡོད་ས་མ་རེད།།

    ༸རྒྱལ་བའི་ཞབས་སུ་བཅར་དུས།། ཡིན་མདོག་སྣ་ཚོགས་ཞུ་ཡང།། གསལ་བཤད་གནང་དགོས་ཐུག་དུས།། གང་ག་ཐུགས་བྲེལ་མིན་འགྲོ།

    ༸རྒྱལ་བའི་ཆིབས་ཞིབས་འབྲངས་དུས།། སྐྱ་སེར་འཚང་ཁ་ཤིག་ཤིག། རྒྱ་དང་འདྲེ་ལ་ཐུག་དུས།། འཚང་ཁ་རླུང་གིས་འཁུར་འདྲ།།

    ༸རྒྱལ་མཆོག་དགོས་འདོད་ཀུན་འབྱུང།། བཞེས་ཀྱང་འཛད་དུ་མེད་པས།། སྟག་གཟིག་དོམ་དྲེལ་དཀྱིལ་ནས།། ད་ནི་ཐར་ས་མ་རེད།།

    དོལ་རྒྱལ་དམ་སྲི་འབྱུང་བོ།། དགག་པ་བསྟན་པའི་དོན་ཡིན།། སྟག་གཟིག་དོམ་དྲེལ་གསོས་ཀྱང།། ཕན་པའི་བྱས་རྗེས་མ་མཐོང།།

    Reply
  5. ཇོ་སྲས་བཀྲ་ཤིས་རྒྱལ། says:
    ལོ་ 12 སྔོན།

    དང་པོར་བཀའ་ཟུར་མཆོག་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་འདོད་ཡོད། དོལ་རྒྱལ་འདྲེ་ངན་འདིའི་སྐོར་༸གོང་ས་མཆོག་དང་སྐྱེས་ཆེན་དག་གི་ལམ་སྟོན་ལས་གསལ་བོར་ཤེས་རང་མགོ་ཐོན་ཙམ་ཡོད། ཡིན་ནའང། ང་ལ་དོགས་པ་ཟེར་ན་མི་འདོད་པ་ཞིག་ཡོད། དེ་སོར་སྐྱེས་ཟེར་ན་འདྲ། མི་ཕལ་བ་ཡིན་པས་ནམ་ཡང་དེ་ལྟར་འདོད་ཀྱི་ཡོད།

    ངས་བལྟས་ན་༸རྒྱལ་བ་བཅུ་གསུམ་དང་བཅུ་བཞི་པ་གཉིས་ཀའི་སྐུ་རིང་ལ་དོལ་རྒྱལ་སྐོར་རྙོག་དྲ་ཚ་རུ་གཏོང་ཕ་བོང་ཁ་དང་ཁྲི་བྱང་གཉིས་རེད། ཁོང་གཉིས་ངེས་པ་དོན་ལ་ཅིག་ཅིག་རེད། ཉིག་ཉིག་རེད་ཟེར་ཡོང་དུས་དེ་རྩ་བ་ཉིད་ནས་ཁས་ལེན་འདོད་མེད། ཕ་བོང་ཁས་བཅུ་གསུམ་པ་ཆེན་པོ་གཤེགས་རྗེས་གཟས་ནས་ཁྱད་གསོད་བྱས་པ་ལྷ་སའི་པར་མར་གསལ་བ་དེ་དང། དེའི་རྐྱེན་ཁོང་གི་སྐུ་ཚེ་སྨད་ཙམ་མ་ཟད། སྤྱིར་སངས་རྒྱས་བསྟན་པར་བཀྲ་མ་ཤིས་པ་བྱུང་བ་ཚང་མས་ཁས་མི་ལེན་རང་ལེན་རེད། དེ་བཞིན་ཁྲི་བྱང་རེད། ཁྲི་བྱང་འདི་ངས་བསམས་ན་དོལ་རྒྱལ་གཅིག་པུ་མ་རེད། ཕྱོགས་མང་པོར་མི་རྙོག་དྲ་ཚ་བོ་ཞེ་དྲག་ཅིག་འདུག དཔེར་ན་སྡེ་པ་གཞུང་གི་སྐུ་དྲག་རྒྱལ་ཚོང་བ་རེ་འགའ་དང་མཉམ་དུ་འཁྲབ་བཞག་པ་མང་པོ་ཡོད་པ་མ་ཟད། ཡོན་ཏན་ཅན་དང་མཁས་པར་ཕྲག་དོག་བྱེད་པ། བྱ་བྱེད་མང་བ་ཞིག་ཡིན་པ་གསལ་བས་མ་ཟད། ད་ལྟ་ད་དུང་ཡང་ཁོང་གི་གྲིབ་ནག་གིས་༸རྒྱལ་བ་བཅུ་བཞི་པའི་བསྟན་པ་སེམས་ཅན་བརྩེ་བར་སྐྱོང་བའི་མཛད་འཕྲིན་ལ་གནོད་ཀྱི་ཡོད་པ་འདིའང་མིག་མཐོང་རེད། དེའི་ཕྱིར་ཧེ་རུ་ཀ་འདི་འདྲ་ཞིག་ཡོང་ཤེས་ཀྱི་མ་རེད་ལ། ང་ཚོ་ཕལ་བ་བློ་གཟུ་བོར་གནས་པ། ཤེས་ཡོན་ལ་དགའ་བ་དག་གིས་ཀྱང་དོལ་རྒྱལ་གྱི་སྐོར་འདི་ནས་༸གོང་ས་སྐུ་ཕྲེང་སྔ་ཕྱི་གཉིས་དང། ཁྲི་ཆེན་ངག་དབང་མཆོག་ལྡན་སོགས་ཚད་མའི་སྐྱེས་བུ་འདི་དག་ལ་ཅ་སུན་པོ་དང་བར་ཆད་མང་པོ་བཟོ་མཁན་གཏེ་བོ་ཕ་བོང་ཁ་དང་ཁྲི་བྱང་གཉིས་ཡིན་བསམས་བསྡད་ཡོད། ཁྲི་བྱང་གི་གྲིབ་ནག་གིས་ལྡན་པ་བློ་ཆོས་ཀྱིས་ཀྱང་འདྲ་མིན་གནང་སྟེ་༸གོང་ས་ཆེན་པོ་ཐུགས་ཕམ་བྱུང་བ་ཡོངས་གྲགས་རེད། གནད་དོན་འདི་འདྲ་མང་པོར་བལྟ་དུས། ངེས་པ་དོན་ལ་ཅིག་དང། ཅིག་ཅིག་ཅིག་ལ་ཅིག་གསུངས་པ་དེ་རྩ་བ་ཉིད་ནས་ཁས་ལེན་གནང་ཐུབ་ཀྱི་མི་འདུག དཔེར་ན་ཁྲི་བྱང་གིས་ཕ་བོང་ཁའི་ལོ་རྒྱུས་བཟོ་བཅོས་བྱས་པ་དེ་གཅིག་པུས་ཀྱང་སེམས་བརྒྱུད་ལ་ཞེད་སྣང་ལངས་པ་ཞིག་མ་རེད་དམ། ངས་བསམས་ན། བོད་བརྒྱུད་ནང་བསྟན་གྱི་སྐྱེས་བུ་དམ་རིམ་བྱོན་ནང་དངོས་གནས་དྲང་གནས་ཆོས་དོན་སེམས་ལ་སིམ། ཉམས་ལེན་གནད་ལ་སྨིན། བླ་མ་དང་ཡི་དམ་གྱིས་ཐུགས་བརྩེས་མ་དོར་བ། བཅོམ་ལྡན་འདས་ཀྱིས་བསྟན་པའི་བདག་མེད་དང། སྟོང་ཉིད། བྱང་སེམས་སོགས་ལ་ཁ་ཙམ་མིན་པར་མྱོང་བ་རང་སྟེང་ནས་ངེས་ཤེས་རྙེད་པའི་སྐྱེས་བུ་དག་གིས། ནམ་ཡང་འདི་ལྟར་གནང་མི་འདུག་ལ། ཞེ་ས་མ་ཞུས་ན་རྙོག་དྲ་ཚ་བོའི་གནང་སྟངས་འདི་འདྲ་རྩ་བ་ནས་གནང་གི་མ་རེད། དེ་ནི་དཔེར་ན་ཡོངས་གླིང་རྡོ་རྗེ་འཆང་ཆེན་པོ་དཔེ་མཚོན་གཅིག་རེད། ཁྲི་བྱང་དང་མཉམ་དུ་བཞུགས་ཀྱང་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པ་བཞིན། འཇིག་རྟེན་ཆོས་བརྒྱད་ལ་ག་དུས་ཡིན་ནའང་འབྲེལ་མཚམས་གཙང་མ་བྱས་ཏེ་བཞུགས་པ་རེད། དེའི་རྐྱེན། ངའི་བླ་མ་རྡོ་རྗེ་འཆང་༸རྒྱལ་མཆོག་བསྟན་འཛིན་རྒྱ་མཚོ་རེད། ཁོང་གི་བླ་མ་ཕ་བོང་ཁ་དང་ཁྲི་བྱང་ཡིན་སྟབས་བརྒྱུད་པའི་བླ་མ་ཡིན་ནའང། མི་འདི་གཉིས་ལ་ཕྱོགས་གང་ནས་བསམ་བློ་ཅི་ལྟར་བཏང་ཡང་དད་པ་ཆུ་ཐིག་ཙམ་ཡང་སྐྱེས་མ་མྱོང་བས། རྙོག་དྲ་ཚ་བོ་འདི་གཉིས་ཅིག་རེད་གསུངས་ན་མགོ་འཐོམས་འགྲོ་ཡི་འདུག ང་ནི་སོར་སྐྱེས་ཕལ་བ་ཞིག་ཡིན།་ཅི་ཡང་མི་ཤེས། རང་གི་སེམས་ལ་དྲན་པ་དེ་དྲང་མོར་ཞུས་པ་ཡིན། གཞན་གང་ཡང་མེད།། མདོ་དོན་ཕ་བོང་ཁ་དང་ཁྲི་བྱང་གཉིས་མཁས་པ་ཡིན་ངེས་མོད། སྐྱེས་བུ་དམ་པ་ཧེ་རུ་ཀ་དང་ཅིག་ཅིག་ཅིག་རྣམ་སྤྲུལ་ཟེར་བ་དེ་ཁས་ལེན་ཐུབ་ཀྱི་མི་འདུག ༸རྒྱལ་མཆོག་བཅུ་བཞི་པའི་ཆོས་ཀྱི་མཛད་འཕྲིན་ལ་བར་ཆད་དང་དཀའ་ལས་ཁག་པོ་ག་ཚོད་བཟོས་འདུག་པ་འདིས་ཀྱང་ཤེས་ཐུབ་ཀྱི་འདུག། །།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་ བསོད་རིན་གྱིས་ཀྲུང་གོའི་བོད་ལྗོངས་སུ་གྲགས་པའི་དུས་དེབ་ཏུ་སྤེལ་རྩོམ་ནང་ ྋགོང་ས་མཆོག་ལ་འདི་ལྟར་ ༡༽ “ཁོས་བོད་མི་ཚོར་རྒྱལ་ཆེན་ཤུགས་ལྡན་ལ་མི་མཆོད་པར་བསྐུལ་བ་མ་ཟད་རྒྱ་གར་དུ་རྒྱལ་ཆེན་ཤུགས་ལྡན་ལ་མཆོད་པ་ནི་ཁྲིམས་དང་འགལ་བར་བསྒྲགས།” ཞེས་བཀོད་འདུག་་་་་་་་་ ཟེར།

    Reply
  7. སྙིང་རྩ་སྤར་འཛིན། says:
    ལོ་ 12 སྔོན།

    བསོད་རིན་གླེན་པ་བསད་ཀྱང་མི་ཕན་མོད།།
    བླུན་པོ་མགོ་འཁོར་དག་ལ་ཕན་པའི་ཕྱིར།།
    ལུང་རིགས་མེ་ཏོག་ཕངས་མེད་གཏོར་བ་འདིས།།
    ཐུབ་བསྟན་འཛིན་མའི་མཛེས་སྡུག་རྒྱས་བར་ཤོག།

    Reply
  8. སྲས་སྐུ་ཞབས། says:
    ལོ་ 12 སྔོན།

    སྐུ་ངོ་བཀའ་ཟུར་མཆོག་བཀའ་དྲིན་ཆེ། མཐོ་རིམ་མི་སྣ་མང་པོ་ཞིག་འཇམ་པོ་བལ་ལས་ཀྱང་འཇམ་པས་གནད་འགག་གི་སྐབས་སུ་གར་སོང་གང་བཞུགས་རྩ་ནས་ཤེས་ཀྱི་མི་འདུག་མོད། སྐུ་ངོ་རང་ནས་ཐད་ཀར་མངོན་ལྐོག་མེད་པར་༸གོང་ས་མཆོག་གི་དབུ་འོག་དཔུང་འདེགས་གནང་བ་འདི་ཞེ་དྲག་གཟི་བརྗིད་ཆེན་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese