དེ་རིང་པ་ཀི་སི་ཐན་གཞུང་གི་སྐུ་ཚབ་དང་ཊ་ལི་བྷན་དྲག་སྤྱོད་ཤོག་ཁག་གི་སྐུ་ཚབ་གཉིས་ནུབ་ཝ་ཛི་རི་སི་ཐན་གྱི་གྲོང་ཁྱེར་མེར་ཨ་ལི་ནང་གྲོས་མོལ་གནང་གི་ཡོད་འདུག
ཁ་སང་པ་ཀི་སི་ཐན་གྱི་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག སྐུ་ཞབས་ས་ཌི་ཁུའུ་ (Irfan Sadiqui) ལགས་ཀྱིས་སྣེ་ཁྲིད་པའི་པ་ཀི་སི་ཐན་གཞུང་གི་སྐུ་ཚབ་དང་། མུ་ལ་ན་ (Maulana Sami-ul-Haq) ལགས་ཀྱིས་སྣེ་ཁྲིད་པའི་པ་ཀི་སི་ཐན་དྲག་སྤྱོད་ཤོག་ཁག་གི་སྐུ་ཚབ་གཉིས་དེ་རིང་ཚེས་ ༢༥ ཉིན་ནུབ་ཝ་ཛི་རི་སི་ཐན་གྱི་གྲོང་ཁྱེར་མེར་ཨ་ལི་ (Mir Ali) ནང་ཞི་བའི་གྲོས་མོལ་གནང་རྒྱུ་ཡིན་སྐོར་བསྒྲགས་འདུག
ཐེངས་འདིའི་གྲོས་མོལ་སྐབས་པ་ཀི་སི་ཐན་འཇིགས་སྐུལ་རིང་ལུགས་པས་འཇུ་བཟུང་བཀག་ཉར་བྱས་ཡོད་པའི་སྲིད་བློན་ཟུར་བ་ཡུ་སེབ་ (Yousuf Raza Gilan) ལགས་ཀྱི་བུ་སཱ་ཡི་ཌི་ཨ་ལི་ (Syed Ali Haider Gilani ) དང་ཤ་བྷ་ཛེ་ (Shahbaz Taseer) རྣམ་གཉིས་གཙོས། པ་ཀི་སི་ཐན་པན་ཇབ་མངའ་སྡེའི་སྲིད་སྐྱོང་སཱ་མན་ (Salman Taseer) ལགས་དང་། ཁ་ཆེའི་གཙུག་ལག་སློབ་ཆེན་ (Islamia College University) གྱི་ཉེ་བའི་རིག་བདག་ཨ་ཇེ་མལ་ (Ajmal Khan) སོགས་ཀློད་གྲོལ་གཏོང་རྒྱུ་དང་། པ་ཀི་སི་ཐན་དྲག་སྤྱོད་རིང་ལུགས་ཀྱི་དགོས་འདུན་ལྟར་པ་ཀི་སི་ཐན་ནང་ཁ་ཆེའི་ཤ་རེ་ཡ་ (Sharia) ཁྲིམས་ལུགས་ལག་བསྟར་བྱེད་ཕྱོགས་སོགས་ཀྱི་སྐོར་ལ་གོ་བསྡུར་བྱ་རྒྱུ་ཡིན་འདུག
པ་ཀི་སི་ཐན་གྱི་སྲིད་བློན་ནཱ་ཝ་ཛེ་ཤ་རེབ་ (Nawaz Sharif ) ལགས་ཀྱིས། “ ངས་གཞུང་དང་ཊ་ལི་བྷན་སྐུ་ཚབ་བར་གྱི་གྲོས་མོལ་དེ་དོན་འབྲས་སྨིན་པ་ཞིག་ཡོང་རྒྱུར་རེ་བ་བྱེད་བཞིན་ཡོད་ལ། དེ་ལམ་ལྷོང་ཡོང་བའི་ཆོད་སེམས་དང་དམ་བཅའ་བརྟན་པོ་ཡོད། ”ཅེས་བརྗོད་འདུག
གནད་དོན་དབྱེ་ཞིབ་པ་ཚོས། པ་ཀི་སི་ཐན་གྱི་ཊ་ལི་བྷན་ཤོག་ཁག་དང་པ་ཀི་སི་ཐན་གཞུང་བར་གྱི་གྲོས་མོལ་དེ་རྒྱལ་སྤྱིའི་བདེ་འཇགས་དང་བརྟན་བརླིང་སྲུང་སྐྱོབ། དཔལ་འབྱོར་འཕེལ་རྒྱས་སོགས་ལ་ངེས་པར་མཁོ་བའི་ཞི་བའི་གྲོས་མོལ་ཞིག་ཆགས་ཡོད་པ་དང་། གལ་ཏེ་དེར་ཡིད་ཆེས་འཕེར་ངེས་ཀྱི་གྲུབ་འབྲས་ཤིག་བྱུང་ཚེ་པ་ཀི་སི་ཐན་ཙམ་མ་ཟད། ཊ་ལི་བྷན་ཤོག་ཁག་ལའང་ཕན་ཐོགས་ཆེན་པོ་ཡོད་སྐོར་བརྗོད་འདུག
༢༠༠༧ ལོ་ནས་བཟུང་ཊ་ལི་བྷན་དྲག་སྤྱོད་ཤོག་ཁག་གིས། པ་ཀི་སི་ཐན་གྱི་ས་ཁུལ་འདྲ་མིན་ནང་འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་བསྟུད་མར་སྤེལ་ཏེ། ད་བར་ཉེས་མེད་མི་སེར་ ༤༠༠༠ ལྷག་བསད་པ་དང་། མི་ ༢༥༠ ལྷག་འཇུ་བཟུང་བཙན་ཁྲིད་བྱས་ཡོད་འདུག
འདི་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༦ ཉིན་པ་ཀི་སི་ཐན་གྱི་སྲིད་བློན་ནཱ་ཝ་ཛེ་ཤ་རེབ་ཀྱིས། འཇིགས་སྐུལ་རིང་ལུགས་ཀྱི་ལག་འོག་ཏུ་ཡོད་པའི་མི་སེར་དེ་དག་ཀློད་གྲོལ་ཡོང་ཐབས་སུ་ཊ་ལི་བྷན་ཤོག་ཁག་དང་གྲོས་མོལ་ཐེངས་དང་པོ་བྱས་ཡོད་འདུག་ལ། ཐེངས་འདི་ནི་གྲོས་མོལ་གནང་ཐེངས་གཉིས་པ་དེ་ཆགས་ཡོད་འདུག
གསར་འགོད་པ། དོན་གྲུབ།