མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པེ་ཅིན་དུ་ཡོད་པའི་རྒྱ་རིགས་སྣེ་ཤན་པ་ཞིག་གི་མིག་ནང་གི་བོད་རིགས།

བོད་ཀྱི་དུས་བབ།
༢༠༡༣/༡༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྐུ་ཚབ་དོན་ཁང་གི་དྲུང་འཕར་ཀུན་དགའ་བཀྲ་ཤིས་ཀྱིས་བོད་བསྒྱུར་བྱས།

སྒྱུར་མཁན་གྱི་མཆན།  རྒྱ་ཡིག་དྲྭ་རྒྱ་སྦོ་ཤུན་ཐོག་ཐོན་པའི་རྩོམ་ཡིག་འདི་གུས་པས་བོད་སྒྱུར་བྱེད་པའི་དགོས་དམིགས་གཙོ་བོ་ནི། རྒྱ་རིགས་མི་མང་གིས་བོད་པའི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་ཚེ། བོད་པ་ཟེར་མཁན་འདི་རྒྱ་གཞུང་གིས་དྲིལ་བསྒྲགས་བྱས་པ་ལྟར། འཇིགས་སུ་རུང་བའི་མི་རིགས་ཤིག་མ་ཡིན་པར།  ཡ་རབས་གཤིས་བཟང་གི་མི་རིགས་ཤིག་ཡིན་པའི་ར་སྤྲོད་གསལ་པོ་ཐུབ་ཀྱི་ཡོད་སྟབས། བོད་པ་མི་རེ་ངོ་རེས་རྒྱ་རིགས་མི་མང་ཁ་གཏད་དུ་མ་འཛིན་པར། རྒྱ་རིགས་དང་མཉམ་དུ་འབྲེལ་ལམ་དམ་ཟབ་བྱས་ཏེ། སྒོ་གང་ས་ནས་བོད་པའི་དངོས་ཡོད་གནས་སྟངས་འགྲེལ་བཤད་དང་།  ལྷག་པར་དུ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་གོམས་གཤིས་བཟང་པོ་དག་སྒོ་གསུམ་གྱི་སྤྱོད་པའི་ཐོག་ནས་རྒྱ་རིགས་མི་མང་ལ་སྟོན་ཐུབ་པ་ཞིག་བྱུང་ན། ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་སྣེ་ཤན་པ་དེའི་རྩོམ་ཡིག་ནང་གསལ་བ་ལྟར་ལགས་ན། རང་རིགས་ཚང་མས་རྒྱ་རིགས་མི་མང་དང་འབྲེལ་ལམ་འཛུགས་རྒྱུར་ཤུགས་སྣོན་མི་ལྷོད་པ་དགོས་རྒྱུར་དྲན་གསོ་ཡོང་བའི་ཆེད་དུ་ཡིན།

བོད་པའི་དཀའ་ངལ་སེལ་དགོས་ན། རྒྱ་རིགས་མི་མང་དང་གྲོགས་འདྲིས་བྱས་ནས་སེལ་དགོས་པ་ལས། ཁོང་ཚོ་ཁ་གཏད་དུ་བཟུང་སྟེ་སེལ་ཐབས་མེད།  རྒྱ་ནག་དམར་པོའི་གཞུང་གིས་འདས་པའི་མི་ལོ་ལྔ་བཅུ་ལྷག་རིང་བོད་མི་རིགས་ལ་བསམ་ཡུལ་ལས་འདས་པའི་དཀའ་སྡུག་སྣ་ཚོགས་བཟོས་སྟབས། རྒྱ་རིགས་མི་མང་ལ་འབྲེལ་ལམ་བྱེད་ཟེར་དུས་བློ་ལ་ཤོང་དཀའ་ཙམ་ཡོད་ཀྱང་། ང་ཚོས་བོད་མི་རིགས་ཧྲིལ་པོའི་ཁེ་ཕན་དང་། ཕུགས་རྒྱང་རིང་པོརབསམ་བློ་བཏང་སྟེ་རྒྱ་རིགས་མི་མང་ལ་འབྲེལ་ལམ་སྔར་ལས་ཤུགས་སྣོན་རྒྱག་དགོས་པའི་དུས་ལ་སླེབ་ཡོད། ཉིན་ཤས་སོང་རྗེས་ལོ་གསར་པ་ཤར་གྱི་ཡོད་ཅིང་། ལོ་གསར་པ་འདིའི་ནང་ང་རང་ཚོ་ཚང་མས་སེམས་ཚོར་སྟོན་རྒྱུ་གཅིག་པུ་མ་ཡིན་པར། ནུས་ཤུགས་གཅིག་ཏུ་སྤུངས་ཏེ་རྒྱ་རིགས་མི་མང་ལ་འབྲེལ་ལམ་དམ་ཟབ་ཀྱིས་དངོས་ཡོད་གནས་ཚུལ་འགྲེལ་བཤད་བྱེད་རྒྱུའི་ལས་དོན་ལ་ཤུགས་རྒྱག་རོགས་གནོངས། ཞེས་རེ་སྐུལ་ཞུ་རྒྱུ་ཡིན།



པེ་ཅིན་དུ་ཡོད་པའི་རྒྱ་རིགས་སྣེ་ཤན་པ་ཞིག་གི་མིག་ནང་གི་བོད་རིགས།



ང་ནི་པེ་ཅིན་དུ་སྡོད་མཁན་ཡུལ་སྐོར་སྤྲོ་འཆམ་གྱི་སྣེ་ཤན་པ་དཀྱུས་མ་ཞིག་ཡིན། ཉིན་ཤས་སྔོན་ངས་བོད་ནས་ཡིན་པའི་བོད་རིགས་ཁེ་གཙང་གི་ཡུལ་སྐོར་སྤྲོ་འཆམ་ཚོགས་པ་ཞིག་ལ་སྣེ་ཤན་བྱེད་རྒྱུའི་གོ་སྐབས་བྱུང་། པེ་ཅིན་དུ་ཡུལ་སྐོར་སྤྲོ་འཆམ་བྱེད་རིང་ཁོང་ཚོས་ང་ལ་གཡོ་འགུལ་ཐེབས་པའི་བག་ཆགས་ཆེན་པོ་བཞག ངས་ཁོང་ཚོར་སྣེ་ཤན་མ་བྱས་གོང་། བོད་རིགས་མི་དམངས་ལ་མཐོང་ཚུལ་གང་ཡོད་པ་རྣམས་མང་ཆེ་བ་ནི། གློག་བརྙན་དང་། བརྙན་འཕྲིན་ནམ་ཡང་ན་མི་གཞན་གྱིས་ལབ་པའི་གནས་ཚུལ་ཐར་ཐོར་ལས་མཐོང་ཐོས་བྱུང་ཞིང་། ཕྱོགས་ཡོངས་ནས་བཤད་ན། བོད་རིགས་ནི་གཟུགས་པོ་མི་དཀྲུ་མཁན་དང་། ཀླ་ཀློ། རིག་གནས་ཆུ་ཚད་དམའ་བ། དཔལ་ཡོན་སྤྱི་ཚོགས་དང་བྲལ་ནས་སྡོད་མཁན་ཡིན་པ་སོགས་ཀྱི་མི་རིགས་ཤིག་ཏུ་མཐོང་གི་ཡོད། ཡུལ་སྐོར་སྤྲོ་འཆམ་ཚོགས་པ་དེར་སྣེ་ཤན་བྱེད་པའི་སྐབས་སུ་ཡང་། ངའི་སེམས་ནང་། བོད་རིགས་སྐོར་དེ་སྔ་ཐོས་པ་རྣམས་དང་། བརྙན་འཕྲིན་ནང་བསྟན་པ་དེ་ཚོ་དངོས་གནས་བདེན་པ་རེད་འདུག བོད་པའི་བཟོ་ལྟ་ནི། ནག་རིལ་རིལ་དང་། ཕར་བལྟས་ན། མང་ཆེ་བ་རང་གི་ལོ་ཚད་ལས་ཧ་ཅང་གི་རྒས་བཟོ་དོད་པ། གཟུགས་པོ་ཧ་ལམ་འཁྲུ་ཡི་མེད་པ། ཧ་ཅང་ལྕི་ཞིང་སྟབས་བདེ་ཐབས་ཆག་གི་འབོག་སྒྲིལ་འཁུར་མཁན་ལས། ཡུལ་སྐོར་སྤྲོ་འཆམ་ཚོགས་པའི་ཁྲོད་འགྲུལ་བཞུད་སྒམ་དྲག་གྲས་ཤིག་ཀྱང་འཁུར་མཁན་མི་འདུག་བསམ་སྟེ། རང་བསམ་བདེན་རློམ་གྱིས་ཁོང་ཚོ་ནི་དངོས་གནས་དཔལ་ཡོན་སྤྱི་ཚོགས་དང་ཡ་བྲལ་དུ་ཕྱིན་པའི་མི་རིགས་ཤིག་བསམ་གྱི་ཡོད།

ཡིན་ན་ཡང་། ཁོང་ཚོ་དང་རིམ་བཞིན་གཤིབ་པ་བརྒྱུད་ང་རང་རྦད་དེ་ནོར་འཁྲུལ་ཡིན་པ་གཞི་ནས་ཤེས་བྱུང་བ་མ་ཟད། ཁོང་ཚོའི་གཏམ་དང་སྤྱོད་པས་རྒྱ་རིགས་ཡིན་པའི་ང་ཧ་ཅང་ངོ་ཚ་པོ་དང་། ཁ་སྐྱེངས་པོ་བྱུང་།  པེ་ཅིན་དུ་འབྱོར་བའི་ཉིན་དང་པོ་དེར་དམིགས་བསལ་མཛད་རིམ་སྒྲིག་མེད་པར་མགྲོན་ཁང་དུ་ངལ་གསོ་རྒྱག་རྒྱུ་བྱས་ཀྱང་། འདི་ཕྱོགས་ནས་གོ་སྒྲིག་བྱེད་སྟངས་ལ་ནོར་འཁྲུལ་ཤོར་ཏེ། སྔོན་དུ་མངགས་ཟིན་པའི་མགྲོན་ཁང་དེར་ཁང་མིག་སྟོང་པ་མེད་སྟབས། སྣེ་ལེན་བྱེད་ཐབས་མི་འདུག་ཅེས་བཤད། དེར་བརྟེན་མགྲོན་ཁང་སྒོ་འགྲམ་དུ་བསླེབས་ཟིན་པའི་བོད་པ་ཚོ་རྡོག་ཁྲེས་སར་ཕོག་ཚར་མ་ཚར་ལ་སླར་ཡང་རླངས་འཁོར་ནང་འཛུལ་ནས་མགྲོན་ཁང་གཞན་ཞིག་ནང་ཕྱིན། རླངས་འཁོར་ནས་བབས་རྗེས། ཚང་མ་དབུགས་ཧད་པའི་ངང་འཁུར་པོ་ལྕི་མོ་དག་འཁྱེར་བཞིན་ངང་བརྒྱུད་རིང་པོས་ཁང་པའི་ལྡེ་མིག་སྒུག་ནས་བསྡད། ལྡེ་མིག་རག་རྗེས་སྐས་འཛེགས་བརྒྱུད་ཁང་པའི་ནང་འཛུལ་མ་ཐག སླར་ཡང་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་བྱུང་། དེ་ནི་སྔོན་དུ་མངགས་ཟིན་པའི་མགྲོན་ཁང་དེས་ཁང་པ་ཐོན་སོང་བས་ཕར་ལོག་དགོས་པའི་བརྡ་ལན་འབྱོར། ཡུལ་སྐོར་སྤྲོ་འཆམ་ལས་ཁང་གི་འགན་འཛིན་ཡོང་སྟེ་ཁོས་ཀྱང་སྔོན་གྱི་མགྲོན་ཁང་དུ་རང་འཇགས་འགྲོ་དགོས་པའི་ཐག་གཅོད་བྱས་སོང་།

དེར་བརྟེན་རྡོག་ཁྲེས་ཕབ་ནས་ཅ་དངོས་རྣམས་དབྱེ་སྲེས་ལེགས་སྒྲིག་བྱེད་ལོང་མ་བྱུང་བའི་བོད་པ་རྣམས་སླར་ཡང་ཅ་དངོས་བསྡུ་གསོག་བརྒྱབ་ནས་སྔོན་གྱི་མགྲོན་ཁང་དེར་ལོག སྐབས་དེར་སྣེ་ཤན་པ་ཡིན་པའི་ང་རང་ལ་མཚོན་ན། བོད་པ་དེ་ཚོས་རྙོག་གྲ་བཤད་རྒྱུ་རེད་བསམ་ནས་སེམས་ངལ་ཆེན་པོ་བྱུང་། གང་ཡིན་ཟེར་ན། བོད་པ་ནི་བཟང་པོའི་བླང་དོར་མི་ཤེས་པའི་མི་བླུན་རྨོངས་ཡིན་པ་དང་། གཤིས་ཀ་རྩུབ་པོ་ཡོད་ཚུལ་དེ་སྔ་ཐོས་མྱོང་བར་བརྟེན། ཕར་སྤོས་ཚུར་སྤོས་མང་བའི་ཅ་ཟིང་ངལ་བ་ཆེན་པོ་བྱུང་སྟབས། གལ་སྲིད་ཁོང་ཚོས་རྙོག་གྲ་བཤད་ནས་མགྲོན་ཁང་ནང་གཅག་གཏོར་བྱས་པའམ། ཡང་ན་ང་ཚོར་ཉེས་རྡུང་གཏང་སྲིད་པ་རེད་སྙམ་སེམས་ཁྲལ་ཆེན་པོ་བྱུང་།

འོན་ཀྱང་བསམ་ཡུལ་འདས་པ་ཞིག་ལ།  ཁོང་ཚོས་རྙོག་གྲ་བཤད་རྒྱུ་ཕར་ཞོག ཐ་ན་མ་འདོད་པའི་གཏམ་ཙམ་ཡང་མ་སྨྲས་ཤིང་། ང་ཚོ་སྣེ་ལེན་བྱེད་མཁན་ཕྱོགས་ནས་དགོངས་དག་ཐུགས་བདེན་ཞུས་པའི་གནས་ཚུལ་འོག ཁོང་ཚོས་འཛུམ་དམུལ་དམུལ་ངང་བྱང་ཆ་དེ་ཙམ་མེད་པའི་རྒྱ་སྐད་ཀྱི་ཐོག་ནས་ཐུགས་རྗེ་ཆེ་ལབ་པར། ང་རང་ཧ་ལས་ཤིང་ཧོན་ཐོར། རྒྱུ་མཚན་གང་ཡིན་ཟེར་ན། ངས་ཡུལ་སྐོར་སྤྲོ་འཆམ་ཚོགས་པ་མང་པོར་སྣེ་ཤན་བྱས་པའི་ལོ་མང་གི་ཉམས་མྱོང་ལ་གཞིགས་ན། གལ་སྲིད་ང་ཚོས་ཐེངས་འདིར་སྣེ་ལེན་བྱེད་ཡུལ་སྤྲོ་འཆམ་ཚོགས་པ་དེ་རྒྱ་རིགས་ཡིན་པའི་དབང་དུ་བཏང་ན། ད་གཟོད་ཁ་རྡུང་གཟེད་རྒྱུ་དང་། གུན་གསབ་བྱེད་དགོས་བྱུང་ཡོད་པ་བརྒྱ་ཆ་བརྒྱ་རེད། གལ་སྲིད་གུན་གསབ་སོགས་བྱེད་དགོས་བྱུང་མེད་ཀྱང་། མ་མཐར་ཡང་སྐར་མ་གསུམ་ལྡན་གྱི་མགྲོན་ཁང་ནས་སྐར་མ་བཞི་ལྡན་གྱི་མགྲོན་ཁང་དུ་སྤོ་དགོས་པ་དང་། ཡུལ་ལྗོངས་ཀྱི་དཔར་སྤྲོད་དགོས་པ། ཡང་ན་ཁ་ལག་སྣ་ཁ་འཕར་མ་སྣོན་དགོས་པའི་རེ་འདུན་འདོན་ངེས་རེད། འོན་ཀྱང་། བོད་པ་ཚོས་ཁོང་ཁྲོ་ལངས་པའི་རྣམ་འགྱུར་ཙམ་ཡང་མ་བསྟན། ངས། གལ་སྲིད་ང་རང་འགྲུལ་པ་ཡིན་པའི་དབང་དུ་བཏང་ན། གནས་ཚུལ་འདི་འདྲ་འཕྲད་སྐབས། བོད་པ་ལྟ་བུའི་རྣམ་འགྱུར་འཇམ་པོ་དེ་འདྲ་གཏན་ནས་མེད་པ་མ་ཟད། ཁེ་བཟང་ལེན་རྒྱུའི་བསམ་བློ་མ་འཁོར་ཡང་། མི་ལ་ཁ་རྡུང་བཏང་ཡོད་རྒྱུ་རེད་བསམ་སྟེ་རང་གིས་རང་ལ་དྲི་བ་བཏང་། ངས། སྣང་བར་ཤར་མི་ཐུབ་པའི་བློ་ཞིག་འཆང་པའི་ངང་ཁོང་ཚོ་ད་གིན་སྔོན་གྱི་མགྲོན་ཁང་དེར་འཁྲིད་ཅིང་། སྐབས་དེ་དུས་དགོང་དྲོའི་ཚོུད་ ༥ པ་ཡོལ་ཙམ་ཡིན་པ་དང་། ཁོང་ཚོ་པེ་ཅིན་དུ་འབྱོར་སྐབས་ཉིན་གུང་ཆུ་ཚོད་ ༡༢ རེད།

བོད་པའི་ཡུལ་སྐོར་སྤྲོ་འཆམ་ཚོགས་པའི་མགོ་བྱེད་ནི་ཕར་བལྟས་ཚོད་ཀྱིས་སྐྱེས་པ་ཧ་ཅང་དྲང་མོ་ཞིག་འདུག་ཅིང་། གནས་སྟངས་དང་དཀའ་ངལ་འདི་ལྟ་བུར་གདོང་གཏུག་བྱེད་སྐབས་སེམས་ངལ་ཆེན་པོ་ཡོད་ཀྱང་། ང་ལ་མི་འདོད་པའི་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར། དེ་ལས་ལྡོག་སྟེ། སྐྱོན་མི་འདུག སྐྱོན་མི་འདུག ངས་ཁོང་ཚོར་འགྲེལ་བཤད་བྱས་ཆོག་ཅེས་བཤད་ནས་ང་ལ་སེམས་གསོ་བྱས། ངས། ང་རང་ཧ་ལས་ཤིང་ཧོན་ཐོར་བའི་བསམ་བློ་དེ་གང་འདྲ་བྱས་ནས་བཤད་དགོས་མིན་མ་ཤེས།

གང་ཡིན་ཟེར་ན། ཡུལ་སྐོར་སྤྲོ་འཆམ་ཚོགས་པའི་མགོ་བྱེད་ཧ་ཅང་མང་པོ་མཐོང་མྱོང་། རང་ཉིད་ཀྱི་འགན་འཁྲི་གཙང་མ་བཟོ་ཆེད་དང་། སྤྲོ་འཆམ་པའི་ཁོང་ཁྲོ་དང་མི་འདོད་པ་རྣམས་རང་སྟེང་དུ་མི་ལྷུང་བ་བཟོ་ཆེད། སྤྲོ་འཆམ་པའི་མགོ་བྱེད་དེ་སྣེ་ཤན་པའི་ཕྱོགས་སུ་ལངས་ནས་སྐད་ཆ་བཤད་ཀྱི་འདུག་སྙམ་པའི་མཐོང་ཚུལ་མི་འབྱུང་ཆེད། ག་དུས་ཡིན་རུང་འགྲུལ་པའི་ཕྱོགས་ཞེན་བྱས་ནས་སྣེ་ཤན་པར་ཁ་རྡུང་གཏོང་གི་ཡོད། ཡིན་ནའང་བོད་པའི་ཡུལ་སྐོར་སྤྲོ་འཆམ་ཚོགས་པའི་མགོ་བྱེད་སྐྱེས་པ་དེའི་བྱེད་སྟངས་ཀྱིས་ང་རང་ཧ་ལས། ཧང་སང་ནས་མ་ནེ་ཡང་ས་ལ་ལྷུང་གྲབས་བྱས།

ཉིན་གཉིས་པར་ཕོ་བྲང་རྙིང་པར་ལྟ་སྐོར་ཕྱིན། ཕོ་བྲང་རྒྱལ་སྒོའི་མདུན་གྱི་ལམ་ཆེན་དུ་རླངས་འཁོར་ནས་བབ་སྟེ་ཏོག་ཙམ་ཕྱིན་རྗེས། ཁོང་ཚོར་ཁ་ཡ་མ་བྱས་ན། ཁ་འཐོར་ནས་བརླག་གི་རེད་སྙམ་སྟེ། མར་ཕྱིར་བལྟས་ཤིག་སློག རྣམ་ཀུན་རྒྱ་རིགས་ཀྱི་ཡུལ་སྐོར་སྤྲོ་འཆམ་ཚོགས་པ་འཁྲིད་སྐབས། རླངས་འཁོར་ནས་བབ་མ་ཐག པར་རྒྱག་མཁན་དང་། ཆུ་ཉོ་མཁན་སོགས་རང་རང་སོ་སོ་རྒྱུག་འགྲོ་བའམ། ཡང་ན་ཚོགས་པ་ཆ་ཚང་དྲན་རྟེན་དངོས་པོ་ཉོ་བར་འཚང་ཁ་ཤིག་ཤིག་ངང་རྒྱུག་འགྲོ་བ་རྒྱུན་དུ་མཐོང་རྒྱུ་ཡོད་པ་ཞིག་རེད། འོན་ཀྱང་ངས་མར་ཕྱིར་བལྟས་སློག་སྐབས། སླར་ཡང་ཧང་སང་དགོས་པའི་གནས་ཚུལ་ཞིག་བྱུང་བ་ནི། ཁོང་ཚོ་ཁ་འཐོར་རྒྱུ་ཕར་བཞག མི་གཉིས་རེ་རུ་གྲལ་སྒྲིག་པོས་འཇམ་ཐིང་ངེར་ངའི་རྗེས་སུ་ཡོང་གི་འདུག་པ་དེ་ཡིན།

ངས། གོམ་མཚམས་བཞག་སྐབས་ཁོང་ཚོས་ཀྱང་དེ་མ་ཐག་གོམ་མཚམས་བཞག་སྟེ་འཛུམ་དམུལ་གྱིས་ང་ལ་བལྟས། སྐབས་དེར་ངས། ང་རང་ལ་སྐད་ཆ་ཤོད་མི་ཤེས་པ་ལྟ་བུའི་ཚོར་བ་བྱུང་སྟེ། རྣམ་ཀུན་ཁ་ནས་ཡང་ཡང་བཤད་དགོས་པའི་སྐད་ཆ་སྟེ། ཁྱེད་ཚོ་ཁ་མ་འཐོར་བ་བྱེད་རོགས། ངའི་རྗེས་སུ་ཤོག མ་བརླགས་པ་བྱེད་རོགས་ཞེས་པའི་སྐད་ཆ་དེ་ཚོ་ཡང་ཁ་ནས་ཐོན་གྱི་མི་འདུག སྐབས་དེ་དུས་ཀྱི་གནས་ཚུལ་ལ་བལྟས་ན། རླག་མཁན་དེ་བོད་པ་ཚོ་མ་ཡིན་པར་ང་རང་ཡིན་པ་འདྲ་པོ་འདུག ངས་ཁ་གདངས་ཙམ་གདངས་ཙམ་བྱས་པ་ལས། སྐད་ཆ་བཤད་མེད་པར། ཁོང་ཚོ་ནང་བཞིན་དགོད་ཙམ་བྱས་ནས་མུ་མཐུད་ནས་ཕྱིན་པ་ཡིན།

གནམ་བདེ་སྒོ་མོའི་ཐང་ཆེན་དུ་འབྱོར་ནས་བདེ་འཇགས་ཞིབ་བཤེར་ཚར་རྗེས། རྒྱུག་ཕྱིན་ནས་པར་རྒྱག་མཁན་ནམ། ཡང་ན་ས་གནས་གསར་པ་ཞིག་ལ་སླེབས་པའི་ཡ་མཚན་གྱིས། ཞིབ་བཤེར་ཚར་མ་ཐག་གང་སར་རྒྱུག་ནས་འགྲུལ་པ་མ་བརྙེད་པའི་དཀའ་ངལ་ཡང་མ་བྱུང་། སྔོན་དུ་འགྲོ་མཁན་རྣམས་མདུན་དུ་བང་སྒྲིག་ནས་བསྡད་པ་དང་། རྗེས་སུ་འབྱོར་མཁན་རྣམས་སོ་སོའི་བང་རིམ་ལ་བསྡད་པ་མ་གཏོགས། དཀྱིལ་ལ་འཛུལ་ནས་སྔ་ཕྱིའི་བང་རིམ་དཀྲུག་མཁན་སུ་ཡང་མ་བྱུང་། དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོར་མི་གྲངས་ ༤༠ ལྷག་ཡོད་ཀྱང་། བདེ་འཇགས་ཞིབ་བཤེར་ལ་དུས་ཡུན་སྐར་མ་ལྔ་དྲུག་ལས་མ་འགོར་བ་མ་ཟད། ཟང་ཟིང་མེད་པར་གྲ་འགྲིག་པོ་བྱུང་།

གལ་སྲིད་སྤྲོ་འཆམ་ཚོགས་པ་གཞན་ཞིག་ཡིན་ན། བདེ་འཇགས་ཞིབ་བཤེར་མགོ་འཛུགས་མ་བྱས་གོང་། སྔོན་ལ་མི་རུག་རུག་བཟོ་རྒྱུ་གཅིག་པུར་སྐར་མ་ཉི་ཤུ་གསུམ་བཅུ་འགོར་ངེས་ཡིན། ངས། ས་སྟོང་ཞིག་བཙལ་ཏེ། རྒྱབ་ཁུག་ཚང་མ་འདིར་འཇོག་རོགས། ང་ཚོ་ད་ལྟ་བང་སྒྲིག་ནས་མའོ་ཀྲུའུ་ཞི་མཇལ་བར་འགྲོ། དེའི་རྗེས་ཚང་མ་འདིར་འཛོམས་ཀྱི་ཡིན་ཞེས་བཀོད་མངགས་བྱས།  ངས་བཀོད་མངགས་བྱས་པ་ཙམ་ལས། བོད་པ་དེ་དག་ཁྲོད་རྒྱབ་ཁུག་གཡུག་ནས་རྒྱུག་འགྲོ་མཁན་གཅིག་ཀྱང་མེད་པར། ཚང་མས་རྒྱབ་ཁུག་གྲ་སྒྲིག་པོས་གནས་གཅིག་ལ་སྤུངས་ཤིང་། རུ་གྲལ་སྒྲིག་པོའི་ངང་ག་ལེར་ག་ལེར་མདུན་སྐྱོད་བྱེད་པ་མ་གཏོགས། ངའི་རྒྱབ་ཁུག་གཞན་གྱི་རྒྱབ་ཁུག་གི་འོག་ལ་བསྣན་འདུག་ཅེས་མ་དགའ་བ་བྱེད་པའམ། ཡང་ན་སོ་སོའི་རྒྱབ་ཁུག་ཚུར་བཏོན་ནས་གཞན་གྱི་རྒྱབ་ཁུག་གི་སྒང་ལ་འཇོག་པ་སོགས་འདྲ་མི་འདྲ་བྱེད་མཁན་གཅིག་ཀྱང་མ་བྱུང་།

ཁོང་ཚོ་བང་སྒྲིག་པར་འགྲོ་སྐབས། རང་གིས་རང་ལ་དྲི་བ་ཞིག་གཏོང་དགོས་བྱུང་བ་ནི། རང་ཉིད་རྒྱ་རིགས་ཤིག་ཡིན་བསམ་མཁན་དང་། སྤུས་ཚད་ལེགས་པའི་རྒྱ་ནག་སྐམ་སའི་མི་ཡིན་སྙམ་པའི་རློམ་སེམས་ཀྱིས་རང་བསྟོད་བྱེད་མཁན་ཚོས། ཀུན་སྤྱོད་འདི་ལྟར་ལྡན་པའི་བོད་རིགས་མི་མང་དང་མཉམ་གཤིབ་གདོང་གཏུག་བྱེད་སྐབས། རང་ཉིད་ཧ་ཅང་གིས་མི་བདེ་བ་ཞིག་ཡོང་གི་རེད་དམ། ང་རང་ལྟར་ཧ་ཅང་གི་ངོ་ཚ་པོ་དང་། ཁ་སྐྱེངས་པོ་ཡོང་གི་རེད་དམ་སྙམ་པ་དེ་ཡིན།

ཕོ་བྲང་རྙིང་པའི་ནང་མ་འཛུལ་གོང་། ངས་ཁོང་ཚོར་སྒོ་འགྲམ་དུ་སྒུག་རོགས། ང་འཛིན་བྱང་ཉོ་བར་འགྲོ་རྒྱུ་ཡིན་ཞེས་བཤད། འཛིན་བྱང་ཉོས་ཏེ་ཚུར་ལོག་སྐབས། སླར་ཡང་ཧང་སང་དགོས་པའི་གནས་ཚུལ་ཞིག་བྱུང་། གང་ཡིན་ཟེར་ན། རྒྱུན་དུ་དངུལ་སློང་མཁན་སྤྲང་པོ་འདིས་དེ་ཉིན་ཡང་སློང་མོ་རྒྱག་གི་ཡོད་པ་ངས་མཐོང་ཞིང་། སློང་ཡུལ་ནི་ངས་འཁྲིད་བཞིན་པའི་ཡུལ་སྐོར་སྤྲོ་འཆམ་ཚོགས་པ་དེ་རེད། སྐབས་དེར་ཕོ་བྲང་རྙིང་པའི་ཉེ་འཁོར་དུ་ཡོད་པའི་མི་ཚང་མས་རུ་བསྟར་ནང་ཡོད་པའི་བོད་པ་སྤྲོ་འཆམ་པ་རྣམས་ལ་མིག་ཟུར་བལྟས་ཤིང་། ཚང་མའི་ལག་ཏུ་མི་དམངས་ཤོག་སྒོར་རེ་རེ་འཁྱེར་ནས་བསྡད་འདུག ངས། སྤྲང་པོ་དེ་མགོ་སྐོར་གཏོང་མཁན་ཁྲམ་པ་ཞིག་རེད་ཅེས་དྲན་སྐུལ་བྱེད་དགོས་བསམ་ཡང་། རྒྱུ་མཚན་ཅི་ཡིན་མི་ཤེས། ངས་ཅི་ཡང་མ་སྨྲས་གོང་། བོད་པའི་ཡུལ་སྐོར་སྤྲོ་འཆམ་པའི་མགོ་བྱེད་དེས་ངའི་རྣམ་འགྱུར་མཐོང་རྗེས། དགོད་ཙམ་བྱས་ནས་ང་ལ་འགྲེལ་བརྗོད་བྱས་དོན། སློང་མཁན་འདི་ཁྲམ་པ་ཞིག་ཡིན་པའི་དབང་དུ་བཏང་ཡང་། ང་ཚོས་དངུལ་བསྟེར་རྒྱུ་རེད། གང་ཡིན་ཟེར་ན། དངུལ་བསྟེར་བ་ནི་སྦྱིན་པའི་བྱ་བ་ཞིག་ཡིན་པ་དང་། གཞན་ལ་སྦྱིན་པ་གཏོང་བ་ནི་བསོད་ནམས་གསོག་པའི་རྒྱུ་རེད་ཟེར།

ངས། བོད་པ་ཚོའི་ངོ་གདོང་ནས་རང་བཞིན་བབས་ཆགས་ཀྱི་རྣམ་འགྱུར་དེ་མཐོང་སྐབས། ངའི་སེམས་ནི་འདི་འདྲའི་ངན་པ་ལ་ཨང་། འཚོ་བར་དངོས་སུ་དཀའ་ངལ་འཕྲད་པའི་མི་ཞིག་ལ་ཤོག་སྒོར་གཅིག་བསྟེར་མ་ཐུབ་པ་ག་རེ་ཡོད་དམ། སྤྲང་པོ་དེ་ཁྲམ་པ་ཞིག་ཡིན་པའི་དབང་དུ་བཏང་ཡང་། ཁོ་རང་གི་དབང་པོ་ཐང་པོ་མེད་པ་འདིས་འཚོ་བར་སྟབས་མི་བདེ་བ་ཆེན་པོ་བཟོས་ཡོད་པ་རེད་བསམ་པའི་ཚོར་སྣང་ཞིག་གློ་བུར་དུ་བྱུང་། ངས། སྤྲང་པོ་དེས་ཕྱོགས་གཅིག་ནས་གཞན་གྱིས་བསྟེར་བའི་དངུལ་ལེན་བཞིན་དུ། ཕྱོགས་གཞན་ཞིག་ནས་ཐུགས་རྗེ་ཆེ། ཞེས་ལབ་པའི་རྣམ་པ་དེར་བལྟས་ནས་བསྡད་པ་དང་ཆབས་ཅིག སྤྲང་པོས་ཐུགས་རྗེ་ཆེ་ཞེས་བཤད་པ་འདི་སེམས་གཏིང་ནས་ཐོན་པའི་ཚིག་ཅིག་ཡིན་གྱི་རེད་བསམ།

ཕོ་བྲང་རྙིང་པར་བལྟ་སྐོར་བྱེད་རིང་གོམ་པ་བརྒྱབ་ནས་འགྲོ་ས་རྒྱ་ཆེ་ཞིང་། སྤྲོ་འཆམ་ཚོགས་པའི་ནང་རྐང་ལག་དེ་ཙམ་ཐང་པོ་མེད་པའི་རྒན་རྒོན་ཡང་ཡོད་སྟབས། ཉིན་གུང་ཁ་ལག་ཟ་རྒྱུའི་དུས་ཚོད་འགྱངས་འགྲོ་རྒྱུ་རེད་བསམ་ནས་ང་ལ་སེམས་ཁྲལ་ཡོད་པར་བརྟེན། སྐབས་སྐབས་ལ་ངས། ཚང་མ་མགྱོགས་ཙམ་གནང་རོགས། ངའི་རྗེས་ལ་ཕེབས་ཤོག ཅེས་མ་བཤད་ཀ་མེད་བྱུང་། འོན་ཀྱང་མགྱོགས་པོ་བྱེད་མཁན་གཅིག་ཀྱང་མི་འདུག་པ་དེ་ནི། ཁོང་ཚོས་ངའི་ཁ་ལ་མ་ཉན་པ་མིན་པར། སྤྲོ་འཆམ་ཚོགས་པའི་འགྲུལ་པ་ཡོངས་ཀྱི་གོམ་པའི་མགྱོགས་ཚད་དེ། འགྲུལ་པའི་རུ་བསྟར་གྱི་དཀྱིལ་དུ་ཡོད་པའི་རྐང་ལག་ཐང་པོ་མེད་པའི་བགྲེས་སོང་དེ་ཚོའི་གོམ་པ་མགྱོགས་ལུགས་ལ་རག་ལས་ཤིང་། གལ་སྲིད་ངས་སྔོན་ལ་པར་རྒྱག་པར་རྒྱུགས། ཚར་སོང་ན་མགྱོགས་ཙམ་ལོག་ཤོག་ཅེས་བཤད་ཀྱང་། ཚུར་ཕྱིར་ལོག་ཡོང་སྐབས་བགྲེས་སོང་དེ་ཚོ་མཉམ་དུ་མ་འཁྲིད་རང་འཁྲིད་རེད།

ཕོ་བྲང་རྙིང་པར་བལྟ་སྐོར་ཚར་ནས་རླངས་འཁོར་ནང་འཛེགས་སྐབས་ཀྱང་གོ་རིམ་ལྡན་པ་ལས། རྐུབ་སྟེགས་མ་ཐོབ་པའི་སེམས་ཁྲལ་གྱིས་འཚང་ཁ་རྒྱག་མཁན་མེད་པར། ཚང་མ་ལྷོད་ལྷོད་དང་སྒྲིག་འཛུགས་ལྡན་པའི་སྒོ་ནས་རླངས་འཁོར་ནང་འཛེགས་སྟབས། དུས་ཚོད་འཕྲོ་བརླག་མ་ཕྱིན་པ་མ་ཟད། ལས་དོན་ཡང་སྟབས་བདེ་བྱུང་ཞིང་། ང་རང་ནི་རྐང་ལག་ཐང་པོ་མེད་པའི་བགྲེས་སོང་དེ་ཚོ་རླངས་འཁོར་ནང་འཛེགས་རྒྱུར་སྐྱོར་ཙམ་བྱེད་རྒྱུ་མ་གཏོགས། འཚང་ཁ་མ་བརྒྱབ། ག་ལེར་བྱོས་སོགས་སྐད་རྒྱག་དགོས་པ་གང་ཡང་མ་བྱུང་།

ཁོང་ཚོས་ང་ལ་སྤྲད་པ་ནི་ཁོང་ཚོའི་ངོ་གདོང་གི་བཀྲག་མདངས་ཆེ་བའི་འཛུམ་མདངས་དང་། ཧ་ཅང་བདེ་བའི་རྒྱ་སྐད་ཚིག་གཅིག་སྟེ། “ཐུགས་རྗེ་ཆེ།” ཞེས་པ་དེ་རེད། རྣམ་ཀུན་ངས་འཁྲིད་པའི་སྤྲོ་འཆམ་པ་གཞན་དག་གིས། གལ་སྲིད་ “ཐུགས་རྗེ་ཆེ།”ཞེས་ལབ་མཁན་བྱུང་པའི་དབང་དུ་བཏང་ཡང་། དེ་ནི་འཆར་ཅན་གྱི་ཐུགས་ཆེ་ཙམ་ལས། ཆེད་མངགས་ཚུར་བལྟས་ནས་འཛུམ་མདངས་དང་ལྡན་པའི་ངང་ “ཐུགས་རྗེ་ཆེ།” ཞེས་ལབ་མཁན་ནི་ཧ་ཅང་དཀོན་པོ་རེད།

ཡུལ་དུས་གནས་བབ་གང་འདྲ་ཞིག་ལའང་བོད་པ་དེ་དག་ནི་སེམས་བག་ལྷོད་ལྷོད་དཀའ་ངལ་གང་ཡང་མེད་པ་ལྟ་བུ་དང་། གནས་ཚུལ་བཟང་ངན་གང་ལ་འཕྲད་ཀྱང་མི་གཞན་ལ་འཛུམ་མདངས་སྟོན་ཅིང་། རྒྱ་སྐད་ཀྱི་ཐོག་ནས་ཐུགས་རྗེ་ཆེ་ཞེས་བརྗོད་པ། བང་སྒྲིག་པའི་སྐབས་རྒན་རྒོན་རྣམས་ག་དུས་ཡིན་རུང་བང་གི་དཀྱིལ་ལ་བཞག་པ། གང་དུ་ཕྱིན་ཀྱང་ཟང་ཟིང་མེད་པར་རུ་གྲལ་ཡག་པོ་སྒྲིག་པ། དཔར་རྒྱག་སྐབས་ས་ཆ་ཡག་ས་ཁོ་ནར་འཚང་ཁ་རྒྱག་པའི་གོམས་གཤིས་མེད་པ། རོགས་པ་གཞན་ལ་ཟ་རྒྱུ་མེད་པ་མིན་ཡང་། སོ་སོས་ཟས་ཟ་བའི་སྐབས་གཞན་རྣམས་མ་བརྗེད་པར་བགོ་བཤའ་རྒྱག་པ། རླངས་འཁོར་ནང་འཛེགས་སྐབས་ག་དུས་ཡིན་ཡང་འཚང་ཁ་མི་བྱེད་པ། སྤྲང་པོ་ག་དུས་མཐོང་ཡང་དངུལ་སྦྱིན་པ། སྐུ་འདྲ་མཇལ་སྐབས་དད་གུས་ཆེན་པོས་ཐལ་སྦྱར་བྱེད་པ། སྒུག་དགོས་པའི་སྐབས་སུ་འཇམ་ཐིང་ངེར་ངང་སྒུག་བྱེད་པ་ལས་ཟང་ཟིང་ཅ་ཅོ་མེད་པ། དགའ་དགོས་པའི་གནས་ཚུལ་འཕྲད་སྐབས་མཛུམ་མདངས་སྟོན་ཅིང་། ཐུགས་རྗེ་ཆེ་ཞེས་བརྗོད་སྐབས།  ག་དུས་ཡིན་ཡང་ཐུགས་རྗེ་ཆེ་ཞུ་ཡུལ་གང་ཟག་གི་ངོ་གདོང་ལ་བལྟ་བ་བཅས་ནི། ངས་ཉིན་ཤས་ཁོང་ཚོ་དང་མཉམ་དུ་སྤྲོ་འཆམ་བྱེད་རིང་མཐོང་བའི་བོད་པའི་བྱེད་སྟངས་ཡིན།

ཁོང་ཚོས་བོད་ཡིག་ཤེས་པ་མ་ཟད། རྒྱ་སྐད་བཤད་མི་ཤེས་ཀྱང་སྤྱིར་བཏང་གི་གོ་དོན་རྣམས་རྟོགས་ཀྱི་ཡོད་ཀྱང་། ཧ་ཅང་ཁེངས་སྐྱུང་ཆེན་པོའི་ངང་རང་ཉིད་ལ་ཤེས་ཡོན་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་རྒྱ་རིགས་ཡིན་པའི་ང་རང་ལ་ཆ་བཞག་ན། བོད་ཡིག་ཡིག་འབྲུ་གཅིག་ཀྱང་ངོ་ཤེས་ཀྱི་མེད་པས། ཤེས་ཡོན་མེད་པ་དེ་དངོས་གནས་བྱས་ན་ང་རང་ཡིན་ཡང་། ངས་ཁེངས་སྐྱུང་དེ་འདྲ་བྱེད་ཐུབ་བམ་ཟེར་ན། བྱེད་མི་ཐུབ།

ཉིན་ཤས་རིང་མུ་མཐུད་དེ་སྤྲོ་འཆམ་བྱེད་རིང་མཐོང་བའི་ཁོང་ཚོའི་འགྱུར་བ་མེད་པའི་དད་སེམས་དང་། སངས་རྒྱས་ཆོས་ལ་དད་གུས། བཀའ་དྲིན་ལ་དྲིན་ལན་འཇལ་སྟངས། སྤྱི་ཚོཌ་ཀྱི་གནས་ཚུལ་ལ་ལྟ་སྟངས་བཅས་ཀྱིས་ང་ལ་ཤུགས་རྐྱེན་ཐེབས་མགོ་ཚུགས། ཁོང་ཚོའི་ལག་ཏུ་ཅ་དངོས་གཞན་དག་མེད་པའི་སྐབས་ལག་པས་ཕྲེང་བ་འདྲེན་ཞིང་། ཁ་ནས་བོད་སྐད་ཀྱི་ཚིག་ཅིག་ཡང་ཡང་བསྐྱར་ཟློས་བྱེད།

པེ་ཅིན་དུ་ཡོད་པའི་ཆིང་གོང་མའི་ཕོ་བྲང་དུ་འགྲོ་སྐབས། ང་དང་བོད་པའི་སྤྲོ་འཆམ་པའི་མགོ་བྱེད་ཁོང་དང་ཁ་བརྡ་ཡུན་རིང་བྱས་པ་ཡིན། ངས་ཁོང་ལ། ཁྱེད་ཚོས་ཁ་ནས་ག་རེ་འདོན་གྱི་ཡོད་ཅེས་དྲིས་པར། མི་ཎི་ཡིག་དྲུག་བགྲང་གི་ཡོད། དེ་ནི་རྒྱ་སྐད་ཐོག་ནས་བཤད་ན། ཕལ་ཆེར་གནམ་འདིའི་འོག་གི་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་མི་ཡོང་བའི་ཆེད་དུ་རེད། ཅེས་ལན་འདེབས་བྱས་བྱུང་། ངས་སླར་ཡང་། ཁྱེད་རང་ཚོས་ཉིན་ལྟར་མི་ཎི་ཡིག་དྲུག་གསོག་གི་རེད་དམ། གནམ་འདིའི་འོག་གི་སེམས་ཅན་ཐམས་ཅད་ཟེར་དགོས་དོན་གང་ཡིན་ནམ། ཞེས་དྲིས་པར། དགོད་ཙམ་བྱས་ཏེ་ང་ཚོ་བོད་ཀྱི་སངས་རྒྱས་པའི་ཆོས་ཀྱི་སྙིང་པོར། སེམས་ཅན་ཐམས་ཅད་གལ་ཆེན་པོར་བརྩི་ཡི་རེད། ཅེས་ལན་འདེབས་བྱས་པ་དང་ཆབས་ཅིག ང་ལ། ལས་རྒྱུ་འབྲས་ཀྱི་རྣམ་སྨིན་དང་། འགྲོ་བ་རིགས་དྲུག་གི་འཁོར་བའི་རྩ་བ་འགྲེལ་བརྗོད་བྱས་བྱུང་བ་འདིས། ངས་བོད་པ་ཚོའི་བཟོད་སྒོམ་གུ་ཡངས་དང་། སེམས་བག་ལྷོད་པའི་བློ་འདི་ག་ནས་བྱུང་བ་རོབ་ཙམ་རྟོགས་པ་ལྟ་བུ་བྱུང་སོང་།

ངས། བོད་པ་སྤྲོ་འཆམ་པའི་མགོ་བྱེད་ལ། ཡུལ་སྐོར་སྤྲོ་འཆམ་ཚོགས་པ་ཁོ་ནའི་ཆེད་དུ་མངགས་པའི་ཁ་ལག་ཟ་ས་མང་པོ་ཡོད་པ་དང་། མི་གཅིག་གི་ཁ་ལག་ལ་རིན་གོང་ག་ཚོད་ཡིན་མིན་གྱི་ཚད་གཞི་ཡང་གཏན་འཁེལ་བྱས་ཡོད་པའི་ཟ་ཁང་དེ་ཚོའི་ནང་ཁ་ལག་ཟས་པ་ཡིན་ན། འགྲོ་སོང་ཆུང་ལ་སྟབས་བདེ་ཡོད་པ་རེད། ཁྱེད་རང་ཚོས་ག་རེ་བྱས་ནས་དཀའ་ལས་བརྒྱབ་སྟེ་ཟ་ཁང་གཞན་དག་འཚོལ་གྱི་ཡོད་དམ་ཞེས་དྲིས་པར། མགོ་བྱེད་ཀྱིས། ང་ཚོ་ད་ཐེངས་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་པའི་གོ་སྐབས་འདི་དཀོན་པོ་ཡིན་སྟབས། གལ་སྲིད་ཁ་ལག་ཞིམ་པོ་མ་རག་ན། སྤྲོ་འཆམ་སྐྱིད་པོ་ཡོང་གི་མ་རེད། སྤྲོ་འཆམ་ཚོགས་པའི་ཁ་ལག་དེ་ཚོ་ཟ་མ་ཐུབ་པ་མེད་ཀྱང་། ཞིམ་པོ་གཏན་ནས་མི་འདུག ཟ་ཁང་ཡག་ཙམ་ཞིག་ནང་རང་འདོད་ཀྱིས་མངགས་ནས་ཟོས་ན། ཅ་ཟིང་ཆེ་བ་དང་རིན་གོང་མཐོ་བ་ཡོད་ཀྱང་། ངའི་རོགས་པ་ཚོའི་ཚོར་སྣང་སྐྱིད་པོ་ཡོང་རྒྱུ་དང་། ཕྱི་ལ་འཆམ་འཆམ་དུ་འགྲོ་སྐབས་རོགས་པ་ཚོ་སྐྱིད་པོ་བཟོ་ཐུབ་ན་བསམ་གྱི་ཡོད། ང་ཚོའི་འགྲོ་སོང་ཕྲན་བུ་ཆེ་རུ་འགྲོ་རྒྱུ་རེད་དེ། དངུལ་ཟེར་བ་འདི་ག་ཚོད་བསགས་ཀྱང་། འདོད་པ་འཚིམ་རྒྱུ་ཞིག་མེད་སྟབས། འདང་ཙམ་འདང་ཙམ་བྱུང་ན་འགྲིག་གི་རེད། དངུལ་མང་པོ་བསགས་ནས་མི་གཞན་མ་དགའ་བ་བྱུང་ན། རྒྱུ་འབྲས་འཁོར་གྱི་རེད། ཅེས་ལན་འདེབས་བྱས་རྗེས། ངའི་སེམས་ནང་། སྐད་ཆ་དེ་རིགས་རྒྱུན་དུ་མང་པོ་གོ་ཡི་ཡོད་ཀྱང་། དངོས་སུ་ལག་ལེན་དུ་འགེལ་ཐུབ་མཁན་ག་ཚོད་ཙམ་ཡོད་དམ་སྙམ་པའི་བསམ་བློ་འཁོར།

ཉིན་མཐའ་མར་ཁོང་ཚོ་སྐྱེལ་མ་བྱེད་སྐབས།  ཁོང་ཚོས་ང་ལ་ཁ་བཏགས་གཡོག་ཅིང་། རྒྱབ་ཀྱི་རྡོག་ཁྲེས་ལྕི་མོ་དག་མར་ཕོག་ནས་རེས་མོས་ཀྱིས་ལག་པ་བཏང་ནས་ཐུགས་རྗེ་ཆེ་ཞེས་བརྗོད་དུས། ངའི་སེམས་གཏིང་དུ་འབྲལ་མི་ནུས་པའི་ཚོར་བ་ཞིག་སླེབས། བོད་པའི་ཡུལ་སྐོར་སྤྲོ་འཆམ་ཚོགས་པ་དེ་ནི་འདས་པའི་སྤྲོ་འཆམ་ཚོགས་པ་སུ་ཞིག་དང་མི་འདྲ། རྣམ་ཀུན་ཡུལ་སྐོར་ཚར་ནས་འགྲུལ་པ་སྐྱེལ་མ་བྱེད་སྐབས། མགྱོགས་ཙམ་ཚར་ཆོག་པ་ལ་ཨང་། ཉིན་གྲངས་ཁ་ཤས་རིང་ཕར་བཤད་ཚུར་བཤད་མང་བས་རྦད་དེ་ཐང་ཆད་པའི་སེམས་ཚོར་ཡོང་གི་ཡོད། ཡིན་ན་ཡང་། བོད་པ་ཚོ་སྐྱེལ་མ་བྱེད་སྐབས། སེམས་ནང་གཏན་ནས་འབྲལ་མི་ཐུབ་པ་དང་། ཁོང་ཚོས་ཉིན་ཤས་རིང་ང་ལ་སྐྱིད་སྣང་དང་། ལྷོད་ལྷོད་ཀྱི་ཚོར་བ་སྤྲད་པའི་ཉི་མ་དེ་དག་བློས་མི་ཐོང་ཞིང་། ཁོང་ཚོ་དང་མཉམ་དུ་གཤིབ་རིང་གི་བག་ཡངས་སེམས་ཁྲལ་མེད་པའི་ཚོར་སྣང་བྱུང་བ་དག་དེ་བས་བློས་མི་ཐོང་པ་ཞིག་བྱུང་སོང་།

ཁོང་ཚོ་དང་མཉམ་དུ་གཤིབ་སྐབས། ཆོས་ཐམས་ཅད་དོན་དངོས་ཐོག་སེམས་འཛིན་བྱེད་རིན་མེད་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་། ངས་རྒྱ་ནག་གི་ས་ཆ་གང་སར་མི་ཧ་ཅང་པོ་ཐུག་མྱོང་ཡང་། ང་ལ་དེ་ལྟ་བུའི་ཡིད་འགུག་གི་ཚོར་བ་སྤྲོད་མཁན་ཞིག་ད་བར་བྱུང་མྱོང་མེད། ཁོང་ཚོ་འབབ་ཚུགས་ནས་མ་ཐོན་གོང་། མགོ་བྱེད་བོད་རིགས་དེ་སླར་ཡང་མར་ཐོན་ཏེ་ལག་གཡུག་གིས་རྗེས་སུ་མཇལ་ཡོང་ཟེར་བའི་བརྡ་བསྟན། ངས། ང་གཉིས་ངེས་པར་དུ་འཐམ་རེས་ཐེངས་གཅིག་བྱེད་དགོས་ཞེས་བཤད་དེ།  ང་རང་འབབ་ཚུགས་ནང་ཡར་འཛུལ་ནས་ཁོང་ལ་འཐམ་སྟེ། ང་ཚོ་ཁ་གྱེས།

ཡུལ་སྐོར་སྤྲོ་འཆམ་པའི་སྣེ་ཤན་ཞིག་གི་ངོས་ནས་བཤད་ན། ཕྱོགས་བཞི་མཚམས་བརྒྱད་ཀྱི་མི་ཧ་ཅང་མང་པོ་དང་གཤིབ་མྱོང་ཡང་། སེམས་ཐག་ཉེ་པོའི་གྲོགས་པོ་ནི་ཧ་ཅང་གི་དཀོན་ཞིང་། བོད་རིགས་མགོ་བྱེད་ཁོང་ནི་དཀོན་པའི་ནང་གི་གཅིག་ཡིན་པ་ཁོང་གིས་ཤེས་ཀྱི་ཡོད་མེད་ངས་མ་རྟོགས་མོད། ལོ་མང་སྣེ་ཤན་གྱི་ལས་ཀ་བྱས་ཤིང་། གྲོགས་པོ་འདི་འདྲ་ཞིག་ངོ་ཤེས་པ་ནི་མི་ཚེའི་ནང་གི་བསོད་ནམས་ཡིན། ཁྱེད་ཚོ་ཡང་བསྐྱར་པེ་ཅིན་དུ་ཕེབས་ནས་སླར་ཡང་མཉམ་འཛོམས་ཡོང་རྒྱུར་སེམས་གཏིང་ནས་རེ་བ་བྱེད་ཀྱི་ཡོད།

འབྲེལ་ཡོད་གསར་འགྱུར།

Tibetan Children at China’s Colonial Boarding School in Nagchu area, Tibet
Mobile App

རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་བྱེད་པའི་ནང་དོན་ཅན་ཡོད་མེད་ཞིབ་བཤེར་གཏན་འགོག་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་པར། ༢༠༢༥།༥།༢༩
Mobile App

བལ་ཡུལ་ནང་རྒྱ་གཞུང་གི་དྲིལ་བསྒྲགས་གློག་བརྙན་སྟོན་རྒྱུ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༡༧ སྔོན་ལ།
U.S. Secretary of State Marco Rubio testifies at a House Foreign Affairs Committee hearing on U.S. President Donald Trump's State Department budget request for the Department of State, on Capitol Hill in Washington, D.C., U.S., May 21, 2025. REUTERS/Elizabeth Frantz/File Photo  Purchase licensing Right
Mobile App

ཨ་རིས་རྒྱ་རིགས་སློབ་མ་རྣམས་ཀྱི་ཐོངས་མཆན་ཕྱིར་བསྡུ་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་ནང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་གཞི་ཞེས་པའི་ཉམས་ཞིབ་སྙན་ཐོ་འདོན་སྤེལ་དང་བགྲོ་གླེང་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༨
Mobile App

བོད་ནང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་གཞི་ཞེས་པའི་ཉམས་ཞིབ་སྙན་ཐོ་འདོན་སྤེལ་དང་བགྲོ་གླེང་འཚོགས།

༢༠༢༥/༠༥/༢༨
རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་སྡུར་ཐེངས་ ༣༠ པ་འཚོག་ལ་ཉེ། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༨
Mobile App

འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཁྲོད་རུ་ཁག་བཅུ་དྲུག་གིས་མཉམ་ཞུགས་གནང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀེལ་གྷེ་རི་ (Calgary) ་ས་གནས་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༠༥།༢༤ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རང་དབང་ལུང་པའི་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་བྱ་དགོས་སྐོར་གསུངས།

༢༠༢༥/༠༥/༢༨

མཆན། 2

  1. thapkegyatso says:
    ལོ་ 11 སྔོན།

    ཧ་ཅང་ཧག་པར་སྣང་སོང་། བཀའ་དྲིན་ཆེའོ།།
    དེ་ནས་རྩོམ་ཡིག་འདིའི་མ་རྩོམ་རྒྱ་ཡིག་ལ་ཅི་བལྟ་དགོས་སམ། ང་ལ་རོགས་པ་ཞིག་བྱེད་པར་རེ་བ་ཆེའོ།།

    Reply
  2. བསོད་ནམས། says:
    ལོ་ 11 སྔོན།

    རྩོམ་ཡིག་ཧ་ཅང་ཡིད་འགུལ་ཐེབས་པ་ཞིག་འདུག རྩོམ་པ་པོ་དང་སྒྱུར་བ་བོ་གཉིས་ཀར་ཐུགས་རྗེ་ཆེ། ཡིན་ནའང་དོན་དག་ལ་ལ་ཞིག་གི་ཐད་ནས་བོད་མི་ཚོར་བསྟོད་པ་མང་དྲགས་འདུག བོད་པ་ཚོའི་ཀུན་སྤྱོད་ཀྱི་ཐོག་ཏུ་མ་འདང་པ་མང་པོ་ཡོད་པ་རེད། ཡིན་ནའང་རྒྱ་མི་ནང་བཞིན་ཧམ་སེམས་མེད་པ་དེ་བདེན་པ་བདེན་དྲང་རེད། རྩོམ་པ་པོ་དེའི་སྐད་ཆར་ཉན་ཡོང་སྐབས། ཁོ་རང་གིས་ཁོ་རང་གི་མཐོང་ཚོར་བཞིན་རྒྱ་མི་རིགས་ལ་ཕྱི་དྲན་གྱི་ཚུལ་དུ་འགྲེལ་བཤད་བསྐྱོན་ཡོང་པའི་སྐབས་སུ་བཙན་བྱོལ་བོད་མི་ཚོ་དང་ཁོས་འགྲེལ་བཤད་རྒྱག་བཞིན་པའི་རྒྱ་རིགས་དེ་དག་གཉིས་བར་འདྲ་བའི་ཆ་མང་པོ་འདུག གལ་སྲིད་རྒྱ་མི་གནས་ཤེན་པ་དེས་བོད་ནང་གི་བོད་མི་ཚོ་ལྟ་སྐོར་དུ་འཁྲིད་པ་མིན་པར་བཙན་བྱོལ་ནང་གི་བོད་མི་ཚོར་ལྟ་སྐོར་དུ་འཁྲིད་ཡོད་པ་ཡིན་ན། ཁོ་ལ་འདི་ལྟ་བུའི་སེམས་འགུལ་ཞིག་ཐེབས་མི་སྲིད་ལ། བོད་པ་ཚོར་བསྟོད་བསྔགས་འཐེན་འདོད་ཀྱང་ཡེ་ནས་མེད་པ་སེམས་ཐག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese