མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་སྤྱི་ཚོཊ་ནང་སྒྱུ་རྩལ་བ་ཡིན་ལབ་དུས་སྙིང་རྗེ་ཟེར་གི་རེད།

བོད་ཀྱི་དུས་བབ།
༢༠༡༣/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིར་གནས་སྡོད་དེང་རབས་བོད་རིགས་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་ལགས་སུ་གནའ་དེང་དང་ཤར་ནུབ་ཀྱི་སྒྱུ་རྩལ། དེའི་ཁྱད་པར་སྐོར་ལ་བཅར་འདྲི་ཞུས་ཡོད།

            དྲི་བ། ཁྱེད་ཀྱིས་དེ་སྔོན་བོད་ནས་ས་སྤྱི་རྒྱ་ཉིས་ཁྲི་ངྷ་སར་དབོར་བ་དེ་ཚང་མས་ཤེས་ཀྱི་ཡོད་ཀྱང་། སྒྱུ་རྩལ་དང་འབྲེལ་བ་ག་རེ་ཡོད་མེད་དང་གསལ་བོ་རྟོགས་ཡོད་མེད་གཉིས་ཀ་ཡོད་སྟབས། དེ་སྒྱུ་རྩལ་ཞིག་གི་ངོ་བོར་ཇི་ལྟར་ལྟ་དགོས་པ་རེད།

          ལན། ནམ་རྒྱུན་སྒྱུ་རྩལ་ལས་རིགས་ནང་རི་མོ་དང་འཇིམ་བཟོ་ཅུང་ལས་སླ་བ་ཟེར་ན་འདྲ་འགྲོ་བདེ་བའི་རིགས་རེད། ཡང་བརྙན་རིས་སྒྱུ་རྩལ་རིགས་ཏོག་ཙམ་མ་འདྲ་བ་རེད། དེ་ལས་ཅུང་ཙམ་མར་བབས་ནས་སོ་སོ་སྒྱུ་རྩལ་་གྱི་ངོ་བོར་བེད་སྤྱོད་བྱེད་པ་དེ་སྒྱུ་རྩལ་འཁྲབ་སྟོན་(Performance Art) རེད། ནུབ་ཕྱོགས་པའི་སྒྱུ་རྩལ་ལོ་རྒྱུས་ལ་བལྟས་ན། རི་མོའི་འབྲི་བྱ་དང་འབྲི་ཡུལ། འབྲི་མཁན་གསུམ་སྔོན་མ་དར་སྲོལ་ཆེན་པོ་རེད། དཔེར་ན། ཡེ་ཤུའི་སྟོན་པ་འབྲི་ཡི་ཡོད་ན་འབྲི་ཡུལ་དང་འབྲི་མཁན། འབྲི་བྱ་ག་རེའི་སྐོར་ཡིན་པའི་བསམ་བློ་གསུམ་ལ་དབྱེ་བ་ཆེན་པོ་རེད། དེང་རབས་སྒྱུ་རྩལ་ལ་རང་སྟེང་ནས་དེ་གསུམ་མངོན་པར་བྱེད་པའི་འཁྲབ་སྟོན་ཞིག་ལ་ཟེར་གྱི་ཡོད་པ་རེད། བོད་པའི་སྲོལ་རྒྱུན་སྒྱུ་རྩལ་ནང་དང་པོ་རྩལ་ལ་ཤུགས་ཆེན་པོས་དོ་སྣང་སྤྲོད་ཀྱི་ཡོད་པ་ལས་བསམ་བློ་གཙོ་བོར་འཛིན་གྱི་མི་འདུག དེང་རབས་སྒྱུ་རྩལ་ལ་བསམ་བློ་གཙོ་བོ་དང་། དེ་སྒྱུ་རྩལ་གྱི་ངོར་ཇི་ལྟར་མངོན་པར་བྱ་རྒྱུའི་རྩལ་གཉིས་པ་རེད། ངས་བོད་ནས་ས་དབོར་པ་དེ་རྩལ་རེད། དེའི་བསམ་བློ་དང་ལྟ་གྲུབ་གང་ནས་ཐོན་སོང་ཟེར་ན་པཱ་ལགས་སྐོམ་པ་ཆུ་འདོད་ལྟར་ཕྱིར་ཕ་ཡུལ་དུ་ལོག་མ་ཐུབ་པར་གྲོངས་པ་དེ་རེད། ཁོང་འདྲ་བོ་མང་པོ་ཞིག་ཡོད་རེད། གནས་ཚུལ་དེ་རི་མོ་དང་རྩོམ། འཇིམ་བཟོ། གཞས། གློག་བརྙན་གང་ཞིག་བརྒྱུད་དེ་མཚོན་ཐབས་བྱས་ཡོད་ན། དེ་ཚང་མ་རྩལ་རེད། བསམ་བློ་གཅིག་ལ་རྩལ་ག་རེ་སྤྱད་ན་འགྲིག་གི་རེད། ངས་ས་དབོར་བ་དེར་དབྱིན་ཡིག་ནང་ site-specific installation(ཆེད་སྒྲིག་སྒྱུ་རྩལ) ཟེར་བ་རེད།

            དྲི་བ། ཁྱེད་རང་གི་ངོས་ནས་སྒྱུ་རྩལ་ལ་ངོས་འཛིན་བྱེད་སྟངས་གང་འདྲ་ཡིན།

          ལན། ལོ་ ༢༠༠༠ གོང་སོ་ཁཱི་ཊེ་(Socrates)ནས་སྒྱུ་རྩལ་ལ་འགྲེལ་བཤད་དང་མཚན་ཉིད་མང་པོ་ཞིག་བྱུང་ཡོད། དེ་ཚང་མར་བལྟས་ཡོང་ན། སུ་གང་ལའང་འདི་རེད་ཅེས་བསྡོམས་རྒྱག་རྒྱུ་ཡོད་པ་མ་རེད། ཡང་ནུབ་ཕྱོགས་དང་ཤར་ཕྱོགས་པའི་སྒྱུ་རྩལ་ལ་ཁྱད་པར་གཅིག་ག་རེ་ཡོད་པ་ཟེར་ན། ནུབ་ཕྱོགས་པའི་སྒྱུ་རྩལ་མཚན་ཉིད་དེ་ཕན་ཚུན་དགག་པ་རྐྱང་བརྒྱབ་སྟེ་ཡོང་བསྡད་པ་ཞིག་དང་། ཤར་ཕྱོགས་ཟེར་ན་འདྲ་བོད་ཀྱི་སྒྱུ་རྩལ་དེ་ལྷན་པ་རྐྱང་བརྒྱབ་ནས་ཡོང་བསྡད་པ་ཞིག་རེད། སྒྱུ་རྩལ་བ་ཞིག་ཡིན་ན་གཞན་གྱི་གནོན་ཤུགས་དང་ཐེ་གཏོགས་འོག་མ་ཚུད་པ་ཞིག་དགོས། གང་ཡིན་ཟེར་ན་སོ་སོས་སྒྱུ་རྩལ་གྱི་ལམ་ནས་དྲང་པོ་ཞིག་བསྟན་པ་དེར་གཞན་གྱི་ཡག་སྡུག་གི་ལྟ་ཚུལ་ལ་འབྲེལ་བ་མེད། གཉིས་པ་ཁུངས་རེད། སྒྱུ་རྩལ་པ་ཞིག་གིས་རི་མོར་མཚོན་ན་དེར་འགྲོ་ས་གཉིས་རེད། གཅིག་སྒྱུ་རྩལ་བ་རང་ཉིད་ཀྱི་བསམ་བློ་ནས་སྒྱུ་ལ་འགྲོ་བ་དང་། མི་མང་ཆེ་བས་སྒྱུ་མ་གཏོགས་བསམ་བློ་མཐོང་མི་ཐུབ་སྟབས། སྒྱུ་དེ་དེད་པ་ཡིན་ན་དེའི་ཁུངས་སྒྱུ་རྩལ་བ་ཁོ་རང་གི་སྟེང་དུ་འཐིམ་འགྲོ་ཡི་ཡོད་ཚེ་དྲང་པོ་རེད། དེ་མིན་པར་ཕ་མ་དང་དགེ་རྒན། བླ་མ་འདི་དང་དེ་ལ་དགའ་ཞེས་རི་མོ་ཞིག་བྲིས་པ་ཡིན་ན། དེའི་ཁུངས་དེད་ཡོང་དུས་སྒྱུ་རྩལ་བ་མ་ཡིན་པར་ཕ་མ་དང་དགེ་རྒན། བླ་མ་ཆགས་ཡོད་སྟབས། སྒྱུ་རྩལ་གྱི་སྒྱུ་དེ་གཞན་དགའ་བར་བྱ་ཆེད་ལས་རང་སྟེང་ནས་ཐོན་པའི་སྒྱུ་རྩལ་དྭངས་མ་ཞིག་མ་རེད། ངའི་བསམ་པར་སྒྱུ་རྩལ་བ་ཟེར་ན་སྤྱི་ཚོགས་གྱི་མདུན་དུ་སྐྱོད་མཁན་ཞིག་ཡིན་དགོས་པ་རེད།

            དྲི་བ། ཁྱེད་རང་ཉིད་ལ་མཚོན་ན་སོ་སོའི་སྒྱུ་རྩལ་གྱི་མཛེས་དཔྱོད་དང་ཁ་ཕྱོགས་ག་རེ་ཡིན་ནམ།

          ལན། སྒྱུ་རྩལ་ལ་རྣམ་པ་མཐའ་མེད་པ་རེད། འོན་ཀྱང་། འབབ་ས་དགའ་སྐྱོ་ཆགས་སྡང་ནང་འདུས་ཡོང་གི་རེད། བོད་ཡིག་ལ་མཚོན་ན་འབབ་ས་གསལ་བཤད་སུམ་ཅུ་རེད་དེ། དེ་ལས་གྲུབ་པའི་དཔེ་དེབ་གྲངས་ལས་འདས་པ་རེད། ང་རང་ཉིད་ལ་མཚོན་ན་ང་སུ་རེད། ངའི་སྒྱུ་རྩལ་གྱི་ངོ་བོ་ཤུགས་ཆེན་པོ་གང་ལ་ཐུག་འདུག་ལྟ་རུ་འགྲོ་དུས། བོད་རང་བཙན་ཤོར་པ་དེ་ལ་ཐུག་ཡོད། ༡༩༥༩ ལོར་བོད་རང་བཙན་ཤོར་པ་དེས་ང་ཚོ་ཚང་མ་གང་ས་གང་དུ་བསླེབས་ཡོད། ང་ལོ་རྒྱུས་ཀྱི་ཐོན་རྫས་ཤིག་ཆགས་པ་རེད། ལོ་རྒྱུས་ཀྱི་ཐོན་རྫས་ཤིག་ཡིན་པའི་ཆ་ནས་ང་རང་དེར་ཤུགས་ཆེན་པོས་བསྙེས་ཏེ། རྒྱལ་རབས་དང་རིག་གཞུང་ལ་ཕྱིར་མིག་ལྟ་སྐབས། བོད་པའི་ངོ་བོ་ཟེར་ན་ག་རེ་རེད་ཅེས་པའི་དྲི་བ་འདི་ངའི་ཤ་གསེང་རུས་གསེང་ན་འགུལ་བའི་དྲི་བ་རེད།

            དྲི་བ། སྤྱི་ཚོཊ་དང་སྒྱུ་རྩལ་བའི་བར་གྱི་འབྲེལ་བ་ལ་ཁྱེད་རང་གིས་གང་འདྲ་མཐོང་ཡོད།

          ལན། གལ་སྲིད་འཛམ་གླིང་འདིར་རང་ཉིད་གཅིག་པུ་ལས་མེད་པ་ཞིག་ཆགས་ན་ངས་རི་མོ་འབྲི་སྲིད་དམ་ཞེས་དྲིས་ན། ངས་འབྲི་ངེས་རེད། གང་ཡིན་ཟེར་ན་ངས་རི་མོ་འབྲི་བ་དེ་རང་ཉིད་དང་སོ་སོའི་སེམས་ཚོར་ཕྱིར་འདོན་རྒྱུ་དེ་རེད། མི་གཞན་གྱིས་དེར་ག་འདྲ་ལྟ་མིན་མ་རེད། སྒྱུ་རྩལ་བ་དང་སྤྱི་ཚོགས་བར་གྱི་འབྲེལ་བ་ནི། སྤྱི་ཚོགས་ཀྱིས་བསམ་བློ་ག་རེ་གཏོང་གི་ཡོད་པའི་རྗེས་སུ་འབྲང་སྟེ་རི་མོ་བྲིས་པ་ཡིན་ན་སྒྱུ་རྩལ་བ་སྤྱི་ཚོགས་ཀྱི་རྗེས་སུ་འགྲོ་ཡི་ཡོད་པ་ཞིག་ཆགས་ཡོད། ཆང་རག་མེད་ན་སྡོད་མི་ཐུབ་པའི་ར་བཟི་ནང་བཞིན་སྒྱུ་རྩལ་བ་ཚོ་སོ་སོའི་སྒྱུ་རྩལ་གྱི་ལམ་བུ་དང་ཁ་འབྲལ་ཐབས་མེད། དཔེར་ན་སྒྱུ་རྩལ་རི་མོ་བ་ཞིག་ཡིན་ན་ཁོས་རི་མོ་མ་བྲིས་པར་སྡོད་མི་ཐུབ། གཞན་གྱིས་ཅི་ཟེར་དང་ལྟ་སྟངས་ག་རེ་ཡོད་མེད་ལ་ཡ་བྱེད་ལོང་མེད། སྒྱུ་རྩལ་བ་ནི་ར་བཟི་ལྟར་རང་ཉིད་ཀྱི་སེམས་ཚོར་ལས་མཛེས་བ་འཚོལ་ཞིང་། དེ་ལ་གཡོ་ལྷད་དང་རྒྱབ་མདུན་མེད་པའི་མིའི་རང་གཤིས་དང་སྤྱི་ཚོགས་ཀྱི་སྣང་བརྙན་རང་སྟེང་ནས་དྲང་མོར་ཕྱིར་མངོན་བྱེད་ཀྱི་ཡོད་སྟབས། ཆེད་དུ་དམིགས་པ་ཞིག་མིན་ཡང་ཕ་རོལ་བར་དོགས་སློང་དང་སྤྱི་ཚོགས་ལ་སྒུལ་ཤུགས་ཐེབས་ཀྱི་ཡོད།

            དྲི་བ། བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ཟེར་ན་འདྲ་ཐང་བྲིས་ལ་ཁྱེད་ཀྱིས་སྒྱུ་རྩལ་དུ་ངོས་འཛིན་བྱེད་ཀྱི་ཡོད་དམ།

          ལན། བོད་བརྒྱུད་ནང་བསྟན་ལས་བྱུང་བའི་སྒྱུ་རྩལ་དེ་དུས་རབས་བདུན་པ་ནས་མགོ་ཚུགས་པ་རེད། དེའི་གོང་དུ་བོན་པའི་སྒྱུ་རྩལ་སོགས་མང་པོ་ཞིག་ཆགས་ཡོད། གང་ལྟར་དུས་རབས་བཅུ་བདུན་དང་བཅོ་བརྒྱད་ནང་བོད་ལ་སྒྱུ་རྩལ་ཤུགས་ཆེ་ཤོས་དར་ཁྱབ་བྱུང་ཡོད། ནུབ་ཕྱོགས་ལ་མཚོན་ནའང་དང་པོ་སྒྱུ་རྩལ་མགོ་ཚུགས་ཡོང་པའི་སྐབས་སུ་ཆོས་ལ་ཞབས་འདེགས་སྒྲུབ་བྱེད་ཅིག་ཆགས་ཡོད། རིམ་བཞིན་འགྱུར་བ་ཐེབས། དགག་སྒྲུབ་དང་དོགས་སློང་གི་ལྟ་ཚུལ་གསར་བ་བྱུང་པའི་བརྒྱུད་རིམ་འཁྲིག་ཆ་དོད་པོ་དེ་ལས་སྒྱུ་རྩལ་གྱི་རྣམ་པ་ཆོས་ལུགས་ཀྱི་ར་བ་ནས་ཐར་ཏེ་རང་རྩོམ་དང་རང་དབང་ལ་ཁ་ཕྱོགས་པ་རེད། བོད་པའི་སྲོལ་རྒྱུན་སྒྱུ་རྩལ་ལ་འཁྲིག་ཆ་དོད་པོ་དེ་བྱུང་ཐུབ་མེད། ཡང་འགའ་རེས་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་མ་རེད་ཟེར་མཁན་འདུག ངས་དེར་ངོས་ལེན་བྱེད་ཀྱི་མེད། དུས་རབས་མ་འདྲ་བ་དང་མི་རབས་མ་འདྲ་བའི་སྐབས་སོ་སོར་སྒྱུ་རྩལ་ལ་འགྱུར་བ་ཐེབས་ཀྱི་ཡོད། དེའི་དབང་གིས་སྒྱུ་རྩལ་ལ་གཏན་འཁེལ་བ་དང་ཡོངས་གྲགས་ཀྱི་འགྲེལ་བ་རྒྱག་ཐུབ་མེད། མདོར་བསྡུས་ན་ངས་ཐང་ག་དེ་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད་སྒྱུ་རྩལ་ཚད་མཐོ་བོ་རེད་ཟེར་གྱི་ཡོད། སྔ་མོ་རྒྱ་གར་དང་བལ་ཡུལ། རྒྱ་ནག་སོགས་ནས་རི་མོའི་སྒྱུ་རྩལ་མཚོན་པའི་སྒྱུ་རྩལ་རིགས་ལ་སློབ་སྦྱོང་དང་བོད་ཀྱི་སྒྱུ་རྩལ་ལ་ཁ་སྣོན་གྱི་འཁྲིག་ཆ་དོད་པོ་བྱུང་། བར་ལམ་ཞིག་ནས་ད་འདི་ལས་ལྷག་འགྲོ་ས་མེད་བསམ་པའི་བསམ་བློ་བསླེབས། འདི་ལས་ཚད་མཐོ་བ་ཞིག་ད་ཡོང་ཐབས་མེད་བསམ་པ་བྱུང་སྟེ་བསམ་བློ་ཐག་ཆོད་དུས།  མིའི་བསམ་བློར་འགུལ་སྐྱོད་རྒྱག་མཚམས་བཞག་པ་རེད། དུས་རབས་བཅུ་བདུན་ཅོ་བརྒྱད་ནང་ང་ཚོའི་སྒྱུ་རྩལ་གྱི་ཚད་མཐོ་བོར་སླེབས་པའི་སྐབས་སུ་འགག་མགོ་ཚུགས་པ་རེད། ནུབ་ཕྱོགས་པའི་སྒྱུ་རྩལ་དུས་སྐབས་དེའི་ནང་གཞི་ནས་ཤུགས་ཆེན་པོས་དར་མགོ་ཚུགས་ཡོད།

            དྲི་བ། ཁྱེད་རང་གིས་བོད་ཀྱི་ལོ་རྒྱུས་ཁྲོད་དེང་རབས་སྒྱུ་རྩལ་བ་ཞིག་ངོས་འཛིན་བྱེད་དགོས་ན་སུ་ཡིན།

          ལན། དེ་དགེ་འདུན་ཆོས་འཕེལ་རེད། མཁས་དབང་དགེ་འདུན་ཆོས་འཕེལ་འདྲ་བོ་ཞིག་ལ་ལྟ་ཡོང་དུས། ལྟ་སྤྱོད་གཉིས་ཀའི་སྟེང་ནས་དེང་རབས་ཅན་མངོན་ཡོད་པ་རེད། དགེ་འདུན་ཆོས་འཕེལ་གྱི་རི་མོ་ཙམ་མ་ཡིན་པར་ག་རེ་ཡིན་ན་གོང་གི་ལྷ་དང་འོག་གི་ཀླུ། བར་གྱི་བཙན་སུ་ལ་ཕོག་གི་ཡོད་མེད་ལ་མ་བལྟས་པར་འདི་ངའི་བསམ་ཚུལ་ཡིན་ཞེས་བསྟན་ཡོད། དཔེར་ན་འདོད་པའི་བསྟན་ཆོས་ལ་མཚོན་ན་ཁོང་གིས་བསྒྱུར་བ་རེད་མོད། དེ་བསྒྱུར་བཞག་པ་འདྲ་བོ་ཡོད་པ་མ་རེད། དེར་དེབ་ཅིག་གི་ནང་འདི་འདྲ་ཞིག་བྲིས་འདུག་ཀྱང་། ངས་བུ་མོ་ཞིག་གི་མཉམ་དུ་འདི་བྱས་པ་ཡིན། ངས་བྱས་དུས་དེ་འདྲ་རེད་མི་འདུག ད་འདི་འདྲ་བྱེད་དགོས་ཀྱི་འདུག་ཅེས་བྲིས་ཡོད་པ་དེས། ངའི་བསམ་བློ་དེ་ང་རང་གིས་བཤད་རྒྱུ་ཡིན་ཟེར་གྱི་ཡོད་པ་ཤུགས་ཆེན་པོར་བསྟན་ཡོད། འདི་དེང་རབས་ཀྱི་ལྟ་སྤྱོད་རེད། དེང་རབས་ཀྱི་ལྟ་སྤྱོད་འདི་ལྟ་བུ་ཞིག་ཡོད་དུས་ག་རེ་ཡིན་ན་དེའི་སྟེང་ནས་ཐོན་ཡིན་ཡིན་པ་རེད། དགེ་ཆོས་ཀྱི་རྗེས་ནས་ལྟ་སྤྱོད་དེ་འདྲ་འཁྱེར་མཁན་ངས་མཐོང་མ་སོང་། 

          དྲི་བ། ནུབ་ཕྱོགས་པ་དང་བོད་པའི་སྤྱི་ཚོགས་གཉིས་ཀྱི་བར་སྒྱུ་རྩལ་ལ་ལྟ་སྟངས་ཀྱི་ཁྱད་པར་ག་རེ་མཐོང་གི་ཡོད།

          ལན། ད་ལྟའི་སྐབས་སུ་ང་ཚོ་བོད་པ་ཚོར་རྩལ་གྱི་ཐད་ནས་མགོ་སེར་དེ་ཚོའང་ཧ་ལས་པ་ཡོང་གི་འདུག “སྒྱུ་རྩལ་” ཞེས་པའི་ཚིག་རང་སྟེང་ལ་བལྟས་ན། སྒྱུ་ཟེར་ན་དབྱིན་ཡིག་ནང་ (magic) (སྒྱུ་མ།) དང་ (illusion) (འཁྲུལ་སྣང་འཆར་ཡན།) འདྲ་བོ་ཞིག་རེད། གང་ཟག་ལ་ཡོད་པའི་སྒྱུ་དེ་ངོ་བོ་གང་འདྲ་ཞིག་གི་ཐོག་ནས་རྩལ་དང་ལྷན་དུ་བསྡེབས་ཏེ་ཇི་ལྟར་ཕྱིར་མངོན་འགྱུར་བྱ་རྒྱུ་དེ་རེད། ང་ཚོ་ཡིན་ན་མི་ཞིག་ལ་ཐུག་ཡོང་དུས་ཕ་ཡུལ་དང་ཁྱིམ་ཚང་། ཕ་མ་ནས་མགོ་བཙུགས་ཏེ་འགྲེལ་བཤད་རྒྱག་གི་རེད། ནུབ་ཕྱོགས་པ་ཡིན་ན་ང་འདི་ཡིན་ཞེས་སོ་སོའི་འགྲེལ་བཤད་ཤུགས་ཆེ་བ་རེད། ཁོ་ཚོར་བདག་ཟེར་བའི་སེམས་ཁམས་ཤུགས་ཆེན་པོ་རེད། བདག་ཟེར་བའི་སེམས་ཁམས་དེའི་འོག་ནས་རང་ཉིད་ཀྱི་ལྟ་སྤྱོད་དང་རང་དབང་ཤུགས་ཆེར་མངོན་ཡོང་གི་རེད། ང་ཚོ་བདག་ཟེར་བ་དེས་ཤུགས་ཆེན་པོ་ཞིག་མནན་པའི་དབང་གིས་རང་རྩོམ་དང་གསར་གཏོད་ཀྱི་ལྟ་སྤྱོད་འགག་ཡོད་པ་འདྲ། ཡོད་ཚད་སངས་རྒྱས་བཅོམ་ལྡན་འདས་ལ་གཏུགས་ཏེ་མི་མང་གིས་དགའ་མོས་ཀྱི་ཐོག་ནས་ངོས་ལེན་ཐུབ་པ་རྐྱང་བཟོས། ཚང་མ་སྟོན་པའི་ཞབས་འོག་ཏུ་འདུས་པར་བྱས་ཡོད། མཚམས་རེར་ལོ་ ༢༥༠༠ གོང་ནས་སྟོན་པས་དེ་འདྲ་རང་གསུངས་ཨེ་ཡོད་ན་བསམ་པ་ཡོད་ཀྱང་། སངས་རྒྱས་ཀྱི་དགོངས་པ་དེ་ག་རང་རེད་ཅེས་བཤད་ཡོང་དུས། ང་ཚོའི་སྒྱུ་རྩལ་ད་དུང་ཆོས་ཀྱི་འཆིང་ཐག་ནས་ཐར་མེད།

            དྲི་བ། ཁྱེད་རང་གི་རི་མོ་མང་ཆེ་བ་ཞིག་ལ་སྲོལ་རྒྱུན་རི་མོའི་རྨང་གཞིའི་ཐོག་དེང་རབས་རི་མོ་ཤུགས་ཆེར་མངོན་འདུག དེའི་ཐད་ཁྱེད་ཀྱིས་བསམ་བློ་ག་རེ་གཏོང་གི་ཡོད།

          ལན། ང་རང་དང་པོ་ཕལ་ཆེར་ཉིས་སྟོང་ལོ་ཡས་མས་ཙམ་ལ་རྦད་དེ་ཕྱིར་ཐོན་ཏེ། ནུབ་ཕྱོགས་པ་རང་གི་སྒྱུ་རྩལ་ལྟར་གསར་བ་རང་གི་སྟེང་དུ་ཕྱིན་པ་ཡིན། རྗེས་སུ་རིམ་པས་སྲོལ་རྒྱུན་སྒྱུ་རྩལ་གཞི་རྩར་བཟུང་སྟེ་དེང་གི་གནས་བབ་མངོན་ཐབས་བྱེད་ཀྱི་ཡོད། འཕྲལ་དུ་བློ་ངོར་ཤོངས་མིན་དང་ངོས་ལེན་ཡོང་དཀའ་ཙམ་ཡོད་ཀྱང་རིམ་བཞིན་བོད་པའི་དེང་རབས་སྒྱུ་རྩལ་ཞིག་གི་ཕྱོགས་སུ་གོམ་པ་སྤོ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། ངས་ཐང་གའི་སྒྱུ་རྩལ་དེ་དེང་རབས་སྒྱུ་རྩལ་ཐོག་འགྲོ་དགོས་ཟེར་གྱི་མེད། ཐང་བྲིས་སྒྱུ་རྩལ་དེ་བོད་ཀྱི་གནའ་བོའི་སྒྱུ་རྩལ་གྱི་ཆ་གཅིག་རེད། དེ་འབྲི་མཁན་ཚོས་དེ་ག་རང་སྤུས་ཚད་ལྡན་པ་ཞིག་འབྲི་རྒྱུ་གལ་ཆེན་པོ་རེད། དེ་མིན་བོད་པའི་དེང་རབས་སྒྱུ་རྩལ་རི་མོ་འབྲི་རྒྱུ་ཡིན་ཟེར་མཁན་ཞིག་ཡིན་ན་ནུབ་ཕྱོགས་པའི་སྒྱུ་རྩལ་གྱི་ལམ་བུ་རང་གི་འོག་ཏུ་མ་སོང་པར་བོད་པ་རང་ཉིད་ཀྱི་བྱུང་རབས་དང་ངོ་བོ། ཁྱད་ཆོས་ཡོད་པའམ་དེར་མཐུད་བརྒྱབ་སྟེ་དེང་རབས་ཅན་གྱི་སྒྱུ་རྩལ་རི་མོ་འབྲི་དགོས་པ་རེད་དྲན་གྱི་ཡོད།

            དྲི་བ། སྒྱུ་རྩལ་དར་སྤེལ་གྱི་ཁ་ཕྱོགས་ལ་ཁྱེད་ལ་ལྟ་སྟངས་གང་འདྲ་ཡོད།

          ལན། ང་རང་ཡིན་ན་དང་པོ་རི་མོ་སྦྱོང་གི་སོང་བ་ཡིན། རི་མོ་འབྲི་སྟངས་སྦྱོང་རྒྱུ་ནི་རྒྱུག་ཆུ་ཆུང་ཆུང་རྐྱལ་བ་འདྲ་བོ་རེད། དེ་ནས་རི་མོའི་བྱུང་རབས་ལོ་རྒྱུས་སྦྱངས་པ་ཡིན། དེ་སྦྱང་ཡོང་དུས་མཚན་ཉིད་དང་ལྟ་གྲུབ་སྒང་སླེབ་ཡོང་གི་འདུག སྤྱི་ཚོགས་ཀྱི་ངོས་ནས་སྒྱུ་རྩལ་ལ་མཐོང་ཆེན་བྱེད་པ་ཡིན་ན། སྒྱུ་རྩལ་བ་རང་བཞིན་གྱི་ཐོན་ཡོང་གི་རེད། གོ་ཐོས་ལ་བོད་པའི་སློབ་གྲྭ་ཁག་ཅིག་གི་ནང་གཏམ་བརྗོད་དང་རི་མོའི་འཛིན་གྲྭ་མེད་པ་བཟོས་པ་རེད་ཟེར་བ་ཞིག་གོ་སོང་། དེ་རྦད་དེ་ནོར་བ་རེད། རིག་རྩལ་དང་གསར་གཏོད། བསམ་བློའི་འགུལ་སྐྱོད་བྱ་རྒྱུའི་ལམ་ཁ་མེད་པར་བཏང་སྟེ་ཚང་མ་སྲིད་བྱུས་རང་བཞིན་གྱི་བསླབ་གཞི་ཞིག་གི་ཐོག་ཁྲིད་པ་ཡིན་ན་འགྲིག་གི་ཡོད་མ་རེད། བོད་པའི་སྒྱུ་རྩལ་ལ་ཉམས་རྒུད་ཆེན་པོ་ཐེབས་ཡོད། དེང་སྐབས་ནུབ་ཕྱོགས་སུ་ང་སྒྱུ་རྩལ་པ་ཞིག་ཡིན་ཞེས་བཤད་ན་ Wow ! ཟེར་ཀི་རེད། མཐོང་ཆེན་པོ་རེད། ང་ཚོ་བོད་པ་ཞིག་ལ་ང་སྒྱུ་རྩལ་པ་ཡིན་ཟེར་དུས་སྙིང་རྗེ་ཟེར་ཀི་རེད། ཊོལ་སི་ཊོ་(Tolstoy) ཡིས་ལུང་པ་ཞིག་ཡར་རྒྱས་འགྲོ་མིན་ལ་ལུང་པ་དེའི་གཞུང་ལམ་འཛུགས་སྐྲུན་དང་སྒྱུ་རྩལ་པར་ཆེ་མཐོང་བྱེད་མིན་ལ་ལྟ་དགོས་ལབ་ཡོད། ཡེ་ཤུ་སྟོན་པས་རྐང་ལག་ལ་འཛེར་མ་བརྒྱབ་སྟེ་དམར་རྗེན་ལ་ཁྲིམས་ཤིང་རྩེར་བཏགས་བཞག་པ་དེ་ཡང་སྒྱུ་རྩལ་ཟེར་ན་འདྲ་དོགས་སློང་ཞིག་ཆགས་ཡོད། 

            རི་མོ་འབྲི་མཁན་དང་རྩོམ་ཡིག་འབྲི་མཁན་སོགས་སུ་ཡིན་ཡང་རི་མོ་དང་རྩོམ་ཡིག་ལ་ཚད་མེད། རི་མོ་ཞིག་བྲིས་ཡོང་དུས་ཐུག་ས་སྒྱུ་རྩལ་བ་དེའི་ལྟ་བ་ཡིན་སྟབས་ལྟ་བ་ག་ཚོད་བྲིས་ཡོད་ཅེས་དྲིས་ན་ལན་ཁག་པོ་ཆགས་རེད། གཙོ་བོ་རི་མོ་ཟེར་ན་འདྲ་སྒྱུ་རྩལ་ལ་བློ་གཅིག་སེམས་གཅིག་དང་། རི་མོ་རང་གི་འཛམ་གླིང་ཞིག་སྟོན་ཐུབ་ཀྱི་ཡོད་མེད་དེ་གལ་ཆེ་ཤོས་རེད།

            བསྟན་འཛིན་རིག་གྲོལ་ལགས་ནི་ཕྱི་ལོ་ ༡༩༨༢ ལོར་བལ་ཡུལ་དུ་སྐྱེས་ཤིང་བོད་ཁྱིམ་ནས་སློབ་མཐར་ཕྱིན་རྗེས། ད་ལྟ་ནེའུ་ཡོག་ཏུ་གནས་སྡོད་བྱེད་ཀྱི་ཡོད། ཁོང་ནི་ཚོན་བྲིས་དང་འཇིམ་བཟོ། བརྙན་ཕབ་སོགས་ལ་མཁས་པའི་དེང་རབས་བོད་ཀྱི་སྒྱུ་རྩལ་པ་ཞིག་དང་། རང་དབང་འཐབ་རྩོད་པ། སྙན་ངག་པ་ཞིག་ཀྱང་ཡིན། ཁོང་གིས་ (”-the frozen ink)“སྐྱབས་བཅོལ་བ། འཁྱག་ལ་འབྱར་བའི་སྣག་ཚ།”དང་(Anatomy of Nights)“མཚན་མོའི་རུས་ཀྲང་།”(Butterfly wings)“ཕྱེ་མ་ལེབ་ཀྱི་གཤོག་ཟུང་”བཅས་དཔར་བསྐྲུན་བྱས་ཡོད།

 

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 6

  1. ཤག་སྒང་པ། says:
    ལོ་ 12 སྔོན།

    ྲ་་་་་་་་་་བོད་རིགས་སྨན་ཞབས་པ་ཚོའི་རེ་དམིགས་ནུབ་གླིང་རེད། ཁོ་ཚོ་དེ་གར་འགྲོ་གི་རེད། ཁྱེད་རང་ཚོས་སེམས་ཁྲལ་གནང་བ་སྟོང་བ་རེད། ཧཧཧཧཧ

    དང་པོ་རྒན་ཆབ་བྲག་ལགས་ཀྱི་ཡ་གི་མཆན་རྙིང་འདི་ལ་ཡ་མཚན་ཞིག་སྐྱེས་སོང་། དངོས་ར་འཕྲོད་ཅིང་། ཞིབ་འཇུག་བདེན་དཔང་གི་གཏམ་ཞིག་ཡིན་ནམ། ལག་བསྟར་གྱི་ངོ་ཐོག་ནས་ཐམས་ཅད་ཕྱི་གླིང་དུ་མི་སྲིད་ལ། ལས་ཀ་བྱེད་ས་རྒྱ་གར་འཕགས་ཡུལ་ལས་མེད་པས། དགག་དོག་སར་འགན་འཁུར་ཡོད་པའི་བཀའ་མོལ་སྨྲོས་ཤིག་ཀྱེ།

    སྒྱུ་རྩལ་གྱི་རྒྱལ་སྒོ་ཆེ་དྲགས་ནས་འགྲེལ་བཤད་འཐད་ལྡན་ཞིག་དཀའ། བསྟན་འཛིན་རིག་གྲོལ་ལགས་ནས་བཀའ་མོལ་ལེགས་པོ་གསུངས་པར་བསྔགས་སོ།།

    སང་གི་བདུན་མཇུག་སྤྲོ་བར་སྨོན།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    དེང་སང་གི་བོད་ནང་གི་གླུ་བ་གླུ་མ་རྣམས་ཀྱང་སྒྱུ་རྩལ་ཁྱབ་ཁོངས་ཀྱི་དཔུང་ཁག་ལ་གཏོགས། རྩོམ་རིག་ཀྱང་སྒྱུ་རྩལ་ཡིན། སྒྱུ་རྩལ་བ་རྣམ་པའི་ཚོར་སྣང་དང་སེམས་ཤུགས། ཐབས་ཚུལ་དག་ལ་ཐུན་མིན་གྱི་ནུས་པ་རེ་ཡོད།
    “སྒྱུ་རྩལ་གྱི་ཆེད་དུ་སྒྱུ་རྩལ་བཙལ། སྒྱུ་རྩལ་གྱིས་ང་རང་སྡུག་ལ་སྦྱར” སྒྱུ་རྩལ་བ་ཞིག་གིས་སྒྱུ་རྩལ་གྱི་སྐད་ཆ་འདི་འདྲ་ཞིག་བཤད་ཡོད། དེ་སྒྱུ་རྩལ་བ་ཞིག་མིན་ན་མི་གོ་ན་ཐང། མ་གོ་ན་ཡང་ཆོག

    Reply
  3. thapkegyatso says:
    ལོ་ 12 སྔོན།

    ཀ་དག་འོད་གསལ་ལ་རིང་ཡང་།།
    ཁ་བའི་བདེ་སྡུག་ལ་ཉེ་འདུག།
    ག་ལོག་གཡོ་ཟོལ་ལ་བཀྱེད་པའི།།
    ང་རྒྱལ་སྒྱུ་རྩལ་བ་བཀྲ་ཤིས།།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ཤར་ཕྱོགས་དང་། བོད་རིགས་ནང་ལ་སྒྱུ་རྩལ་པ་ཉུང་དྲགས་པའི་སྐྱོན་ཡོད་རེད་སྙམ་ལགས།

    Reply
  5. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་འདི་སྒྱུ་རྩལ་བའི་རང་དབང་འཚོལ་བའི་བསམ་བློ་དེ་ཡོད་ན་ཆོག་ཨང་།

    Reply
  6. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    བཀླགས་ཟིན། དྲིས་ལན་གནད་ལ་འཁེལ་འདུག་ལ་སྒྱུ་རྩལ་བ་ནི་རང་དབང་འཚོལ་མཁན་ངོ་མ་དེ་ཡིན་བཟོ་འདུག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese