མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་གི་དང་བོའི་སྐད། རུས་པའི་ནང་གི་རྐང་།

བོད་ཀྱི་དུས་བབ།
༢༠༡༣/༡༠/༡༤
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་ཟླ་བ།

དེ་རིང་ངས་བཤད་འདོད་པའི་སྐད་ཆ་ནི་ཛ་དྲག་པའི་ཆབ་སྲིད་ཀྱི་སྐད་ཆ་མིན་ལ། མགྱོགས་ནས་མྱུར་དུ་རག་དགོས་པའི་རང་དབང་དང་རང་བཙན་གྱི་སྐོར་དེ་འདྲ་ཡང་མིན། ངའི་སྐད་ཆ་འདིའི་ཁྱབ་ཁོངས་ཀྱང་ཕྱི་སྣོད་ཀྱི་དབང་དུ་བྱས་ན་བོད་ཆོལ་ཁ་གསུམ་ཟེར་བའི་རྒྱའི་བཙན་གནོན་འོག་གི་བོད་ཀྱི་ས་ཁུལ་ཙམ་ཞིག་མིན་པར། དེང་གི་རྒྱལ་ཁབ་འགའ་ཞིག་ནང་ཁྱབ་ཡོད་པའི་བོད་རིགས་ཀྱི་ས་ཁུལ་ཡོངས་སུ་རྫོགས་པ་ལ་གོ་དགོས་པ་དང་། ནང་བཅུད་ཀྱི་དབང་དུ་བྱས་ན་བོད་རིགས་ཀྱི་གདོད་མའི་ཕ་ས་འདི་ཚོ་གཅིག་བུ་མ་ཟད། དེང་གི་རྒྱལ་ཁབ་བཞི་བཅུ་ཞེ་གྲངས་ཤིག་གི་ནང་འཚོ་སྡོད་བྱེད་ཀྱིན་པའི་བོད་དང་བོད་རིགས་ཚང་མར་གོ་བ་ཡིན། དེའི་ཕྱིར་ངའི་བཤད་འདོད་པ་འདི་ལ་རྒྱལ་མཚམས་ཀྱི་དབྱེ་བ་མེད་ལ། དེང་གི་སྲིད་དོན་དང་ཡང་འབྲེལ་བ་མེད། དེ་བས་རྒྱབ་ཁབ་ཅི་འདྲ་ཞིག་ཡིན་ཀྱང་དངོས་ཡོད་ཀྱི་ཁྲིམས་དང་སྒྲིག་གཞིར་ཡོངས་སུ་མཐུན་པ་ཞིག་ཡིན། དེ་ལྟ་བུའི་སྐད་ཆ་དེ་ཅི་ཞིག་ཡིན་ནམ་ཞེ་ན། གཞན་གང་ཡང་མིན་པར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཅེས་པ་དེ་ཡིན། དེ་ནི་ད་བར་ལོ་ངོ་ལྔ་བཅུའི་རིང་ལ་བཤད་བཤད་པའི་སྐད་ཆ་ཞིག་ཡིན་པ་མ་ཟད། སྐད་ཆ་འདི་བཤད་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱས་པ་དང་། རྒྱ་གར་ལ་མགོན་སྐྱབས་ཞུས་པའི་གནས་ཚུལ་ཙམ་གྱིས་མི་ཚད་པར་རྒྱལ་སྤྱིའི་ཁྱོན་ལ་ལག་པ་བཟེད་པའང་ཉུང་ཉུང་ཞིག་མིན། གང་ལྟར་སྐད་ཆ་འདིའི་ལོ་རྒྱུས་ལ་བསྐྱར་ཞིབ་བྱ་རྩིས་མིན་པར་སྐད་ཆ་འདིའི་གོ་ཡུལ་ལ་དོགས་པ་ཞིག་གཅོད་འདོད་སྐྱེས་བྱུང་།

ལར་ནས་ང་ཚོའི་ལོ་རྒྱུས་ཀྱི་གླེགས་བམ་མང་བོའི་ནང་བོད་ནས་ཨ་མདོར་ཕེབས་ཞེས་པ་ལྟ་བུ་དང་།  ཨ་མདོ་ནས་བོད་ལ་བྱོན་ཞེས་པ་ལྟ་བུའི་རྗོད་ཚིག་མང་དུ་མཐོང་རྒྱུ་ཡོད་ལ། ལ་དྭགས་ནས་བོད་དུ་ཐུགས་གཉེར་ལ་བྱོན་ཞེས་པ་ལྟ་བུ་དང་། ལྷོ་འབྲུག་ནས་བོད་ལ་ལོག་ཕེབས་གནང་ཞེས་པ་ལྟ་བུའི་རྗོད་ཚིག་ཀྱང་མང་དུ་མཐོང་རྒྱུ་ཡོད། རྗོད་ཚིག་འདི་ཚོའི་ནང་གི་བོད་ཅེས་པ་ནི་དབུས་གཙང་མཐིལ་ཙམ་ལ་གོ་ཡི་ཡོད་ནའང་། རྗོད་ཚིག་འདི་ཚོ་རྩོམ་མཁན་གྱི་བསམ་བློའི་ནང་རང་ཉིད་བོད་སྐད་ཤོད་མཁན་མིན་པ་དང་། བོད་རིགས་མིན་པའི་འདུ་ཤེས་ནམ་ཡང་སྐྱེ་མྱོང་མེད་པ་དེ་རེད། རྒྱལ་ཁབ་དང་མི་རིགས་གཞན་གྱི་ལྟ་ཚུལ་ལའང་<<བཙན་བྱོལ་ནང་གི་དམངས་གཙོ།>>(ཐའེ་ཝན་གྱི་སློབ་དཔོན་སུའུ་ཅང་ཧོང་གིས་བརྩམས། ཤ་འབྲོང་བཀྲ་ཤིས་རྒྱ་མཚོས་བསྒྱུར། p.174) ཞེས་པར། ”འབྲུག་ནི་བོད་རིགས་(སྒྲ་ཡངས་པའི་དབང་དུ་བྱས་ན་)ཀྱིས་བཙུགས་པའི་རྒྱལ་ཁབ་ཅིག་རེད།” ཅེས་པ་ལྟ་བུའི་དཔེ་མཚོན་སྣང་། ”རྒྱལ་ལོ། རྒྱལ་ལོ། དཔལ་ལྡན་འབྲུག་པ་ལྷ་རྒྱལ་ལོ།” ཞེས་སོགས་ཀྱི་འབྲུག་གཞས་སྙན་པོ་དེ་ཚོ་ཐོས་ན་ང་ཚོར་ཡང་དུང་བ་ལོས་སྐྱེས། དེར་བརྟེན་ང་ཚོས་བོད་ཀྱི་ཡི་གེ་དང་། རྫོང་ཁ་ཡི་གེ བྷོ་ཊིའི་ཡི་གེ་སོགས་མིང་གང་ཞིག་བཏགས་ཀྱང་དོན་ལ་མདོ་དབུས་མཐོ་སྒང་གི་ཕ་སྐད་གཞི་ལ་བཞག་ནས་བཟོས་པའི་དབྱངས་གསལ་སོ་བཞིའི་བདག་ཉིད་ཅན་གྱི་སྒྲ་མཚོན་ཡི་གེ་འདི་ལས་ལོགས་སུ་མེད། (འདི་ལ་དེང་གི་ཆབ་སྲིད་འཛིན་སྐྱོང་དང་དེའི་རྒྱལ་མཚམས་ཀྱི་དབྱེ་བ་མེད།) དེ་ལྟ་ནའང་ད་ལྟའི་ཆར་གཞིས་བྱེས་བོད་མི་མང་དག་ཅིག་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཅེས་པའི་སྐད་ཆ་འདིའི་གོ་ཡུལ་ལ་རྒྱའི་དབང་བསྒྱུར་འོག་གི་བོད་ཀྱི་སྐད་ཡིག་ཙམ་ལ་བསམ་གྱི་འདུག་ལ། ཆབ་སྲིད་འཛིན་སྐྱོང་ཐ་དད་ཡིན་ཚེ་སྐད་ཡིག་ཀྱང་ཐ་དད་ཡིན་དགོས་པ་ལྟ་བུར་བསམ་གྱི་ཡོད་པ་འདྲ། དེ་ནི་མ་བརྟགས་མ་དཔྱད་པའི་བསམ་ཚུལ་ཉི་ཚེ་བ་ཞིག་ལས་བོད་ཀྱི་སྐད་ཡིག་གི་སྐྱེ་འཆི་ལ་ཁྱོན་ཡོངས་ཀྱིས་སེམས་ཁུར་བྱེད་སྟངས་ཤིག་མ་རེད། རྒྱའི་དབང་བསྒྱུར་འོག་གི་བོད་རིགས་ནི་བོད་རིགས་ཀྱི་མང་ཤོས་ཡིན་པ་བཞིན་དུ། བོད་སྐད་སྨྲ་བའི་མང་ཤོས་ཀྱང་ཡིན་པར་བརྟེན། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཁྲོད་ཀྱི་གལ་ཆེ་ཤོས་ལོས་ཀྱང་ཡིན་མོད། བོད་རིགས་ཡོངས་རྫོགས་རྒྱའི་དབང་བསྒྱུར་འོག་ལ་ཚུད་མེད་པར་བརྟེན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་གནད་དོན་ཧྲིལ་བོའང་རྒྱའི་འོག་ཏུ་མེད་པ་རེད།

མཚམས་འདི་ནས་ང་ཚོས་འཇེའུ་མི་རིགས་ལ་དཔེ་ལྟོས་ཤིག་བྱོས་དང་།  ད་ལྟའི་ཆར་འཇེའུ་མི་རིགས་ནི་བྱང་ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་མང་བོའི་ནང་ཁ་འཐོར་ནས་ཡོད་ལ། དཀྱིལ་ཤར་ཡུལ་གྲུའི་ཁོངས་སུ་ཨི་ཛི་རལ་(Israel)ཟེར་བའི་རྒྱལ་ཁབ་ཅིག་ཀྱང་ཡོད་པ་ཡིན། ད་ལྟ་ཨ་རིའི་ནང་གི་འཇེའུ་མི་རིགས་དེ་ཚོ་ཨ་རི་བ་ཡིན་པ་ལས་ཨི་ཛི་རལ་བ་མིན་ནའང་། ཁོ་ཚོ་ཚང་མ་འཇེའུ་མི་རིགས་ཡིན་པ་གཅིག་པ་ཆགས་ཡོད། དེ་བཞིན་དུ་དེང་གི་ཆར་ང་ཚོའི་བོད་རིགས་ཀྱང་རྒྱ་གར་རྒྱལ་ཁོངས་ཀྱི་བོད་རིགས་ཚོ་དེང་གི་རྒྱ་གར་བར་འདོད་དགོས་ལ། པ་ཀི་སི་ཐན་རྒྱལ་ཁོངས་ཀྱི་བོད་རིགས་ཚོ་པ་ཀི་སི་ཐན་པར་བཤད་དགོས་མོད་ཀྱང་ང་ཚོ་ཚང་མ་བོད་རིགས་ཡིན་པ་གཅིག་པ་ཆགས་ཡོད། དེ་བས་མཐོ་སྒང་གངས་ཅན་ལྗོངས་ཀྱི་བརྡ་སྐད་མཚོན་བྱེད་ཀྱི་དབྱངས་གསལ་སོ་བཞིའི་བདག་པོ་ཡིན་པ་འདྲ་མཉམ་ཆགས་ཡོད་ལ། འཛམ་གླིང་ལ་གཟི་འོད་འཕྲོ་བཞིན་པའི་བོད་བརྒྱུད་ནང་བསྟན་གྱི་བདག་པོ་ཡིན་པའང་འདྲ་མཉམ་ཆགས་ཡོད། རིག་པའི་བང་མཛོད་ཆེན་པོ་བཀའ་འགྱུར་དང་བསྟན་འགྱུར་དུ་གྲགས་པའི་པོ་ཏི་སུམ་བརྒྱ་ལྷག་གི་དཔེ་ཚོགས་འདི་ཚོ་དང་། དཔེ་ཚོགས་འདི་ཚོ་སྐྲུན་མཁན་གྱི་ལོ་ཙཱ་བ་ཉིས་བརྒྱ་བདུན་ཅུ་ལྷག་དང་། མཁས་གྲུབ་བརྒྱ་ཕྲག་མང་བོའི་རྔུལ་ཆུའི་རིན་འབབ་ཀྱང་ང་ཚོ་ཐུན་མོང་ལ་དབང་བ་ཡིན། ང་ཚོས་དཔེ་མཚོན་ཞིག་གི་སྟེང་ནས་བལྟས་ན། སྔོན་དུས་ཀྱི་འདུལ་བ་འཛིན་པ་རྒྱ་མཚོ་ལྟ་བུའི་ཁྲོད་ན་ཉི་ཟླ་ལྟར་གསལ་བའི་སྦལ་ཏི་དགྲ་བཅོམ་པ་ཞུ་བ་དེ་སྦལ་ཏི་བ་རེད་ལ། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་ཞུ་བ་དེ་ཟངས་དཀར་བ་རེད། དེའི་ཕྱིར་ང་ཚོའི་བོད་མི་ཚོས་བོད་རིགས་ཡིན་ན་བོད་རྒྱལ་ཁབ་ཀྱི་ཁོངས་མི་ཡིན་དགོས་པ་དང་། བོད་རྒྱལ་ཁབ་ཀྱི་ཁོངས་མི་ཡིན་ན་བོད་རིགས་ཁེ་གཙང་ཡིན་དགོས་པ་ལྟ་བུའི་ལྟ་ཚུལ་རྙིང་བ་དེ་ཚོ་གཙང་སེལ་བྱེད་པའི་དུས་ལ་བབ་ཡོད་ཅིང་། བོད་ཀྱི་ཆབ་སྲིད་གནད་དོན་ལས་གཞན་རིག་གཞུང་སྐོར་གྱི་བྱ་འགུལ་གང་འདྲ་ཞིག་ཡིན་ཀྱང་བོད་ཆོལ་ཁ་གསུམ་ཟེར་བའི་ས་ཁོངས་འདི་ཙམ་ཞིག་དམིགས་ཡུལ་དུ་བཟུང་ནས་མ་བསྡད་པར་རྒྱ་ཆེ་བའི་ཧི་མ་ལ་ཡའི་སྒང་གཤོང་ཡོངས་སུ་རྫོགས་པར་ཁྱབ་ཐུབ་པ་ཞིག་དང་ལྟ་ཐུབ་པ་ཞིག་ཅིས་ཀྱང་བྱེད་དགོས་པ་དང་། གཞིས་བཞུགས་བོད་མིའི་བོད་སྐད་གཙང་མའི་ལས་འགུལ་ལ་བོད་ཀྱི་རིགས་རྒྱུད་དུ་གཏོགས་སོ་ཅོག་གིས་རྒྱབ་སྐྱོར་དང་མཉམ་ཞུགས་བྱ་དགོས་པའི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་བ་ཁ་འབྱེད་པའི་དུས་ཚོད་ལ་སླེབས་ཡོད་པ་འདྲ། དེ་ནི་གཞན་གང་ཡང་མིན་པར་གོང་གསལ་པོ་ཏི་སུམ་བརྒྱ་ལྷག་གི་ངོམ་དུ་རི་བའི་མེས་པོའི་ཤུལ་བཞག་རིག་གནས་འདི་ཚོར་བདག་པོ་རྒྱག་ལུགས་ཤིག་རེད།

སྐད་ཆ་འདི་ལྟར་བཤད་ཚེ་བོད་མི་བློ་ཆུང་སྐོར་ཞིག་གིས་ང་ཚོས་རང་གི་མགོ་ཐོན་གྱི་མེད་དུས་གཞན་ལ་རོགས་རམ་མི་ཡོང་ཟེར་གྱི་འདུག ལྟ་ཚུལ་འདི་དབྱེ་ཞིབ་མེད་པའི་ལྟ་ཚུལ་ཞིག་ཏུ་བསམ། ཆབ་སྲིད་ཀྱི་ཐོག་ནས་ང་ཚོས་གཞན་ལ་རོགས་རམ་བྱེད་མི་ཐུབ་ནའང་སྐད་ཡིག་རིག་གཞུང་གི་ཐོག་ནས་རོགས་རམ་གང་འཚམ་བྱེད་ཐུབ་ལ། རིག་གཞུང་བརྗེ་རེས་ཀྱི་བྱ་འགུལ་ནི་ཚད་ལྡན་གྱི་སྲིད་གཞུང་ཞིག་ཡིན་ཕྱིན་རྒྱལ་མཚམས་ཀྱི་དབྱེ་བ་མེད་པར་ཕྱོགས་ཕན་ཚུན་ལ་རོགས་རེས་བྱ་ཆོག་ཅིང་། ལྷག་པར་དམངས་གཙོའི་མཚན་ཉིད་ཡོངས་སུ་རྫོགས་པའི་རྒྱ་གར་རྒྱལ་ཁབ་ཆེན་པོ་འདི་ལྟ་བུར་མཚོན་ན་མི་རིགས་རང་རང་གི་སྐད་ཡིག་རིག་གཞུང་རྒྱུད་འཛིན་དང་དར་སྤེལ་བྱེད་པའི་རང་དབང་ཆ་ཚང་ཡོད་པ་ཞིག་རེད། དེ་བས་བོད་ཀྱི་སྐད་ཡིག་འདི་བཞིན་རྒྱ་གར་རྩ་ཁྲིམས་ཀྱིས་ངོས་འཛིན་ཡོད་པ་ཞིག་བྱེད་དགོས་པའི་སྐད་ཆ་རྒྱ་གར་མཐོ་རིམ་མི་སྣས་ཀྱང་བཤད་མྱོང་ཡོད། <<བོད་ཀྱི་དུས་བབ།>> (༢༠༡༡།༨།༢༠) གསར་ཤོག་སྟེང་དེའི་སྐོར་གྱི་གནས་ཚུལ་ཚན་པ་ཞིག་འཁོད་དོན། “ ཟླ་འདིའི་ཕྱི་ཚེས་ ༩ ཉིན་རྒྱ་གར་གྱི་ཁ་གཏད་ཚོགས་པ་བྷེ་ཇེ་པེ་(BJP)མགྲིན་ཚབ་པ་སྐུ་ཞབས་ཝེ་ཇཱ་ཡ་ལགས་ཀྱིས་གྲོས་ཚོགས་སུ་བོད་སྐད་ཡིག་རྒྱ་གར་རྩ་ཁྲིམས་ནང་ངོས་འཛིན་བྱ་དགོས་པའི་གྲོས་གཞི་བཏོན་ཡོད་འདུག གྲོས་གཞིའི་ནང་བོད་སྐད་ཡིག་རྒྱ་གར་རྩ་ཁྲིམས་ནང་ངོས་འཛིན་བྱུང་བ་ཡིན་ན། ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་རྒྱ་གར་ཡུལ་མི་རྣམས་རྒྱ་གར་སྐམ་ས་ལས་ལོགས་སུ་ཟུར་འབུད་བྱ་རྒྱུའི་བསམ་བློ་དོར་ཏེ། རྒྱ་གར་ཡུལ་མི་ཡིན་བསམ་པའི་བློ་ཐག་ཉེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་དང་།  བྷོ་ཊིའི་སྐད་ཡིག་དེ་ནི་ཧི་མ་ལ་ཡའི་རི་རྒྱུད་ཁོངས་སུ་ཡོད་པའི་རྒྱ་གར་མངའ་སྡེ་ཇཱ་མི་ཀ་ཤི་མིར། ཧི་མ་ཅལ། ཨུ་ཏར་ཀན། ནུབ་བྷང་གལ། འབྲས་ལྗོངས། ཨ་རུ་ན་ཅལ་མངའ་སྡེ་སོགས་ཀྱི་ནང་བེད་སྤྱོད་བྱེད་བཞིན་ཡོད་པ་རེད། དེ་བཞིན་འབྲུག་དང་། བལ་ཡུལ། བོད། རྒྱ་ནག སོག་པོ། པཱ་ཀི་སི་ཐན་བཅས་ཀྱི་ནང་ཡི་གེ་དེ་བེད་སྤྱོད་བྱེད་ཀྱི་ཡོད་པས། བོད་སྐད་ཡིག་རྒྱ་གར་གཞུང་གིས་ངོས་ལེན་བྱས་པ་དེས། རྒྱལ་ཁབ་འདྲ་མིན་དང་། མི་རིགས་འདྲ་མིན་བར་གྱི་ཆོས་ལུགས་དང་། རིག་གཞུང་གི་ཆིག་སྒྲིལ་གྱི་རྣམ་པ་གསལ་བོར་མཚོན་ཐུབ་ཀྱི་ཡོད་པ་ཞིག་གསལ་ཡོད་འདུག” ཅེས་འཁོད་ཡོད།

༸རྒྱལ་དབང་ཐམས་ཅད་མཁྱེན་པས་ཆོས་དང་སྲིད་ཀྱི་ས་མཚམས་སོ་སོར་ཕྱེ་གནང་མཛད་སོང་ལ། ང་ཚོས་ཀྱང་ཆབ་སྲིད་དང་རིག་གཞུང་གི་དབྱེ་བ་གསལ་བོ་ངོས་ཟིན་པའི་ཐོག་ནས་རྒྱལ་ཁོངས་གཞན་གྱི་བོད་རིགས་ཚོར་མི་རིགས་རང་གི་རིག་གཞུང་གི་ཞབས་འདེགས་ཞུ་རྒྱུ་དང་། རིག་གཞུང་གི་འབྲེལ་ལམ་གོང་འཕེལ་དུ་གཏོང་དགོས་པར་འདོད། དེ་ཡང་གསལ་བོ་བཤད་ན་ཧི་མ་ལ་ཡའི་རི་ཁུལ་གྱི་མི་མང་ཚོར་མཚོན་ན་རང་གི་སྐད་ཡིག་དང་རིག་གཞུང་རྒྱུད་འཛིན་དང་དར་སྤེལ། དགོན་སྡེ་ཁག་ལ་མཚན་ཉིད་རྩོད་གྲྭ་འཛུགས་པ་སོགས་ལ་རོགས་ཕན་རྒྱ་ཆེ་རུ་གཏོང་དགོས་ཀྱི་འདུག་པ་དེ་ཚོ་རེད། ངའི་བསམ་ཚུལ་འདི་ཚོ་དང་བསམ་ཚུལ་འདི་ཚོ་ལག་ཏུ་བསྟར་འདོད་ཀྱི་གོ་རིམ་ནང་ལ་དྭགས་པ་དང་འབྲས་ལྗོངས་པ། འབྲུག་པ་དང་མོན་པ་སོགས་ཀྱི་སྙིང་ཉེ་བའི་གྲོགས་པོ་མི་ཉུང་བ་ཞིག་ལ་རྒྱུས་ལོན་བྱས་མྱོང་ཡོད་ལ། ཁོང་ཚོའི་བསམ་ཚུལ་ཁྲོད་ན་གོ་འཛོལ་ཞིག་ཡོད་པའང་ཤེས་རྟོགས་བྱུང་མྱོང་། ཁོང་ཚོ་ཡང་ང་ཚོའི་བོད་མི་འགའ་ཞིག་དང་འདྲ་བར་བོད་རིགས་ཡིན་ན་བོད་ཀྱི་རྒྱལ་ཁོངས་ཡིན་དགོས་པ་དང་། བོད་ཀྱི་རྒྱལ་ཁོངས་སུ་ཡོད་ན་བོད་རིགས་ཡིན་དགོས་པ་ལྟ་བུའི་མ་བརྟགས་མ་དཔྱད་པའི་བསམ་ཚུལ་ཕྱོགས་རེ་བ་དེ་འདྲ་ཡོད་པ་མ་ཟད། ད་དུང་རང་ཉིད་བོད་རིགས་ཡིན་ན་རྒྱ་མིའི་དབང་འོག་ཏུ་མེད་པ་དང་། རྒྱ་གར་བ་སོགས་མི་རིགས་གཞན་ཡིན་ན་ཆོས་དང་རིག་གཞུང་ཚང་མ་བོད་དང་གཅིག་གྱུར་ཡིན་སྟབས། རང་གི་རྒྱུད་ཁུངས་ཀྱི་ངོས་འཛིན་གསལ་བོ་མེད་པར་ཡོད་པ་ཡང་ཤེས་ཚོར་བྱུང་། ང་རང་ཉིད་ལ་མཚོན་ན་སློབ་གྲྭའི་རྭ་དང་ཆོས་ཀྱི་གྲྭ། ཟ་ཁང་དང་ཚོང་ཁང་སོགས་ཀྱི་ལས་སྒོ་མང་བོར་འཛུལ་ཞུགས་བྱས་པའི་གོ་རིམ་ཁྲོད་གོང་གསལ་གྲོགས་པོ་ལ་ལས་ཟ་མའི་མིང་དང་ཅ་དངོས་ཀྱི་མིང་སོགས་དབྱིན་སྐད་འཆལ་འཆོལ་ཞིག་གིས་བརྡ་འཕྲོད་ཐབས་བྱེད་ཀྱི་འདུག་ལ། <<ཤེས་བྱ།>>དང་<<བོད་ཀྱི་དུས་བབ།>>ལྟ་བུའི་བོད་ཡིག་གསར་ཤོག་འདི་ཚོ་ཉོ་མཁན་ཧ་ཅང་ཉུང་བར་འདུག དེ་བས་ངས་ཁོང་ཚོར་ང་ཚོའི་ཆབ་སྲིད་ཀྱི་གནས་སྟངས་མི་འདྲ་ཡང་རིག་གཞུང་གི་རྩ་བ་དང་། སྐད་ཡིག་གི་སྒྲིག་གཞི་གཅིག་པ་སོགས་ཀྱི་གོང་གསལ་གནས་ལུགས་དེ་ཚོ་བགྲངས་ནས་རང་ཉིད་ཀྱི་རུས་པའི་ནང་ན་རྐང་ཡོད་ན་དབྱིན་སྐད་སོགས་ཀྱི་སྐད་ཡིག་གཉིས་པ་བསྐྱུར་ཏེ་རང་གི་མེས་པོ་ཚོས་བཤད་མྱོང་བའི་དང་བོའི་ཕ་སྐད་དེར་བདག་པོ་རྒྱག་དགོས་པའི་སྐོར་བཤད་ཚེ་ད་སྔ་གྲོགས་པོ་སུས་ཀྱང་ངའི་ལྟ་ཚུལ་འདི་ལ་དགག་པ་བརྒྱབ་མ་བྱུང་ལ། ད་དུང་རྒྱབ་སྐྱོར་བྱེད་ཀྱི་འདུག

ཡང་དེང་གི་ཆར་ཕྱི་སྡོད་བོད་པའི་སྤྱི་ཚོགས་ཁྲོད་གྲྭ་ས་ནས་ཕེབས་པའི་གྲྭ་བ་འགའ་རེ་དང་། སློབ་གྲྭ་ནས་ཡོང་བའི་སློབ་མ་སྐོར་རེས་རང་ཉིད་ཀྱི་ཕ་སྐད་གཙང་མའི་ནང་དབྱིན་ཧིན་གང་རུང་གི་མིང་བརྡ་རེ་བཅུག་ནས་ངོམ་སོ་བྱེད་ཀྱི་འདུག་པ་ཡང་མཐོང་རྒྱུ་ཡོད། འདི་ནི་ངོ་མ་དགོད་བྲོ་བ་ཞིག་རེད་ལ། དེང་གི་སྐད་ཆས་བཤད་ན་ཀླད་པ་མེད་པའི་གྲས་ཀྱང་ཡིན་པས་གླེང་རིན་ག་ལ་ཡོད།

སྤྱིར་བཏང་ང་ཚོ་སུ་ཡིན་ཀྱང་རང་རང་སྐྱེ་སའི་ལུང་སྐད་རེ་ཁུར་ཡོང་ནས་བོད་མི་གཞན་ལ་བརྡ་མི་འཕྲོད་པ་རྒྱུ་མཚན་དུ་བྱས་ཏེ་རང་གིས་བཤད་པའི་སྐད་ཆ་དེར་རིན་ཐང་མེད་པར་འདོད་པ་དང་།  བདག་པོ་མ་བརྒྱབ་པ་ཡིན་ན་རང་ཉིད་བོད་རིགས་སུ་སྐྱེས་རྗེས་ཀྱི་ནོར་འཁྲུལ་དང་བོ་དེ་ཡིན་ལ། དུས་རབས་གསར་བའི་སྤྱི་ཚོགས་ཀྱི་ངོས་ནས་བལྟས་ན་ཕ་མེས་ཀྱི་རུས་རྐང་ངོ་མི་ཤེས་པའི་མི་བུ་བླུན་པོ་དེ་ཆགས་པ་རེད་སྙམ། ད་ལྟ་ང་ཚོར་བོད་སྐད་སྨྲ་བ་ཐམས་ཅད་ཀྱིས་གོ་ཐུབ་པའི་ཐུན་མོང་གི་སྤྱི་སྐད་ཅིག་ད་དུང་གྲུབ་མེད་པས། ང་ཚོ་ཚང་མས་དེའི་ཕྱོགས་ལ་འབད་པ་བྱེད་དགོས་ལ། ལས་དོན་དེའི་གོ་རིམ་ཧྲིལ་བོའི་ནང་དེང་གི་བོད་ཆོལ་ཁ་གསུམ་དུ་གྲགས་པ་འདི་ཙམ་མ་ཡིན་པར། རྒྱ་གར་དང་བལ་ཡུལ། པ་ཀི་སི་ཐན་དང་འབྲུག་ཡུལ་སོགས་ཀྱི་རྒྱལ་ཁོངས་ན་ཡོད་པའི་བོད་ཀྱི་རིགས་རྒྱུད་དུ་གཏོགས་པ་ཐམས་ཅད་ལ་རང་བཞིན་གྱིས་འགན་ཁུར་ཡོད་ལ་དབང་ཚད་ཀྱང་ཡོད་པར་འདོད། དེ་ལྟར་ང་ཚོས་མ་བརྟགས་མ་དཔྱད་པ་དང་ལོག་པར་རྟོག་པ་དེ་ཚོ་གཙང་སེལ་བྱས་ཏེ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཅེས་པ་དེར་བསམ་བློ་རེ་བཏང་ཚེ། དེ་ནི་ཆབ་སྲིད་དང་སྐྱ་འཐབ་ཡོད་པ་ཞིག་མིན་པར་རིག་གཞུང་གི་ཁོར་ཡུག་ཅིག་ཡིན་པ་མཐོང་ཐུབ་པར་བརྟེན། འདིའི་ཁྱབ་ཡུལ་ལ་བོད་སྐད་སྨྲ་བ་ཐམས་ཅད་རང་བཞིན་གྱིས་ཡོང་དགོས་པ་ཆགས་ཡོད།

དེའི་ཕྱིར་ང་ཚོས་བོད་ཆོལ་ཁ་གསུམ་དུ་འབོད་པ་འདི་ལས་གཞན་ད་དུང་སྨད་མདོ་ཁམས་ཀྱི་མཐའ་ལ་མར་ཞིག་བལྟས་ན། ད་ལྟ་རྒྱ་ནག་གིས་བོད་རིགས་ལ་རང་སྐྱོང་ཟེར་བ་བཙུགས་ཡོད་པ་དེ་ཚོའི་ཁོངས་སུ་མ་བཞག་པའི་བོད་ས་དང་དེར་འཚོ་བའི་བོད་རིགས་ཚོར་ཁྱབ་དགོས་ལ། སྟོད་མངའ་རིས་ཕྱོགས་ལ་ཡར་ཞིག་བལྟས་ན། ད་ལྟ་དངོས་སུ་པ་ཀི་སི་ཐན་གྱི་རྒྱལ་ཁོངས་སུ་ཡོད་པའི་བྲུ་ཤ་(Gilgit)དང་། སྦལ་ཏི།(Baltistan) རྒྱ་གར་རྒྱལ་ཁོངས་ཀྱི་གར་ཞ་(Lahul)དང་ཁུ་ནུ།(Kinnaur) སྤི་ཏི།(Spiti) དཔལ་དར།(Gulabgarh) ཟངས་དཀར།(Zanskar) ལ་དྭགས།(Ladakh) ནུབ་ར།(Nubra) དེ་བཞིན་དུ་ཨུ་ཊ་རན་ཆལ་(Uttaranchal) ནུབ་བྷལ་གལ་མངའ་སྡེའི་(WestBengal)ཆ་ཤས་སོགས། དེང་གི་ཤིན་ཅང་(xinjiang)ནང་གི་ཡར་ཁེན་(Yarkand)སོགས་ལི་ཡུལ་དང་དེའི་ནུབ་རྒྱུད། བལ་ཡུལ་རྒྱལ་ཁོངས་ཀྱི་ཛུམ་ལི་(Jumla)དང་།  དོལ་བོ།(Dolpa) གློ་སྨན་ཐང་།(Mustang) གཉི་ཤང་།(Manang) ཡོལ་མོ།(Langtang) ཤར་བ།(Solukhumbu ) རྟ་མང་(Tamang)སོགས་ཚུད་དགོས་པ་དང་། བར་ལྷོ་མོན་ཕྱོགས་ལ་ཚུར་ཞིག་བལྟས་ན། འབྲུག་རྒྱལ་ཁབ་(Bhutan)དང་།  རྒྱ་གར་ཁོངས་ཀྱི་འབྲས་ལྗོངས།(Sikkim) མོན་པ་(Mon)དང་ཀློ་བ་(Lonagpo)སོགས་འདུ་དགོས་པར་འདོད། གཞན་ཡང་བྱང་ཧོར་སོག་གི་ཡུལ་ལ་ཕར་ཞིག་བལྟས་ན་དེང་གི་ཤིན་ཅང་ནང་གི་ཨོ་རོད་ཚོ་བཞིར་གྲགས་པ་འདི་ཚོ་དང་། ཕྱི་སོག་(Mongolia)དང་ནང་སོག(InnerMongolia)  ཨུ་རུ་སུའི་རྒྱལ་ཁོངས་ཀྱི་པོ་རད་ཐི་(Buryatia)དང་།  ཐུའུ་ཝ།(Tuva) ཁལ་མིག་(Kalmykia)སོགས་བོད་ཀྱི་སྐད་ཡིག་གི་ལམ་ནས་ནང་ཆོས་སློབ་གཉེར་གནང་མཁན་གྱི་ས་ཁུལ་འདི་ཚོར་ཡང་འབྲེལ་བ་ཡོད་པར་སྙམ་ཞིང་། ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་བཞི་བཅུ་ལྷག་གི་ནང་འཐོར་སྡོད་བྱས་ཡོད་པའི་བོད་དང་བོད་རིགས་ཚོར་བསམ་དགོས་པའང་སྨོས་མེད་ཡིན་པར་འདོད།

བྱང་ཧོར་སོག་གི་ཡུལ་ལས་གཞན་པའི་གོང་གསལ་ས་ཁུལ་འདི་ཚོའི་ནང་ད་ལྟ་ཡོངས་རྫོགས་བོད་སྐད་བེད་སྤྱོད་བྱེད་བཞིན་པའམ། ཡང་ན་ཕྱེད་ཀ་བེད་སྤྱོད་བྱེད་བཞིན་པ། མ་མཐའ་ཡང་རང་གི་ཕ་མེས་ཚོས་དུས་ཡུན་གང་འཚམ་རིང་བོད་སྐད་བེད་སྤྱོད་བྱས་མྱོང་བའམ། ད་ལྟ་རང་གི་ཕ་སྐད་ནང་བོད་སྐད་ཀྱི་བྲོ་བ་གཏན་ཡལ་དུ་སོང་མེད་པའི་ས་ཁུལ་ཞེ་གཅིག་ཡིན་པར་སྙམ། འདི་དག་ནི་ལོ་རྒྱུས་ཙམ་དང་འཆར་སྣང་ཙམ་མིན་པར་ས་ཁུལ་ལ་ལར་རང་ཉིད་དངོས་སུ་སོང་མྱོང་ཡོད་ཅིང་། ཡང་འགའ་རེར་ས་གནས་དེ་དང་དེའི་གྲོགས་པོ་ཁག་ལས་རྒྱུས་ལོན་བྱུང་བ་ཡིན་ལ། སྐོར་ཞིག་འབྲེལ་ཡོད་ཡིག་ཆ་ལས་དོན་དངོས་ར་འཕྲོད་བྱུང་བ་དག་ཡིན། འོན་ཀྱང་ཁུངས་ལུང་དང་བཅས་འདི་ལས་ཅུང་ཟད་རྒྱས་ཙམ་བྲིས་ན་ཇེ་གསལ་དུ་འགྲོར་ངེས་ཀྱང་མང་དུ་དོགས་ནས་མ་བྲིས།

མདོར་དྲིལ་ན་གྲོགས་པོ་ཚོར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་གོ་རིམ་ནང་ལོག་རྟོག་ཏུ་མཐོང་བ་ཁག་ཅིག་ངོ་སྤྲོད་ཞུ་རྒྱུ་དང་། སྐད་ཆ་འདིའི་གོ་ཡུལ་ལ་བསམ་ཞིབ་ཅིག་བྱ་དགོས་པའི་བླང་བྱ་འདོན་རྒྱུ་ནི་རྩོམ་ཐུང་འདི་བྲིས་པའི་དགོས་པ་ལགས་ཏེ། ང་ཚོས་ལས་གང་ཞིག་བརྩམས་ཀྱང་ཆུང་ཆུང་ཞིག་དང་། ཐུང་ཐུང་ཞིག་བྱེད་མི་དགོས་པར་ཅུང་ཟད་སེམས་རྒྱ་བསྐྱེད་ཐུབ་ན། ང་ཚོའི་མེས་པོ་གོང་མ་ཚོས་གོམ་པ་ཆེན་པོ་ཞིག་དང་། ཞབས་རྗེས་ཟབ་མོ་ཞིག་བཞག་ཡོད་འདུག་གོ།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༡༦ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 5

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    གང་ཞིག་དགོས་མཁོ་ཡོད་ན། དེ་ཉིད་སུས་ཀྱང་འཚོལ།
    ནང་ཆོས་ཀྱི་བཀའ་དྲིན་གྱིས། བོད་ཡིག་གི་རླུང་རྟ་དར།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་ ད་ལྟ་ང་ཚོར་བོད་སྐད་སྨྲ་བ་ཐམས་ཅད་ཀྱིས་གོ་ཐུབ་པའི་ཐུན་མོང་གི་སྤྱི་སྐད་ཅིག་ད་དུང་གྲུབ་མེད་པས། ང་ཚོ་ཚང་མས་དེའི་ཕྱོགས་ལ་འབད་པ་བྱེད་དགོས་ལ། ལས་དོན་དེའི་གོ་རིམ་ཧྲིལ་བོའི་ནང་དེང་གི་བོད་ཆོལ་ཁ་གསུམ་དུ་གྲགས་པ་འདི་ཙམ་མ་ཡིན་པར། རྒྱ་གར་དང་བལ་ཡུལ། པ་ཀི་སི་ཐན་དང་འབྲུག་ཡུལ་སོགས་ཀྱི་རྒྱལ་ཁོངས་ན་ཡོད་པའི་བོད་ཀྱི་རིགས་རྒྱུད་དུ་གཏོགས་པ་ཐམས་ཅད་ལ་རང་བཞིན་གྱིས་འགན་ཁུར་ཡོད་ལ་དབང་ཚད་ཀྱང་ཡོད་པར་འདོད། ་་་་་་་ཟེར།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་ དེར་བརྟེན་ང་ཚོས་བོད་ཀྱི་ཡི་གེ་དང་། རྫོང་ཁ་ཡི་གེ བྷོ་ཊིའི་ཡི་གེ་སོགས་མིང་གང་ཞིག་བཏགས་ཀྱང་དོན་ལ་མདོ་དབུས་མཐོ་སྒང་གི་ཕ་སྐད་གཞི་ལ་བཞག་ནས་བཟོས་པའི་དབྱངས་གསལ་སོ་བཞིའི་བདག་ཉིད་ཅན་གྱི་སྒྲ་མཚོན་ཡི་གེ་འདི་ལས་ལོགས་སུ་མེད། ་་་་་

    Reply
  4. བྱ་གཞུང་དཔལ་རྡོར། says:
    ལོ་ 12 སྔོན།

    ཡག་པོ་ཞེ་དྲག་བྲིས་འདུག རྒྱབ་སྐྱོར་ཡོད། ང་ཚོའི་བོད་ཀྱི་སྐད་ཡིག་གི་ཁྱབ་ཁོངས་ལ་དབྱེ་ན། འབྲེལ་ལམ་སྐད་ཡིག་language of communication དང་། རིག་གཞུང་གི་སྐད་ཡིགlanguage of Culture སློབ་གཉེར་གྱི་སྐད་ཡིག language of learning བཅས་སུ་དབྱེ་ནས་བལྟས་ཚེ། ང་ཚོའི་སྐད་ཡིག་ནི་དེང་སང་གི་ཆབ་སྲིད་ཀྱི་ཁྱབ་ཁོངས་ལས་བརྒལ་ཡོད་པ་རེད། དེར་བརྟེན་ང་ཚོའི་སྐད་ཡིག་ལ་ནུས་པ་དང་ཁྱབ་ཁོངས་རྒྱ་ཆེན་པོ་ཞིག་ཡོད་པ་རེད། འདི་ང་ཚོས་ནུས་པ་ཁྱད་པར་བ་ཞིག་ཡིན་པ་ཤེས་རྒྱུ་ནི་ཧ་ཅང་གལ་ཆེ། ཁྱེད་ཀྱི་རྩོམ་ཡིག་འདི་བཀླགས་རྗེས་བདག་ལ་བློ་བསྐྱེད་མི་ཉུང་བ་ཞིག་སྤྲད་སོང་། ཐུགས་རྗེ་ཆེ།

    Reply
  5. འདྲེ་མགོ་རྡོ། says:
    ལོ་ 12 སྔོན།

    ཡག་པོ་ཞེ་དྲག་བྲིས་འདུག་བསམས་སོང། བསམ་ཚུལ་གཅིག་ཡོད། དེ་ལོ་རྒྱུས་དང་འབྲེལ་བ་ཡོད་པ་ཞིག་ཡིན། བོད་སྐད་ཡིག་གིས་ཁྱབ་པའི་ཡུལ་ལུང་དེ་དག་གི་མིང་སྔ་མོའི་ཡིག་རྙིང་ཁག་ནས་ཅི་ལྟར་བྲིས་ཡོད་པ་དེ་ལྟར་འདིར་བྲིས་ཡོད་ན་དེ་བས་ཀྱང་གསོན་ཉམས་ལྡན་པ་ཞིག་ལོས་ཡིན་བསམས་པ་དེ་ཙམ་ཡིན།། གཞན་ཅང་མེད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese