མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་རྒྱུས་ཀྱི་གནད་དོན་གསལ་འགྲེལ་བདེན་རྒྱབ་བདེན་གནོན།

བོད་ཀྱི་དུས་བབ།
༢༠༡༣/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཞང་བློན།

            སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ལྔ་པ། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༧ ཉིན་སྤྱི་འཐུས་སྒེར་གྱི་གསལ་བཤད་བྱ་རྒྱུའི་གོ་སྐབས་བཟུང་སྟེ། བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་གནང་བའི་བདེན་ཚིག་སྨོན་ལམ་ནང་། “ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།།” ཞེས་པ་དང་། ལྷ་མོའི་འཕྲིན་བསྐུལ་དུ་“རང་དབང་དཔལ་ལ་རེ་བཞིན་རྟག་གནས་ན།།”ཞེས་པ། གནས་ཆུང་འཕྲིན་བསྐུལ་དུ་“ཆོས་སྲིད་རང་དབང་དགའ་སྟོན་སྒྲུབས་ཤིག་ཀྱེ།།”ཞེས་པ། དེ་བཞིན་བོད་སྐྱོང་ལྷ་སྲུང་སྤྱིའི་འཕྲིན་བསྐུལ་དུ་“ཆོས་སྲིད་རང་དབང་གཙང་མའི་སྣང་བའི་དཔལ།།” ཞེས་གསུངས་པ་དེ་དག་གི་བརྗོད་ཚིག་ཏུ་ཡོད་པའི་‘རང་དབང་’ཞེས་པ་‘རང་བཙན་’གྱི་དོན་ལ་གོ་དགོས་པ་དང་། ༸གོང་ས་མཆོག་གི་ཐུགས་ཀྱི་བཞེད་དགོངས་ངོ་མ་‘བོད་རང་བཙན་’ཡིན་ཚུལ་འགྲེལ་བརྗོད་བྱས་ཡོད་པ་དང་།  “ངས་ཤེས་ཚོད་བྱས་པ་ཡིན་ན་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་དབུ་མ་དེ་ཛ་དྲག་དང་དེ་འདྲའི་གནས་སྟངས་ཤིག་ལ་གཟིགས་ནས་ཐབས་བརྒྱ་ཇུས་སྟོང་གིས་ཐབས་ཤེས་ཤིག་བཏོན་གནང་བ་རེད་མ་གཏོགས། དགོས་པ་དེ་སྐུ་མདུན་གྱི་དགོངས་པའི་ནང་དུ་ཡང་རང་དབང་རང་བཙན་རེད་བསམ་པ་དེ་ཡོད།” ཅེས་བཤད་ཡོད། གནད་དོན་དེ་དང་འབྲེལ་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༥ པའི་ཚེས་ ༡༦ དང།  ཕྱི་ལོ་ ༢༠༡༣ ཟླ་ ༩ པའི་ཚེས་ ༢ ཉིན་སོ་སོར། ཀརྨ་ཆོས་འཕེལ་དངོས་སུ་མིང་འདོན་གནང་ནས་དངོས་ཡོད་གནས་ཚུལ་ལ་གསལ་འགྲེལ་གྱི་བཀའ་སློབ་ཟབ་རྒྱས་ཕེབས་ཡོད།

འོན་ཀྱང་ཁོ་པས་རང་སྐྱོན་ངོས་ལེན་བྱ་རྒྱུ་ལས་ཟློག་སྟེ། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༦ ཉིན་གསལ་བསྒྲགས་ཤིག་སྤེལ་ཏེ། དངོས་ཡོད་གནས་ཚུལ་ལ་ཁྱོག་བཤད་དང་ལོ་རྒྱུས་རྫུན་བཟོ་བྱེད་པའི་བྱ་ཐབས་སྤེལ་ཡོད། ང་ཚོས་གནས་ཚུལ་འདི་རིགས་ལ་དུས་དང་མཐུན་པའི་གསལ་འགྲེལ་ཞིག་མ་བྱས་ཚེ། དེབ་ཐེར་ནང་རྫུས་བཟོས་བདེན་འགྱུར་གྱི་ངོ་བོར་གནས་། འབྱུང་འགྱུར་མི་རབས་རྣམས་མགོ་བོ་རྨོངས་གཞིར་འགྱུར་ཉེན་ཤིན་ཏུ་ཆེ། གཤམ་དུ་ཁོ་བོས་དངོས་ཡོད་གནས་ཚུལ་ལ་བདེན་རྒྱབ་བདེན་གནོན་གྱི་ཚུལ་དུ། ཀརྨ་ཆོས་འཕེལ་གྱི་བདེན་པ་མིན་པའི་སྐད་ཆ་རེ་རེ་བཞིན་ཐིལ་བརྟོལ་བྱ་རྒྱུ་ཡིན། 

            ཁོ་པའི་གསལ་བཤད་ནང་། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་  ༥ ཉིན་སྤྱི་འཐུས་རྒྱུན་ལས་ནང་ཉེ་ཆར་མང་གཙོའི་དུས་ཆེན་ཉིན་སྤྱི་ནོར་ྋགོང་ས་ྋ སྐྱབས་མགོན་ཆེན་པོ་མཆོག་ནས་སྲི་ཞུ་ལས་བྱེད་མཉམ་བཞུགས་མོལ་ཚོགས་འདུ་གནང་བའི་ནང་བཀའ་སློབ་དང་བཀའ་བསྡུར་ཇི་བྱུང་སྐོར་དེ་སྐབས་ཚོགས་འདུར་ངོ་ཕེབས་ཚོགས་ཙོ་སྦྲེལ་པོ་དང་ཚོགས་དྲུང་གསུམ་ནས་གསལ་བཤད་བགྲོ་གླེང་གནང་འབྲས། བར་ལམ་ྋགོང་ས་མཆོག་ལ་ཐུགས་ཕམ་བྱུང་རྐྱེན་སྐུ་ཚེའི་ལོ་ཚད་སྐོར་གྱི་གནད་དོན་དང་ཕྲན་འབྲེལ་བ་གང་ཡང་མེད་པ་གསལ་པོ་ཆགས་པའི་ཐོག དེའི་ཕྱི་ཉིན་གུས་ནས་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་ལ་ངོ་བཅར་གྱིས་གཤམ་གསལ་གནད་དོན་རྣམས་སྙན་སེང་ཞུས་པ་ཡིན། ཞེས་ཟེར་བར། སྤྱི་ནོར་༸གོང་ས་མཆོག་ཐུགས་ཕམ་བྱུང་རྐྱེན་གྱི་གནད་དོན་དང་།  ཁྱོད་ཉིད་འབྲེལ་བ་གང་ཡང་མེད་པ་གསལ་པོ་ཆགས་ཞེས་པ་ནི་བདེན་པ་མིན་ཏེ། ཕྱི་ལོ་ ༢༠༡༣ ཟླ་ ༥ པའི་ཚེས་ ༡༦ ཉིན་༸གོང་ས་མཆོག་གིས་བོད་པའི་སློབ་ཕྲུག་ཅིག་གི་དྲི་བའི་ལན་དུ་ཁྱོད་ཀྱི་མིང་འདོན་གནང་སྟེ། “ཁོས་ང་མ་བིན་བཟོ་གི་ཡོད་པ་རེད།” ཅེས་གསུངས་པ་དང༌། ཕྱི་ལོ་ ༢༠༡༣ ཟླ་ ༩ པའི་ཚེས་ ༢ ཉིན་བོད་མིའི་སྒྲིག་འཛུགས་དབུས་ལས་ཁུངས་ཁག་གི་སྡེ་འགན་ཡན་གྱི་སྲི་ཞུའི་ལས་བྱེད་ཡོངས་ལ། བཞུགས་སྒར་ཕོ་བྲང་དུ་བཀའ་སློབ་གནང་སྐབས། སླར་ཡང་ཁྱོད་ཀྱི་མིང་འདོན་གནང་ནས། “ཀརྨ་ཆོས་འཕེལ་གྱིས་བཤད་པར་གྲུབ་འབྲས་ཐོན་འདུག ད་ཆ་རྒྱ་མིས་ངོས་ལ་ཚུར་‘ཁ་ནས་དབུ་མའི་ལམ་ཟེར་བ་མ་གཏོགས་དོན་དངོས་སུ་རང་བཙན་རྩོད་ཀྱི་འདུག་‘ཅེས་སྐྱོན་བརྗོད་བྱེད་ཀྱི་འདུག” ཅེས་སོགས་བཀའ་སློབ་ཕེབས་ཡོད།  དེ་སྐབས་མཇལ་ཁར་ངོ་ཕེབས་ཡོངས་ནས་༸གོང་ས་མཆོག་ཐུགས་ཕམ་བྱུང་རྐྱེན་གྱི་གནད་དོན་ཐད། ཁྱོད་ཀྱིས་སྡིག་ཉེས་ཇི་བསགས་མཁྱེན་རྟོགས་ཞིབ་གསལ་བྱུང་ཡོད་མོད། ཚོགས་ཙོ་སྦྲེལ་པོ་དང་ཚོགས་དྲུང་གསུམ་ནས་གསལ་བཤད་བགྲོ་གླེང་གནང་སྟེ། གནད་དོན་དེ་དང་ཕྲན་འབྲེལ་བ་གང་ཡང་མེད་པ་གསལ་པོ་ཆགས་ཟེར་བ། ཁྱོད་ཀྱིས་རང་ཉིད་དཀར་འདོན་ཆེད་ཚོགས་གཙོ་སྦྲེལ་པོ་དང་ཚོགས་དྲུང་རྒྱབ་དཔུང་དུ་འཁྱེར་ནས། རྒྱ་ཆེའི་མང་ཚོགས་ལ་མགོ་སྐོར་གཏོང་སེམས་བྱས་པ་རེད།

            ཡང་ཁྱོད་ཀྱིས།  “བོད་ཕྲུག་དེས་གོ་བ་ལོག་གྲུབ་ཀྱིས་ྋགོང་ས་མཆོག་ནས་ལམ་དབུ་མ་གསུངས་བཞིན་ཡང་ཐུགས་ནང་རང་བཙན་ཡོད་ལུགས་ཞུས་པ་དེ་དག་ཕྲན་ནས་སྔ་ཕྱིར་གྲོས་ཚོགས་སུ་ཞུས་པའི་གཏམ་བཤད་ནང་གཏན་ནས་བརྗོད་མེད་ཅིང། རང་ཉིད་ཀྱི་རྣམ་ཀུན་ཀུན་སློང་དང་སྣང་བའི་ཡུལ་དུའང་དེ་ལྟར་མེད་ངེས་ཡིན།” ཞེས་པར། གལ་ཏེ་ཁྱོད་རང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ལྔ་པ། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༧ ཉིན་གྲོས་ཚོགས་ནང་ཤེས་པ་རྣལ་དུ་མ་གནས་པ་མིན་ན། ཁྱོད་ཀྱིས་དེ་ཉིན་སྤྱི་འཐུས་སྒེར་གྱི་གསལ་བཤད་བྱ་རྒྱུའི་གོ་སྐབས་བཟུང་སྟེ། གོང་གསལ་འཕྲིན་བཅོལ་ཁག་གི་བརྗོད་ཚིག་ཏུ་ཡོད་པའི་‘རང་དབང་’ཞེས་པ་‘རང་བཙན་’གྱི་དོན་ལ་གོ་དགོས་པ་དང་། ༸གོང་ས་མཆོག་གི་ཐུགས་ཀྱི་བཞེད་དགོངས་ངོ་མ་‘བོད་རང་བཙན་’ཡིན་ཚུལ་འགྲེལ་བརྗོད་བྱས་ཡོད་པ་མ་ཟད།  “ངས་ཤེས་ཚོད་བྱས་པ་ཡིན་ན་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་དབུ་མ་དེ་ཛ་དྲག་དང་དེ་འདྲའི་གནས་སྟངས་ཤིག་ལ་གཟིགས་ནས་ཐབས་བརྒྱ་ཇུས་སྟོང་གིས་ཐབས་ཤེས་ཤིག་བཏོན་གནང་བ་རེད་མ་གཏོགས། དགོས་པ་དེ་ྋསྐུ་མདུན་གྱི་དགོངས་པའི་ནང་དུ་ཡང་རང་དབང་རང་བཙན་རེད་བསམ་པ་དེ་ཡོད།”ཅེས་སོགས་བཤད་པ་བརྙན་པར་དང་སྒྲ་འཇུག་གང་དགོས་འཛམ་གླིང་ཡུལ་གྲུ་ཀུན་ནས་ཉན་བལྟ་བྱ་ཆོག་པས། ཁྱོད་ཀྱི་གོང་བཀོད་གསལ་བཤད་དེ་ཤེས་པ་རྣལ་དུ་མ་གནས་པའི་སྐད་ཆ་ཙམ་ལས་མ་འདས།

            དེ་བཞིན་སྐབས་དེར་“གྲོས་ཚོགས་ནང་དཔལ་ལྡན་བཀའ་ཤག་དང༌། སྤྱི་འཐུས་རྣམ་པ་ཚོགས་བཞུགས་ཡོད་སྟབས་དགག་ལན་ཡོང་དགོས་ངེས་ཀྱང་བྱུང་མེད་པ་ནས་གསལ་པོ་མཁྱེན་ཐུབ།“ ཟེར་བར། ཁྱོད་ཀྱིས་སྤྱི་འཐུས་སྒེར་གྱི་གསལ་བཤད་ཟེར་བའི་སྐད་ཆ་བཤད་མཚམས་གྲུབ་མ་ཉིད་དུ། བཀུར་འོས་དཔལ་ལྡན་ཚོགས་སྦྲེལ་པོ་མཆོག་ནས། དགག་ལན་ཚ་ནན་ཕེབས་ཤིང་། དོན་ཚན་གསུམ་གྱི་ཐོག་ནས་ཁྱོད་ཀྱི་སྐད་ཆ་དེར་གྲོས་ཚོགས་ནང་གླེང་སློང་བྱ་རིན་མེད་པའི་གསལ་བཤད་གནང་ཡོད། དཔལ་ལྡན་ཚོགས་གཙོ་མཆོག་ནས་གཟི་བརྗིད་དང་ལྡན་པའི་ཐུགས་ཐག་དེ་བཅད་མཚམས། བསྐྱར་དུ་བཀའ་བློན་རྣམ་པ་དང་སྤྱི་འཐུས་ཚོས་དགག་ལན་གནང་དགོས་མ་མཆིས་ཏེ། རྒྱུ་མཚན་ནི་ཁྱོད་ཀྱི་སྐད་ཆ་དེར་གྲོས་ཚོགས་ནང་བགྲོ་གླེང་བྱ་རིན་མེད་པ་ཚོགས་གཙོ་མཆོག་ནས་གསལ་བཤད་གནང་གྲུབ་པ་རེད། དེར་བརྟེན་གྲོས་ལ་མ་ཚུད་པ་ཞིག་ལ་གྲོས་ཚོགས་ནང་དགག་ལན་རྒྱག་ས་མེད་པ་ཁྱོད་ཀྱིས་གསལ་པོར་ཤེས་ངེས་ཡིན། ཁྱོད་རང་ད་བར་ཐབས་ཤེས་དང་བརྒྱུད་ལམ་སྣ་ཚོགས་ཐོག་ནས་སྤྱི་འཐུས་ཡུན་རིང་བྱས་པས་གནས་ཚུལ་ཕྲན་ཚེགས་འདི་ཙམ་ཞིག་ལྟ་ལོས་ཤེས། འོན་ཀྱང་གལ་པོ་ཆེ་ལ་ནན་ཏན་དང་། དམ་པའི་ཆོས་ལ་བརྒྱ་ཚར་ཞེས་པའི་དཔེ་བཞིན། ཕྱི་ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གནད་དོན་དེ་གལ་ཆེར་བརྩིས་ནས་“བཀུར་འོས་སྤྱི་འཐུས་གཅིག་གིས་ྋགོང་ས་མཆོག་གི་ཞལ་ནས་དབུ་མའི་ལམ་གསུངས་ཀྱི་ཡོད་ནའང༌། ཐུགས་ལ་རང་བཙན་གྱི་དགོངས་པ་ཡོད་པའི་ཚོད་དཔག་གཅིག་གནང་སོང༌། ཚོད་དཔག་གནང་བ་དེ་གཞི་རྩ་ཡོད་པ་མ་རེད་ཅེས་ཞུ་རྒྱུ་ཡིན། གང་ཡིན་ཞེ་ན། ྋགོང་ས་མཆོག་གི་དགོངས་པ་དེ་ཞལ་ཞེ་གཉིས་མེད། སྔ་ཕྱི་བར་གསུམ་ལ་གསལ་པོ་བཀའ་གནང་བསྒྲུབས་པ་རེད། དེ་འདྲ་གསུངས་ཡོང་དུས་ྋགོང་ས་མཆོག་གི་ཐུགས་ལ་གཅིག་ཡོད་པ་དང༌། ཞལ་ནས་གཅིག་གསུངས་པ་རེད་ཟེར་བ་དེ་གཞི་རྩ་མེད་པ་རེད་ཞུ་རྒྱུ་ཡིན།”ཞེས་བཀའ་ཤག་གིས་གསལ་འདེབས་གནང་ཡོད།

            ཡང།  “དེ་བཞིན་གྲོས་ཚོགས་ཀྱི་ལས་དོན་རྡ་སར་གཟུགས་མཐོང་རླུང་འཕྲིན་ཐོག་ཐད་བཏོང་དང༌། བསྐྱར་སྟོན་ཡང་གནང་ཡོད་པས་དེ་སྐབས་མང་ཚོགས་ནས་ཀྱང་བསམ་ཚུལ་སྣེ་གཅིག་ཞུ་མཁན་བྱུང་མེད། “ ཅེས་པར། གྲོས་ཚོགས་དེ་རང་དུ་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་ནས་ཁྱོད་ཀྱི་སྐད་ཆར་གཞི་རྩ་མེད་པའི་ལམ་སྟོན་ཡོངས་ཁྱབ་གནང་བར། བོད་མི་སེམས་ཡོད་ཕལ་ཆེར་ལ་དེ་མ་ཉིད་དུ་ངེས་ཤེས་རྙེད་ཡོད་པས། ཡང་འགྲེལ་དང་བསྐྱར་འགྲེལ་བྱེད་པ་ངལ་བའི་རྒྱུ་ཡིན་མོད། བདེན་རྫུན་དཀར་ནག་དབྱེ་འབྱེད་བྱེད་མཁན་གྱི་སྐྱེ་བོ་གཏན་ཚིགས་པ་མང་པོས་ཁྱོད་ལ་དགག་པའི་སྟ་རེ་ཡང་ཡང་འཆར་བ་དེ་དག་ཁྱོད་ཀྱིས་མ་ཤེས་པའི་ཁུལ་དུ་བརྫུས་པ་ནི་བཞད་གད་ཀྱི་ཡུལ་ལགས། གཞན་ཡང་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༤ ཚེས་ ༨ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས། “༸གོང་ས་མཆོག་གི་བཞེད་དགོངས་ངོ་མ་གང་ཡིན་ཆེས་གསལ་བ་ཞིག་ནི་༸གོང་ས་མཆོག་གི་བཀའ་རྩོམ་དགའ་གདོང་འཕྲིན་བསྐུལ་དུ་“མཉེས་གཤིན་བྱམས་བརྩེས་འགྲོགས་ཐབས་འཚེ་མེད་ལམ།། མཐའ་གཉིས་སྤངས་པ་གཉིས་སྨན་དབུ་མའི་ལམ།། འཇིགས་རུང་དྲག་མཚོན་མ་མཆིས་ཞི་བདེའི་ཡུལ།། བསྐྲུན་པའི་ཐབས་ཚུལ་འགྲུབ་པའི་མཐུ་དཔུང་སྐྱེད།།”ཅེས་གསུངས་ཡོད་ཅིང་། འདི་ལས་གསུང་རྩོམ་གཞན་གྱི་དགོངས་དོན་ཡང་དཔོག་ནུས་པ་ལགས་ན། དྲང་བདེན་ལ་ཡིད་ཆེས་ཡོད་པའི་ཕྱི་ནང་མང་ཚོགས་རྣམས་ཀྱིས་གོ་ནོར་མ་ཐེབས་པ་གནང་གལ་ཆེ།” ཞེས་གསུངས་པའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བ་དེ་ཁྱོད་ཀྱི་གསལ་བཤད་ནང་ཟུར་ཙམ་ཡང་བཀོད་མ་ནུས་པར་འཇོག་པ་ནི་ཨ་སྡུག་ནང་གི་ཐབས་སྡུག་རང་རེད།

            གཞན་ཡང།  “དེར་བརྟེན་དེང་གི་འགྲོ་ལུགས་ལྟར་ན་བོད་ཕྲུག་དེར་ཕྲན་ནས་ཨ་སྒོར་ཐེར་འབུམ་གཅིག་གུན་གསབ་དགོས་པའི་ཁྲིམས་ཐོག་ཁ་མཆུ་འཛུགས་རྒྱུའི་གདེང་ཚོད་ཡང་ཡོད།“ ཅེས་པར། ཁྱོད་ཀྱིས་རང་ཉིད་ལ་དབང་ཆ་དང་གོ་ཐོབ་ཡོད་མདོག་གིས་ཉམས་ཆུང་སློབ་ཕྲུག་ཅིག་ལ་རྫིག་རྫིག་བྱེད་པ་ནི་ཅོལ་ཆུང་རང་རེད། ཨ་སྒོར་ཐེར་འབུམ་གཅིག་གུན་གསབ་དགོས་པའི་ཁྲིམས་ཐོག་ཁ་མཆུ་འཛུགས་རྒྱུའི་གདེང་ཚོད་ཡོད་ན་ད་བར་ཁ་མཆུ་མ་འཛུགས་པ་གང་ཡིན། གལ་ཏེ་ཁོ་བོ་སློབ་ཕྲུག་དེ་ཡིན་ན་ངས་ཁྱོད་རང་ཁྲིམས་ཁང་ལ་བསྐྱལ་ཏེ་ཨ་སྒོར་ཐེར་འབུམ་གཅིག་དགོས་པའི་ཁ་མཆུ་འཛུགས་རྒྱུའི་གདེང་ཚོད་ཡོད། གང་ཡིན་ཞེ་ན་ཁྱོད་ཀྱིས་རྫུན་བཤད་པ་དང་ཁོ་བོས་བདེན་པ་རྩོད་ཀྱིན་ཡོད། གཅིག་ནས་སློབ་ཕྲུག་དེས་ཁྱོད་ཀྱི་མིང་འདོན་བྱས་མེད་པས། “བཀུར་འོས་སྤྱི་འཐུས་ཤིག་“ཟེར་བ་དེ་ཁྱེད་རང་ཡིན་པ་ཇི་ལྟར་བསྒྲུབ་ནུས་སམ། གལ་ཏེ་སྤྱི་འཐུས་དེ་ཁྱེད་རང་ཡིན་པར་བསྒྲུབས་ན། “ྋསྐུ་མདུན་གྱི་དགོངས་པའི་ནང་དུ་རང་དབང་རང་བཙན་རེད་བསམ་པ་དེ་ཡོད།” ཟེར་མཁན་གྱི་སྤྱི་འཐུས་དེ་ཁྱེད་རང་ཡིན་པར་བསྒྲུབས་པ་མ་རེད་དམ། ཡང།  “བོད་ཕྲུག་དེས་གོ་བ་ལོག་གྲུབ་ཀྱིས་ྋགོང་ས་མཆོག་ནས་ལམ་དབུ་མ་གསུངས་བཞིན་ཡང་ཐུགས་ནང་རང་བཙན་ཡོད་ལུགས་ཞུས་པ་དེ་དག་ཕྲན་ནས་སྔ་ཕྱིར་གྲོས་ཚོགས་སུ་ཞུས་པའི་གཏམ་བཤད་ནང་གཏན་ནས་བརྗོད་མེད།“ ཅེས་ཤོད་ཀྱིན་ཡོད་པས། གནད་དོན་གྱི་སྔ་ཕྱི་ནང་འགལ་ཏག་ཏག་འགྲོ་བ་ཁྱོད་ཀྱིས་མི་ཤེས་སམ། དོན་དངོས་སུ་ཁྱོད་ཀྱིས་དེ་ལྟར་བཤད་སྐབས་ཀྱི་གྲོས་ཚོགས་ཀྱི་མི་རྣམས་ད་ལྟ་བཞུགས་ཡོད་པ་དང་། ཁྱོད་ཀྱིས་དེ་ལྟར་བཤད་པའི་དཔང་རྟགས་བརྙན་འཕྲིན་ཡོད། དགའ་ལྡན་ཕོ་བྲང་ཡིག་ཚང་དང་བཀའ་ཤག་གིས་གསལ་བཤད་གནང་བའི་ཡིག་ཆའི་དཔང་རྟགས་ཆ་ཚང་ཁོ་བའི་ལག་ཏུ་ཡོད་པས། དེང་གི་འགྲོ་ལུགས་ཡིན་ནའང་འདྲ། སྔར་གྱི་འགྲོ་ལུགས་ཡིན་ནའང་འདྲ། བདེན་པ་སུ་ལ་ཡོད་ན་དེ་ལ་རྒྱལ་ཁ་ཡོད་པས། ཁ་མཆུའི་སྐོར་བཤད་དུས་ཁྱོད་སྔངས་འདར་མི་ཤོར་བ་ཡ་མཚན།   མ་གཞི་ཁོ་བོ་ཁྱོད་ལྟར་ཨ་སྒོར་ལ་དེ་འདྲའི་དགའ་མཁན་ཞིག་མིན་མོད། ཁྲིམས་ས་གང་དུའང་གདེང་ཚོད་ངང་འགྲོ་བའི་སྤོབས་པ་ཡོད།

            ཡང་“ཕྲན་གང་ཟག་ཕལ་པ་ཞིག་ནས་ྋརྒྱལ་བ་ཐམས་ཅད་མཁྱེན་པའི་དགོངས་པར་ཚོད་དཔག་ནམ་ཡང་ཞུ་མི་སྲིད།” ཟེར་བར། གཅིག་ནས་ཁྱོད་ཀྱིས་རང་ལས་ལྷག་པ་མེད་བསམ་པ་དང་།  རང་གི་ལྟ་བ་དེ་ཁོ་ན་འགྲིག་ཡོད་བསམ་པ་དེ་ང་རྒྱལ་རེད། གཉིས་ནས་སངས་རྒྱས་ལ་ཀ་ཁ་བསླབ་འདོད་པ་དང།  ༸གོང་ས་མཆོག་ལ་འགྲན་འདོད་པ་དེ་ཞེ་སྡང་རེད། གསུམ་ནས་༸གོང་ས་མཆོག་གིས་ལམ་ལེགས་པར་བསྟན་ཡང་ཁྱོད་ཀྱིས་གོ་ཤེས་ཉན་ཤེས་ཁྱོན་ནས་མེད་པར་ཨུ་ཚུགས་ཀྱི་མཐའ་ལ་བུད་པ་དེ་གཏི་མུག་རེད། དེར་བརྟེན་ཉོན་མོངས་དུག་གསུམ་གྱིས་ཚོས་པའི་གང་ཟག་ཅིག་གིས་༸རྒྱལ་བ་ཐམས་ཅད་མཁྱེན་པའི་དགོངས་པར་ཚོད་དཔག་ཞུ་བསམ་ན་ལྟས་ངན་རེད། དེ་ལྟར་ཨུ་ཚུགས་ཀྱིས་ཞུ་བའི་དམ་བཅའ་བླངས་ན་ལོག་རྟོག་རེད།

            ཡང་“འོན་ཀྱང་ྋསྙན་སེང་སྒྲོན་སྟངས་ནས་ྋགོང་ས་མཆོག་ལ་མི་ལེགས་པའི་དགོངས་ཚུལ་ཞིག་བྱུང་ཡོད་གཤིས་དེར་གུས་ནས་ལྷ་དགོངས་དྭངས་བར་གུས་ཕྱག་དང་བཅས་དགོངས་སེལ་ཞུ་རྒྱུ་ཡིན།” སྐད་ཆ་འདི་ནི་ཁོ་པའི་གསལ་བཤད་ནང་གི་ཧམ་བསྙོན་ཆེ་ཤོས་དེ་རེད། ཁྭ་ཏས་མི་གཙང་ཟོས་པའི་མཆུ། ། ས་གཙང་གཞན་ལ་འབད་ནས་འཕྱིད། ། ཟེར་བ་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གསེང་སྒྲོན་མཁན་གྱིས་གནས་ཚུལ་རྫུན་བཟོ་བྱས་ནས། ཁོ་པར་མ་ཉེས་ཁག་གཡོགས་བྱས་བྱུང་ཞེས། རང་སྐྱོན་གཞན་ལ་འགེལ་ཐབས་བྱེད་པ་ནི་ཐ་ཤལ་གྱི་བྱ་ཐབས་འབའ་ཞིག་རེད།

            གཞན་ཡང།  “དགོངས་ཚུལ་འབྱུང་གཞིའི་གནད་དོན་དེ་དག་གུས་ནས་བརྗོད་པ་རྩ་བ་ནས་མེད་ཐད་རིང་མིན་ྋགོང་ས་མཆོག་ལ་ྋམཚན་འཁོད་ྋསྙན་ཞུ་ཞིག་འབུལ་རྒྱུ་ཡིན།“ ཟེར་བ་དང།  “དགོངས་སེལ་ཞུ་རྟེན་དུ་ཕྲན་ནས་ད་ཕན་གནད་དོན་དེ་ཐོག་བསམ་ཚུལ་བརྗོད་རིགས་ཡོངས་རྫོགས་ཕྱིར་འཐེན་ཞུ་རྒྱུ་དང༌། སླད་མར་དེ་སྐོར་གླེང་སློང་ནམ་ཡང་བྱ་རྒྱུ་མིན།“ ཟེར་བར། གཅིག་ནས་གནད་དོན་དེ་དག་ཁྱོད་ནས་བརྗོད་པ་རྩ་བ་ནས་མེད་ཟེར་བ་དང་།  ཡང་ཕྱོགས་གཞན་ནས་ད་ཕན་གནད་དོན་དེ་ཐོག་བསམ་ཚུལ་བརྗོད་རིགས་ཡོངས་རྫོགས་ཕྱིར་འཐེན་བྱ་རྒྱུ་ཟེར་བར། ཡང་སྙིང་ཁྱོད་ཀྱི་ཞེ་འདོད་ངོ་མ་གང་ཡིན་ཆ་མ་འཚལ། གང་ལྟར་ཡང་གནད་དོན་དེ་དག་ཐད་གོང་དུ་གསལ་བཤད་ངེས་འདྲོངས་བྱས་ཡོད་པས། བསྐྱར་དུ་༸གོང་ས་མཆོག་སྙན་སུན་ཞུ་སེམས་ཡེ་ནས་མ་བཅངས་པ་དགོས་རྒྱུ་དང་།  ལྷག་པར་ཁྱོད་རང་སྤྱི་འཐུས་ཤིག་གི་མིང་འཁུར་ཡོད་པས། འཕྲལ་ཕུགས་ཀུན་ལ་གནོད་གཞིའི་ལས་ངན་འདི་རིགས་སྤེལ་མཚམས་འཇོག་རོགས། ཁྱོད་ཀྱིས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་སྡིངས་ཆ་བེད་སྤྱད་དེ་གོང་གསལ་གླེང་ཕྱོགས་བཟོས་ཡོད་པས། གནད་དོན་འདི་ཕྱིར་བསྡུ་བྱ་ས་དང་སླད་མར་གླེང་སློང་མི་བྱ་བའི་ཁས་ལེན་བྱ་ས་ཡང་གྲོས་ཚོགས་ཀྱི་སྡིངས་ཆ་འདི་རང་ཡིན་དགོས། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་དྲུག་པ་འཚོགས་གྲབས་ཡོད་པས། རང་བློ་རང་གིས་མ་རྟོགས་ན། ། རང་སྐྱོན་རང་གིས་མཐོང་བར་དཀའ། ། ཞེས་པ་ལྟར། ཁྱོད་ཀྱིས་ཤེས་པ་ནང་དུ་བསྡུས་ནས་རང་ཉིད་ཀྱི་མཐའ་མའི་གདམ་ག་དེ་བྱ་རྒྱུའི་དུས་ལ་སླེབས་ཡོད་དོ། །

ཞོར་གླེང།

            ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༦ ཉིན་ཀརྨ་ཆོས་འཕེལ་གྱིས་གསལ་བཤད་དེ་སྤེལ་རྗེས། བཙན་བྱོལ་སྤྱི་ཚོགས་ནང་དྲང་ལྡོག་གཉིས་ཀྱི་ཐད་ནས་གླེང་སློང་གང་འཚམས་ཤིག་བྱས་ཡོད། གནད་དོན་དེ་དག་ནང་ནས་ཆེས་ཉེས་འཛོལ་ཆེ་བ་ནི། དབུ་མའི་ལམ་༸གོང་ས་མཆོག་གི་དགོངས་གཞི་ཡིན་པ་དང་། ཀརྨ་ཆོས་འཕེལ་གྱིས་རང་བཙན་གླེང་ནས་༸གོང་ས་མཆོག་ཐུགས་ཕམ་བྱུང་བ་རེད། ཅེས་པ་འདི་རེད། དངོས་ཡོད་གནས་ཚུལ་ལ། དབུ་མའི་ལམ་ནི་༸གོང་ས་མཆོག་གི་དགོངས་གཞི་ཙམ་མ་ཟད། དེ་ནི་བཙན་བྱོལ་བོད་མི་ཕལ་ཆེར་གྱིས་གདམ་ག་བྱས་པའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་དང་། གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་རེད། སྲིད་བྱུས་འདིའི་གཏན་འབེབས་ཀྱི་ལས་དོན་ནང་དངོས་སུ་ཞུགས་མྱོང་བའི་གང་ཟག་ཅིག་གིས་ཧམ་བཤད་ཀྱིས། རང་སྒེར་གྱི་འདོད་ཚུལ་རང་བཙན་ཡིན་པ་དང་། དེ་ཡང་དག་པར་ཡིན་པའི་བསྒྲུབ་བྱེད་དུ་༸གོང་ས་མཆོག་གི་གསུང་ཡར་འཐེན་མར་འཐེན་གྱིས་ལུང་འདྲེན་བྱས་ཡོད། ཁོ་པའི་བྱ་ཐབས་འདི་༸གོང་ས་མཆོག་ཐུགས་ཕམ་ཡོང་གཞི་ཙམ་མ་ཟད། རྒྱ་ཆེའི་མང་ཚོགས་ལ་མགོ་སྐོར་གཏོང་བའི་བྱ་ཐབས་ཤིག་ཡིན་པས། བོད་མི་ཚོས་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་དགོས་རྒྱུ་དང་།  འབྲེལ་ཡོད་བཀའ་བརྒྱུད་མི་མང་ཚོས་ཀྱང་ངེས་པར་དུ་གསལ་བཤད་ཅིག་མ་གནང་བར་དེ་མུར་ཅམ་གྱིས་འཇོག་ཚེ། ལོ་རྒྱུས་ཀྱི་གནད་དོན་ལ་དཀར་ནག་གོ་ཟློག་གི་ལྷད་ཞུགས་ངེས།

            གཞན་ཡང་།  ཀརྨ་ཆོས་འཕེལ་གྱི་ལོག་བཤད་དང་འགྲེལ་བ་མེད་ཀྱང་འདིར་སྐབས་བབ་ཀྱི་གནད་དོན་གཞན་ཞིག་གླེང་ན། ཕྱི་ལོ་ ༢༠༡༣ ཟླ་ ༩  པའི་ཚེས་ ༢ ཉིན་སྲི་ཞུའི་ལས་བྱེད་ལ་བཀའ་སློབ་ཕེབས་སྐབས། ལྷ་བཟང་ཚེ་རིང་དང་། འཇམ་དབྱངས་ནོར་བུ། དོན་གྲུབ་ལྷ་དར། ཀརྨ་རྒྱ་མཚོ་བཅས་ཀྱི་མིང་འདོན་གནང་འདུག ལྷ་བཟང་ཚེ་རིང་དང་འཇམ་དབྱངས་ནོར་བུས་འཆར་སྣང་ཁྲོད་བོད་རང་བཙན་གླེང་བ་ཙམ་ལས།  བོད་དོན་བདེན་མཐའ་སེལ་ཐབས་ཐོག་ཕན་འབྲས་སོན་པའི་བྱ་བ་སྣ་གཅིག་བསྒྲུབས་མེད་པ་དང་། དེ་ལས་ཟློག་སྟེ་དབུ་མའི་ལམ་ནི་༸གོང་ས་མཆོག་གི་དགོངས་གཞི་ཙམ་ལ་ངོས་འཛིན་པ་ལས། དེ་ནི་བོད་མི་མང་གི་མངོན་འདོད་དང་གྲོས་ཚོགས་ཀྱིས་ཁྲིམས་སུ་བཅས་པའི་སྲིད་བྱུས་ཤིག་ཡིན་པའི་དངོས་ཡོད་གནས་ཚུལ་ལ་བསྙོན་འཛུགས་བྱས་པ་དང་། དོན་གྲུབ་ལྷ་དར་དང་ཀརྨ་རྒྱ་མཚོས་༸གོང་ས་མཆོག་ནས་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་སྲིད་དབང་རྩིས་སྤྲོད་གནང་ནས། དགའ་ལྡན་ཕོ་བྲང་གིས་སྲིད་དབང་བསྐྱང་རྒྱུའི་མཚམས་བཞག་གནང་མཛད་སྐབས། “རྒྱལ་བ་རིན་པོ་ཆེས་བོད་གཞུང་བསྡུ་གསོག་བརྒྱབས་སོང་།“ ཟེར་བ་སོགས། ༸གོང་ས་མཆོག་ལ་གཞི་མེད་བསྙོན་འཛུགས་བྱས་པར་བརྟེན་གོང་གསལ་གནད་དོན་བྱུང་བར་སེམས།

            རང་བཙན་ལ་ཁས་ཆེ་བ་འདི་དག་ཕལ་ཆེ་བ། རང་ཉིད་ཀྱི་ལྟོ་གོས་ལ་སེམས་ཁྲལ་མེད་པ་དང་། རང་གི་བུ་ཕྲུག་དང་ཁྱིམ་གཞིས་ཕྱི་རྒྱལ་དུ་རྟེན་གཞི་བྱས་པ། རང་ཉིད་ལ་རྒྱལ་ཁབ་གཞན་གྱི་མི་སེར་ལག་ཁྱེར་ཡོད་པ་སོགས་ལ་བརྟེན། བོད་དོན་བདེན་མཐའ་སེལ་ཐབས་ལ་དུས་ཡུན་ག་ཚོད་འགོར་ཡང་ཁྱད་པར་གཏན་ནས་མེད་པས། ཁོང་ཚོས་རང་བཙན་གྱི་ཁ་གཡང་སྒྲོག་པར་སྔ་ཕྱིའི་བསམ་བློ་གང་ཡང་གཏོང་དགོས་མེད། གལ་ཏེ་འབྱུང་འགྱུར་ལོ་ ༣༠༠ འམ་ ༤༠༠  ནང་བོད་རང་བཙན་མ་ཐོབ་ཀྱང་ཁོང་ཚོའི་བུ་ཕྲུག་ལ་དཀའ་ངལ་མི་འཕྲད་པ་སྔོན་དཔག་ཐུབ་ཡོད། འོན་ཀྱང་བོད་ནང་གི་གཞིས་ལུས་རྒྱ་ཆེ་མི་མང་དང་། བཙན་བྱོལ་དུ་སུད་འཚོང་གི་འཚོ་བའི་ལས་ལ་བརྟེན་པའི་ཉམས་ཆུང་གཞིས་ཆགས་མི་མང་འདི་དག་གི་འཕྲལ་ཕུགས་ལ་བསམ་ཚེ། ང་ཚོས་དངོས་ཡོད་གནས་ཚུལ་དང་མཐུན་པའི་ལམ་ཞིག་འདེམས་དགོས་པ་ལས། སྣང་བ་སྐྱིད་པོའི་ཁ་གཡང་སྒྲོག་དུས་ཤིག་ག་ལ་ཡིན། ལྷག་པར་དུ་༸གོང་ས་མཆོག་སྐུ་འཚོ་བཞུགས་མེད་པའི་དུས་སྐབས་ཤིག་ཤར་ཚེ། བོད་ཀྱི་བདེན་མཐའ་ཟེར་བ་དང་བོད་མི་རིགས་ཀྱི་མངོན་འདོད་ཟེར་བའི་གནས་སྟངས་གང་འདྲ་ཞིག་ལ་སླེབས་མིན་ང་ཚོས་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། ཕྱི་ཟླ་ ༩ པའི་ཚེས་ ༢ ཉིན་སྲི་ཞུ་བར་བཀའ་སློབ་ཕེབས་སྐབས། ༸གོང་ས་མཆོག་དགོངས་ལོ་ ༩༠  ལྷག་ཀྱང་ཞུགས་མིན་དང་། བོད་པར་མཇལ་ཁ་གནང་བ་ལས་ཨིན་ཇི་དང་ལ་དྭགས་པ་སོགས་ལ་མཇལ་ཁ་གནང་ན་ལེགས་པོ་ཡོད་ཚུལ་སོགས། ང་རང་ཚོའི་དམ་ཚིག་རྩད་ནས་ཉམས་པའི་བཀའ་སློབ་ཕེམས་དོན་ལ་བསམ་གཞིགས་ནན་ཏན་ཞིག་མ་བྱས་ཚེ།  ནམ་ཞིག་འགྱོད་པའི་གླིང་ལ་སྐྱེལ་དུས་འཕྱིས་དྲགས་པ་རེད།

            དེར་བརྟེན་ང་ཚོས་ཤེས་པ་རྣལ་དུ་ཕབ་ནས་བདེན་རྫུན་ལ་དབྱེ་འབྱེད་དང་། གཞིས་ལུས་རྒྱ་ཆེའི་མི་མང་གི་བཀའ་སྡུག་ལ་སེམས་འཁུར།  བོད་མི་རིགས་ཀྱི་འཕྲལ་ཕུགས་ཀྱི་ཁེ་ཕན་ལ་བསམ་གཞིགས་བཅས་བྱས་ཏེ། ༸གོང་ས་མཆོག་སྐུ་འཚོ་བཞུགས་འདི་རང་དུ་རང་ཡུལ་དུ་ཕྱིར་ལོག་བྱེད་པའི་ཐབས་ལ་འབད་དགོས་ཤིན་ཏུ་ནས་གལ་ཆེའོ། །

འབྲེལ་ཡོད་གསར་འགྱུར།

On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༩ སྔོན་ལ།
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩

མཆན། 6

  1. བསྟན་པ། says:
    ལོ་ 12 སྔོན།

    ༼དུས་བབ་ཚང་གི་མང་གཙོ་འགན་འཁུར་གཙོ་བོ་བྱེད་མདོག་མདོག་གི་ངས་མཆན་མི་འགོད་པ་ཅི་ཡིན་ནམ།༽

    ཞང་བློན་ལགས་ཀྱིས་དངོས་གནས་གནད་ལ་ཁེལ་བ། ཁ་གསལ་བ་དང་གོ་བདེ་བ། དག་ཡིག་དང་བརྗོད་བྱ་སོགས་གང་སྤྱིའི་ཐད་ནས་དུས་ཚོད་བཏང་གོ་ཆོད་པས་རྩོམ་ཞིག་སྤེལ་འདུག་པས་དགའ་བསུ་དང་ཡིད་རང་ཞུ། ངས་ཚོད་དཔག་བྱས་ན་ཁྱེད་ནི་ཡང་ན་སྲི་ཞུ་བ་རྙིང་པ་ཞིག་རེད་དེ་མིན་ན་གསར་འབྱོར་བ་རྙིང་བ་ཞིག་ཏན་ཏན་རེད། མ་གཞི་ནས་རྩོམ་སྤུས་དག་དེ་འདྲར་བདག་པོ་མེད་པར་སྨྱུག་མིང་འོག་གབ་དགོས་བྱུང་བ་དངོས་ནས་སེམས་སྐྱོ་དགོས་པའི་གནས་ཚུལ་ཞིག་རེད། གཅིག་བྱས་ན་བཙན་བྱོལ་སྤྱི་ཚོགས་ཀྱི་སྨྲ་བརྗོད་རང་དབང་ལ་འགན་འཁུར་བ་ཚོར་སྨྲ་བརྗོད་ཀྱི་ཁོར་ཡུག་སྤུས་ཚད་དང་མི་མང་གི་ཤེས་ཚད་ཡང་དེ་ནས་གསལ་སྟོན་ཐུབ། བརྗོད་དོན་གཙོ་བོ་ནི་རེ་ཞིག་ངས་བསམ་གནོ་བཏང་སྐབས་ཉིད་ནས་ལོ་རྒྱུས་ཀྱི་གནད་དོན་གསེལ་འགྲེལ་བདེན་རྒྱབ་བདེན་གནོན་བྱེད་སྟངས་དེ་གངས་རིས་ཁ་ཕྱོགས་གཅིག་རང་ནས་གཅེར་བལྟས་བྱས་ནས་སྐད་བརྒྱབ་པ་ལྟ་བུ་ཞིག་ཏུ་མཐོང་སོང་།།

    ཁྱེད་ཀྱིས་གླེང་པའི་གནད་དོན་དེར་ང་ཕྱོགས་ལུས་ནས་བལྟས་ན། དབུ་མ་ནི་༸གོང་ས་མཆོག་གིས་སྟོན་གནང་མཛད་པའི་སྲིད་བྱུས་ཤིག་ཡིན་ལ་༸སྐུ་མདུན་ནས་ཀྱང་རང་ཉིད་འཚོ་བཞུགས་རིང་ལ་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་མེད་ཅེས་བཀའ་སློབ་དུ་མ་ཕེབས་ཡོད། བོད་མིའི་ནང་༸གོང་ས་མཆོག་ལ་དད་མོས་ཇི་ཙམ་ཡོད་པ་ནི་ཚང་མས་མཁྱེན་གསལ་རེད། ཤེས་ནས་དད་པ་ཐོབ་མཁན་ཡོད་ལ་ཆོས་ལུགས་ཀྱིས་རྨོངས་པས་དད་པ་འཐོབ་པ་ཡང་ཡོད། དེ་འདྲའི་གནས་སྟངས་ཤིག་གི་འོག་ཤུགས་ནས་གཞུང་ཕྱོགས་ཀྱི་སྲིད་བྱུས་ལ་འགྱུར་བ་ཞིག་བཏང་དགོས་ཚེ་༸གོང་ས་མཆོག་དགོངས་གཞི་ལ་རང་བཞིན་མ་བསྟུན་རང་བསྟུན་ཞིག་ཆགས་ཡོད། གནས་སྟངས་དེ་འདྲའི་དབང་གི་ཀརྨ་ཆོས་འཕེལ་ལགས་ཀྱིས་༸གོང་ས་མཆོག་གི་ཐུགས་ཕུགས་སུ་རང་བཙན་གྱི་འདོད་པ་ཞིག་མེད་དམ་མཉམ་པའི་ཚོད་དཔག་དེ་བྱས་པ་མིན་ནམ་བསམ། །

    ཁོང་གིས་ལུས་འདྲེན་པའི་འཕྲིན་སྐུལ་དེ་དག་སྔོན་མ་གཞུང་གི་སྲིད་བྱུས་རང་བཙན་ཡིན་པའི་སྐབས་མཛད་པའི་འཕྲིན་སྐུལ་རྐྱང་ཡིན་དུས། ཡང་ན་སྐབས་དེ་དུས་སྲུང་མ་དབུ་བསྐོར་བཏང་བ་མིན་འགྲོ མ་གཞི་སྐུ་སྒེར་ཡིག་ཚང་གི་ཡིག་ལན་ནང་སྲུང་མ་གཙོ་བྱེད་རྣམས་འཕྲིན་སྐུལ་ལུངས་འདྲེན་བྱེད་པ་དེ་ཚོར་འགྲེལ་བཤད་བརྒྱབ་རྒྱུའི་ཚབ་ཏུ་དགའ་གདོང་འཕྲིན་སྐུལ་གྱི་ཚིག་དབུ་མ་ཅན་གཅིག་པུ་དེ་འཁྱེར་ཡོང་དོན་གང་རེད། བོད་མིའི་ནང་གནས་ཆུང་ལས་དགའ་གདོང་གི་འཕྲིན་སྐུལ་ཤེས་མཁན་དང་འདོན་མཁན་ནི་ཉིན་མོའི་ནང་སྐར་མ་ལྟ་བུ་རེད་ལ་དེང་ཡས་དགའ་གདོང་ཁ་དྲག་གི་མེད་པ། བྱས་ཙང་འཕྲིན་སྐུལ་གྱི་ལུང་དེ་དག་འགྲེལ་བཤད་༸སྐྱབས་མགོན་རིན་པོ་ཆེ་རང་གིས་མ་གཏོགས་གཞན་སུས་ཀྱང་ཚིག་འགྲེལ་རྒྱབ་ནས་གསེལ་འགྲེལ་ཐུབ་ཐབས་མེད་པ་རེད།

    ཁྱེད་ཀྱི་བོད་ཕྲུག་སྐོར་དེ་ལ་ངས་བསམ་གཞིགས་ཤིག་བྱས་ཡོད། ཁོས་བཀོས་པའི་དྲི་བ་སྔ་ཕྱི་གཉིས་ཀ་བང་སྒྲིག་ནས་འཆར་གཞི་དང་ལྡན་པ་ཞིག་མཐོང་སོང་། མ་གཞི་ནས་ས་གནས་ཀྱི་མིར་སྐད་ཆ་དྲིས་སྐབས་ཕྲུག་གུ་ཅང་ཡིན་བཟོ་མིན་འདུག ཝར་ན་སློབ་ཐོན་པ་ཞིག་རེད་བཞག་ལ་ཨ་ཆེ་དང་བུ་ཕྲུག་ཡང་འདུག སྤྱིར་ཨ་རིར་མི་རྒན་སློབ་ཕྲུག་ལོ་ན་བརྒྱ་བཅུ་གསོན་པ་ཡང་ཡོད་པས་བོད་ཕྲུག་ཅེས་པའི་ཕྲུ་གུའི་ཐ་སྙད་ལ་བསྙད་ནས་ཤེས་པ་བརྣལ་ལ་མ་ཁེལ་ཕྲུ་གུ་ན་མ་གསོན་པ་དེ་འདྲ་ཞིག་རེད་མིན་འདུག ཁོས་དྲི་བ་གཉིས་པ་དེར་གཅིག་ཉོན་དང་། ཆོས་ལུགས་སྤྱི་འཐུས་མི་སྐྱ་ཡོང་མི་ཆོག་པ་ག་རེ་ཡོད་རེད། བོད་ཀྱི་ཆོས་ལུགས་ཀྱི་བསྟན་བདག་ཚང་མ་སེར་མོག་ཞིག་མིན་པ་ཤེས་གསལ་རེད་པ། དེ་འདྲ་ཡིན་དུས་ཁོས་དྲི་བ་དེ་ཚོའི་འོག་ལ་བཀོད་བྱུས་བྱེད་མཁན་ཞིག་ཏན་ཏན་ཡོད་བཟོ་འདུག་ལ་ཡང་ན་ངན་བྱུས་ཤིག་རང་ངོས་ནས་མེད་འགྲོ་སྙམ་པ་བྱུང་།
    དེ་མིན་གནད་དོན་མང་པོ་འདུག་པས་ཞུ་མཚམས་བྱེད། མ་གཞི་ནས་བོད་མི་ས་ཡ་དྲུག་གི་༸སྐྱབས་མགོན་རིན་པོ་ཆེར་དེ་ལྟར་དད་མོས་བྱེད་སྐབས་མི་ཕལ་བ་རྐང་པ་བཞིས་སྐད་ཆ་ཤོད་བཏང་གི་ཁོང་གི་སྐུ་ཚེར་གནོད་ཀྱི་འདུག་ཟེར་བའི་གཏམ་དེ་ཚོ་ང་ཚོ་བོད་པ་ནང་ཁུལ་གྱི་སྐད་ཆ་རེད་མ་གཏོགས་ཕྱི་ལ་བཤད་རྒྱུའི་སྐད་ཆ་ཞིག་མ་རེད། དེ་ཕྱིར་གཞུང་ཞབས་ཀྱི་བཀའ་སློབ་དེ་དག་ཕྱིར་བསྒྲགས་བྱས་མེད་ལ་ཁྱེད་ཀྱིས་ཀྱང་བྱེད་ཐབས་བྲལ་བས་གོང་གསལ་ལུང་འདྲེན་གྱི་ཚོམ་བུ་དེ་དག་ལ་དངོས་ཡོད་ཀྱི་བདེན་སྤངས་ཇི་ཙམ་ཡོད་མེད་ངལ་གསོ་རེད། སླད་ནས་ཚུར་རིའི་ཕྱོགས་ནས་ཀྱང་སྐབས་རེ་བལྟས་ན་བདེན་པ་མི་འདྲ་བ་ཡོད་སྲིད་པ་ཞིག་ཡིན་པས་ཉེ་ཆར་ཕྱི་རྒྱལ་གསུངས་ཆོས་སྐབས་སྐྱབས་མགོན་རིན་པོ་ཆེས་དེ་དོན་གྱི་གསུངས་དེ་དག་ལ་གསན་རྒྱུ་ཨེ་བྱུང་ཞང་བློན་ལགས།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་ ལྷག་པར་དུ་༸གོང་ས་མཆོག་སྐུ་འཚོ་བཞུགས་མེད་པའི་དུས་སྐབས་ཤིག་ཤར་ཚེ། བོད་ཀྱི་བདེན་མཐའ་ཟེར་བ་དང་བོད་མི་རིགས་ཀྱི་མངོན་འདོད་ཟེར་བའི་གནས་སྟངས་གང་འདྲ་ཞིག་ལ་སླེབས་མིན་ང་ཚོས་ཚོད་དཔག་བྱེད་ཐུབ་པ་ཞིག་རེད།
    ཕྱི་ཟླ་ ༩ པའི་ཚེས་ ༢ ཉིན་སྲི་ཞུ་བར་བཀའ་སློབ་ཕེབས་སྐབས། ༸གོང་ས་མཆོག་དགོངས་ལོ་ ༩༠ ལྷག་ཀྱང་ཞུགས་མིན་དང་། བོད་པར་མཇལ་ཁ་གནང་བ་ལས་ཨིན་ཇི་དང་ལ་དྭགས་པ་སོགས་ལ་མཇལ་ཁ་གནང་ན་ལེགས་པོ་ཡོད་ཚུལ་སོགས།
    ང་རང་ཚོའི་དམ་ཚིག་རྩད་ནས་ཉམས་པའི་བཀའ་སློབ་ཕེམས་དོན་ལ་བསམ་གཞིགས་ནན་ཏན་ཞིག་མ་བྱས་ཚེ། ནམ་ཞིག་འགྱོད་པའི་གླིང་ལ་སྐྱེལ་དུས་འཕྱིས་དྲགས་པ་རེད། ་་་་་ཟེར།

    Reply
  3. བསྟན་ཆོས། says:
    ལོ་ 12 སྔོན།

    མཆན་བ་སུ་ཡིན་ཀྱང། བསམ་བློ་ཡག་པོ་བཏང་དེ་བཤད་ན། གཟུ་བོར་བཤད་དགོས་པས་དེ་ལ་བརྩོན་གནང་བྱེད་པར་རེ་བ་ཞུ།
    ཀར་བཟི་བ་ན་རེ། ད་ལྟའི་བར་སྐྱབས་མགོན་མཆོག་གིས་དབང་བཟུང་ཡོད་པ་དང། ད་ཆ་དབང་འཛིན་ལས་ཡོངས་དུ་དགོངས་པ་ཞུས་ཟིན་སྟབས། རང་གི་སེམས་ཀྱི འདོད་པ་ངོ་མ་དེ་ཞུ་རྒྱུ་ཡིན་ཞེས་དང། སྐད་ལྟའི་གནས་སྐབས་འདིར་སྐྱབས་མགོན་རིན་པོ་ཆེའི་དགོངས་པའི་ནང་རང་བཙན་ལ་བསྙེགས་ཐབས་སུ་། ཕྱིའི་རྣམ་པར་དབུ་ལམ་ལ་བརྩོན་གནང་གི་ཡོད་པའི་སྒྲུབ་བྱེད་དུ་ལོང་དྲེང་བ་ཞིག་ཡིན་པ་གསལ་བོར་ཤེས་ཐུབ་དགོས་སོ།

    Reply
  4. བསྟན་ཆོས། says:
    ལོ་ 12 སྔོན།

    འདི་གླེང་རིན་མི་འདུག གཡུག་ན་ཡག ཀར་ཆོས་ལ་རྙོག་གླེང་དགོས་པ་རེད། མ་གཞི་ནས་དབུ་མའི་ལམ་གྱི་ཡར་སྔོན་ཡིན་པས། ད་ལྟའི་དགོངས་གཞི་གང་ཡིན་མཚོན་ན་གང་ལ་འགྲིག

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་ གཞན་ཡང་། ཀརྨ་ཆོས་འཕེལ་གྱི་ལོག་བཤད་དང་འགྲེལ་བ་མེད་ཀྱང་འདིར་སྐབས་བབ་ཀྱི་གནད་དོན་གཞན་ཞིག་གླེང་ན། ཕྱི་ལོ་ ༢༠༡༣ ཟླ་ ༩ པའི་ཚེས་ ༢ ཉིན་སྲི་ཞུའི་ལས་བྱེད་ལ་བཀའ་སློབ་ཕེབས་སྐབས། ལྷ་བཟང་ཚེ་རིང་དང་། འཇམ་དབྱངས་ནོར་བུ། དོན་གྲུབ་ལྷ་དར། ཀརྨ་རྒྱ་མཚོ་བཅས་ཀྱི་མིང་འདོན་གནང་འདུག ལྷ་བཟང་ཚེ་རིང་དང་འཇམ་དབྱངས་ནོར་བུས་འཆར་སྣང་ཁྲོད་བོད་རང་བཙན་གླེང་བ་ཙམ་ལས། བོད་དོན་བདེན་མཐའ་སེལ་ཐབས་ཐོག་ཕན་འབྲས་སོན་པའི་བྱ་བ་སྣ་གཅིག་བསྒྲུབས་མེད་པ་དང་། དེ་ལས་ཟློག་སྟེ་དབུ་མའི་ལམ་ནི་༸གོང་ས་མཆོག་གི་དགོངས་གཞི་ཙམ་ལ་ངོས་འཛིན་པ་ལས། དེ་ནི་བོད་མི་མང་གི་མངོན་འདོད་དང་གྲོས་ཚོགས་ཀྱིས་ཁྲིམས་སུ་བཅས་པའི་སྲིད་བྱུས་ཤིག་ཡིན་པའི་དངོས་ཡོད་གནས་ཚུལ་ལ་བསྙོན་འཛུགས་བྱས་པ་དང་།
    དོན་གྲུབ་ལྷ་དར་དང་ཀརྨ་རྒྱ་མཚོས་༸གོང་ས་མཆོག་ནས་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་སྲིད་དབང་རྩིས་སྤྲོད་གནང་ནས། དགའ་ལྡན་ཕོ་བྲང་གིས་སྲིད་དབང་བསྐྱང་རྒྱུའི་མཚམས་བཞག་གནང་མཛད་སྐབས། “རྒྱལ་བ་རིན་པོ་ཆེས་བོད་གཞུང་བསྡུ་གསོག་བརྒྱབས་སོང་།” ཟེར་བ་སོགས། ༸གོང་ས་མཆོག་ལ་གཞི་མེད་བསྙོན་འཛུགས་བྱས་པར་བརྟེན་གོང་གསལ་གནད་དོན་བྱུང་བར་སེམས། ་་་་་་་

    Reply
  6. གནས་ཚང་། says:
    ལོ་ 12 སྔོན།

    ད་ལྟའི་བཤད་སྟངས་ལྟར་ན། ༡༩༧༤ལོའི་ཡར་སྔོན་གོང་ས་མཆོག་གི་ལངས་ཕྱོགས་རང་བཙན་ཡིན་པ་དང་། ཚོགས་ཟུར་ཀརྨ་ཆོས་འཕེལ་ལགས་ཀྱིས་དྲངས་པའི་རྩོམ་དེ་རིགས་ཀྱང་ལོ་རབས་དྲུག་ཅུ་དང་བདུན་ཅུའི་དུས་འགོར་སྤེལ་བ་ཞིག་ཡིན་པས། འགལ་བ་ཆེར་མེད་པར་སྣང་། གལ་སྲིད་དེ་ལས་ལྡོག་ན། དྲི་བ་མང་པོ་སྐེབས་ཀྱི་རེད། དཔེར་ན། སྟག་བྲག་རིན་པོ་ཆེ་ཡིས་གོང་ས་མཆོག་ལ་སྲིད་འགན་རྩིས་སྤྲོད་སྐབས། བོད་ནི་རྒྱ་ནག་གི་ཆ་ཤས་སུ་གྱུར་ཡོད་དམ་མེད། སྲིད་འགན་བཞེས་སྐབས། དབྱིན་གཞུང་སོགས་ཀྱི་སྐུ་ཚབ་ངོ་བཅར་བྱེད་དོན་ཅི།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese