སློབ་དཔོན་ཆེན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་གཤེགས་རྐྱེན་ངོ་མ།
སློབ་དཔོན་ཡན་ཧོང་པེན། ལྷ་སྡེ་གནམ་ལོ་ཡག
ངོ་སྤྲོད་མདོར་བསྡུས།
༼སངས་རྒྱས་བཀྲོངས་པ། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་གཤེགས་རྐྱེན་ངོ་མ༽ནི་རྒྱ་ནག་གི་བཙན་བྱོལ་རྩོམ་པ་པོ་དང་རྟོག་གེ་བ། ཁྲིམས་ལུགས་རིག་པ་སྨྲ་བ་བོ་སློབ་དཔོན་ཡན་ཧོང་པེན་དང་བོད་རྒྱ་སྐད་གཉིས་སྙན་ངག་པ། སྒེར་ཚུགས་ཅན་གྱི་བོད་རིག་པ་ཞིབ་འཇུག་པ་ལྷ་སྡེ་གནམ་ལོ་ཡག་གཉིས་ཀྱི་མཉམ་རུབ་བརྩམས་ཆོས་ཤིག་ཡིན། དཔེ་དེབ་འདིས་ལོ་རྒྱུས་ཀྱི་རྒྱུ་ཆ་སྣ་མང་དང་དངོས་མཐོང་གི་གསང་གནས་གང་མང་དཔྱད་གཞིར་བཟུང་ནས་ཀློག་པ་པོ་ལྷན་རྒྱས་རྒྱ་དམར་གཞུང་གིས་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ལྐོག་གསོད་བྱས་པའི་དུས་རབས་ཀྱི་གསང་བ་དེ་ཕྱི་བསྒྲགས་བྱས་ཡོད་ཅིང་། དེ་དང་འབྲེལ་ནས་རྒྱ་དམར་གཞུང་གིས་བོད་ལ་སྤེལ་བཞིན་པའི་ཤེས་རིག་རང་བཞིན་གྱི་རིགས་རྒྱུད་རྨེག་མེད་ཀྱི་ཉམས་ཉེན་ངོ་སྤྲོད་ཀྱང་བྱས་ཡོད། ཞིབ་འཇུག་བརྒྱུད་ནས་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ནི་བོད་ཀྱི་དེང་རབས་ནང་ཆོས་ཡང་དར་གྱི་དེད་དཔོན་དང་ཤེས་རིག་བསྐྱར་དར་གྱི་རུ་འདྲེན། བོད་ཀྱི་རྒྱལ་ཁབ་སླར་གསོའི་ལས་འགུལ་གྱི་བསམ་བློའི་དབུ་ཁྲིད་ཡིན་པའི་བསྡོམས་ཚིག་བརྙེད་འདུག
༼སངས་རྒྱས་བཀྲོངས་པ། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་གཤེགས་རྐྱེན་ངོ་མ༽ནི་རྒྱ་དམར་གཞུང་གིས་སངས་རྒྱས་བཀྲོངས་པ་བདེན་དཔང་བྱེད་པའི་བརྩམས་ཆོས་ཤིག་ཡིན་ལ། པཎ་ཆེན་སྐུ་ཕྲེང་བཅུ་བའི་སྐྱོ་གནས་མཚོན་པའི་དཔེ་དེབ་ཅིག་ཀྱང་ཡིན། དཔེ་དེབ་ཧྲིལ་བོ་ཀློག་སྐབས། ཡིད་འགྱུའི་རྦ་རླབས་འཕྱོ་ཞིང་འཇིག་རྟེན་ཁད་ཀྱིས་དཀྲོགས་པའི་སྣང་བ་ངང་ངམ་ཤུགས་ནས་འཁོར་ཡོང་བ་ཞིག་རེད། མ་གཞི་རྒྱ་དམར་གཞུང་གིས་སངས་རྒྱས་བཀྲོངས་པ་དང་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་ལ་འཕྲད་པའི་སྐྱོ་གནས་ནི་བོད་སྒང་བའི་ལས་དབང་ལ་ཐད་ཀར་འབྲེལ་བ་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད། དེའི་རྐྱེན་གྱིས་རྩོམ་པ་པོས་དེབ་འདིའི་ལེའུ་ཁག་བརྒྱུད་ནས་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གི་སྐྱོ་གནས་ལས་མངོན་པའི་བོད་སྒང་བའི་སྡུག་བསྔལ་གྱི་ལས་དབང་དང་མཇུག་མཐར་རྒྱ་ནག་རིག་གཞུང་ལ་ཐེབས་པའི་སྐྱོ་གར་ལས་དབང་གི་རྒྱུ་རྐྱེན་ཐད་བགྲོ་གླེང་བྱས་འདུག
མི་རིགས་ཤིག་ལ་མཚོན་ན། རྒྱལ་ཁབ་ལ་ཆག་འཇིག་ཇི་ལྟར་ཡོང་བ་མི་ཤེས་པ་དང་། རང་ཉིད་སྡུག་བསྔལ་ཁྲོད་བྱིངས་པའི་ལས་དབང་གི་འགོ་ཁུངས་མ་རྟོགས་ཚེ། དེ་ནི་ཆེས་བློ་ཕམ་པའི་གནས་ཤིག་ཡིན་པ་བཤད་ག་ལ་དགོས། དོན་ལ་སྡུག་བསྔལ་གྱི་འབྱུང་རྐྱེན་མ་རྟོགས་པའི་དབང་གིས་སྡུག་བསྔལ་ལས་གྲོལ་ལམ་ནོར་གྱི་ཡོད་པའི་ཁར། ལོང་བ་རྟ་ལ་ཞོན་པ་ནང་བཞིན་དུ་ཉེན་ཁ་ཆེ་བའི་བཞུད་ལམ་ནང་ཞུགས་ཀྱིན་པར་མ་ཟད། ལས་དབང་གི་མིད་པར་རལ་གྲི་བཙུགས་ནས་ཐར་ལམ་བརྙེད་པའི་གདེངས་ཚོད་ཅིག་གང་དུ་ཡོད་དམ།
དེ་ལྟ་ནའང་། དཔེ་དེབ་འདི་བརྒྱུད་ནས་བོད་སྒང་བའི་སྡུག་བསྔལ་གྱི་འབྱུང་གཞི་རྟོགས་པ་དང་སྡུག་བསྔལ་ལས་ཐར་བའི་ཁ་ཕྱོགས་བརྙེད་པའི་རེ་བ་ཤིན་ཏུ་ཆེ། ལྷན་རྒྱས་ནས་ལེའུ་རེ་རེ་ཡི་བསྡུས་དོན་ལ་གཟིགས་གནང་ཡོད་པ་ཞུ།
ལེའུ་དང་པོ། ངའི་ལས་སྣང་། སངས་རྒྱས་ཀྱི་སྤྱན་ཟུང་ལས་ཁྲག་དམར་བརྡོལ་བཞིན་འདུག
ཕྱི་ལོ ༢༠༠༠ལོར། སློབ་དཔོན་ཡན་ཧོང་པེན་ལགས་ལོ་ངོ་བཅོ་ལྔར་མ་མཇལ་བའི་པེ་ཅིན་སློབ་ཆེན་སྐབས་ཀྱི་སློབ་གྲྭ་གཅིག་པའི་སློབ་གྲོགས་ཤིག་ལ་འཕྲད་འདུག ཁོང་ལྷན་རྒྱས་ནས་ལྷ་སའི་ལྷིང་འཇགས་ཀྱི་མཚན་ལྗོངས་འོག་ཏུ་ཆང་ཕོར་བཏེགས་ནས་སླར་མཇལ་ལ་རྟེན་འབྲེལ་ཞུས་ཤིང་། ཨ་རག་གི་བཟི་ཁ་བཙན་པོས་ཕན་ཚུན་བར་གྱི་གཏམ་སྒོ་མྱུར་དུ་འབྱེད་ཐུབ་ཡོད་པས། གྲོགས་པོ་དེས་གསུངས་རྒྱུར། ༼ཁྱོད་ཀྱིས་ཧུའུ་ཁྲོང་ཧྭ་ཟེར་བ་དེ་དྲན་གྱི་འདུག་གམ། ཁོ་རང་རྒྱ་ཡིག་སྡེ་ཁག་ནས་རེད། སློབ་མཐར་ཕྱིན་པའི་ལོ་དེར། ང་ཚོ་མཉམ་དུ་བོད་ལྗོངས་སུ་ཡོང་བ་ཡིན། ཕྱི་ལོ ༡༩༩༢ལོར། ཧུའུ་ཅིན་ཐོ་ཡིས་ཧུའུ་ཁྲོང་ཧྭ་ཡི་གོ་ས་སྤར་ནས་ལྗོངས་གུང་གཞོན་ཚོགས་པའི་དྲུང་ཆེར་བསྐོ་འཇོག་བྱས། གཟའ་ཉི་མའི་ཉིན་ཞིག་ཧུའུ་ཁྲོང་ཧྭ་ཡིས་བོད་ལྗོངས་སུ་ཡོད་པའི་པེ་ཅིན་སློབ་གྲྭ་ཆེན་མོ་ནས་ཡིན་པའི་ལས་བྱེད་ཡོངས་ལ་མགྲོན་འབོད་བྱས་ཤིང་། ཁོ་རང་དཔོན་ས་འཕར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་བསྡུས་སོང་། ཉིན་དེར་ཨ་རག་མང་བོ་འཐུང་བ་ཡིན། ང་རང་ར་བཟི་ནས་འགྲོ་བསྐྱོད་བྱེད་མི་ཐུབ་པར་གྱུར་བའི་ཁར། ཧུའུ་ཁྲོན་ཧྭའི་ཁྱིམ་གྱི་མགྲོན་བསུ་ཁང་དུ་གཉིད་ལ་ཤོར་འདུག … … ༽
དེ་ལྟར་ཉིན་གཉིས་པར་ཉིན་གུང་སླེབས་གྲབས་ཡོད་དུས། སློབ་གྲོགས་དེ་ད་གཟོད་གཉིད་ལས་སད་ཡོད་ཅིང་། སྐབས་དེར་ཧུའུ་ཁྲོན་ཧྭ་ལས་ཀར་ཆས་ཚར་ཡོད་པས། ཁྱིམ་ནང་དུ་མི་གཞན་མི་འདུག་ལ། ཁོ་རང་ཡར་ལངས་མ་ཐག་གསང་སྤྱོད་འཚོལ་དུ་ཕྱིན། བཟི་མ་སད་ཀྱི་ལམ་ནས་མགྲོན་བསུ་ཁང་གི་གྲུ་གར་འཁེལ་བའི་སྒོ་ཆུང་ཞིག་ཡོད་པ་དེ་ཤུགས་ཀྱིས་འབྱེད་པ་དང་། གསང་སྤྱོད་ཡིན་ཤག་གིས་ནང་ལོགས་སུ་ལྟ་སྐབས། སྒོའི་ནང་ལོགས་ཀྱི་རྣམ་པས་ཁོ་རང་གི་བཟི་ཉམས་རྦད་དེ་དངངས་སྐྲག་ཁྲོད་བཅུག་འདུག མ་གཞི་སྒོའི་ནང་ལོགས་དེ་གསང་སྤྱོད་མ་ཡིན་པའི་ཁར། གྱང་ངོར་འབྱར་བའི་ཐེམ་ཆ་ཞིག་རེད་ལ། ཞེང་ཆུང་བའི་ཤིང་ལེབ་གྱིས་བཟོས་པའི་ཐེམ་མཐིལ་དུ་གློག་ཤུགས་ཆུང་བའི་སྒྲོན་མེ་དམར་ནག་ཅིག་བཀར་ཡོད་པ་དང་། ཐེམ་ཆའི་དཀྱིལ་དབུས་སུ་པཎ་ཆེན་སྐུ་ཕྲེང་བཅུ་བའི་སྐུ་པར་བཀལ་འདུག སྐུ་པར་ལ་ལྟ་སྐབས། ལྕགས་ཁབ་གཉིས་པཎ་ཆེན་གྱི་མིག་གི་རྒྱལ་མོ་གཉིས་ཀྱི་སྟེང་དུ་འཛེར་ཡོད་ཅིང་། ཁུར་མཚོས་ཀྱི་འགྲམ་ངོགས་གཉིས་སུ་སྣུམ་རྩི་དམར་བོས་སྤྱན་མཚལ་ལམ། མིག་ཆུ་དམར་བོ་བརྡོལ་བཞིན་པའི་དབྱིབས་གཟུགས་བྲིས་འདུག
དེ་བས། སློབ་གྲོགས་དེའི་བསམ་བློའི་ནང་དུ་འདི་ནི་ཧུའུ་ཁྲོན་ཧྭ་ཡི་གསང་བ་ཞིག་ཡིན་པའི་དོགས་གཞི་འཁོར་ཡོད་པར་མ་ཟད། གསང་བ་དེ་ནི་རྒྱ་དམར་གཞུང་གི་གསང་བ་ཞིག་ཀྱང་ཡིན་པ་སྤྱི་ཚོགས་ཐོག་གི་པཎ་ཆེན་གཤེགས་རྐྱེན་དང་འབྲེལ་བའི་བཤད་སྟངས་ལས་ར་འཕྲོད་ཐུབ་པས། མ་བསམ་ས་ནས་རྟོགས་པའི་གསང་བ་དེའི་ངོ་བོ་ཤིན་ཏུ་ཛ་དྲག་ཡིན་པའི་ཁར། རང་ཉིད་ལ་སྲོག་ཉེན་ཡོང་བར་ཞེད་སྣང་གིས་ཉེན་རྟོག་པའི་ཤེས་བྱ་བཀོལ་ནས་རྐང་རྗེས་ལག་རྗེས་བསུབ་རྗེས། ཧུའུ་ཁྲོན་ཧྭ་ཡི་ཁྱིམ་དང་ཁ་བྲལ་ཡོད་འདུག ཡིན་ནའང་། སྐབས་དེ་ཤེད་ནས་ཁོ་རང་གི་སེམས་ནང་བསུབ་ཏུ་མེད་པའི་རྨ་ཁ་ཞིག་ཏུ་གྱུར་ཡོད་པར་མ་ཟད། ལོ་མང་རིང་ཁོ་རང་གི་སེམས་ནང་ལ་མནར་གཅོད་རིམ་པས་བཏང་ཡོད་པས། ༼སངས་རྒྱས་བཀྲོངས་པ། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་གཤེགས་རྐྱེན་ངོ་མ༽ཞེས་པའི་དཔེ་དེབ་འདི་སློབ་གྲོགས་དེས་མ་བསམ་ས་ནས་རྟོགས་པའི་གསང་བ་ནས་འབྲི་བཞེངས་བྱེད་འགོ་བརྩམས་པ་ཞིག་ཡིན། … …
ལེའུ་གཉིས་པ། བོད་ཀྱི་སྐྱོ་གནས། ཆོས་ཀྱི་རྒྱལ་ཁབ་དམྱལ་བའི་ཞིང་དུ་གྱུར་བ།
བོད་མི(ཕལ་ཆེ་བའི་དབང་དུ་བཏང་ཡོད)ནི་སངས་རྒྱས་ཀྱིས་གདམ་དམངས་རེད། ཁོང་ཚོས་མྱང་འདས་ཀྱི་བདེན་དོན་ལ་དད་པ་བྱེད་ཀྱིན་པར་མ་ཟད། བདེ་སྐྱིད་ནི་ནོར་དད་མ་ཡིན་པར་སེམས་ཁོངས་སུ་བཙལ་དགོས་པར་ཡིད་ཆེས་བྱེད་ཀྱིན་ཡོད། འོན་ཀྱང་། དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བའི་འགོར་བོད་ཀྱི་ལས་དབང་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་འདུག རྒྱ་དམར་གཞུང་གི་དྲག་ཤུགས་འོག༼གྲོས་མཐུན་དོན་ཚན་བཅུ་བདུན༽ཟེར་བ་ནས་འགོ་བརྩམས་ཏེ། དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུའི་མཇུག་བར། བོད་མི་རྣམས་དམྱལ་བར་བསྐྱོད་པའི་ལམ་ནང་དུ་བཅུག་ཡོད་ཅིང་། དེ་དག་དུས་རིམ་བཞི་ལ་དབྱེ་ཆོག་གི་ཡོད།
༡ ལོ་རབས་ལྔ་བཅུ་བའི་མཇུག་གི་ནང་ཆོས་བསྣུབས་པའི་ལས་འགུལ། ༢ དམར་གསོད་ཆེན་མོ་དང་འཛིན་བཟུང་ཆེན་མོ། ༣ བཀྲེས་ལྟོགས་ཆེན་མོ། ༤ ༼རིག་གནས་གསར་བརྗེ་ཆེན་མོ༽བརྒྱུད་ནས་རྙིང་བཞི་རྩ་གཏོར་རམ། ཤེས་རིག་རྨེག་མེད་དུ་བཏང་བ་བཅས་ཡིན།
དམར་གསོད་ཆེན་མོ་དང་འཛིན་བཟུང་ཆེན་མོའི་རྗེས་སུ། བོད་ཁུལ་གྱི་སྡེ་གྲོང་གཉིས་སུ་སྡུག་བསྔལ་གྱིས་མནར་བཞིན་པའི་བུད་མེད་དང་དངངས་སྐྲག་གིས་འཚོ་བཞིན་པའི་བྱིས་པ། རྒས་ཤིང་འཁོགས་པའི་ལོ་ལོན་ཚོ་ལས་ལྷག་མེད་ཅིང་། ཧ་ལམ་དར་མ་ཆ་ཚང་བསད་ཟིན་པའམ། བཙོན་ར་གང་རུང་དུ་ཚུད་ཡོད། སྐབས་དེའམ། ལོ་རབས་ལྔ་བཅུ་བའི་མཇུག་ནས་ལོ་རབས་དྲུག་ཅུ་བའི་འགོར། རྒྱ་མི་བྱེ་བ་བཞི་བཀྲེས་ལྟོགས་ཀྱིས་ཤི་ཡོད་ཅིང་། ཕལ་ཆེར་སྐབས་དེའི་རྒྱ་ནག་མི་འབོར་གྱི་བརྒྱ་ཆའི་བརྒྱད་ཟིན། བོད་ཁུལ་དུ་བཀྲེས་ལྟོགས་གྱིས་ཤི་བའི་མི་འབོར་གྱིས་ཧ་ལམ་བོད་མི་སྤྱིའི་ཕྱེད་ཀ་ཟིན་ཞིང་། རྒྱུ་མཚན་ནི་བོད་མི་ཚོས་མི་ཤ་མི་ཟ་བའི་ཁར། ཁྱི་ཤ། རྟ་ཤ། བྱ་ཤ། ཉ་ཤའང་ཟ་གི་མི་འདུག དེ་བས། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་རང་ཉིད་ཀྱི་ཉེན་ཁ་གཡུགས་ནས༼ཡིག་འབྲུ་ཁྲི་བདུན་མ༽བྲིས་པ་རེད། དོན་ལ་དེ་ནི་རྒྱ་དམར་གཞུང་གི་ནག་ཉེས་ཞུ་གཏུགས་ཀྱི་དཔེ་དེབ་ཅིག་ཏུ་གྱུར་ཡོད།
ཕྱི་ལོ ༡༩༦༧ལོ་ནས་བཟུང་། རྒྱ་དམར་གཞུང་གིས་བོད་ལ་དམག་སྲིད་དབང་བསྒྱུར་བྱས་ཡོད་ཅིང་། བོད་དེ་བཞིན་སྔ་ན་མེད་པའི་དྲག་པོའི་དབང་བསྒྱུར་གྱི་དུས་རིམ་ཞིག་ཏུ་ཚུད་ཡོད། ཕྱི་ལོ ༡༩༦༧ལོ་ནས་ཕྱི་ལོ ༡༩༦༩ལོ་བར། བོད་ལྗོངས་སུ་བོད་མིའི་ཡར་ལངས་རེ་འགའ་བྱུང་ཡོད་ནའང་། དམག་མིས་དྲག་གནོན་བརྒྱུད་ནས་དམར་གསོད་བཏང་འདུག
སྔ་རྗེས་ཀྱི་ལས་འགུལ་བཞི་ལྷག་བརྒྱུད་རྗེས། བོད་མིའི་ཁྲོད་ཀྱི་ཆེས་དཔའ་བོ་དང་ཆེས་སྤྱང་པོ། ཆེས་རྩ་ཆེན། ཆེས་རང་དབང་གི་ཚེ་སྲོག་ཆ་ཚང་ཧ་ལམ་རྨེག་མེད་དུ་བཏང་ཟིན་ཞིང་། སྔར་བསམ་བློའི་རྒྱགས་ཕྱེ་ཡི་སྙེ་མ་ལྡེམ་ལྡེམ་གཡོ་བའི་གངས་ལྗོངས་ཡུལ་གྲུའང་བསམ་བློའི་དབུལ་བའི༼ས་ནག་ལུང་བར༽གྱུར་འདུག
ལེའུ་གསུམ་པ། པཎ་ཆེན་སྣང་བ་མཐའ་ཡས་ནི་སངས་རྒྱས་དང་དཔའ་བོ་གཅིག་ལྕོགས་རེད། ཁོང་གིས་རྡོ་རྗེ་རྒྱ་གྲམ་བཀོལ་ནས་དམྱལ་བའི་སྒོ་མོ་གཏོར་ཡོད།
ཏཱ་ལའི་བླ་མ་དང་པཎ་ཆེན་བླ་མ་རྣམ་གཉིས་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་གཙོ་འཛིན་དང་། དེང་རབས་བོད་ཕྱི་ནང་གི་བསམ་བློའི་སློབ་དཔོན་གཉིས་རེད། ཁོང་རྣམ་གཉིས་ཀྱིས་བོད་རྒྱལ་ཁབ་སྟོང་བའི་རྗེས་ཀྱི་བོད་མིའི་དངོས་ཡོད་གནས་སྟངས་ཐད་རྣམ་ཤེས་དང་མི་ཚེ་བཀོལ་ནས་དོ་སྣང་གནང་ཡོད།
དུས་རབས་ཕྱེད་ལྷག་གི་ཡར་སྔོན། ཏཱ་ལའི་བླ་མས་བོད་མི་ཁྲི་བརྒྱད་ཀྱི་དབུ་ཁྲིད་དེ་ཧི་མ་ལ་ཡ་བརྒལ་ནས་བཙན་བྱོལ་གྱི་ལམ་ཁ་བདམས་ཡོད་ཅིང་། བོད་ཀྱི་རང་དབང་ལས་འགུལ་གྱི་སྒོ་མོ་འབྱེད་ཡོད།
བོད་གངས་ཅན་ལྗོངས་སྔར་བྱུང་མ་མྱོང་བའི་མནར་གཅོད་ཆེན་མོའི་ནང་ལྷུང་སྐབས། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་བོད་མི་རིགས་མ་དོར་བར་མིག་ཆུ་གཙང་བོ་ལྟར་བརྡོལ་ཞིང་ཁྲག་དམར་རྒྱ་མཚོ་བཞིན་འཁྱིལ་བའི་དམྱལ་ཁམས་ཀྱི་འཚོ་བར་གདོང་ལེན་བྱེད་རྒྱུ་དེ་བདམས་ཡོད་ཅིང་། སྐབས་དེ་ཤེད་དུ་རྒྱ་དམར་གཞུང་གི་དྲག་སྤྱོད་རིང་ལུགས་ཀྱི་བྱེད་བབས་བླ་ན་མེད་པའི་གནས་སུ་སླེབས་ཡོད་ཅིང་། པཎ་ཆེན་སྣང་བ་མཐའ་ཡས་མཆོག་གི་བྱམས་སྙིང་རྗེ་ཆེན་པོའང་བླ་མེད་ཀྱི་གནས་སུ་འགྲེངས་ཡོད། དཔེར་ན། སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གིས་ཕྱི་ལོ ༡༩༦༢ལོར༼ཡིག་འབྲུ་ཁྲི་བདུན་མ༽བྲིས་ཤིང་། རྒྱ་དམར་གཞུང་ལ་ཡར་སྤྲོད་གནང་། འདི་ནི་བོད་མིའི་ཁྲག་དང་སངས་རྒྱས་ཀྱི་སྤྱན་ཆབ་ཀྱིས་བྲིས་པའི་བོད་ཀྱི་སྡུག་བསྔལ་ཆེན་མོའི་ཚུར་མངོན་ཡིན་པས། དཔེ་དེབ་འདིའི་ནང་དུ་རྒྱ་དམར་གཞུང་གིས་སངས་རྒྱས་ཆོས་ལུགས་ཇི་ལྟར་བསྣུབས་པ། དམར་གསོད་ཆེན་མོའི་བྱུང་བ། འཛིན་བཟུང་ཆེན་མོའི་སྔ་རྗེས། ལྟོགས་སྐོམ་ཆེན་མོའི་བརྒྱུད་རིམ་གྱིས་མཚོན་པའི་མི་གཤིས་ལས་ལྡོག་པའི་འགྲོ་བ་མིའི་རིགས་ལ་རྒོལ་བའི་ནག་ཉེས་མཐའ་དག་གསལ་འདོན་གྱིས་བོད་མིའི་གཉའ་བར་ལྷུང་བའི་དམྱལ་བའི་མནར་གཅོད་འབུར་བྲིས་གནང་ཡོད། དེ་མཚུངས་སུ་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གིས་སྐྱོ་གདུང་གིས་བཀླུབས་པའི་གསོལ་འདེབས་གནང་དོན། ༼འགྲོ་བ་མི་རྣམས་ལྟོགས་སྐོམ་ལས་གྲོལ་ཞིང་། སངས་རྒྱས་ཆོས་ལུགས་བར་ཆད་ལས་ཐར་ཏེ། གངས་ཅན་མི་རྣམས་རྨེག་མེད་ལས་རྒྱལ་བར། གསོལ་བ་འདེབས་སོ་བྱིན་མཐུ་ཡིས་སྲུང་ཤིག༽
ཕྱི་ལོ ༡༩༦༤ལོར་ལྷ་སར་བསྐོང་འཚོགས་གནང་བའི་སྨོན་ལམ་ཆེན་མོའི་སྟེང་དུ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་རྒྱ་དམར་གཞུང་གིས་ཁོང་ལ་སྤྲད་པའི་མཇུག་མཐའི་གོ་སྐབས་བེད་སྤྱོད་གྱིས་གསུངས་དོན། ༼བོད་ནི་སྔར་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན། ཏཱ་ལའི་བླ་མ་ནི་བོད་ཀྱི་རྒྱལ་བོ་ཡིན། ད་ལྟ་བོད་ལ་རང་བཙན་གྱི་ཐོབ་ཐང་ཡོད་ཅིང་། བོད་ཀྱིས་ངེས་པར་དུ་རང་བཙན་སླར་གསོ་བྱེད་དགོས།༽
དེ་ལྟར་བོད་རྒྱལ་ཁབ་སླར་གསོའི་གཏམ་བཤད་མ་གྲུབ་པའི་མཚམས་དེ་ག་རང་ནས་པཎ་ཆེན་བཅུ་བ་མཚོག་རྒྱ་དམར་གཞུང་གིས་འཛིན་བཟུང་བྱས་ཤིང་། ཁོང་གིས་རྒྱལ་བ་པཎ་ཆེན་སྐུ་ཕྲེང་ན་རིམ་གཞན་སུ་ཞིག་གིས་ཀྱང་མྱོང་མ་མྱོང་བའི་དམྱལ་ཁམས་ཀྱི་མནར་གཅོད་དང་མི་ཡུལ་གྱི་གདུག་རྩུབ་ཉམས་སུ་མྱངས་ཡོད། དེ་དག་རྗེས་སོར་རྒྱ་དམར་གཞུང་གིས་ཁོང་ལྐོག་གསོད་ཐད་ལ་ཐོག་མའི་ས་བོན་དུའང་གྱུར་འདུག
ལེའུ་བཞི་བ། ལོ་རྒྱུས་སྟེང་གི་ཡུན་ཐུང་བའི་དཔྱིད་ཀ སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གིས་བོད་མིའི་སེམས་ནང་དུ་ནང་བསྟན་ཡང་དར་གྱི་ས་བོན་བཏབ་སོང་།
དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་བའི་མཇུག་ནས་བརྒྱད་ཅུའི་དུས་མཇུག་བར། ཧུའུ་ཡའོ་པང་གིས་ལོ་ངོ་བཅུར་དབང་ཆ་འཛིན་སྐབས། རྒྱ་ནག་དེ་བཞིན་རྒྱ་དམར་དབང་བསྒྱུར་འོག་གི་སྔ་རྗེས་གང་ལའང་བྱུང་མི་སྲིད་པའི་བསམ་བློ་རང་དབང་གི་དུས་རིམ་ནང་སླེབས་ཡོད། དེ་ལྟར་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་ལ་བོད་བརྒྱུད་ནང་བསྟན་ཡང་དར་དང་བོད་ཀྱི་ཤེས་རིག་བསྐྱར་དར་ལས་འགུལ་སྤེལ་བའི་དུས་རབས་ཀྱི་རྒྱབ་ལྗོངས་རེག་ཡོད། ཧུའུ་ཡའོ་པང་གི་གཞོགས་འདེགས་འོག རྒྱ་དམར་གཞུང་གིས་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གི་ཆབ་སྲིད་གོ་གནས་སླར་གསོ་བྱས། དེ་བས། སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གིས་དེང་རབས་བོད་བརྒྱུད་ནང་བསྟན་ཡང་དར་ལས་འགུལ་གྱི་རུ་འདྲེན་པའི་འོས་འགན་ཕྲག་ཏུ་བླངས་ཡོད། དོན་ལ་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ནི་བོད་ནང་གི་དེང་རབས་བོད་བརྒྱུད་ནང་བསྟན་ཡང་དར་ལས་འགུལ་གྱི་རུ་འདྲེན་པ་དང་། བོད་ཀྱི་ཤེས་རིག་བསྐྱར་དར་ལས་འགུལ་གྱི་དེད་དཔོན། བོད་རྒྱལ་ཁབ་སླར་གསོའི་བློ་དབྱེད་པ་དང་བསྐུལ་འདེད་པའི་མཚོན་པའི་བསམ་བློའི་གཙོ་འཛིན་ངོ་མ་དེ་རེད།
སློབ་དཔོན་ཆེན་མོ་པཎ་ཆན་བཅུ་བ་མཆོག་གིས་སྤེལ་བའི་རྒྱ་དམར་གཞུང་གིས་བསྣུབས་ཟིན་པའི་ནང་བསྟན་བསྐྱར་དར་གྱི་ལས་འགུལ་ནི་བོད་བརྒྱུད་ནང་བསྟན་ལོ་རྒྱུས་སྟེང་གི༼བསྟན་པ་ཡང་དར༽གྱི་དུས་སྐབས་ཡིན། དེའང་ལོ་རྒྱུས་སྟེང་གི༼བསྟན་པ་སྔ་དར༽དང༼བསྟན་པ་ཕྱི་དར༽གཞིར་བཟུང་གིས་དུས་རིམ་དབྱེ་བ་ཞིག་ཡིན་པས། ༼བསྟན་པ་ཡང་དར༽ནི་ཏག་ཏག་བསྡད་ཡོད། དུས་མཚུངས་སུ་བོད་བརྒྱུད་ནང་བསྟན་ཤར་དར་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཐེངས་དང་པོ་ནི་ཧོར་ཆེན་པོའི་སྐབས་དང་ཐེངས་གཉིས་པ་ནི་མན་ཇུ་ཆེན་པོའི་སྐབས་ཡིན། དུས་རིམ་འདི་གཉིས་ཀྱི་བོད་བརྒྱུད་ནང་བསྟན་ཤར་དར་གྱི་ཁྱད་ཆོས་གཙོ་བོ་ནི་བོད་བརྒྱུད་ནང་བསྟན་དེ་བཞིན་རྒྱལ་ཁབ་གྱི་ཆོས་ལུགས་སུ་བཀུར་བ་དེ་རེད་ལ། དབང་ཤུགས་ལ་བརྟེན་ནས་ཤར་ཕྱོགས་རྒྱ་ཡུལ་དུ་སྤེལ་བ་ཞིག་ཀྱང་རེད།
སློབ་དཔོན་ཆེན་མོ་པཎ་ཆེན་བཅུ་བ་མཆོག་གིས་སྤེལ་བའི་དེང་རབས་ནང་ཆོས་ཡང་དར་དང་ཤེས་རིག་བསྐྱར་དར་ལས་འགུལ་ལའང་བོད་བརྒྱུད་ནང་བསྟན་ཤར་དར་གྱི་ནུས་ཤུགས་ཐོན་ཡོད། ཡིན་ནའང་། ཐེངས་འདིར་བོད་བརྒྱུད་ནང་བསྟན་ཤར་དར་ཁྲོད་དབང་ཤུགས་ཀྱི་ལག་པ་བསྲིངས་མེད་ཅིང་། ནང་བསྟན་གྱི་བསམ་བློའི་གཟི་ཤུགས་ལ་བརྟེན་ནས་རྒྱ་ནག་གི་དད་ལྡན་པ་མང་བོ་འགུགས་ཐུབ་ཡོད། དེང་སྐབས་བོད་བརྒྱུད་ནང་བསྟན་ལ་དད་པའི་རྒྱ་ནག་པའི་གཞི་རྒྱ་ཆེ་ནས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། ཐ་ན་ཆོས་དཔེ་ཀློག་འདོན་སླད་བོད་ཡིག་སྦྱངས་ཀྱིན་པའི་གྲངས་འབོར་ཡང་ཉུང་ཉུང་ཞིག་མིན།
སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གིས་ད་དུང་བོད་ཁུལ་དུ་མི་སྣ་གསོ་སྐྱོང་དང་དཔལ་འབྱོར་རང་ཁ་རང་གསོར་བསྐུལ་འདེད་གནང་ཡོད། དཔེར་ན། བོད་ཁུལ་དུ་མཐོ་སློབ་མང་བོ་གསར་འཛུགས་དང་བོད་གངས་ཅན་སྤྱི་བསྡོམས་དར་སྤེལ་མཐུན་གཉེར་ཁང་གཉེར་བར་རང་ཁ་རང་གསོར་བསྐུལ་བའི་རྟིང་མ་རང་བཞིན་གྱི་དོན་སྙིང་ལྡན་ཡོད།
ལེའུ་ལྔ་བ། སངས་རྒྱས་དགྲོང་མོལ། དཔྱིད་ཀའི་རྗེས་སུ་དགུན་ཁ་སླེབས་ཡོད།
ཕྱི་ལོ ༡༩༨༧ལོའི་འགོར། ཧུའུ་ཡའོ་པང་གི་དབང་ཆ་ཤོར་སྐབས། ཐེངས་དེའི་ཕོ་བྲང་ནང་གི་སྲིད་འགྱུར་གྱི་གཙོ་སྐྱོང་བ་ནི་རྒྱ་དམར་གཞུང་གི་རྒན་རབས་པ་ཞེས་པའི་སྲིད་དོན་ཚོང་བ་ཁག་ཅིག་ཡིན་ལ། ཁོ་རང་ཚོའི་དབང་ཆའང་རྒྱ་དམར་གཞུང་གི་རྩ་འཛུགས་ལས་བརྒལ་ཡོད་ཅིང་། དོན་དངོས་སུ་རྒྱ་དམར་གཞུང་གི་ཆེས་མཐོའི་དབང་ཆ་སྒེར་སྡོམ་བྱས་ཡོད།
ཧུའུ་ཡའོ་པང་གིས་ཨེ་ཤ་ཡ་ཤར་མའི་སྐམ་ས་ཆེན་པོར་ཁྱེར་ཡོང་བའི་ལོ་བཅུའི་རིང་གི་བསམ་བློའི་རང་དབང་གི་དཔྱིད་དཔལ་ཤར་བས། སློབ་དཔོན་ཆེན་མོ་པཎ་ཆེན་བཅུ་བ་མཆོག་ལ་བོད་བརྒྱུད་ནང་བསྟན་ཡང་དར་དང་བོད་ཀྱི་ཤེས་རིག་བསྐྱར་དར་གྱི་ལས་འགུལ་སྤེལ་བར་དུས་རབས་ཀྱི་རྒྱབ་ལྗོངས་རེག་ཡོད། དེ་བས། རྒྱ་དམར་གཞུང་གིས་མི་འགྱངས་པར་ཧུའུ་ཡའོ་པང་རྩ་མེད་གཏོང་བའི་ཆབ་སྲིད་ཀྱི་རྣོ་ཁ་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་ལ་གཏད་ཡོད། སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གིས་ཡ་ང་བའི་གནས་སྟངས་དེར་ཁ་གཏད་དུས། འཇིགས་ཞུམ་སྤུ་ཙམ་མེད་པར་སངས་རྒྱས་དངོས་ཀྱི་སྤྱོད་པར་ཞུགས་ནས་ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་བོད་བརྒྱུད་ནང་བསྟན་ཡང་དར་དང་བོད་ཀྱི་རིག་གནས་བསྐྱར་དར་གྱི་ལས་དོན་གཉེར་ཡོད་ལ། དྲག་པོའི་སྲིད་དབང་དང་ཤི་འཐབ་བྱེད་པའི་སྲིད་དོན་གྱི་སྙིང་ཁམས་སྲུང་འདུག
རྒྱ་དམར་རྒན་རབས་སྒེར་སྡོམ་རུ་ཚོགས་ཀྱིས་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གི་གནང་སྟངས་ཀྱིས་རྒྱ་དམར་གཞུང་གིས་བོད་ལ་གཅིག་སྡུད་དབང་བསྒྱུར་བྱེད་པར་འགོག་རྐྱེན་བཟོ་བཞིན་པ་ཧ་གོ་ཡོད་ཅིང་། ཁོ་རང་ཚོས་སློབ་དཔོན་ཆེན་མོ་པཎ་ཆེན་འགོག་རྐྱེན་དུ་ལྟ་དོན་གཤམ་གསལ།
༡ སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་ལ་བོད་མིའི་ཁྲོད་དུ་བླ་མེད་ཀྱི་ཤུགས་རྐྱེན་ཡོད་ཅིང་། ཤུགས་རྐྱེན་དེའང་པཎ་ཆེན་སྐུ་དངོས་ཀྱིས་བོད་མིའི་ལས་དབང་ལ་ཐུགས་ཁུར་གནང་བ་ལས་བསྐྲུན་པ་ཞིག་རེད། དཔེར་ན། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་ནང་གི་བོད་མི་སྤྱིའི་གྲངས་འབོར་གྱི་བརྒྱ་ཆའི་གྱ་ལྔར་ཕྱག་དབང་བསྩལ་ཡོད་པ་དང་། ཧ་ལམ་ཀི་རིང་ཞིག་གིས་བསྡེབས་ལངས་བྱེད་དུ་འཇུག་ཐུབ་པའི་གནས་སུ་སླེབས་ཡོད།
༢ རྒྱ་དམར་གཞུང་ལ་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གི་ཆབ་སྲིད་ལངས་ཕྱོགས་ལ་དོགས་པ་འདུག དཔེར་ན། ༼ཡིག་འབྲུ་ཁྲི་བདུན་མ༽ནས་ཕྱི་ལོ ༡༩༦༤ལོར་བོད་རང་བཙན་བསྐྱར་གསོ་དགོས་པའི་འབོད་བསྐུལ། ཕྱི་ལོ ༡༩༨༧ལོར་རྒྱ་དམར་དམངས་ཆེན་ཚོགས་འདུའི་སྒང་དུ༼བོད་ཁུལ་རང་སྐྱོང༽ལག་བསྟར་བྱེད་འོས་པའི་གྲོས་འཆར་བཏོན་པ་བཅས་ལ་ཐུག་ཡོད། ད་ལྟ་ངྷ་རམ་ས་ལ་ནས༼ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྐྱོང༽ཟེར་བ་དེའང༼བོད་ཁུལ་རང་སྐྱོང༽དང་དོན་གཅིག་མིང་གི་རྣམ་གྲངས་ཙམ་རེད། ཡིན་ནའང་། དུས་རབས་ཀྱི་རྒྱབ་ལྗོངས་ཁ་ཁ་ཡིན་པས། སྔར་པཎ་ཆེན་རིན་པོ་ཆེར་རྒྱབ་བསྐྱོར་མ་གནང་བ་ནི་ནོར་འཁྲུལ་དང་ད་ལྟ་བསྐྱར་དུ་གླེང་བ་དེ་བས་ཀྱང་ལམ་ལོག་ནང་ཞུགས་ཡོད།
སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གིས་དུས་རྒྱུན་རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་མིར་ཐུགས་ཁུར་གནང་བཞིན་པའི་ཁར། ཐེངས་མང་བོར་ལྷ་སར་བྱུང་བའི་ཡར་ལངས་དོན་རྐྱེན་ལ་ལག་པ་འཆིང་ཞིང་། ཡར་ལངས་ནང་ཞུགས་མཁན་ཚོར་གང་ཐུབ་ཀྱིས་ཐག་གཅོད་ཡང་མོ་བྱེད་དུ་བཅུག་པར་རྒྱ་དམར་གཞུང་ཁོང་ཁྲོ་གཏིང་ནས་ཟོས་ཡོད།
ལེའུ་དྲུག་པ། སངས་རྒྱས་དགྲོང་བའི་གྲ་སྒྲིག འདྲེ་ཡི་གྲིབ་མ་གཡོས། བྱུས་ངན་དུག་ཏུ་གྱུར།
ཕྱི་ལོ ༡༩༨༧ལོའི་ཟླ ༡༡ནང་། ཏིང་ཞའོ་ཕེན་ནང་ཚང་གི་མགྲོན་བསུ་ཁང་དུ༼སངས་རྒྱས་དགྲོང་བའི་ཐག་གཅོད་ཚོགས་འདུ༽བསྐོང་འཚོགས་བྱས། ཚོགས་ཞུགས་མི་སྣའི་ཁྲོད་དུ་ཏིང་ཞའོ་ཕེན། ཁྲིན་ཡོན། ལིས་ཞན་ཉིན། པའོ་ཡི་པོ། སུང་ཕེན་བཅས་ཡོད་ཅིང་། སྐབས་དེར་ཝང་ཀྲིན་ན་བཞིན་པ་དང་། ཡང་ཧྲང་ཁུང་དང་ཕུན་ཊིན་གཉིས་ལས་ཀ་གཞན་པར་བྲེལ་བཞིན་པས། ཚོགས་འདུ་དེར་ཞུགས་མི་འདུག
༼སངས་རྒྱས་དགྲོང་བའི་ཐག་གཅོད་ཚོགས་འདུ༽བསྐངས་རྗེས། རྒྱ་དམར་རྒན་རབས་སྒེར་སྡོམ་རུ་ཚོགས་ཀྱིས༼པཎ་ཆེན་དམིགས་བསལ་ཐག་གཅོད༽ཟེར་བའི་ལས་གཞི་ལག་བསྟར་བྱེད་མཁན་གྱི་མི་སྣ་གཉིས་བདམས་ཡོད་ཅིང་། དེ་ནི་ཝུན་ཅཱ་པའོ་དང་ཧུའུ་ཅིན་ཐོ་གཉིས་རེད།
ཝུན་ཅཱ་པའོ་ནི་སྐབས་དེར་ཀྲུང་གུང་ཀྲུང་དབྱང་ག།ཞུང་ལས་ཐིང་གི་ཀྲུའུ་རེན་དང་ཀྲུང་གུང་ཀྲུང་དབྱང་དྲུང་ཡིག་སྡེ་ཁག་གི་ཧྲུའུ་ཅི་རེད། (རྗེས་གསབ། )ལས་ཁུངས་འདི་གཉིས་ནི་རྒྱ་དམར་དབུས་གཞུང་གི་ལག་བསྟར་ལས་ཁུངས་ཡིན་ཞིང་། ཝུན་ཅཱ་པའོ་ཡི་ལས་གནས་ལག་བསྟར་ལས་ཁུངས་འདི་གཉིས་ལ་ཁྱབ་ཡོད།
རྒྱ་དམར་རྒན་རབས་སྒེར་སྡོམ་རུ་ཚོགས་ཀྱི་ཚོགས་མི་སུང་ཕེན་གྱིས་ཏིང་ཞའོ་ཕེན་ལ་སྐབས་དེར་ཀེའུ་ཀྲུའུ་ཞིང་ཆེན་གྱི་དྲུང་ཡིག་ཆེན་མོའི་ལས་གནས་ཁུར་བཞིན་པའི་ཧུའུ་ཅིན་ཐོ་ངོ་སྤྲོད་དང་། བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཡིག་ཆེན་མོར་བསྐོ་འཇོག་བྱེད་འོས་པའི་གྲོས་འཆར་བཏོན་པ་རེད། … …
ལེའུ་བདུན་པ། སངས་རྒྱས་བཀྲོངས་པ། མེ་ཏོག་པདྨ་དཀར་བོ་ལྕགས་ཀྱི་ཡོལ་བའི་གྲིབ་རིས་འོག་ཏུ་རྙིད།
ཕྱི་ལོ ༡༩༨༧ལོའི་སྟོན་ཁར། རྒྱ་དམར་རྒན་རབས་སྒེར་སྡོམ་རུ་ཚོགས་ཀྱིས༼སངས་རྒྱས་བཀྲོངས་པའི་གྲོས་མོལ༽བྱས། ཏིང་ཞའོ་ཕེན་གྱིས་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་ལ་ཆེས་མཐའ་མཇུག་གི་ཚུར་འགུགས་བྱེད་པའི་ལས་ཀར་བཀོད་འདོམས་ཀྱང་བྱས། དེའང་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གིས་རང་ཉིད་ཀྱི་ལངས་ཕྱོགས་དོར་ནས་རྒྱ་དམར་གཞུང་གི་ལངས་ཕྱོགས་སྒང་ཚུར་ལོག་རྒྱུ་དེ་རེད། ཡིན་ནའང་། སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གིས་དང་ལེན་གནང་མི་འདུག དེ་བས། པཎ་ཆེན་ལ་ཁ་གཏད་པའི༼དམིགས་བསལ་ཐག་གཅོད༽ལས་གཞིའང་དྲ་མ་ཉམས་པར་ལག་བསྟར་བྱེད་འགོ་ཚུགས་ཡོད་འདུག
ཕྱི་ལོ ༡༩༨༨ལོ་ཧྲིལ་བོར། ཝུན་ཅཱ་པའོ་དང་ཧུའུ་ཅིན་ཐོ་ཡི་བཀོད་སྒྲིག་འོག རྒྱ་དམར་གཞུང་གི་བརྒྱུད་ལམ་ཁག་ནང༼སློབ་དཔོན་ཆེན་མོ་པཎ་ཆེན་ཏང་ལ་བློ་སེམས་གཅིག་ཏུ་མཐུན་པ་དང་། ཁ་བྲལ་རིང་ལུགས་པར་རྟག་ཏུ་ངོ་རྒོལ་བྱེད་ཀྱིན་ཡོད༽ཞེས་པའི་བརྗོད་གཞིའི་འོག་ཁྱབ་བསྒྲགས་ཤུགས་ཆེན་བྱས་ཡོད་པ་དང་། རྒྱ་དམར་གཞུང་གིས་ད་དུང་ལོ་དཀྱིལ་ལ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་མིང་ཐོག་ནས་ཡིག་ཆ་སྤེལ་ཏེ། ཕྱི་ལོ ༡༩༦༤ལོར་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་ལ༼མི་དམངས་ལ་ངོ་རྒོལ། སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ། ངོ་ལོག་ཟིང་འཁྲུག་སློང་འདུན༽ཞེས་པའི་ཞྭ་མོ་ཆེན་པོ་གསུམ་གཡོགས་ཡོད་པ་ལས་དཀར་འདོན་བྱས། འདི་ནི་མ་འོངས་པར་པཎ་ཆེན་གཤེགས་རྐྱེན་རྒྱ་དམར་གཞུང་ལ་དོགས་པ་རྩ་བ་ནས་ཟ་ཡུལ་མེད་པ་གཏོང་བའི་ཐབས་ལམ་ཞིག་རེད།
ཕྱི་ལོ ༡༩༨༨ལོའི་སྟོན་འགོར་ཝུན་ཅཱ་པའོ་དང་ཧུའུ་ཆིན་ཐོ། ཝུན་ཅཱ་པའོ་ཡིས་ངོ་སྤྲོད་བྱས་པའི་རྒྱ་དམར་མཐོ་རིམ་དཔོན་རིགས་ཀྱི་ཨེམ་རྗེ་ཝང་མེས་ཆིན། ཧུའུ་ཅིན་ཐོ་ཡིས་ངོ་སྤྲོད་བྱས་པའི་ཧུའུ་ཁྲོང་ཧྭ་བཅས་ཀྱིས་པེ་ཅིན་དུ༼དམིགས་བསལ་ཐག་གཅོད༽ལག་བསྟར་བྱེད་སྟངས་ཐད་འཚོགས་འདུ་བསྐང་ཞིང་། ཐེངས་དེའི་འཚོགས་འདུ་ཡིས་ཨེམ་རྗེ་ཝང་མེས་ཆིན་གྱི་གྲོས་གཞི་ལྟར་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བར་དུག་རྫས་བཀོལ་ནས་དགྲོང་བའི་ཁ་ཕྱོགས་གཏན་འཁེལ་འདུག ད་དུང་ཝང་མེས་ཆིན་གྱིས་ཀྲུའུ་མེས་ཊིན་གྱིས་དུག་རྫས་བཀོལ་བའི་འགན་འཁུར་འོས་པའི་གྲོས་གཞི་བཏོན། (ཀྲུའུ་མེས་ཊིན་ནི་རྒྱ་དམར་མཐོ་རིམ་དཔོན་རིགས་ཀྱི་སྨན་པའི་གྲས་ཀྱི་ཨེམ་རྗེ་མ་ཞིག་རེད།)
ཕྱི་ལོ ༡༩༨༩ལོའི་ཟླ ༡ ཚེས ༢༧མཚན་མོར། ཧུའུ་ཅིན་ཐོ་དང་ཝུན་ཅཱ་པའོ་ཡི་གཙོ་སྐྱོང་འོག མུན་ཧོང་ཝེ་དང་ཧུའུ་ཁྲོང་ཧྭ་ཡིས་ལག་བསྟར་བརྒྱུད་ནས་ཀྲུའུ་མེས་ཊིན་ཐད་ཀར་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་ལ་དུག་གཏོང་བའི་ལས་སུ་ཞུགས་ཤིང་། རྒྱ་དམར་གཞུང་གིས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ལ་དུག་བཏང་བ་ལེགས་འགྲུབ་བྱུང་ནས། ཕྱི་ཚེས ༢༨གྱི་ཞོགས་པར་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གཞིས་ཀ་རྩེ་བཀྲ་ཤིས་ལྷུན་པོ་དགོན་དུ་སྐུ་གྲོངས་ཡོད་འདུག
ལེའུ་བརྒྱད་པ། སངས་རྒྱས་ཀྱི་བླ་སྲོག་ལ་ཉམས་པ་མེད། མུན་ནག་ནི་རྟག་བརྟན་དུ་འགྱུར་ཐུབ་མེད།
ཕྱི་ལོ ༡༩༨༧ལོའི་ཟླ ༡ནང་། ཧུའུ་ཡའོ་པང་གིས་གཞན་དབང་སྟབས་བསྟུན་གྱི་ལམ་ནས་རྒྱ་དམར་གཞུང་གི་སྤྱི་ཁྱབ་དྲུང་ཆེའི་གོ་གནས་སྤྲོད་དགོས་ཐུག་ཡོད། འདི་ནི་རྒྱ་ནག་ལ་སྐབས་དེར་ཤར་བའི་རང་དབང་བསམ་བློའི་དཔྱིད་ཀ་ཡལ་འགོ་ཚུགས་པར་ལྟ་ཆོག་གི་ཡོད་ལ། ཡིན་ནའང་། ཆབ་སྲིད་གཏན་ཚིགས་ནི་ལོ་རྒྱུས་ཀྱིས་བསྐུལ་འདེད་ཀྱིས་མདུན་དུ་བསྐྱོད་ཀྱིན་པས། དཔྱིད་ཀ་ཡལ་བའང་གོ་རིམ་ཞིག་ཡིན། ཕྱི་ལོ ༡༩༨༩ལོའི་ཟླ ༡ནང་། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་བཀྲོངས་པ་ནི། རྒྱ་དམར་གཞུང་གི་སྲིད་དོན་པ་རྒན་པའི་སྟོབས་ཤུགས་ཀྱིས་རྒྱ་ནག་གི་རང་དབང་བསམ་བློའི་དཔྱིད་ཀ་བཅོམ་པ་དང་བསྟུན་ནས་བསྐྱར་དུ་ནང་ཆོས་བསྣུབས་པའི་ཉེས་པ་འགོ་འཛུགས་བྱས་པར་གོ་དགོས།
གཡོ་ཇུས་འདིའི་དཀྱིལ་སྙིང་ནི། ཆབ་སྲིད་བསམ་བློ། རྩ་འཛུགས་ཀྱི་མ་ལག དཔལ་འབྱོར་གྱི་ཡོང་ཁུངས་བཅས་ནས་བོད་ཀྱི་ནང་བའི་དབུ་ཁྲིད་རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་ཡང་སྲིད་ལ་ཚོད་འཛིན་བྱས་ཏེ། ཡང་སྲིད་རྣམ་གཉིས་གྲྭ་ལྭ་མནབས་པའི་ཏང་གི་མི་སྣ་ཞིག་ཏུ་བསྒྱུར་རྒྱུ་དེ་རེད། དེ་ལྟར་བོད་ལ་ཚོད་འཛིན་བྱེད་པའི་དམིགས་ཡུལ་བཅངས་ཡོད་ལ། དོན་དངོས་སུ་ནང་ཆོས་མི་རྣམས་ཀྱི་བསམ་བློའི་གཏིང་ནས་ག་ལེར་བསྣུབས་ཀྱིན་པ་རང་རེད།
གསལ་བོར་ཞུས་ན། རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་ཡང་སྲིད་རྣམ་གཉིས་གྲྭ་ལྭ་མནབས་པའི་ཏང་གི་མི་སྣར་བསྒྱུར་རྗེས། བོད་བརྒྱུད་ནང་བསྟན་གྱི་སྐྱེ་བ་སྔ་ཕྱིའི་གཞུང་ལུགས་དེར་བསྙོན་འབྱིན་བྱེད་ཐུབ་ཡོད་པར་མ་ཟད། བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ཐད་ཀར་རྨེག་མེད་གཏོང་འགོ་ཚུགས་ཡོད།
རྒྱ་དམར་གཞུང་གིས་དུག་རྫས་བཀོལ་ནས་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་སྲོག་ལུས་ཁ་ཁར་གཏོང་ཐུབ་ཀྱི་ཡོད་ཅིང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གར་སོང་ཆ་མེད་དུ་གཏོང་ཐུབ་ཀྱི་ཡོད་པ་རེད། ཡིན་ནའང་། དྲག་པོའི་གཞུང་གིས་སློབ་དཔོན་ཆེན་མོ་པཎ་ཆེན་བཅུ་བ་མཆོག་གི་བླ་སྲོག་ག་དུས་ཀྱང་གསོད་ཐུབ་ཀྱི་མ་རེད། པཎ་ཆེན་མཆོག་གི་བླ་སྲོག་ནི་ཁོང་གིས་གསར་འབྱེད་གནང་བའི་དེང་རབས་བོད་བརྒྱུད་ནང་བསྟན་ཡང་དར་དང་བོད་ཀྱི་རིག་གཞུང་བསྐྱར་དར་ཁྲོད་འཐིམས་ཡོད་ཅིང་། བོད་མིའི་སེམས་ཁུང་དུ་བརྡོལ་བའི་བོད་ཀྱི་རྒྱལ་ཁབ་སླར་གསོའི་འབོད་སྐད་ཁྲོད་གནས་ཡོད། པཎ་ཆེན་སྐུ་ཕྲེང་བཅུ་བའི་བླ་སྲོག་ལ་ག་དུས་ཀྱང་ཉམས་པ་མེད་ལ། ཁོང་ག་དུས་ཀྱང་བོད་སྒང་བའི་དཀའ་སྡུག་གི་ལས་དབང་དང་ཁ་འབྲལ་མྱོང་མེད་ཅིང་། ཁོང་གི་སྐུ་ཁྲག་གིས་བོད་མི་ཆེས་འུ་ཐུག་པའི་དུས་སུ་རྒྱལ་ཁབ་སླར་གསོའི་རེ་བ་གསོ་བའི་ས་བོན་བསྐྲུན་ཡོད།
དུས་ཉི་ཤུ་བའི་ལོ་རབས་དགུ་བཅུ་བར་བོད་ནང་དམ་བསྒྲགས་ནས་ཕྱི་ལོ ༢༠༠༨ལོར་བོད་ཁུལ་ཡར་ལངས། མིང་གྲགས་ཆེ་བའི་བོད་རིག་པ་སྨྲ་བ་བོ་དང་ཞི་རྒོལ་ཆེད་མཁས་པ་ཞོགས་དུང་མཆོག་གི༼གནམ་ས་གོ་འབྱེད༽ནས་དེང་སྐབས་བོད་ནང་བསྟུད་མར་བྱུང་བཞིན་པའི་རང་བསྲེག་ངོ་རྒོལ་བཅས་ཀྱིས་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བའི་བླ་སྲོག་ལ་ཉམས་པ་མེད་པ་མཚོན་ཡོད།
ཕྱི་ལོ ༢༠༡༢ལོར་པའོ་ཞིས་ལེ་དོན་རྐྱེན་བྱུང་རྗེས། པའོ་ཞིས་ལེ་བཙོན་དུ་ཚུད་ཡོད་མོད། ད་དུང་ཧུའུ་ཅིན་ཐོ་དང་ཝུན་ཅཱ་པའོ་ལ་འགྲན་སློང་མཚམས་བཞག་མི་འདུག པའོ་ཡིས་འདྲི་བརྩད་མི་སྣར་བཤད་དོན། ༼ཁྱོད་རང་ཚོས་ངའི་སྐྱེས་དམན་ལ་མི་གསོད་ཡིན་ཞེས་ཁས་ལེན་དུ་བཅུག་འདུག བྱས་ཙང་ངས་ལྷན་རྒྱས་དྲི་བ་གཅིག་གཏོང་གི་ཡིན། སངས་རྒྱས་བཀྲོངས་པ་དང་དབྱིན་ཇིའི་གསང་མྱུལ་བ་ཞིག་བསད་པ་གཉིས་ཀྱི་ཉེས་པ་གང་ལྕིའམ། ༽ བར་བཅུག་གི་རོལ་དབྱངས་འདིས་དེ་བས་ཀྱང་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བའི་བླ་སྲོག་ལ་ཉམས་པ་མེད་པ་དེ་མཚོན་ཡོད།
ལེའུ་དགུ་པ། བོད་ཀྱི་ལས་དབང་ཤི་གསོན་གཉིས་ཀྱི་སོ་ཁ་བརྒྱུད་ནས་བསྐྱོད་ཀྱིན་འདུག ཞིས་ཅིན་ཕེན་གྱིས་བཤད་རྒྱུར། ༼ཏཱ་ལའི་སྤྲང་བོར་གྱུར་ནས་ཡང་སྲིད་ཅེས་པའི་རིན་པོ་ཆེ་འདི་མ་གཏོགས་ལྷག་མི་འདུག༽
སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་བོད་བརྒྱུད་ནང་བསྟན་ཡང་དར་ལས་འགུལ་དང་བོད་ཀྱི་ཤེས་རིག་བསྐྱར་དར་ལས་འགུལ་ལ་བསྐུལ་འདེད་ཀྱིས་བོད་ཀྱི་རྒྱལ་ཁབ་སླར་གསོའི་ཕུགས་བསམ་ལ་བླ་འགུགས་བྱས་ཡོད་ཅིང་། དེ་ནི་སངས་རྒྱས་དངོས་ཀྱི་བྱམས་སྙིང་རྗེ་ཆེན་པོས་ལོ་རྒྱུས་ཀྱི་འགག་སྒོ་ནས་བོད་ཀྱི་ལས་དབང་ལ་མགོན་སྐྱབས་གནང་བ་ཞིག་རེད། ཕྱི་ལོ ༡༩༨༩ལོར་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ཞི་དབྱིངས་སུ་འཐིམས་ཚུལ་གནང་རྗེས། བོད་ནང་དུ་རྒྱ་དམར་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མཚམས་ཆད་མ་མྱོང་ཞིང་། དོན་དངོས་ཐོག་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་བོད་སྐྱོབ་པའི་ཞལ་ཆེམས་ལག་བསྟར་གནང་བ་ཞིག་རེད། མ་གཞི་དྲག་པོའི་གཞུང་ལ་ངོ་རྒོལ་དང་རང་དབང་ཐོབ་ཐང་རྩོད་ལེན་གནང་བཞིན་པ་ནི་བླ་ན་མེད་པའི་བྱ་བཞག་ཅིག་ཡིན།
དེ་བས། བློ་ཕམ་དགོས་པ་ཞིག་ནི་བོད་ནང་གི་ངོ་རྒོལ་ལས་འགུལ་གྱི་དཀའ་ངལ་རྒྱ་དམར་གཞུང་ཕྱོགས་ནས་བསྐྱེད་ཀྱིན་པར་མ་ཟད། ད་དུང་དཀའ་ངལ་གྱི་ཁར་དཀའ་ངལ་འཕར་མ་ཞིག་ངྷ་རམ་སཱ་ལའི་ཕྱོགས་ནས་བསྐྲུན་བཞིན་པས། འདི་ནི་དགོས་ངེས་མེད་པའི་དོན་དག་ཅིག་རེད།
ཟམ་གདོང་རིན་པོ་ཆེ་ལགས་བཙན་བྱོལ་བོད་གཞུང་གི་ཆེས་མཐའ་མའི་སྲིད་བློན་ལོ་བཅུའི་རིང་གནང་སྐབས། ངྷ་རམ་སྰ་ལས་རྒྱ་དམར་གཞུང་ལ་འབྲེལ་མོལ་ཟེར་བ་བྱེད་ཀྱིན་པར་མ་ཟད། ཐ་ན་ཡོངས་གྲགས་ཀྱི་ལམ་ནས༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས༽སྒྲོམ་གཞིའི་ནང་གི་རང་སྐྱོང་ཟེར་བ་ཞིག་གི་དགོས་འདུན་བཏོན་ཡོད། ཟམ་གདོང་རིན་པོ་ཆེ་ཡིས་ཆབ་སྲིད་ལམ་ཕྱོགས་འདི་འཛིན་བཞིན་པ་ནི་ཡ་མ་བརླ་ཆེན་པོ་ཞིག་ཡིན། ཉུང་མཐར་གཤམ་གྱི་དོན་ཚན་གསུམ་ལ་ཐུག་ཡོད།
༡ ཟམ་གདོང་རིན་པོ་ཆེ་ཡི་ཆབ་སྲིད་ལམ་ཕྱོགས་འདི་ནི། བོད་མི་རྣམས་ལོ་རྒྱུས་སྟེང་ནས་བརྒྱུད་ཟིན་པའི་དཀའ་སྡུག་ཆེ་ཞིང་། གཟི་བརྗིད་ལྡན་པའི་རང་དབང་བརྩོན་ལེན་གྱི་ལམ་ཁའི་ལྡོག་ཟླ་ཆགས་ཡོད།
༢ ཟམ་གདོང་རིན་པོ་ཆེ་ཡི་ཆབ་སྲིད་ལམ་ཕྱོགས་འདི་ནི། དངོས་ཡོད་ཆབ་སྲིད་འགྱུར་འགྲོས་རྒྱབ་འགལ་ཆགས་ཡོད།
༣ ཟམ་གདོང་རིན་པོ་ཆེ་ཡི་ཆབ་སྲིད་ལམ་ཕྱོགས་འདི་ཡིས་ཕྱི་སྡོད་རང་དབང་བོད་ཀྱི་སྲོག་རྩ་རང་ངོས་ནས་བཅད་ཡོད།
དེ་བས། བོད་ཀྱི་ལས་དབང་ཤི་གསོན་གྱི་སོ་ཁ་ན་མདུན་དུ་དཀའ་སྡུག་གིས་བསྐྱོད་ཀྱིན་འདུག དོན་ལ་ལྟར་སྣང་གི་འཇིག་རྟེན་འདིར་སྨྲ་བ་ནི་གནས་པའི་ཚུར་མངོན་ཡིན་ཞིང་། སྨྲ་བ་མེད་ན་གནས་པ་ངང་གིས་ཡལ་ཟིན་ཡོད། རྒྱ་དམར་གཞུང་གིས་ངྷ་རམ་སྰ་ལར་མགོ་བསྐོར་བཏང་ནས་རང་ཉིད་ཀྱིས་རང་ཉིད་བསྙོན་འབྱིན་བྱེད་དུ་འཇུག་བཞིན་ཡོད། དཔེར་ན། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་ཕྱི་བསྐྱོད་ལག་འཁྱེར༽ལ་ངོས་ལེན་བྱེད་དུ་འཇུག་པ། ༼བཙན་བྱོལ་བོད་གཞུང༽གི་མཚན་གནས་དང༼སྲིད་བློན༽གྱི་མིང་གནས་མེད་པར་བཟོས་པ། དེར་མཐུད་ནས༼ཏཱ་ལའི་བླ་མའི་ཡང་སྲིད་རྒྱལ་ནང་ཁོ་ནར་འཁྲུངས་པར་འབད་བརྩོན་བྱེད་པའི༽ཟེར་བའི་སྲིད་བྱུས་གོ་སྐབས་ཤིག་ལ་འཁྲུལ་བཞིན་པ་སོགས་རེད།
རྒྱ་དམར་རྒྱལ་ཁབ་ཀྱི་དབུ་ཁྲིད་དུ་གྱུར་ཟིན་པའི་ཞིས་ཅིན་ཕེན་གྱིས་ཀྱང༼ཏཱ་ལའི་སྤྲང་བོར་གྱུར་ནས་ཡང་སྲིད་ཅེས་པའི་རིན་པོ་ཆེ་འདི་མ་གཏོགས་ལྷག་མི་འདུག༽ཅེས་མཐོང་ཆུང་གི་སྐད་ཆ་བཤད་ཕོད་ཀྱི་ཡོད་པ་རེད།
ལེའུ་བཅུ་བ། དེང་རབས་སུ་ནང་ཆོས་བསྣུབས་པའི་ནག་ཉེས་ཀྱི་འབྱུང་ཁུངས། རྒྱ་ནག་པའི་སྐྱོ་སྡུག་དང་ཉེས་འགན།
དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བ་ནས་དེང་གི་བར། བོད་མིའི་ལས་དབང་སྣ་མང་མནར་གཅོད་ཀྱི་ཁྲོད་དུ་གོམ་ཁ་འཁྱར་འཁྱོར་ངང་བསྐྱོད་ཀྱིན་ཡོད། དེ་མཚུངས་སུ་དུས་རབས་ཉི་ཤུ་བ་ནི་རྒྱ་ནག་གི་ཤེས་རིག་ལ་ཕོག་པའི་དམོད་མོ་རང་བཞིན་གྱི་དུས་རབས་སུ་གྱུར་ཡོད། ནུབ་ཕྱོགས་དབང་ཆ་གཅིག་སྡུད་རིང་ལུགས་པའི་ཤེས་རིག་གི་སྲོལ་རྒྱུན་དེ་བཞིན་གུང་ཁྲན་རིང་ལུགས་ཆབ་སྲིད་ཀྱི་ཚབ་མཚོན་དུ་བསྐྲུན་ནས་སླེབས་ཤིང་། རྒྱ་ནག་ཤེས་རིག་གི་ལོ་ངོ་ཁྲི་ལྷག་གི་ལོ་རྒྱུས་རྨེག་མེད་དུ་བཏང་སོང་།
རྒྱ་ནག་པའི་ཤེས་རིག་ལས་དབང་གི་སྐྱོ་གར་ག་ལེར་བོད་མིའི་ལས་དབང་གི་བར་ཆད་དུ་གྱུར་ཡོད། ༼གུང་ཁྲན་རིང་ལུགས་ཤི་གཤེད༽གྱི་དམོད་མོ་བོད་སྒང་བར་འཕོས་ཤིང་། དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུའི་ནང་རང་ཉིད་ཀྱི་རྣམ་ཤེས༼གུང་ཁྲན་རིང་ལུགས་ཤི་གཤེད༽ལ་བཙོང་ཟིན་པའི་རྒྱ་ནག་དམག་མི་རྣམས་གྲོག་མ་ནང་བཞིན་བོད་ཁུལ་ཁེངས་ཡོད། གལ་སྲིད་མིའི་ངོ་བོ་ནི་ཤེས་རིག་གི་ཚུར་མངོན་ཡིན་ན། གུང་ཁྲན་ཏང་དང་དམག་མི་རྣམས་རྒྱ་མི་མ་རེད་ལ། རྒྱ་ནག་དམར་ཤོག་ཚོགས་པ་ཡིན་པའི་ཁར། བདུད་ཀྱིས་བརླམས་པའི་རིགས་རྒྱུད་ཅིག་རེད།
དེང་གི་བར་མི་མང་བོ་ཞིག་ལོ་རྒྱུས་ཀྱི་དོགས་གཞི་ཆེན་པོའི་ཁྲོད་དུ་ཡང་བསྐོར་བསྐྱར་བསྐོར་བྱེད་ཀྱིན་མཆིས། འདིའི་ནང་དུ་ལྕགས་ཀྱི་ཡོལ་བའི་ནང་དུ་དཔའ་ངར་ཞུམ་མེད་ཀྱིས་དྲག་གཞུང་ལ་འཐབ་རྩོད་བྱེད་པའི་མི་རྣམས་ཀྱང་འདུ། ཅིའི་ཕྱིར་ནུབ་ཕྱོགས་དབང་ཆ་གཅིག་སྡུད་རིང་ལུགས་པའི་ཤེས་རིག་སྲོལ་རྒྱུན་དེ་བཞིན་ད་རབས་སུ་འགྱུར་བའི་དམར་ཤོག་ཚོགས་པའི་ཤེས་རིག་གིས་ཨེ་ཤ་ཡ་ཤར་མའི་སྐམ་སར་དབང་བསྒྱུར་དང་བོད་ཀྱི་ཤེས་རིག་རྨེག་མེད་དུ་གཏོང་བའི་ལག་དམར་དུ་གྱུར་བ་རེད། བོད་ཀྱིས་མྱངས་པའི་མནར་གཅོད་ཀྱི་འབྱུང་ཁུངས་དངོས་རྒྱ་དམར་དྲག་གཞུང་གི་བསམ་བློའི་འབྱུང་གཞི་དེ་གང་ཡིན་ནམ།
རྒྱ་མི་དང་བོད་མིའི་ལས་དབང་གི་ངོས་ནས་བཤད་ན། མི་རིགས་གཉིས་ཀྱི་སུ་ཡིན་ཡང་གུང་ཁྲན་རིང་ལུགས་ཀྱིས་བསྐྱེད་པའི་གྱོང་གུད་མྱོང་མཁན་རེད། མི་རིགས་གཉིས་ཀྱི་སུ་ཡིན་ཡང་ཤེས་རིག་རྨེག་མེད་རང་བཞིན་གྱི་རྒྱལ་ཁབ་སྟོང་བ་དང་དམར་གསོད་ཆེན་མོ། འཛིན་བཟུང་ཆེན་མོ། བཀྲེས་ལྟོགས་ཆེན་མོ། གནོད་སྐྱོན་ཆེན་མོ་སོགས་བརྒྱུད་ཡོད་ཅིང་། ཕྱོགས་གཉིས་ཀའི་རང་་དབང་ལོངས་སུ་སྤྱོད་པའི་ཐོབ་ཐང་འཕྲོག་ཡོད་པར་མ་ཟད། དེང་རབས་ཆབ་སྲིད་ཀྱི་གཡོག་པོ་དང་ཤེས་རིག་བསམ་བློའི་རྒྱལ་ཁབ་སྟོང་བའི་གཡོག་པོར་གྱུར་ཡོད། འོན་ཀྱང་། རྒྱ་དམར་གཞུང་དང་གཞུང་འབྲེལ་ཤེས་ཡོན་པ། ཤེས་རིག་རང་བཞིན་གྱི་མྱུལ་མ་སོགས་ཀྱིས་ནུས་ཤུགས་རྩལ་སྤྲུགས་ཀྱིས་འཛམ་གླིང་སྟེང་རྫུན་ཆེན་ཞིག་བཟོ་བཞིན་ཡོད། དེ་ནི་བོད་ཀྱི་གནད་དོན་གྱི་ངོ་བོ་ནི་བོད་རྒྱ་གཉིས་ཕན་ཚུན་བར་གྱི་མི་རིགས་འགལ་བ་ཡིན་པར་སྒྲུབ་ཀྱིན་པས། རྒྱ་དམར་གཞུང་ལ་སྡང་སེམས་ཆེ་བའི་བོད་མི་ཁག་ཅིག་གིས་ཀྱང་རྫུན་གཏམ་འདིར་ཡིད་ཆེས་བྱེད་ཀྱིན་ཡོད།
དོན་ལ་རྒྱ་དམར་གཞུང་གིས་རྫུན་གཏམ་བཟོ་མཁན་རྣམས་རྒྱ་ཡན་དུ་བཏང་ཡོད་པ་ནི་ཆབ་སྲིད་ཀྱི་དམིགས་འབེན་ཡ་ང་བ་ཞིག་རེད། བོད་རྒྱའི་འགལ་བའི་བརྫུས་སྣང་བརྒྱུད་ནས་རྒྱ་ནག་དམར་ཤོག་གིས་བོད་ནང་བཟོས་ཟིན་པའི་མིའི་རིགས་ལ་རྒོལ་བའི་ཉེས་པ་འགེབས་ཐབས་དང་བོད་མིའི་ངོ་རྒོལ་གྱི་ཁ་གཏད་ཡུལ་མག་མོག་བཟོས་ཡོད་པས། བོད་རྒྱ་མི་རིགས་གཉིས་ཀྱི་བར་འགལ་བ་བསླངས་ཐུབ་པའི་ཁར། ཁག་དབྱེ་དབང་བསྒྱུར་གྱི་དམིགས་འདུན་འགྲུབ་ཡོད་པར་མ་ཟད། བོད་རྒྱ་གཉིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་དྲག་གཞུང་ལ་ངོ་རྒོལ་བྱེད་པའི་ལམ་ཁ་བཀག་ཚར་ཡོད།
དེ་ལྟ་རེད་དེ། རྒྱ་ནག་མི་རིགས་ཀྱིས་བོད་ཀྱིས་མྱངས་པའི་གནར་གཅོད་ལ་འགན་འཁུར་དགོས་ཀྱི་ཡོད། གཙོ་བོ་ཕྱོགས་གཉིས་ནས་མཚོན་ཐུབ། ༡ ལོ་རྒྱུས་ཀྱི་སྒང་ནས་རྒྱ་ནག་ཤེས་ཡོན་པས་སྤྱང་ཀི་ཁྱིམ་ལ་བསུས་པ་ལྟར། ཕྱི་འགྱོད་མེད་པར་རྒྱ་དམར་གཞུང་གིས་ཨེ་ཤ་ཡ་ཤར་མའི་སྐམ་ས་དབང་བསྒྱུར་བྱེད་པར་བསམ་བློའི་སྟོབས་ཤུགས་ནུས་ལྡན་ཞིག་གི་རྨང་གཞི་བསྐྲུན་ཡོད། ༢ རྒྱ་ནག་མང་ཚོགས་ཀྱིས་དུས་རྒྱུན་རྒྱ་དམར་གཞུང་རྒྱ་ཡན་དུ་བཏང་ནས་བོད་མིར་མནར་གཅོད་ཚད་མེད་བཏང་བར་གཞོགས་འདེགས་བྱེད་མཁན་དུ་གྱུར་ཡོད།
རྒྱ་མི་རིགས་ཀྱིས་རྒྱ་དམར་གཞུང་གིས་སློབ་དཔོན་ཆེན་མོ་པཎ་ཆེན་དུག་གིས་བཀྲོངས་པ་དང་བོད་མིས་རང་ཉིད་མེ་རུ་བསྒྲོན་ནས་རང་དབང་གི་འབོད་པ་སྒྲོག་བཞིན་པར་ཁ་གཏད་སྐབས། རྒྱ་མི་རིགས་ལ་བོད་མིས་མེ་རླབས་ཁྲོད་ཤ་འཚིག་རུས་འཚིག་གི་ན་ཟུག་བཟོད་བསྲན་བྱེད་ཀྱིན་པས་ཡིད་འགུལ་ཐེབས་ཐུབ་བམ། རྒྱ་མི་རིགས་ལ་རྒྱ་དམར་གཞུང་གི་གཡོག་པོ་ལས་ཐར་ནས་རང་དབང་ལོངས་སུ་སྤྱོད་པའི་མི་ཞིག་ཏུ་འགྱུར་བའི་ཕོད་པ་ཡོད་དམ། ལོ་རྒྱུས་ལ་ངང་སྒུག་བྱེད་ཁོམ་མེད་པར་ཚ་འདྲི་བྱེད་ཀྱིན་འདུག
གསལ་བཤད།
༼སངས་རྒྱས་བཀྲོངས་པ། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་གཤེགས་རྐྱེན་ངོ་མ༽ནི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཆབ་སྲིད་དང་མཚན་ཉིད་རིག་པའི་དཔེ་བསྐྲུན་ཁང་གིས་པར་བསྐྲུན་བྱས།
༼སངས་རྒྱས་བཀྲོངས་པ། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་གཤེགས་རྐྱེན་ངོ་མ༽སྤྱི་ཁྱབ་འགྲེམས་སྤེལ་ངོ་ཚབ་ནི་ཙི་ཁྲིན་རིག་གནས་ཚད་ཡོད་མཐུན་གཉེར་ཁང་ཡིན།
ས་གནས། ཐེ་ཝན་ཤིན་པེ་གྲོང་ཁྱེར་ཀྲུང་ཧྲན་ལམ་སྒོ་རྟགས་ཨང ༡༡༠ཐོག་ཁང ༧།
ཁ་པར། ༠༢༨༢༢༡༥༦༩༧ གློག་ཏར། ༠༢༨༢༢༡༥༧༡༢
རྩོམ་པ་པོར་འབྲེལ་བ་གནང་ཡུལ།
སློབ་དཔོན་ཡན་ཧོང་པེན། clcm.yuanhb@gmail.com
ལྷ་སྡེ་གནམ་ལོ་ཡག dongsai@gmail.com
དེབ་འདི་འདྲ་ཞིག་ཐོན་པར་དགའ་གུས་ཚད་མེད་ཡོད། དེབ་འདི་གཅིག་ཀློག་རྒྱུ་ངང་སྒུག་བྱེད་བཞིན་པ་ཡིན། ལྷ་སྡེ་གནམ་ལོ་ཡག་འདི་ངོ་མ་བློ་གྲོས་ཅན་ཞིག་ཡིན་པ་སྔར་ནས་གུས་བརྩི་ཡོད།
རེད་ཡ་་་་བཎ་ཆེན་ཚང་རྒྱ་མིས་བཀྲོངས་བ་རེད། གུང་ཐང་ཚང་རྒྱ་མིས་བཀྲོངས་བ་རེད། འཇིགས་ཕུན་ཚང་རྒྱ་མིས་བཀྲོངས་བ་རེད། རྒྱལ་བ་ཚང་ཡང་བཀྲོངས་རྩིས་ཡོད་སྐོར་ང་ཚོས་བཤད་བསྡད་ཡོད་པ་རེད། དེ་ན་སྐབས་འདིའི་དྲི་བ་ནི་རྒྱ་འདི་བ་ཚང་ལ་འདི་ལྟར་བླ་མ་བཀྲོངས་རྒྱུའི་བློ་ཁོག་ག་འདྲ་སེ་བྱུང་བ་རེད། བླ་མ་རེ་བཀྲོངས་ན་ཁོ་ཚོར་ཁེ་ཕན་ག་རེ་ཡོད་པ་རེད། དེབ་འདིའི་ནང་བླ་མ་བཀྲོངས་སོང་བྱས་པ་ཙམ་མ་ཡིན་པར། གནད་དོན་འདི་དག་གསལ་ཁ་བདོན་ཡོད་པ་དང་། དེར་ང་ཚོས་ག་རེ་བྱེད་དགོས་མིན་དང་བྱ་ཐུབ་མིན་སོགས་ཀྱང་བྲིས་ཡོད་པར་བརྟེན། ངེས་པར་དུ་ཀློག་དགོས་པ་ཞིག་ཆགས་འདུག་་་་་
༸པཎ་ཆེན་རིན་པོ་ཆེ་མཆོག རྒྱ་གཞུང་གིས་དུག་བཏང་ནས་བཀྲོངས་སྟངས་གསལ་ཁ་དོད་དུ་ཕྱིན་པ་ལ། བོད་རིགས་ཀྱི་སེམས་ནང་མི་བཟོད་པ་ན་ཟུག་ཆེ་རུ་འགྲོ་བཞིན་པ་ནི་འཇིག་རྟེན་ཆོས་ཉིད་ཡིན་པས་་་་་
ད་དུང་དངོས་སུ་དུག་ཕུལ་མཁན། དུག་ཕུལ་སྟངས། རྒྱབ་ཏུ་ངན་བྱུས་གཏིང་མཁན་སོགས་འདི་ལས་ཁ་གསལ་དུ་འགྲོ་བའི་རེ་བ་ཆེན་པོ་ཡོད་ལགས།
་་་་ རྒྱ་མི་བྱེ་བ་བཞི་བཀྲེས་ལྟོགས་ཀྱིས་ཤི་ཡོད་ཅིང་། ་་་་ཟེར་བ་བདེན་པ་ཡིན་ན། མ་འོ་སོགས་ཀྱིས། གསར་བརྗེའི་མིང་ཐོག་ལ་མི་འབོར་ས་ཡ་བཞི་བཅུ་ལྷག་དམར་གསོད་ཕྱིན་པ་བདེན་པ་ཆགས་པ་ཡིན་པས། མའོའི་རོ་འཁོགས་དེ་མགྱོགས་ནས་མྱུར་དུ་ཕྱིར་འདོན་ཐུབ་པ་ལ་འབད་བརྩན་བཻད་དགོས་པ་མ་ཡིན་ནམ། རྒྱ་བོད་མི་རིགས་སྤུན་ཟླ་ཚོ།། །།
་་་་་ ཕྱི་ལོ ༡༩༨༩ལོའི་ཟླ ༡ ཚེས ༢༧མཚན་མོར། ཧུའུ་ཅིན་ཐོ་དང་ཝུན་ཅཱ་པའོ་ཡི་གཙོ་སྐྱོང་འོག མུན་ཧོང་ཝེ་དང་ཧུའུ་ཁྲོང་ཧྭ་ཡིས་ལག་བསྟར་བརྒྱུད་ནས་ཀྲུའུ་མེས་ཊིན་ཐད་ཀར་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་ལ་དུག་གཏོང་བའི་ལས་སུ་ཞུགས་ཤིང་། རྒྱ་དམར་གཞུང་གིས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ལ་དུག་བཏང་བ་ལེགས་འགྲུབ་བྱུང་ནས། ཕྱི་ཚེས ༢༨གྱི་ཞོགས་པར་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གཞིས་ཀ་རྩེ་བཀྲ་ཤིས་ལྷུན་པོ་དགོན་དུ་སྐུ་གྲོངས་ཡོད་འདུག ་་་་་་་ཟེར།
་་་་་་་༸པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས།
རྒྱ་དམར་གཞུང་གིས་ཁོང་ལ་སྤྲད་པའི་མཇུག་མཐའི་གོ་སྐབས་བེད་སྤྱོད་གྱིས་གསུངས་དོན།
༼བོད་ནི་སྔར་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན། ཏཱ་ལའི་བླ་མ་ནི་བོད་ཀྱི་རྒྱལ་བོ་ཡིན། ད་ལྟ་བོད་ལ་རང་བཙན་གྱི་ཐོབ་ཐང་ཡོད་ཅིང་། བོད་ཀྱིས་ངེས་པར་དུ་རང་བཙན་སླར་གསོ་བྱེད་དགོས།༽
དེ་ལྟར་བོད་རྒྱལ་ཁབ་སླར་གསོའི་གཏམ་བཤད་མ་གྲུབ་པའི་མཚམས་དེ་ག་རང་ནས་པཎ་ཆེན་བཅུ་བ་མཚོག་རྒྱ་དམར་གཞུང་གིས་འཛིན་བཟུང་བྱས་ཤིང་།
ཁོང་གིས་རྒྱལ་བ་པཎ་ཆེན་སྐུ་ཕྲེང་ན་རིམ་གཞན་སུ་ཞིག་གིས་ཀྱང་མྱོང་མ་མྱོང་བའི་དམྱལ་ཁམས་ཀྱི་མནར་གཅོད་དང་མི་ཡུལ་གྱི་གདུག་རྩུབ་ཉམས་སུ་མྱངས་ཡོད།
དེ་དག་རྗེས་སོར་རྒྱ་དམར་གཞུང་གིས་ཁོང་ལྐོག་གསོད་ཐད་ལ་ཐོག་མའི་ས་བོན་དུའང་གྱུར་འདུག ་་་་་་
འགྲོ་བ་མི་རྣམས་ལྟོགས་སྐོམ་ལས་གྲོལ་ཞིང་། །
སངས་རྒྱས་ཆོས་ལུགས་བར་ཆད་ལས་ཐར་ཏེ། །
གངས་ཅན་མི་རྣམས་རྨེག་མེད་ལས་རྒྱལ་བར། །
གསོལ་བ་འདེབས་སོ་བྱིན་མཐུ་ཡིས་སྲུང་ཤིག །
འཛམ་གླིང་མཐོ་སྒང་འདིར་བྱུང་མྱོང་བའི་དཔའ་བོ་ཆེན་པོ་ཞིག་གཤེགས་སྟངས་ཀྱི་ལོ་རྒྱུས་ངོ་མ་ཞིག་བྲིས་ཡོད་ཀི། ད་དུང་པོའོ་ཡི་དྲི་བ་འདི་ “ཁྱོད་རང་ཚོས་ངའི་སྐྱེས་དམན་ལ་མི་གསོད་ཡིན་ཞེས་ཁས་ལེན་དུ་བཅུག་འདུག བྱས་ཙང་ངས་ལྷན་རྒྱས་དྲི་བ་གཅིག་གཏོང་གི་ཡིན། སངས་རྒྱས་བཀྲོངས་པ་དང་དབྱིན་ཇིའི་གསང་མྱུལ་བ་ཞིག་བསད་པ་གཉིས་ཀྱི་ཉེས་པ་གང་ལྕིའམ།” ངར་གི།
་་་་་། རྒྱ་མི་བྱེ་བ་བཞི་བཀྲེས་ལྟོགས་ཀྱིས་ཤི་ཡོད་ཅིང་། ཕལ་ཆེར་སྐབས་དེའི་རྒྱ་ནག་མི་འབོར་གྱི་བརྒྱ་ཆའི་བརྒྱད་ཟིན། བོད་ཁུལ་དུ་བཀྲེས་ལྟོགས་གྱིས་ཤི་བའི་མི་འབོར་གྱིས་ཧ་ལམ་བོད་མི་སྤྱིའི་ཕྱེད་ཀ་ཟིན་ཞིང་། རྒྱུ་མཚན་ནི་བོད་མི་ཚོས་མི་ཤ་མི་ཟ་བའི་ཁར། ཁྱི་ཤ། རྟ་ཤ། བྱ་ཤ། ཉ་ཤའང་ཟ་གི་མི་འདུག དེ་བས། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་རང་ཉིད་ཀྱི་ཉེན་ཁ་གཡུགས་ནས༼ཡིག་འབྲུ་ཁྲི་བདུན་མ༽བྲིས་པ་རེད། དོན་ལ་དེ་ནི་རྒྱ་དམར་གཞུང་གི་ནག་ཉེས་ཞུ་གཏུགས་ཀྱི་དཔེ་དེབ་ཅིག་ཏུ་གྱུར་ཡོད། ་་་་་་ཟེར།
༼ཁྱོད་ཀྱིས་ཧུའུ་ཁྲོང་ཧྭ་ཟེར་བ་དེ་དྲན་གྱི་འདུག་གམ། ཁོ་རང་རྒྱ་ཡིག་སྡེ་ཁག་ནས་རེད། སློབ་མཐར་ཕྱིན་པའི་ལོ་དེར། ང་ཚོ་མཉམ་དུ་བོད་ལྗོངས་སུ་ཡོང་བ་ཡིན། ཕྱི་ལོ ༡༩༩༢ལོར། ཧུའུ་ཅིན་ཐོ་ཡིས་ཧུའུ་ཁྲོང་ཧྭ་ཡི་གོ་ས་སྤར་ནས་ལྗོངས་གུང་གཞོན་ཚོགས་པའི་དྲུང་ཆེར་བསྐོ་འཇོག་བྱས། གཟའ་ཉི་མའི་ཉིན་ཞིག་ཧུའུ་ཁྲོང་ཧྭ་ཡིས་བོད་ལྗོངས་སུ་ཡོད་པའི་པེ་ཅིན་སློབ་གྲྭ་ཆེན་མོ་ནས་ཡིན་པའི་ལས་བྱེད་ཡོངས་ལ་མགྲོན་འབོད་བྱས་ཤིང་།
ཁོ་རང་དཔོན་ས་འཕར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་བསྡུས་སོང་། ཉིན་དེར་ཨ་རག་མང་བོ་འཐུང་བ་ཡིན། ང་རང་ར་བཟི་ནས་འགྲོ་བསྐྱོད་བྱེད་མི་ཐུབ་པར་གྱུར་བའི་ཁར། ཧུའུ་ཁྲོན་ཧྭའི་ཁྱིམ་གྱི་མགྲོན་བསུ་ཁང་དུ་གཉིད་ལ་ཤོར་འདུག … … ༽
འདིས་ཧུའུ་ཅིན་ཐོ་ཡིས་པཎ་ཆན་བཀྲོངས་པ་རེད། ཟེར་བ་དེ་ལྷང་དྲན་དུ་བཅུག་སོང་།
མིག་གཉིས་ནང་ན་ཁྲག་དམར་འཛར་བཞིན་པའི་སྐུ་པར་དེ་མཐོང་བས་སེམས་པ་ལྷོང་ལྷོང་པོ་ཞིག་བཟོས་སོང་། ངོ་མ་རྒྱ་དམར་གཞུང་དེ་བདུད་ནག་པོ་ཞིག་རེད།