མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངས་དངོས་སུ་མཐོང་བའི་ཏཱ་ལའི་བླ་མ།

བོད་ཀྱི་དུས་བབ།
༢༠༡༣/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཇིན་ཝེ་ཕིང་གིས་བྲིས།

༄༅།  ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༡༠ ཚེས་ ༢༣ གྱི་སྔ་དྲོ་ཚོུད་ ༦ པར། ཡིད་དབང་འཕྲོག་པའི་གྲོང་ཁྱེར་ནེའུ་ཡོག་ནང་གི་མི་རྣམས་ད་དུང་ཡང་གཉིད་བསད་མེད་པའི་དུས་ཚོད་ལ། གུས་པ་ནི་མཱན་ཧྭ་ཀྲིན་(Manhattan)ས་ཁུལ་གྱི་སན་ཁྲཱར་པག་ (Central park)སྤྱི་གླིང་ཉེ་འདབས་སུ་ཆགས་པའི་སྦི་ཁཱིན་(Beacon)གསོལ་མགྲོན་ཁང་དུ་འབྱོར། དེ་རིང་ངས་འཛམ་གླིང་ཐོག་མཚན་སྙན་གྱིས་ཁྱབ་ཀྱང་། རྒྱ་ནག་ནང་མཚན་དམས་ཀྱིས་ཁེངས་པའི་གཏམ་བརྒྱུད་ཁྲོད་ཀྱི་གང་ཟག་ཅིག་མཇལ་གྱི་ཡོད་ཅིང་། དེ་ནི་བོད་ཀྱི་བསམ་པའི་གཙོ་འཛིན་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ པ་ཡིན། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཞིག་ཡིན་པའི་ཆ་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་འཛམ་གླིང་ཡོངས་དང་། ལྷག་པར་དུ་ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ནང་དགའ་བསུ་ཆེན་པོ་དང་། བསྟོད་བསྔགས་ཆེན་པོ་ཐོབ་ཀྱི་ཡོད། ཡིན་ན་ཡང་རྒྱ་ནག་སྐམ་ས་ཆེན་པོར་གཞུང་ཕྱོགས་ནས་དྲིལ་བསྒྲགས་བྱས་པའི་གནས་ཚུལ་ནང་། ཏཱ་ལའི་བླ་མ་ནི་ག་དུས་ཡིན་རུང་བོད་རང་བཙན་གླེང་ནས་རྒྱལ་ཁབ་ཁ་བྲལ་གཏོང་མཁན་གྱི་དགྲར་འཛིན་མི་སྣ་ཞིག་དང་། ཡུན་རིང་བོད་རང་བཙན་གྱི་ལྐོག་ཇུས་བཤམས་སྟབས་ཕྱི་རྒྱལ་དུ་བཙན་བྱོལ་ལ་ཕེབས་པའི་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ནག་གཞུང་ཕྱོགས་ཀྱི་འགྲེལ་བརྗོད་བྱེད་སྟངས་ལ་གཞིགས་ན། རྒྱལ་ནང་གི་བོད་མི་ཚོས་རང་ལུས་རང་གིས་བསྲེགས་པ་དང་། ཐ་ན་རྙོག་ཁྲ་ཡོད་ཚད་ཏཱ་ལའི་རུ་ཚོགས་ཀྱིས་ངན་བྱུས་བཤམས་ནས་བྱུང་བ་ཞིག་ལ་འགྲེལ་བརྗོད་བྱེད་ཀྱི་ཡོད། རང་གི་བསམ་བློའི་ནང་༧གོང་ས་ཏཱ་ལའི་བླ་མར་འགྲེལ་བརྗོད་བྱས་པ་ལྟ་བུའི་འགྲེལ་བརྗོད་བྱེད་ཡུལ་གྱི་མི་ཅིག་ཡོད་པ་ནི་སྐུ་ཞབས་ཅང་ཅེ་ཧྲེ་ཡིན།

ཕྱི་ལོ་ ༡༩༨༠ ལོའི་རྗེས་སུ་སྐྱེས་ཤིང་རྒྱ་ནག་སྐམ་ས་ཆེན་པོར་འཚར་ལོངས་བྱུང་བའི་ན་གཞོན་ང་རང་ལ་མཚོན་ན། ངས་བོད་རང་བཙན་ནི་ནམ་ཡང་ཁས་ལེན་བྱེད་ཐབས་མེད།  དྲང་པོ་བཤད་ན། གཞུང་ཕྱོགས་ནས་དུས་ཡུན་རིང་པོའི་ནང་ཏཱ་ལའི་བླ་མ་ནི་བོད་རང་བཙན་བྱེད་མཁན་གྱི་ཉེས་ཅན་གཏེ་པོ་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད་པར་བརྟེན། ང་རང་གི་སེམས་ནང་ཏཱ་ལའི་བླ་མར་བག་ཆགས་ཡག་པོ་ཞིག་ཡོང་གི་མེད། ལོ་འདིའི་ཕྱི་ཟླ་ ༥ པར་ངོས་རང་ཨ་རིར་སྤྲོ་འཆམ་དུ་ཡོང་སྐབས། རྒྱ་ནག་གི་དུས་བབ་སྐོར་ལ་ཕྱི་ནང་གི་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་ལ་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་བྱུང་ཞིང་། སྐབས་དེ་དུས་བོད་པའི་འཐུས་མི་སྐུ་ཞབས་ཀུན་དགའ་བཀྲིས་ཀྱིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་།  བོད་མི་ཚོས་རང་བཙན་རྩོད་ཀྱི་མེད་པར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ལེན་བྱེད་ཀྱི་ཡོད་པ་དང་། དེ་འདྲའི་ལངས་ཕྱོགས་དེ་ལ་དབུ་མའི་ལམ་ཟེར་གྱི་ཡོད། ཅེས་འགྲེལ་བརྗོད་བྱས་པ་ངས་གོ་བ་ཐེངས་དང་པོ་ཡིན། སྐབས་དེར་ང་རང་ཧ་ལས་ཧང་སང་ནས་ལྟ་ཚུལ་ཡོངས་རྫོགས་གཏོེར་ཏེ་རྨོངས་གཉིད་ལས་སད་པའི་ཚོར་བ་ཞིག་བྱུང་། རྒྱ་ནག་དམར་པོའི་གཞུང་གིས་དུས་རྟག་ཏུ་ཏཱ་ལའི་བླ་མ་ནི་རང་བཙན་དང་། ཁ་བྲལ་བྱེད་མཁན་རེད་ཅེས་རྗོད་ཀྱི་ཡོད་པ་མ་རེད་དམ། རྒྱ་ནག་སྐམ་ས་ཆེན་པོའི་གནས་ཚུལ་ནང་། དབུ་མའི་ལམ་གྱི་ཤོད་སྟངས་དེ་གཏན་ནས་མ་མཐོང་བ་དང་། མ་ཐོས་པ་ག་རེ་ཡིན་ནམ། ཡང་སྙིང་ག་རེ་ཡིན་ནམ།  དངོས་ཡོད་གནས་ཚུལ་གང་དུ་ཡོད་དམ། ཞེས་པའི་དྲི་བ་དེ་ཚོ་རང་བཞིན་གྱིས་ངའི་སེམས་ནང་འཁོར།

དངོས་ཡོད་གནས་ཚུལ་འཚོལ་རྒྱུའི་ཆེད།  ཕྱི་ཟླ་ ༦ པའི་ཉིན་ཞིག་ལ། ངས་སྐུ་ཞབས་ཀུན་དགའ་བཀྲིས་ཐུག་རྒྱུའི་དུས་ཚོད་བཟོས། ཁོང་ནི་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་ལས་དོན་གྱི་འགན་འཁུར་བ་ཡིན་པ་དང་།  ངས་ངོ་ཤེས་པའི་བོད་མི་དང་པོ་དེ་ཡིན།  ཁོང་ནི་ཞི་ཞིང་དུལ་ལ། ཁེངས་སྐྱུང་ཆེ་ཞིང་གུས་ཞབས་ལྡན་པ་དང་། ཡོན་ཏན་ཅན་ཞིག་རེད་འདུག ཁོང་གིས། ང་ལ་རྒྱ་དམག་གིས་དྲག་ཤུགས་ལ་བརྟེན་ནས་བོད་བཙན་བཟུང་བྱས་རྗེས་ཀྱི་ཀྱག་ཀྱོག་ཆེ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་སྐོར་དང་། བོད་ཀྱི་ཐུང་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་སྲུང་སྐྱོབ་ཐུབ་པའི་སླད་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དབུས་བོད་མི་འབུམ་གཅིག་ཙམ་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་བའི་སྐོར། ལོ་ངོ་བཅུ་ཕྲག་ཁ་ཤས་རིང་བོད་མིའི་སྒྲིག་འཛུགས་ཀྱིས་དུས་ཀྱི་འཕེལ་ཕྱོགས་དང་མཐུན་པའི་དམངས་གཙོའི་ལམ་ལུགས་ཕྱག་བསྟར་གནང་བའི་བརྒྱུད་རིམ། ཕྱི་ལོ་ ༢༠༡༡ ལོར་༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་གནང་བའི་སྐོར། དེང་སྐབས་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཆོས་ལུགས་དབུ་ཁྲིད་ཀྱི་གནས་བབ་ཐོག་ནས་འཛམ་གླིང་ས་གནས་གང་སར་འགྲོ་བ་མིའི་བཟང་པོའི་ཡོན་ཏན་གོང་སྤེལ་དང་། ཆོས་ལུགས་ནང་ཁུལ་འཆམ་མཐུན་ཡོངས་ཐབས་ལ་གཙོ་བོ་འབད་བརྩོན་གནང་གི་ཡོད་པ་བཅས་ཀྱི་སྐོར་ངོ་སྤྲོད་གནང་བྱུང་།

སྐུ་ཞབས་ཀུན་དགའ་བཀྲིས་ཀྱིས་སེམས་སྐྱོ་བའི་བོད་ཀྱི་འདས་དོན་རྣམས་འགྲེལ་བརྗོད་གནང་སྐབས། ངའི་ཡིད་ལ་ཡང་སྐྱོ་སྣང་གི་སེམས་ཚོར་གཅིག་གྱུར་བྱུང་བ་དང་ཆབས་ཅིག ངས་ཁོང་ལ། རྒྱ་ནག་དམར་པོའི་དབང་སྒྱུར་འོག་གི་ཟང་ཟང་ཆེ་བའི་དུས་ཚོད་སྐབས་ས་ཞིང་བཅོས་སྒྱུར་དང་། གསུམ་རྒོལ་ལྔ་རྒོིལ། རིག་གནས་གསར་བརྗེ་ཆེན་པོ་སོགས་ཆབ་སྲིད་ཀྱི་ལས་འགུལ་མཚམས་ཆོད་མྱོང་མེད་པ་དང་། ད་ལྟ་ཡོངས་བསྒྲགས་ཟིན་པའི་ལོ་རྒྱུས་ཀྱི་ཡིག་ཆར་གཞིགས་ན། དེ་དུས་ལ་རྒྱ་རིགས་ཀྱང་ས་ཡ་བཅུ་གྲངས་ཁ་ཤས་ལྟོག་ཤི་ཐེབས་ཡོད། བོད་མི་རྣམས་ནི་ངོ་རྒོལ་བྱེད་རྒྱུར་སྙིང་སྟོབས་ཆེ་བས་ལམ་སེང་དྲག་གནོན་གཟེད་ཀྱི་ཡོད་པ་དང་། རྒྱལ་ནང་གི་ད་ལྟའི་གནས་སྟངས་ནི་ཧ་ཅང་ཐབས་སྡུག་ཡིན། རྒྱ་ནག་དམར་པོའི་གཞུང་གིས་རྒྱ་བོད་མི་རིགས་གཉིས་བར་ཆེད་མངགས་འགལ་བ་བཟོས་ཏེ། མི་རིགས་གཉིས་ལ་བར་ཐག་རིང་དུ་བཏང་སྟེ།  ཁ་བྲལ་གྱིས་དབང་སྒྱུར་བྱེད་ཀྱི་ཡོད། བོད་རང་བཙན་བྱེད་པའི་རྩ་དོན་གྱི་གནད་དོན་ཞིག་མིན་ཕྱིན། རང་སྐྱོང་རྩོད་ལེན་གནང་བ་ནི་ང་ཚོ་རྒྱ་རིགས་ཚོས་ཁས་ལེན་བྱེད་ཐུབ་པའི་གནས་སྟངས་ཤིག་ཡིན་པ་དང་། ལྷག་པར་དུ་བོད་མིས་རང་སྐྱོང་རྩོད་ལེན་བྱེད་པའི་ཀུན་སློང་ནི་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་གོམས་སྲོལ་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་སྟབས། བོད་མིའི་འདོད་ཚུལ་ཁས་ལེན་བྱེད་མི་ནུས་པ་གང་ཡང་མེད། ཅེས་ང་རང་གི་བསམ་ཚུལ་བཤད་པ་ཡིན།

འོན་ཀྱང་ནུབ་ཕྱོགས་རང་དབང་ལུང་པའི་ནང་བོད་ཀྱི་གཞོན་ནུ་ཚོགས་པས་རང་བཙན་རྩོད་ཀྱི་ཡོད་པའི་སྐད་སྒྲ་ཐོས། དེར་བརྟེན་ངའི་སེམས་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བསམ་ཚུལ་གཅིག་གྱུར་མེད་པ་མིན་ནམ་སྙམ་པ་མ་ཟད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་ནི་ཐུགས་གཏིང་གི་དགོངས་ཚུལ་ཨེ་ཡིན། གཅིག་བྱས་ན་གནས་སྐབས་ཀྱི་བྱེད་ཐབས་ཤིག་མིན་ནམ་བསམ་པ་དང་དུས་མཚུངས། ༧གོང་ས་ཏཱ་ལའི་བླ་མ་མཇལ་ནས་ཁོང་སྐུ་ངོ་མའི་འགྲེལ་བརྗོད་ཉན་རྒྱུའི་གོ་སྐབས་ཐོབ་པའི་རེ་བ་བྱས། སྐུ་ཞབས་ཀུན་དགའ་བཀྲིས་ཀྱིས་ཀྱང་ངའི་རེ་དྭོགས་ལ་བསམ་གཞིགས་གནང་སྟེ། ང་ལ་༧གོང་ས་ཏཱ་ལའི་བླ་མར་དངོས་སུ་མཇལ་ནས་གང་གི་གསུང་ཐོས་རྒྱུའི་གོ་སྐབས་སྐྲུན་རྒྱུར་རེ་བ་གནང་།

དེར་བརྟེན་ངས་༧གོང་ས་ཏཱ་ལའི་བླ་མ་མཇལ་རྒྱུར་མུ་མཐུད་རེ་སྒུག་ཆེན་པོ་བྱས་ནས་བསྡད། གཅིག་བྱས་ན་ངས་དེ་སྔ་གསར་འགོད་པའི་ལས་ཀ་ཡུན་རིང་བྱས་པའི་རྒྱུ་མཚན་གྱིས་མིན་ནམ། ང་རང་ག་དུས་ཡིན་རུང་ལོ་རྒྱུས་མི་སྣར་རྫི་གསང་པོ་ཡོང་གི་ཡོད་ཅིང་། ལྷག་པར་དགུང་གྲངས་ ༧༨ ལ་ཕེབས་པའི་༧གོང་ས་ཏཱ་ལའི་བླ་མ་མཆོག་ཐག་ཉེ་པོ་ནས་མཇལ་ཏེ། དངོས་གནས་ཀྱི་ཏཱ་ལའི་བླ་མ་འདི་གང་འདྲ་ཞིག་ཡོད་མེད་ཤེས་རྟོགས་བྱེད་རྒྱུར་རེ་བ་བྱས།

ང་རང་ཏཱ་ལའི་བླ་མ་བཞུགས་གནས་མགྲོན་ཁང་དུ་འབྱོར་སྐབས། བོད་མི་བཅུ་གྲངས་ཁ་ཤས་མགྲོན་ཁང་དུ་སྒུག་ནས་བསྡད་འདུག བོད་ཀྱི་ནང་ཆོས་ལ་དད་འདུན་ཆེ་བའི་སྐྲ་དུང་ལྟར་དཀར་བའི་བགྲེས་སོང་དང་། ལོ་ཆུང་བྱིས་པ་དེ་ཚོ་ནི་ཏཱ་ལའི་བླ་མ་མཇལ་རྒྱུར་སྒུག་ནས་བསྡད་ཡོད་པ་ལམ་སེང་ཤེས་ཐུབ། ངས་བོད་སྐད་མི་གོ་བ་དང་། ཁོང་ཚོས་ཀྱང་རྒྱ་སྐད་མ་གོ་སྟབས། ཁོང་ཚོས་ང་ལ་གུས་ཞབས་ཆེན་པོས་འཛུམ་མདངས་བསྟན། ངའི་འཁྲིས་ལ་རྒྱ་རིགས་བུ་མོ་ལོ་ཆུང་ཞིག་ཀྱང་སྒུག་འདུག ཁོང་ནི་པེ་ཅིན་ནས་ཡིན་པ་དང་། ཨ་རིར་སློབ་སྦྱོང་བྱེད་མཁན་ཅིག་ཡིན་ཞིང་། ༧གོང་ས་ཏཱ་ལའི་བླ་མ་མཇལ་རྒྱུར་ཆེད་མངགས་མངའ་སྡེ་གཞན་ནས་ནེའུ་ཡོག་ཏུ་གནམ་ཐོག་ནས་བསླེབས་པ་ཞིག་ཡིན་པ་དང་། ཉིན་ཤས་རིང་ནང་སྦྱོང་མང་བའི་རྐྱེན་གྱིས་ཉིན་གསུམ་ནང་ཆུ་ཚོད་ ༦ ལས་ཉལ་མེད་ཟེར། རྒྱ་རིགས་བུ་མོ་དེའི་མཉམ་དུ་ཡོང་མཁན་བོད་པའི་བུ་མོ་ཞིག་འདུག་པ་དེ་ནི་ཐད་ཀར་བོད་ནས་ཨ་རིར་སློབ་སྦྱོང་དུ་བསླེབས་པ་ཞིག་རེད་འདུག ཁོང་གིས། ༧རྒྱལ་བ་རིན་པོ་ཆེ་མཇལ་ཐུབ་པ་བྱུང་ན་བསམ་པ་དེ་ངའི་རྨི་ལམ་དུ་གཏོང་བའི་རེ་བ་ཞིག་ཡིན་ཟེར། སྟོན་དུས་ཀྱི་ནེའུ་ཡོག་གྲོང་ཁྱེར་ནི་སྐབས་དེ་དུས་ནམ་གསལ་མེད་ན་ཡང་། མི་རྣམས་ཕྱོགས་བཞི་མཚམས་བརྒྱད་ནས་༧གོང་ས་ཏཱ་ལའི་བླ་མའི་བཞུགས་གནས་མགྲོན་ཁང་དུ་འབྱོར་བཞིན་འདུག

མགྲོན་ཁང་གི་སྒོ་འགྲམ་དུ་ཉེན་རྟོག་པའི་རླངས་འཁོར་གཉིས་བཞག་ཡོད་པ་དང་། མགྲོན་ཁང་གི་ཚོམས་ཆེན་དང་། མགྲོན་ཁང་ཉེ་སྐོར་དུ་མཚན་གང་བདེ་འཇགས་མི་སྣའི་སྲུང་འདུག་ལ། ང་རང་ཡང་བདེ་འཇགས་མི་སྣའི་ཞིབ་བཤེར་ནན་པོ་བརྒྱུད། གཞི་ནས་གཏམ་བརྒྱུད་ཁྲོད་ཀྱི་རྟོགས་པར་དཀའ་བའི་༧གོང་ས་ཏཱ་ལའི་བླ་མར་མཇལ་ཐུབ། ང་རང་གི་བསམ་བློའི་ནང་། དགུང་གྲངས་ ༧༨ ལ་ཕེབས་པའི་མི་འདི་གོམ་བགྲོད་དལ་ཞིང་ལོ་ན་མཐོ་བས་ལུས་སྟོབས་ཞན་པོ་ཞིག་ཡིན་རྒྱུ་རེད་བསམ་ཡང་། ངས་ཁོང་དངོས་སུ་མཇལ་སྐབས། ཁོང་ནི་སངས་རྒྱས་ཀྱི་ན་བཟའ་བཞེས་ཤིང་། སྙིང་སྟོབས་ཆེ་ལ་ཐ་ན་ཞལ་རས་ལ་གཉེར་མ་ཡང་ཧ་ཅང་ཉུང་སྟབས། ངས་འུར་གཏམ་མ་ཡིན་པའི་སྒོ་ནས་དགུང་གྲངས་ ༧༨ ལ་ཕེབས་པའི་༧གོང་ས་ཏཱ་ལའི་བླ་མ་ནི་ལོ་ན་ ༥༨ ལ་སོན་པའི་རྒས་འཁོགས་ཤིག་ལས་གཞོན་བཟོ་དོད་པ་འདུག་ཅེས་བརྗོད་ན་མ་འགྲིག་པ་མེད། ང་ནི་ཧ་ལས་ཧང་སངས་སོང་།

ངས་བོད་རིགས་ཀྱི་ལུགས་སྲོལ་ལྟར། ཁོང་ལ་དཀར་ཙང་གི་མཇལ་དར་ཕུལ། ཁོང་གིས་ཐུགས་བརྩེ་ཆེན་པོས་ངའི་ལག་གཉིས་བཟུང་བ་གནང་སྟེ། རྒྱ་ནག་གང་ནས་ཡིན་ནམ་ཞེས་བཀའ་འདྲི་གནང་། ངས་རྒྱ་ནག་ཧུའུ་པའེ་ནས་ཡིན་ཞེས་ཞུས་པར། ཁོང་གིས་རྒྱ་སྐད་ཀྱི་ཐོག་ནས་ཐུགས་རྗེ་ཆེ་ཞེས་ཐེངས་གསུམ་གསུངས་སོང་། ཁོང་ནི་ཁེངས་སྐྱུང་ཆེ་ཞིང་། མཛའ་བརྩེ་ལྡན་པའི་བགྲེས་སོང་ཞིག་ཡིན་པ་དེ་༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་ང་ལ་གནང་བའི་ཐོག་མའི་བག་ཆག་དེ་ཡིན། ངའི་འཁྲིས་ཀྱི་བོད་ནས་བསླེབས་པའི་བུ་མོ་ལོ་ཆུང་འདི་༸གོང་ས་ཏཱ་ལའི་བླ་མ་མཇལ་མ་ཐག་ངུས་ནས་མཆི་མས་ཁེངས་པའི་བུ་མོ་ལོ་ཆུང་ཞིག་ཏུ་གྱུར། དེའི་ཐོག་ནས་རྒྱ་ནག་སྐམ་ས་ཆེན་པོའི་ཆེས་དམ་དྲག་ཆེ་བའི་འོག་གི་ཆོས་དད་རང་དབང་མེད་པའི་རྣམ་པ་དང་། ཁོང་ཚོས་མྱངས་པའི་དཀའ་སྡུག་དེ་ཅི་འདྲ་ཞིག་ཡིན་པ་ཧ་ཅང་གསལ་པོར་མངོན།

དེ་ཉིན་ཞོགས་པ་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བཀའ་ཆོས་གནང་གི་ཡོད་སྟབས་མཇལ་ཁའི་དུས་ཚོད་དཀོན། འོན་ཀྱང་ཉིན་རྒྱབ་འཚེ་མེད་ཞི་བའི་དགེ་མཚན་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་གསུང་བཤད་ཅིག་ཡོད་པ་དེ་ངས་ཉན་ཐུབ་ན། ཁོང་གི་དགོངས་གཞི་ངོ་མ་ཅི་ཡིན་ཤེས་རྟོགས་བྱེད་པའི་གོ་སྐབས་མང་ཞིང་། འཚེ་མེད་ཞི་བ་དང་། བྱམས་དང་སྙིང་རྗེ་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ག་དུས་ཡིན་རུང་དར་སྤེལ་གནང་རྒྱུའི་དགོངས་པ་གཙོ་བོ་དེ་ཡིན། ཐེངས་འདིའི་བཀའ་སློབ་གསུང་བཤད་གནང་ཡུལ་ནི་གྲོང་ཁྱེར་ནེའུ་ཡོག་ནང་གི་སྙན་གྲགས་ཆེ་བའི་སྦི་ཁཱིན་(Beacon)ཚོགས་ཁང་ཆེན་མོའི་ནང་ཡིན་པ་དང་། ཉིན་གུང་ཚུ་ཚོད་ ༡༢ ཙམ་ནས་ཚོགས་ཁང་གི་ཉེ་སྐོར་ལམ་ཆུང་གང་སར་བོད་ཆས་སྤྲས་པའི་བོད་མི་མཐོང་རྒྱུ་ཡོད་པ་དེ་དག་ནི་བཀའ་སློབ་གསུང་བཤད་ཉན་པར་ཡོང་མཁན་ཡིན་ཞིང་། ད་དུང་མི་ཉུང་བ་ཞིག་ལ་བཀའ་སློབ་གསུང་བཤད་ཀྱི་འཛིན་ཐོབ་མེད་པ་དང་། ཐ་ན་ཨ་རི་བ་རྒན་མོ་ཞིག་གིས་བཀའ་སློབ་གསུང་བཤད་ཀྱི་འཛིན་གོང་ཆེ་ཡང་། བྲིན་རྒྱུགས་ཆེ་བས་ཉོ་རྒྱུ་རག་མ་སོང་ཞེས་རླུང་ཚུབ་ཚུབ་བྱེད་ཀྱི་འདུག བོད་མི་དེ་དག་གི་ངོ་གདོང་རྣམ་འགྱུར་ནས་ངས་མཐོང་བ་ནི་སེམས་བཟང་དང་། དད་སེམས་ཡིན་ཞིང་།  དེ་ལ་བལྟས་ཚེ། གཅིག་བྱས་ན་ཁོང་ཚོའི་སེམས་ནང་ཉེ་འཁྲིས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་གསེར་ཞལ་མ་ཇལ་ཡང་། རྒྱང་ནས་མཇལ་བ་ཙམ་གྱིས་ཚད་མེད་པའི་བསོད་ནམས་ཡིན་སྙམ་པ་དང་། སྐྱིད་སྣང་ཞིག་ཚོར་གྱི་མེད་དམ་སྙམ།

མི་གྲངས་ ༢༨༠༠ ཙམ་གཤོང་པའི་སྦི་ཁཱིན་ཚོགས་ཁང་ཆ་ཚང་འཁེངས་པ་དང་། མི་རྣམས་སྔ་ས་ནས་ཚོགས་ཁང་ནང་འཛུལ་ཏེ། ༸གོང་ས་ཏཱ་ལའི་བླ་ཕེབས་སྒུག་བྱས་ཏེ་བསྡད་འདུག་པ་དེ་དག་ནང་ཨ་རིར་ཡོད་པའི་བོད་མི་བཙན་བྱོལ་བ་འདུག་ལ། ཨ་རི་རང་ནས་ཡིན་པའི་ཨ་རི་བ་ཡང་འདུག རྒྱལ་ནང་གི་གྲོགས་པོ་ཚོས་མ་ཤེས་པ་ཞིག་ནི་བོད་མི་མང་ཆེ་བའི་དབྱིན་སྐད་བདེ་པོ་ཡོད་པ་དང་། དབྱིན་སྐད་ཆུ་ཚད་ནས་བཤད་ན། རྒྱ་རིགས་ཀྱི་དབྱིན་སྐད་ལས་བོད་རིགས་ཀྱི་དབྱིན་སྐད་ཞེ་དྲགས་བདེ་བ་འདུག དེ་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་རྒྱ་གར་ནང་བོད་མིའི་ཤེས་ཡོན་སློབ་སྦྱོང་གི་སྤུས་ཚད་ལ་ཐུགས་སྣང་ཆེན་པོ་གནང་བའི་འབྲས་བུ་ཡིན། ཆུ་ཚདོ་ ༢ ཐོག་༸གོང་ས་ཏཱ་ལའི་བླ་མ་མཆོག་ཚོགས་ཁང་ནང་ཞབས་སོར་འཁོད་སྐབས། ཚོགས་ཁང་ནང་གི་མི་ཚང་མ་ཡར་ལངས་ཏེ་སྤྲོ་སེམས་ཆེན་པོས་ལག་པ་བརྡབ། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་ཧ་ཅང་ལྷོད་ལྷོད་དང་། གཏན་ཤིག་ཚ་བའི་སྒོ་ནས་བཀའ་སློབ་གསུང་བཤད་དབུ་འཛུགས་གནང་སོང་།

འཚེ་བ་དང་། འཚེ་མེད་ཞི་བའི་སྐོར་༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་འགྲེལ་བརྗོད་གནང་དོན། སྤྱིར་བཏང་མི་ཚང་མས་འཚེ་བ་དང་། འཚེ་བ་མ་ཡིན་པ་ནི་བྱ་སྤྱོད་གང་རུང་གིས་གནོད་ཇི་ཙམ་སྐྱེལ་ཡོད་མེད་ལ་ལྟ་བཞིན་ཡོད། ཁོང་གིས་ངོས་འཛིན་གནང་དོན། གཙོ་བོ་ཀུན་སློང་གལ་ཆེན་པོ་ཡིན། གལ་སྲིད་བྱ་ཐབས་ཕྲན་བུའི་རྩུབ་ཡང་། མི་གཞན་དང་། སྤྱི་ཚོགས་ལ་ཕན་ཐོགས་བྱེད་རྒྱུའི་ཀུན་སློང་ཞིག་འཁྱེར་ཡོད་ན་དེ་འཚེ་བ་མ་ཡིན་པའི་ཁོངས་སུ་གཏོགས་ཤིང་། གལ་སྲིད་སྒེར་དོན་ཁོ་ནའི་ཆེད་གང་ཡང་མི་བཤད་པར་བསྡད་ཀྱང་། ཀུན་སློང་བཟང་པོ་ཞིག་མེད་པའི་བྱ་བ་ཞིག་ཡིན་ན་དེ་ནི་འཚེ་བའི་ལས་ཡིན་ཞེས་གསུངས།

༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་གསུངས་དོན། འདས་ཟིན་པའི་དུས་རབས་ཉི་ཤུ་པ་དེ་ནི་མི་རྣམས་སེམས་སྐྱོ་དགོས་པའི་དུས་རབས་ཤིག་ཡིན། གང་ཡིན་ཟེར་ན། འཛམ་གླིང་དམག་ཆེན་དང་གཉིས་ཀྱིས་མིའི་རིགས་ཀྱི་ཚེ་སྲོག་ལ་གནོད་འཚེ་ཆེན་པོ་བཏང་ཡོད། ད་ལྟའི་དུས་རབས་ཉེར་གཅིག་པ་དེ་ནི་རྣམ་པ་གསར་རྐྱང་གི་དུས་རབས་ཤིག་ཡིན། འོན་ཀྱང་བློ་ཕམ་པ་ཞིག་ལ། ད་དུང་ཡང་རྙོག་དྲ་ཡོང་གི་ཡོད། དེང་སང་གི་མིའི་རིགས་ཀྱི་སྤྱི་ཚོགས་ནི་ཕན་ཚུན་གཅིག་ལ་གཅིག་རྟེན་ཐུན་མོང་གི་སྤྱི་ཚོགས་ཤིག་ཡིན། ཁེ་ཕན་གྱི་ཆེད་དུ་འཚེ་བའི་ལས་བརྩམས་པ་དང་དུས་མཚུངས་རྩོད་རྙོག་རྫོགས་རྒྱུ་མེད་པ་ཡོང་གི་ཡོད། འཚེ་བ་ནི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་མ་ཡིན་པར། དེ་ལས་ལྡོག་སྟེ། འཚེ་བའི་དབང་གིས་གནད་དོན་རྙོག་འཛིང་ཆེ་རུ་འགྲོ་བ་དང་། རྙོག་ཁྲ་མང་བ་བཟོ་བཞིན་ཡོད། ང་ཚོ་སྒེར་དང་། མི་རིགས། རྒྱལ་ཁབ་སུ་ཡིན་རུང་། བསམ་བློ་གཏོང་བའི་སྐབས་ང་ཚོ་ཞེས་པའི་བསམ་བློ་མང་ཙམ་གཏོང་དགོས་པ་དང་། ང་ཚོ་དང་ཁྱེད་ཚོ་ཞེས་པའི་བསམ་བློ་ཉུང་ཙམ་གཏོང་དགོས། ལྷག་པར་ཁྱེད་ཚོ་ཞེས་པའི་བསམ་སྟངས་དེ་མེད་པ་བཟོ་དགོས།

ང་རང་ཚོ་ཚང་མ་དོན་ངོ་མའི་ཐོག་ཁེ་ཕན་གཅིག་གྱུར་དགོས་པའི་ཐུན་མོང་གི་གཞི་ཞིག་ཡིན་པ་དང་། འཛམ་གླིང་མི་འབོར་དུང་ཕྱུར་བདུན་བཅུ་ཡིན་པ་དང་། ཚན་རིག་པས་དུས་རབས་འདིའི་དུས་མཇུག་ལ་འཛམ་གླིང་གི་མི་འབོར་དེ་དུང་ཕྱུར་བརྒྱ་བརྒལ་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད། གནམ་ཤིས་ཀྱི་འགྱུར་བ་དང་། སྐྱེ་ཁམས་ཉམས་ཆག དབུལ་ཕྱུག་དོ་མི་སྙོམ་པ་བཅས་ནི་རྒྱལ་ཁབ་ཚང་མས་གདོང་ལེན་བྱེད་དགོས་པའི་དཀའ་ངལ་རེད། སྐྱབས་མེད་མགོན་མེད་ཀྱི་མི་དབུལ་པོ་རྣམས་ལ་སྤྱི་ཚོགས་ཁྱོན་ཡོངས་ནས་དོ་སྣང་བྱས་ཏེ་ཁོང་ཚོས་རང་གིས་རང་ལ་ཡིད་ཆེས་འཕེར་བའི་འཚོ་བ་སྐྱེལ་ཐུབ་རྒྱུར་སྤྱི་ཚོགས་ཁྱོན་ཡོངས་ལ་འགན་ཡོད། ཧུའུ་ཅིན་ཐའོ་ཡིས་བཏོན་པའི་འཆམ་མཐུན་གྱི་སྤྱི་ཚོགས་ཟེར་བའི་བསམ་བློ་དེར་ངོས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཡིན་ནའང་ལག་ལེན་ཐོག་འཁྱོལ་ཐུབ་པ་བྱུང་མེད། འཆམ་མཐུན་ནི་ཕྱི་ཚུལ་ཙམ་མ་ཡིན་པར། གལ་ཆེ་ཤོས་ནི་ནང་སེམས་ཀྱི་ཐོག་ནས་འཆམ་མཐུན་ཡོང་བ་ཞིག་དགོས་ཀྱི་ཡོད། ཅེས་བཀའ་གནང་སོང་།

ཚོགས་ཁང་ནང་ཡོད་པའི་མང་ཚོགས་ཉིས་སྟོང་ལྷག་ཙམ་གྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་ཉན་ཞིང་། ཁོང་གི་སྐུ་གཟུགས་ནི་ཧ་ཅང་གི་ཡག་པོ་འདུག ཡར་བཞེངས་ནས་ཆུ་ཚོད་གཅིག་རིང་བཀའ་སློབ་གནང་། སྐབས་དེའི་རྣམ་པ་དེ་ཚོ་ང་རང་གིས་མིག་མཐོང་ལག་ཟིན་བྱུང་མེད་པ་ཡིན་ན། དགུང་གྲངས་དོན་བརྒྱད་ལ་ཕེབས་པའི་མི་ཞིག་གི་སྐུ་གཟུགས་དེ་འདྲའི་ཡག་པོ་ཡོད་ཟེར་ན་ཡིད་མ་ཆེས་པ་ཞིག་འདུག དེང་སང་ལོ་གསུམ་བཅུ་བཞི་བཅུར་སོན་པའི་མི་ཚོས་ཀྱང་ཕལ་ཆེར་དེ་འདྲ་བྱེད་ཐུབ་ཀྱི་མ་རེད་སྙམ། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཁོང་ནི་མི་དཀྱུས་མ་ཞིག་ཡིན།

མི་དཀྱུས་མ་ཞིག་ལ་དགའ་སྐྱོ་ག་རེ་བྱུང་པ་ལྟར་ཁོང་ལ་ནང་གི་ཚོར་སྣང་གཅིག་པ་ཡོང་གི་ཡོད། གཞན་ཕན་སྙིང་རྗེའི་བློ་ཞིག་སྐྱེ་ཐུབ་པ་ཡིན་ན།  རང་ལ་བདེ་སྐྱིད་ཡོང་ངེས་ཡིན། ཞེས་གསུངས།  ཁོང་གིས་གསུང་བཤད་ཆ་ཚང་དབྱིན་སྐད་ནང་གསུངས་ཤིང་། ཁོང་གིས་ཡང་ནས་ཡང་དུ་ཚོགས་ཁང་ནང་གི་གསུང་བཤད་ཉན་མཁན་དང་མཉམ་དུ་ཕན་ཚུན་འབྲེལ་གླེང་གནང་གི་འདུག་པ་འདིས་ཚོགས་ཁང་ནང་གི་རྣམ་པ་ཧ་ཅང་འཁྲུག་ཅིང་། ཉན་མཁན་ཚང་མ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་རྣམ་དཔྱོད་དང་།  གཏན་ཚིག་གིས་ཡིད་དབང་འཕྲོག

སྐབས་དེར་སྡིངས་ཆའི་འོག་ཏུ་ཡོད་པའི་ང་རང་ནི་སྡིངས་ཆའི་སྟེང་གི་བགྲེས་སོང་བརྗེད་པ་དང་འདྲ་ཞིང་། ངའི་སེམས་ནང་དུས་རབས་གཅིག་ལ་ཉེ་བའི་མེ་ཚེ་བརྒྱུད་མྱོང་བའི་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་མཐོ་སར་ཞུགས་མཁན་ཆོས་ལུགས་ཀྱི་གཙོ་འཛིན་ཞིག་ཡིན་པའི་ཚོར་སྣང་མེད་པར། ཧ་ཅང་སེམས་ཐག་ཉེ་བའི་བྱམས་སེམས་ཅན་གྱི་སྤོ་བོ་ལགས་ཤིག་དང་འདྲ་བའི་མི་ཞིག་ཡིན་པའི་ཚོར་སྣང་བྱུང་། ཁོང་གིས་མི་ཚེའི་ལྟ་གྲུབ་གྱི་རིག་པའི་གཞུང་ལུགས་འགྲེལ་བརྗོད་གནང་སྟངས་ནི་གོ་སླ་ཞིང་། རྟོགས་བདེ་བ་ཞིག་འདུག ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ནང་གི་མི་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་དགའ་མོས་ཆེན་པོ་བྱེད་པའི་རྒྱུ་མཚན་ག་རེ་ཡིན་པ་ངས་ཧོབ་སྟེ་ཤེས་རྟོགས་བྱུང་བ་ནང་བཞིན་བྱུང་སོང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དགོངས་པ་བཞེས་ཕྱོགས་ཀྱི་ས་མཚམས་དེ་ནི། བོད་གཅིག་པུའི་དོན་དག་ལས་བརྒལ་ཞིང་། ཁོང་གི་དགོངས་པ་ནི་བོད་གཅིག་པུའི་མ་ཡིན་པར། རྒྱ་ནག་གི་ཡིན་ལ་འཛམ་གླིང་གི་ཡང་ཡིན།

བཀའ་སློབ་གསུང་བཤད་ཀྱི་རྗེས་ལ།  དྲི་བ་དྲིས་ལན་མགོ་ཚུགས་ཤིང་། ཁོང་གིས་རྒྱ་ནག་ནང་གི་གྲགས་ཅན་སྒྱུ་རྩལ་བ་ཨའེ་ཝེ་ཝེ་ཡི་དྲི་བར་བཀའ་ལན་གནང་སོང་། ཨའེ་ཝེ་ཝེ་ཡིས།༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་སྐུ་ཉིད་བོད་དུ་ཕེབས་འདོད་འདུག་གམ། སྐུ་ཚེའི་རིང་ཕེབས་ཐུབ་བམ་ཞེས་བཀའ་འདྲི་ཞུས་སོང་། དེའི་ལན་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་གསུངས་དོན།  ང་ལོག་འདོད་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་མོས་མཐུན་བྱེད་ཀྱི་མི་འདུག མ་འོངས་པར་ལོག་ཐུབ་པ་ཡོང་གི་རེད་བསམ་གྱི་འདུག་ལ། རི་བོ་རྩེ་ལྔར་ཡང་གནས་གཟིགས་ཕེབས་ཐུབ་པའི་ཐུགས་རེ་གནང་གི་ཡོད་ཅེས་བཀའ་བསྩལ་སོང་།

བོད་དོན་སྐོར་གསུང་སྐབས།  ༸གོང་ས་ཏཱ་ལའི་བླ་མ་མཆོག་ནས། ང་ཚོས་རང་བཙན་རྩོད་ཀྱི་མེད།  དེ་ནི་ཡོང་རྒྱུ་མེད་པ་ཞིག་རེད། རང་སྐྱོང་མིང་དོན་མཚུངས་པ་ཞིག་གི་ཐོག་ནས་བོད་ཀྱི་ཆོས་དང་།  རིག་གཞུང་། སྐད་ཡིག་བཅས་པ་སྲུང་སྐྱོབ་ཐུབ་པ་ཞིག་བྱུང་ན།  དེ་ནི་བོད་ལ་ཁེ་ཕན་ཡོད་པ་ཞིག་ཡིན། ཅེས་གསུངས་པ་དང་།  ཡང་ཁོང་གིས་མུ་མཐུད་ནས་གསུངས་དོན། བཙན་བྱོལ་བོད་མི་མང་ཆེ་བས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཉུང་ཤས་ཤིག་གིས་བོད་རང་བཙན་གྱོ་འདོད་ཚུལ་འཛིན་གྱི་ཡོད་པ་དེ་ནི་སྨྲ་བརྗོད་རང་དབང་བེད་སྤྱོད་བྱས་པ་ཙམ་ཞིག་ཡིན་པ་ལས། རང་བཙན་ནི་ཡོང་ཐབས་མེད་པ་ཞིག་ཡིན། ཞེས་བཀའ་གནང་སོང་། བོད་ཀྱི་མ་འོངས་པའི་གནས་སྟངས་ཐད། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ལོ་རབས་བདུན་བཅུའི་ནང་ནས་དགོངས་ཚུལ་དེ་འདྲ་ཞིག་འདུག་པ་ནི། རྒྱ་ནག་གཞུང་དང་སྐད་ཆ་བཤད་དེ་བོད་ཀྱི་དཀའ་ངལ་སེལ་རྒྱུ་དེ་ཡིན། འོན་ཀྱང་རྒྱ་ནག་གཞུང་དང་མཉམ་དུ་གྲོས་མོལ་ཐེངས་མང་གནང་ཡོད་ཀྱང་། རྒྱུ་མཚན་མང་པོར་བརྟེན་ནས་གྲུབ་འབྲས་གང་ཡང་བྱུང་མེད་ཅེས་དང་། ཁོང་གིས་བཀའ་སློབ་གསུང་བཤད་གནང་བའི་སྐབས། དེ་སྔ་མའོ་ཙེ་ཏུང་སོགས་རྒྱ་ནག་གི་མགོ་ཁྲིད་དང་མཉམ་དུ་འབྲེལ་བ་བྱུང་བའི་འདས་དོན་ཞིབ་ཕྲ་དྲན་གསོ་གནང་ཞིང་། མའོ་ཙེ་ཏུང་ནི་རླབས་ཆེན་གྱི་གསར་བརྗེ་པ་རེད་ཅེས་གསུངས། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཀྲུང་དབྱང་སྲིད་གཞུང་ལ་འཛིན་པའི་རྣམ་འགྱུར་དང་། མའོ་ཙེ་ཏུང་སོགས་རྒྱ་ནག་གི་མགོ་ཁྲིད་རྣམས་ལ་མཛའ་གྲོགས་ཀྱི་རྣམ་འགྱུར་འཛིན་གྱི་འདུག

འོན་ཀྱང་ང་རང་ལ་བསམ་ཚུལ་མི་གཅིག་པ་ཞིག་ཡོད་པ་ནི། ངས་རྒྱ་ནག་འདི་དམངས་གཙོར་འཕོ་འགྱུར་ཞིག་མ་བྱུང་གོང་། མིང་དོན་མཚུངས་པའི་རང་སྐྱོང་མངོན་འགྱུར་ཡོང་ཐབས་མེད་པར་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ན་ཡང་། ངས་དངོས་སུ་ཞལ་མཇལ་བྱུང་བའི་༸གོང་ས་ཏཱ་ལའི་བླ་མའི་སྐུ་གཟུགས་ཀྱི་གནས་སྟངས་ལ་གཞིགས་ན། ཁོང་གིས། རྒྱ་ནག་གི་དམངས་གཙོའི་འགྱུར་བ་ལེགས་གྲུབ་བྱུང་སྟེ་བོད་ལ་ཡང་མིང་དོན་མཚུངས་པའི་རང་སྐྱོང་ཡོང་རྒྱུར་ཁོང་གི་སྐུ་ཚེས་མ་འདང་བ་མེད་པ་ང་རང་ལ་ཡིད་ཆེས་ཡོད།

བོད་མི་རིགས་ཀྱི་ཐད་ནས་བཤད་ན། ངས་༸གོང་ས་ཏཱ་ལའི་བླ་མ་ནི་གནད་དོན་ཐག་གཅོད་བྱེད་ཀྱི་ལྡེ་མིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཁོང་སྐུ་ཚེ་ཡུན་དུ་བརྟན་ཏེ། བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་མངོན་འགྱུར་ཡོང་བ་དངོས་སུ་གཟིགས་ཐུབ་པའི་རེ་སྨོན་ཞུ་རྒྱུ་ཡིན། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དར་སྤེལ་གནང་བཞིན་པའི་འཚེ་མེད་ཞི་བའི་དགོངས་པ་ནི་ང་ཚོས་རྒྱ་ནག་དམངས་གཙོའི་འགྱུར་བ་ཡོང་བའི་འཐབ་རྩོད་ནང་ག་དུས་ཡིན་རུང་དམ་འཛིན་བྱེད་པའི་རྩ་དོན་ཅིག་ཡིན། རྒྱ་བོད་མི་རིགས་གཉིས་ཕྱི་ནང་གང་དུ་ཡིན་རུང་འབྲེལ་ལམ་ལ་ཤུགས་སྣོན་རྒྱབ་ནས་ཕན་ཚུན་རྒྱུས་ལོན་ཤེས་རྟོགས་དང་། མི་རིགས་གཉིས་བར་གྱི་མཛའ་གྲོགས་ལ་ཤུགས་སྣོན་རྒྱག་དགོས། ང་ཚོ་ཚང་མ་ཧྭ་ཤ་མི་རིགས་གཅིག་པ་དང་།  ཁྱིམ་ཚང་གཅིག་གི་མི་ཡིན། མི་ཁྲི་སྟོང་མང་པོས་གུས་བརྩི་ཞུ་ཡུལ་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་ང་ཚོ་མིའི་རིགས་ཀྱི་རྣམ་དཔྱོད་ཀྱི་འབྱུང་ཁུངས་གྲས་ཤིག་ཡིན། དེ་ནི་ངས་དངོས་སུ་མཐོང་བའི་ཏཱ་ལའི་བླ་མ་ངོ་མ་དེ་ཡིན།

མཆན།

རྩོམ་ཡིག་འདི་འབྲི་མཁན་རྩོམ་པོ་པོ་ཇིན་ཝེ་ཕིང་(སྨུག་མིང་ཇིན་སྤང་།) ནི་ ༡༩༨༠ ལོའི་ཕྱི་ཟླ་ ༢ པར་སྐྱེས་ཤིང་། རྒྱ་ནག་ཧུའུ་པའེ་ས་ཁུལ་གྱི་མི་ཡིན། དེ་སྔ་གསར་འགོད་པ་དང་། ལོ་ཆུང་ཁེ་ལས་པ། དཔལ་འབྱོར་རིག་པ་པ་བཅས་བྱས་མྱོང་། ཁོང་ནི་འཚེ་མེད་ཞི་བའི་འཐབ་རྩོད་པ་ཞིག་ཡིན། དེ་བཞིན་རྒྱ་ནག་ནང་གི་དྲྭ་ལམ་ཐོག་གནས་ཚུལ་མང་པོ་སྤེལ་མྱོང་ཞིང་། ཁོང་གི་གནས་ཚུལ་ལ་དོ་སྣང་བྱེད་མཁན་དྲྭ་གྲོགས་གསུམ་འབུམ་ཉིས་ཁྲི་ ༣༢༠༠༠༠ ཙམ་ཡོད། ཁོང་འདི་ལོའི་དབྱར་ཁར་ཨ་རིར་འབྱོར་ཞིང་། དེང་སྐབས་རྒྱ་ནག་དམངས་གཙོར་འགྱུར་རྒྱུའི་ལས་དོན་ལ་ཤུགས་སྣོན་རྒྱག་མཁན་གྲས་ཤིག་ཡིན།

ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ཀྱིས།

མ་རྩོམ་གྱི་འབྲེལ་ཐག http://blog.dwnews.com/post-376535.html#respond

འབྲེལ་ཡོད་གསར་འགྱུར།

Mobile App

ཞིང་གཤེགས་དམ་པ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ལགས་སུ་སྙིང་སྟོབས་གཟེངས་རྟགས་ཕུལ།

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་མཱ་རི་ཡ་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༧ སྔོན་ལ།
ཁུང་ཙིའི་སློབ་མའི་བསླབ་བྱ།
Mobile App

རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་ཞིང་ལྗོངས་ལྔའི་བོད་ཁུལ་སློབ་གསོ་བཅོས་སྒྱུར་དང་མཐོ་རྒྱུགས་ཁྲོད་བོད་ཡིག་གདམས་གསེས་ལག་བསྟར་བྱས་པའི་སྐོར་རགས་ཙམ་གླེང་བ།

ཆུ་ཚོད་ ༡༢ སྔོན་ལ།
པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠

མཆན། 4

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    རྩོམ་ཡིག་འདི་དག་ནི་དྲང་བདེན་དང་སྤྱི་ཕན་གྱི་བྱ་བར་རྒྱབ་སྐྱོར་བྱེད་མཁན་མང་བ་མཚོན་ཐུབ་ལ། ལྷག་པར་གསར་འགོད་པ་འདི་ལྟ་བུ་ཞིག་གིས་རང་ཉིད་རྨོངས་གཉིད་ལས་སངས་པའི་བྱ་སྐད་འདིས་སྐྱེ་བོ་ཁྲི་སྟོང་གཉིད་ལས་སད་དུ་འཇུག་ཐུབ་ངེས་ཡིན། དེ་ལྟར་བདེན་པའི་དཔུང་གྲོགས་ཅི་ཙམ་གྱིས་མང་ན་བདེན་པའི་ནུས་པ་ཇེ་ཆེ་དང་བདེན་པའི་རྒྱལ་ཁར་ཐག་ཇེ་ཉེ་ཡིན། བོད་པ་ཚོས་བོད་ཀྱི་རིགས་ཞེན་སྐམ་པོ་ཙམ་ལས་འདས་ཏེ་ཞི་བདེའི་དེད་དཔོན་ཆེན་པོའི་དགོངས་དོན་ཇི་བཞིན་རྒྱ་བོད་གཉིས་ཕན་དང་འཛམ་གླིང་སྤྱི་ཕན་གྱི་བསམ་བློ་རྣལ་མ་རེ་གཏོང་ཐུབ་པ་དང་བྱ་བ་དོན་ལྡན་རེ་སྒྲུབ་རྒྱུར་བརྩོན་ན་རྒྱ་རིགས་དུང་ཕྱུར་དུ་མ་དང་འཛམ་གླིང་མི་དམངས་ང་ཚོའི་གྲོགས་དང་དཔུང་དུ་རང་བཞིན་གྱིས་ལངས་ངེས། དེས་ན་ང་ཚོས་ད་ལྟའི་ཆར་ཆབ་སྲིད་ཐད་ནས་དབུ་མའི་ལམ་དང་དམངས་གཙོའི་དར་ཆ་སྔར་ལས་མཐོ་རུ་ཕྱར་ཅིང་སྐྱོད་དགོས་སོ།

    Reply
  2. མཚོ་པདྨ། says:
    ལོ་ 12 སྔོན།

    སྐད་གཉིས་པ་ཀུན་དགའ་བཀྲིས་ལགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་བླ་ལྷག་ཏུ་ཆེ། འབྱུང་འགྱུར་ཀྱང་མུ་འཐུད་བསྒྱུར་རྩོམ་དེ་ལྟ་བུ་གང་མང་སྤེལ་གནང་ཡོང་བ་ཞུ། དེ་སྔ་༢༠༠༨ ལོར་བོད་ས་ཡོངས་སུ་ཛ་དྲག་གི་དོན་རྐྱེན་འབྱུང་སྐབས་རྒྱལ་རིགས་མཁས་པ་མང་དག་ཅིག་གིས་དེ་དང་འབྲེལ་ཡོད་ཆེད་རྩོམ་སྟོང་ཚོ་ལས་བརྒལ་བ་སྤེལ་ཡོད་ཚུལ་འདུག འོན་ཀྱང་དེ་ཚོ་ཚང་མ་རྒྱ་སྐད་དུ་ཡིན་སྟབས་ཀློག་འདོད་སྐོམ་པ་ཆུ་འདོད་ལྟར་བྱུང་ཀྱང་བྱེད་ཐབས་བྲལ་སོང་། དེ་རིང་ཁྱེད་ཀྱིས་འདི་སྤེལ་བ་ལ་ཁོ་བོས་བསྔགས་བརྗོད་ཞུ་བཞིན་ཡོད།

    Reply
  3. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    དགོངས་སེལ་ཞུ་ཡ་གཅིག་ནི། ངས་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་མཆོག་གི་གནས་རིམ་ནོར་འདུག ཟུང་དྲུང་མ་རེད་དྲུང་འཕར་རེད། དེ་བཅོས་གནང་ཡོང་བ་ཞུ།།

    Reply
  4. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    འདིའི་བསྒྱུར་བ་པོ་མི་འདུག ཕལ་ཆེར་ཟུང་དྲུང་ཀུན་དགའ་བཀྲ་ཤིས་ལགས་ཡིན་ངེས་རེད། ཁ་སྔོན་གྱི་ཞི་མོལ་ཚོགས་འདུར་ཕེབས་སྐབས་ཕྱི་དྲིལ་གསར་འགོད་པས་དྲི་བ་དྲིས་ལན་ཞུས་པ་དེ་དག་དང་རྩོམ་ཡིག་འདི་རྣམས་དངོས་གནས་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་ཐབས་ལམ་ཡང་དག་པ་སྟོན་པའི་དངོས་བྱུང་གི་དཔང་རྟགས་རྐྱང་རྐྱང་ཡིན་པ་གསལ་བོ་རེད། ཟུང་དྲུང་མཆོག་ནས་བྱུང་ན་ད་བར་དབུ་མའི་ལམ་ལ་ངོས་འཛིན་དང་རྒྱབ་སྐྱོར་བྱས་པའི་ཚད་གཞི་ཡིག་ཐོག་ནས་འདི་ལྟར་འགོད་འབུལ་ཐུབ་ན་བོད་ནང་གི་དོན་གྱི་བདག་པོ་ཚོར་དངོས་ཕན་རང་དུ་འགྱུར་བ་གདོད་མི་ཟ་བ་ཞིག་རེད།

    དེ་དང་ཞོར་འཕྲོས་ལྟ་བུར། སྔ་མོ་ནས་ཤེས་ལྡན་ཀུན་གྱིས་གསལ་སྨྲས་ཟིན་པ་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཟེར་བ་ལྟ་བུའི་ཁེ་ཕན་རིང་ལུགས་པའི་ཇག་ཚོགས་འདི་ཚོ་ལས། བོད་དོན་དང་བོད་ཀྱི་དཀའ་ངལ་ཉིན་རེར་གང་བྱུང་གི་ཡོད་པ། དེ་བཞིན་༸གོང་ས་མཆོག་གི་མཛད་འཕྲིན་བཅས་རྒྱ་རིགས་ཤེས་ལྡན་པ་ཚོ་བརྒྱུད་རྒྱ་ནག་མི་མང་ལ་གང་ཐུབ་ཐུབ་སྙན་གསེང་ཞུ་རྒྱུ་ནི་ང་ཚོའི་གོང་ན་མེད་པའི་གཉིས་སྨན་ཞི་བའི་ཐབས་དམ་པ་ཡིན་སྟབས།

    བོད་ཀྱི་དཀའ་ངལ་འདི་སེལ་བར་དུས་འདི་དང་མ་འོངས་གནས་སྐབས་གང་དུའང་རིགས་པའི་ལམ་ནས་བརྡར་ཤ་བཅད་དེ་གསལ་བོར་བཤད་ཆོག་པ་ཞིག་ནི། ”ང་ཚོའི་སྐྱབས་གནས་ངོ་མ་དེ་རྒྱ་ནག་མི་མང་ཡིན་པ”་འདི་ཅི་ནས་ཀྱང་ངོས་བཞེས་གནང་སྟེ་ཐེ་ཚོམ་ནེམ་ནུར་མེད་པར་དབུ་མའི་ལམ་གྱི་སྒྲོག་སྦྱངས་པ་ཙམ་མིན་པར། རང་གི་སྒོ་གསུམ་དབུ་མའི་ལམ་དུ་བསྒྱུར་ཏེ་རྒྱ་ནག་མི་མང་དང་ཤེས་ལྡན་པར་སྐྱབས་འཚོལ་དུ་འགྲོ་རྒྱུ་ནི་གནད་དམ་པའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese