མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིར་སྐར་ལྔའི་དར་དམར་འཛུཊ་བཅུག་པ་ནི་བཙན་བཟུང་གི་སེམས་ཁམས་རེད།

བོད་ཀྱི་དུས་བབ།
༢༠༡༣/༡༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཁྲིན་བེའི་ཅེན་གྱིས་བརྩམས། ཆབ་ཆ་འབྲུག་བྷེ་ཡིས་བསྒྱུར།  

བོད་ནི་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཞེས་པ་འདི་ནི་ཀྲུང་གོས་བོད་ཀྱི་གནད་དོན་ཐད་ཡང་ཡང་ནན་བརྗོད་བྱེད་བཞིན་པའི་ལངས་ཕྱོགས་ཤིག་རེད། ཡིན་ཡང་། ཀྲུང་གོས་བོད་ཐོག་འཛིན་པའི་སྲིད་ཇུས་མང་པོ་ཞིག་གིས་བོད་དེ་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཙན་བཟུང་བྱས་པའི་ས་ཁུལ་ཞིག་ཡིན་པ་སྟོན་གྱི་ཡོད།

ཀྲུང་གོས་བཙན་ཤུགས་ཀྱིས་བོད་པའི་དགོན་པ་དང་ཁྱིམ་ཚང་ཁག་ནང་ཀྲུང་གོའི་གཙོ་འཛིན་དག་གི་པར་སྒྲིག་བཤམ་བྱེད་དུ་བཅུག་པ་དེ་བོད་མི་ཚོའི་སྣང་བར་མ་སོང་པར་ངོ་རྒོལ་ཤུགས་ཆེན་བྱེད་ཀྱི་ཡོད་ཀྱང་། ཀྲུང་གོའི་སྲིད་གཞུང་ལ་དེས་ཀྱང་མ་ཆོག་པར། ད་དུང་ཡང་བཙན་ཤེད་ཀྱིས་བོད་པའི་ཁྱིམ་ཚང་ཁག་གི་ཁང་སྟེང་དུ་སྐར་ལྔའི་དར་དམར་འཛུགས་བཅུག་པ་སོགས་ནི། ཕྱོགས་གཅིག་གིས་ཕྱོགས་གཞན་དེའི་གཡུལ་ས་བཙན་བཟུང་བྱས་པ་དང་། རྒྱལ་ཁབ་གཅིག་གིས་རྒྱལ་ཁབ་གཞན་དེའི་གྲོང་ཁྱེར་བཙན་བཟུང་བྱེད་སྐབས། ད་གཟོད་བྱེད་སྟངས་འདི་དག་འབྱུང་གི་ཡོད། དེ་ནི་སྔོན་མ་ཉི་ཧོང་གིས་རྒྱ་ནག་ལ་བཙན་འཛུལ་བྱས་སྐབས། གྲོང་ཁྱེར་གཅིག་བཙན་བཟུང་བྱས་རྗེས་ཉི་ཧོང་གི་ཉི་མ་རྟགས་ཅན་ཀྱི་རྒྱལ་དར་བཙུགས་པ་དང་གཅིག་མཚུངས་རེད། གལ་སྲིད་བོད་དང་ཀྲུང་གོའི་ཞིང་ཆེན་གཞན་དག་འདྲ་མཉམ་ཡིན་ན། བཙན་ཤེད་ཀྱིས་བོད་པའི་གྲོང་ཁྱེར་ཁག་ཏུ་སྐར་ལྔའི་དར་དམར་འཛུགས་དགོས་དོན་མེད། བོད་དེ་ཀྲུང་གོའི་དབང་བསྒྱུར་འོག་དུས་རབས་ཕྱེད་ལྷག་འགྲོ་བཞིན་ཡོད་ཀྱང་། ཀྲུང་གོས་ད་དུང་སྔར་བཞིན་བཙན་བཟུང་བྱས་པའི་ས་ཁུལ་ཞིག་ལ་ལྟ་བཞིན་ཡོད།

བོད་མིར་མཚོན་ནས་བཤད་ན། དགོན་པ་དང་ཁྱིམ་ཚང་ཁག་ནང་བཙན་ཤེད་ཀྱིས་ཀྲུང་གོའི་གཙོ་འཛིན་དག་གི་པར་སྒྲིག་བཤམ་བྱེད་བཅུག་པ་དེས་ཁོ་ཚོའི་བསམ་བློའི་འཚོ་བར་བརྙས་བཅོས་ཆེན་པོ་ཐེབས་ཀྱི་ཡོད། ཀྲུང་གོའི་ཞིང་ཆེན་གཞན་དག་དང་གྲོང་ཁྱེར་ཁག རྒྱ་མིའི་དགོན་པ་དང་ཁྱིམ་ཚང་སོགས་སུ་གཙོ་འཛིན་དག་གི་པར་སྒྲིག་བཤམ་དགོས་པའི་ཐག་གཅོད་མེད་ཀྱང་། བོད་མི་ཚོས་ངེས་པར་དུ་པར་དང་རྒྱལ་དར་སྒྲིག་བཤམ་བྱེད་དགོས་བྱུང་པ་རེད། བྱེད་སྟངས་འདིར་བོད་མི་ཚོས་བཟོད་སྒོམ་བྱེད་ཐུབ་ཀྱི་མེད། བོད་མི་ཚོར་རང་ཉིད་ཀྱི་བསམ་བློའི་གཙོ་འཛིན་ཏཱ་ལའི་བླ་མ་ཡོད་པ་མ་ཟད། རང་ཉིད་ཀྱི་གངས་སེང་རྟགས་ཅན་གྱི་རྒྱལ་དར་ཡང་ཡོད། རྒྱལ་དར་དེ་ལ་མའོ་ཙི་ཏུང་གིས་ཆོག་མཆན་དང་ངོས་ལེན་ཐོབ་པ་ཞིག་རེད། དེང་སྐབས་གངས་སེང་རྟགས་ཅན་གྱི་རྒྱལ་དར་དེ་བོད་རང་བཙན་གྱི་མཚོན་རྟགས་ཤིག་ཏུ་རྩི་བཞིན་འདུག དེ་ནི་དོན་དངོས་དང་མི་མཐུན་པ་ཞིག་རེད། ཧོང་ཀོང་ལ་རང་ཉིད་ཀྱི་མེ་ཏོག་མཆིན་ཁ་རྟགས་ཅན་གྱི་དར་ཆ་ཡོད་ཆོག་ན། རིག་གནས་ལོ་རྒྱུས་གཅིག་གྱུར་མིན་པའི་བོད་མི་རིགས་ཀྱིས་རང་གི་སྲོལ་རྒྱུན་རྒྱལ་དར་བཙུགས་པ་རང་བཙན་མཚོན་རྟགས་སུ་ཇི་ལྟར་གྱུར་པ་རེད། བཙན་ཤེད་ཀྱིས་སྐར་ལྔའི་དར་དམར་བཙུགས་པ་ནི་མངོན་སུམ་འཛེམ་མེད་ཀྱིས་དམག་མིས་བཙན་བཟུང་བྱེད་པའི་གཡོ་ཐབས་ཤིག་རེད།

རྒྱལ་དར་འཛུགས་པའི་སྲིད་ཇུས་དེ་བོད་ཁུལ་དུ་ལག་བསྟར་བྱས་རྗེས། རྒྱལ་དར་ཡར་བསྒྲེངས་པ་དང་མར་ཕབ་པ་ནི། བཙན་བཟུང་དང་ངོ་རྒོལ་འཐབ་འཛིང་གི་གཡུལ་ས་ཞིག་ཏུ་གྱུར་ཡོད། ཉིན་མོར་ཀྲུང་གོའི་ལས་བྱེད་པ་ཚོས་བཙན་ཤུགས་ཀྱིས་བོད་མི་ཚོར་དར་དམར་ཡར་སྒྲེང་དུ་བཅུག་པ་དང་། མཚན་མོར་བོད་མི་ཚོས་དར་དམར་མར་ཕབ་ཀྱི་ཡོད། སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་དག་གིས་ས་གནས་གྲོང་སྡེ་དང་གྲོང་ཁྱེར་གྱི་གཞི་རིམ་ཏང་གི་རྩ་འཛུགས་ཁག་ལ་རྒྱལ་དར་སྲུང་བྱ་ཡག་པོ་བྱེད་དགོས་པ་དང་། ད་དུང་ཁག་ཐེག་ཡི་གེ་འབྲིར་བཅུག་སྟེ་གཏན་འབེབས་བྱེད་དགོས་པའི་རེ་བ་འདོན་གྱི་ཡོད། འདི་ལྟ་བུའི་བྱེད་སྟངས་ནི། སྔོན་མ་ཉི་ཧོང་གིས་བཙན་བཟུང་བྱས་པའི་ཀྲུང་གོའི་ཞིང་དང་གྲོང་ཁྱེར་ཁག་ཏུ་དུད་ཁྱིམ་བསྟར་བསྒྲིགས་ལམ་ལུགས་བཙུགས་ཏེ་གྲོང་མི་ཚོར་ཁག་ཐེག་དང་། སྡོད་དམངས་ལ་ཉི་ཧོང་གི་སྲིད་དབང་རྫུན་མར་བློ་དཀར་སྟོན་དགོས་པའི་བཙན་བཀའ་བཏང་བ་དང་འདྲ་བོ་རེད། སྔར་ལོ་ནས་བཟུང་བོད་ཀྱི་ས་ཁུལ་ཁག་མང་པོར་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱེད་དུ་བཅུག་པ་དང་། ལྷག་པར་དུ་བོད་ཁམས་དཀར་མཛེས་རྫོང་དང་བྲག་མགོ་སོགས་སུ་བོད་མི་ཚོས་ངོ་རྒོལ་ཤུགས་ཆེན་བྱས་སྟབས། ཀྲུང་གོའི་དམག་མི་དང་ཉེན་རྟོག་མི་སྣས་རྡུང་རྡེག་འཚབ་ཆེན་བཏང་དང་གཏོང་གི་ཡོད།

ཀྲུང་གོས་བོད་དབང་བསྒྱུར་བྱས་པའི་ལོ་ངོ་ལྔ་བཅུའི་རིང་བཙན་བཟུང་གི་སེམས་ཁམས་དུས་ནམ་ཡང་འདོར་མྱོང་ཡོད་པ་མ་རེད། འདི་ལྟ་བུའི་སེམས་ཁམས་དེ་འགྱུར་བ་མ་བཏང་ཚེ། ཀྲུང་གོས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་འགྲོ་མི་སྲིད་ཅིང་། ད་དུང་བོད་དོན་ཐད་ཀྲུང་གོར་ནོར་འཁྲུལ་ཞིག་ཡོད་པ་ནི། བོད་ནང་གི་དཔལ་འབྱོར་ཡར་རྒྱས་བཏང་སྟེ་བོད་མིའི་འཚོ་བ་འཕེལ་རྒྱས་བྱུང་པ་ཡིན་ན་བོད་དོན་ཟེར་བ་དེ་རང་བཞིན་གྱིས་མེད་འགྲོ་བར་ངོས་འཛིན་བྱེད་ཀྱི་ཡོད་པ་དེ་རེད། ཀྲུང་གོའི་མིག་ནང་གི་འཚོ་བ་ནི་དངོས་པོའི་འཚོ་བ་ཙམ་རེད། བསམ་པའི་འཚོ་བ་ཡོངས་རྫོགས་རྨང་ནས་རྩ་མེད་བཏང་དང་གཏོང་གི་ཡོད། དངོས་པོའི་འཚོ་བར་སེམས་ཁྲལ་མེད་པ་ཡིན་ནའང་བསམ་པའི་འཚོ་བར་རེ་འདོད་ཤུགས་དྲག་ཡོད་པ་ཁོ་ཚོས་ཤེས་ཀྱི་མེད། ལྷག་པར་དུ་ཆོས་ལ་ཡིད་ཆེས་བྱེད་པའི་བོད་མི་རིགས་ཕལ་མོ་ཆེར་མཚོན་ན། ཁོང་ཚོའི་མིག་ནང་དུ་བསམ་པའི་འཚོ་བ་ནི་དངོས་པོའི་འཚོ་བ་ལས་ཀྱང་ཧ་ཅང་གལ་ཆེན་ཆགས་ཡོད། ཚེ་འདི་ལས་སྐྱེས་པ་ཕྱི་མའི་བདེ་སྐྱིད་ཆེད་དུ་སྨོན་ལམ་རྒྱག་གི་ཡོད།

ཀྲུང་གོས་བོད་ཁུལ་དུ་སྤྱི་ཁང་མང་པོ་འཛུགས་སྐྲུན་བྱས་ཏེ་བོད་མི་ཚོ་སྡོད་འཇུག་གི་ཡོད་པ་དེ་རྩ་བའི་ཆ་ནས་བྱ་བ་ཡག་པོ་ཞིག་རེད། ཡིན་ཡང་འདི་འདྲའི་བསྟར་བསྒྲིགས་ཀྱི་སྤྱི་ཁང་དེ་དག་བོད་མིའི་འཚོ་བ་སྐྱེལ་སྟངས་དང་འོས་འཚམས་མིན་པ་རྩ་བ་ནས་ཤེས་ཀྱི་མེད། ད་དུང་ཡང་སྤྱི་ཁང་གི་ཡང་སྟེང་དུ་སྐར་ལྔའི་དར་དམར་འཛུགས་པ་ནི་བོད་མི་ཚོའི་སྙིང་མགོར་གྲི་བཙུགས་པ་དང་གཅིག་མཚུངས་ཡིན། བོད་མི་ཚོ་སྦྲ་གུར་ནང་སྡོད་འདོད་བྱེད་པ་ལས་སྲིད་གཞུང་གི་སྤྱི་ཁང་ནང་སྡོད་རྒྱུར་འདོད་པ་མེད། བོད་མིའི་འཚོ་བ་ཡར་རྒྱས་བཏང་པ་ཡིན་ན་བོད་དོན་སེལ་འགྲོ་བར་བསམ་པ་དེ། ཚིག་སྙན་པོའི་ཐོག་ནས་བཤད་ན་མཛེས་སྡུག་གི་ནོར་འཁྲུལ་ཞིག་རེད་ལ། ཚིག་མི་སྙན་པའི་ཐོག་ནས་བཤད་ན་གླེན་ལྐུག་རྨོངས་འཐོམ་གྱི་བྱེད་ཐབས་ཤིག་རེད། ཀྲུང་གོས་བོད་མིའི་འཚོ་བ་ཡར་རྒྱས་བཏང་བ་ལྟ་ཞོག ཏག་ཏག་རྒྱུ་འབྱོར་ཅན་ཆེས་ཉུང་ངུ་ཤིག་ཕྱོགས་གཅིག་ཏུ་བསྡུས་པ་ཙམ་ལས། བོད་མི་མང་པོ་ཞིག་གི་འཚོ་བར་རང་ཉིད་ཀྱི་འདོད་པ་ཅི་བཞིན་ཡར་རྒྱས་གང་ཡང་ཕྱིན་མེད།

དོན་དངོས་སུ་བོད་ཀྱི་གནད་དོན་ཟེར་བ་དེ་རྙོག་འཛིང་ཅན་ཞིག་རྩ་བ་ནས་མ་རེད། ཧ་ཅང་ལས་སླ་བོའི་ཐོག་ནས་ཐག་གཅོད་ཐུབ་པ་ཞིག་རེད། བོད་མི་རང་ཉིད་ཀྱི་སྲོལ་རྒྱུན་འཚོ་བ་སྐྱེལ་སྟངས་ལྟར་བོད་མི་ཚོར་རང་འདོད་ཀྱིས་འཚོ་བ་སྐྱེལ་དུ་བཅུག་པ་ཡིན་ན་བོད་དོན་རང་བཞིན་གྱིས་འགྲིག་འགྲོ་བ་རེད། རོགས་སྐྱོར་འདི་དང་རོགས་རམ་དེ་སོགས་སྤྲོད་དགོས་དོན་མེད། བོད་མི་རང་ཉིད་ཀྱི་འཚོ་བ་སྐྱེལ་སྟངས་ལྟར་བཞག་པ་ཡིན་ན། མི་རིགས་ཀྱི་འགལ་ཟླ་མེད་ལ་རང་བཙན་ཀྱི་གནད་དོན་ཡང་ཡོད་པ་མ་རེད། བོད་ཀྱི་གནད་དོན་ཡོངས་རྫོགས་ཀྲུང་གོའི་དམག་མིའི་བཙན་བཟུང་སེམས་ཁམས་དེ་དང་འབྲེལ་བ་ཡོད་པ་ནི་ར་གསལ་བོ་འཕྲོད་ཐུབ་པ་ཞིག་རེད། ཀྲུང་གོས་བོད་ཀྱི་གནད་དོན་སེལ་དགོས་ན། ཐོག་མར་དམག་མིས་བོད་ས་བཙན་བཟུང་གི་སེམས་ཁམས་གཙང་ཕྱག་དང་། དེ་ནས་སྐར་ལྔའི་དར་དམར་མར་ཕབ་པ། དེ་དང་ཕྱོགས་མཚུངས་ཀྲུང་གོའི་གཙོ་འཛིན་དག་གི་པར་སོགས་ཕྱིར་བསྡུ་བྱ་རྒྱུ་དེ་རེད།

འབྲེལ་ཡོད་གསར་འགྱུར།

On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༧ སྔོན་ལ།
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩

མཆན། 2

  1. གནས་ཚང་། says:
    ལོ་ 12 སྔོན།

    ག་རེ་ལབ་ཀི་ཡོད། དེ་ནི་དབུ་མའི་ལམ་གྱི་རྒྱབ་བསྐྱོར་མཚོན་བྱེད་མ་རེད་དམ།

    Reply
  2. འབྲོག་ཕྲུག་བྷེ་ལོ། says:
    ལོ་ 12 སྔོན།

    སྤྱིར་ན་ཁྲིན་བེའི་ཅེན་གྱིས་བརྗོད་པའི་གནས་ཚུལ་ཁག་གཅིག་ལ་རང་ཉིད་གཏིང་ནས་འཐད་པ་མེད་མོད། ཁོང་གིས་གུང་ཁྲན་ཏང་གིས་བོད་པའི་ཁང་དགོན་སོགས་ཀྱི་སྟེང་དུ་སྐར་ལྔའི་རྒྱལ་དར་བཙན་བཙུགས་བྱེད་བཅུག་པ་དང་། དེ་བཞིན་ནང་དུ་གུང་ཁྲན་གཙོ་འཛིན་དག་གི་འདྲ་པར་བཙན་གྱིས་སྒྲིག་བཤམ་བྱེད་དུ་བཅུག་པའི་བྱ་སྤྱོད་དེ་དག་ནོར་འཛོལ་ཅན་གྱི་བྱེད་ཐབས་ཤིག་ཏུ་ངོས་འཛིན་བྱེད་པ་ནི་དོན་དངོས་རང་བཞིན་ཅན་གྱི་གནས་སྟངས་ཤིག་ཡིན་པར་གུས་ནས་ཀྱང་ངོས་འཛིན་བྱེད་བཞིན་ཡོད། དེས་ནས་གུང་ཁྲན་ཏང་གིས་ཅིའི་ཕྱིར་དེ་ལྟར་བྱེད་དུ་བཅུག་པ་ཡིན་ནམ།
    སྤྱིར་ན་གུང་ཁྲན་ཏང་ནི་ལྷ་མེད་སྨྲ་བའི་བལྟ་གྲུབ་འཛིན་མཁན་ཞིག་ཡིན་པ་ཙམ་དུ་མ་ཟད། ལྷ་ཡོད་རིག་པའི་གཞུང་ལུགས་དང་དེ་ལས་བྱུང་བའི་སྤྱི་ཚོགས་དང་མི་གཤིས་ལ་རྒྱུས་མངའ་རྒྱུས་མངའ་མེད་པའམ་རྒྱུས་མངའ་གཏིང་ཟབ་མེད་པའི་དབང་གིས་ད་གཟོད་མིག་སྔའི་ནོར་འཛོལ་ཅན་གྱི་བྱ་སྤྱོད་དེ་དག་ཡང་ཡང་འབྱུང་བཞིན་ཡོད།
    གཞན་ཡང་གུང་ཁྲན་ཏང་ནི་སེམས་གཙོ་སྨྲ་བའི་བལྟ་གྲུབ་ལས་དངོས་གཙོ་སྨྲ་བའི་བལྟ་གྲུབ་ཀྱི་རིག་པའི་གཞུང་ལུགས་ལ་ཡིད་རྟོན་དང་། ཆ་འཇོག ཉམས་ལེན་བྱེད་མཁན་ཞིག་ཡིན་པའི་ཆ་ནས་འཇིག་རྟེན་ཁམས་ཀྱི་ཡུལ་དང་ཡུལ་ཅན་ལས་གྲུབ་པའི་གནས་ལུགས་མཐའ་དག་མཐའ་གཅིག་ཏུ་དངོས་གཙོ་སྨྲ་བའི་རིག་པའི་གཞུང་ལུགས་ལ་བརྟེན་ཏེ་ཡང་དག་པའི་ཐག་གཅོད་བྱ་ནུས་པར་ངོས་འཛིན་གྱི་དབང་གིས་ནོར་འཁྲུལ་འདི་དག་བྱུང་དང་འབྱུང་མུས་ཡིན།
    བོད་དོན་འབའ་ཞིག་གི་ཐོག་ནས་མདོར་ཙམ་བརྗོད་ཀྱང་། གུང་ཁྲན་ཏང་གིས་བོད་ཀྱི་གནད་དོན་ཐག་གཅོད་ལེགས་པོ་ཞིག་བྱ་དགོས་ཚེ། ཐོག་མ་བོད་ཀྱི་དཔལ་འབྱོར་གནས་བབ་ཐག་གཅོད་ལེགས་པོ་ཞིག་བྱ་དགོས་པར་ངོས་འཛིན་བྱེད་བཞིན་ཡོད་ལ་དེའི་དབང་གིས་བོད་ཀྱི་མཐའ་མའི་ཐག་གཅོད་ཀྱང་དཔལ་འབྱོར་བསྒྱུར་བཅོས་སྲིད་བྱུས་ཀྱིས་རང་བཞིན་གྱིས་ཐག་ཆོད་པར་ངོས་འཛིན་བྱེད་བཞིན་ཡོད། འོན་ཀྱང་དེ་ནི་བལྟ་བ་ཡང་དག་ཅིག་མ་ཡིན་ལ། ཐབས་བྱུས་བླ་མེད་ཅིག་དེ་བས་ཀྱང་མིན། ཕྲན་གྱི་བལྟས་ན་གུང་ཁྲན་ཏང་གིས་དོན་དམ་བོད་ཀྱི་གནད་དོན་ཐག་གཅོད་ལེགས་པོ་ཞིག་བྱ་དགོས་ཚེ། ཏིང་ཞོ་ཕིང་གིས་བརྗོད་པ་ལྟར་དམིགས་བསལ་གྱི་གནས་བབ་ལ་དམིགས་བསལ་གྱི་བྱ་ཐབས་སྤེལ་དགོས་པ་དེ་གཙོ་གནད་དུ་འཛིན་དགོས། འོན་ཀྱང་དེ་ཡང་སྐབས་བབ་འདིའི་གོ་དོན་ནི་གཞན་དང་གཞན་མིན་ཏེ། བོད་ལ་དངོས་གཙོ་སྨྲ་བའི་རིང་ལུགས་ཀྱི་བྱ་ཐབས་སྤེལ་དགོས་ལ། དེ་ལས་ཀྱང་སེམས་གཙོ་སྨྲ་བའི་རིང་ལུགས་ཀྱི་བྱ་ཐབས་གཟབ་ནན་གྱི་སྒོ་ནས་སྤེལ་དགོས། དེ་ལྟར་རྩ་བའི་བལྟ་གྲུབ་ཟུང་སྦྲེལ་གྱི་བྱ་ཐབས་ཚད་ལྡན་ཞིག་སྤྱོད་ཚེ་ད་གཟོད་བོད་ཀྱི་གནད་དོན་སྤྱི་ཡོངས་ཀྱི་ཆ་ནས་བརྟན་བརླིང་ཡོང་ཐུབ་ངེས་ཡིན། འདི་ནི་གུང་ཁྲན་ཏང་གིས་ད་ཡོད་དུག་ཟས་བཅོས་ཐབས་ལ་མཆོག་ཏུ་གྱུར་པའི་སྨན་ཉག་ཅིག་དེ་ཡིན་ལ། དེ་བས་ཀྱང་བོད་འབངས་འཕྲལ་ཕུག་གི་ལྕགས་བསྒྲོགས་ཀྱི་གནས་ལས་ཕྱོགས་ཡོངས་ནས་གྲོལ་ཐུབ་ཀྱི་བགྲོད་ལམ་ཉག་ཅིག་དེའང་ཡིན།
    དེས་ན་བཀུར་འོས་དྲ་གྲོགས་ཚོའི་དགོངས་འཆར་ཇི་ལྟར་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese