མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒོ་གསུམ་གྱི་སྤྱོད་པ་འཁྱེར་དུས་གཡོ་སྒྱུའི་ཐབས་ཇུས་མ་བསྟེན་རོགས།

བོད་ཀྱི་དུས་བབ།
༢༠༡༤/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱུད་སྟོད་གྲྭ་ཚང་དུ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཆོས་མགོ་འཛུཊ་གནང་སྟེ། ཆོས་ཞུ་བ་ཚོར་ད་ལྟ་ནས་སོ་སོའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པར་དག་སྤྲོད་ཡག་པོ་ཞིག་མ་གནང་བ་ཡིན་ན། སྐྱེ་བ་ཕྱི་མར་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་ཕར་བཞག དལ་འགྲོ་ཕལ་བ་ཙམ་ཞིག་ཐོབ་རྒྱུའང་དཀའ་ལས་ཁག་པོ་ཡིན་སྐོར་གསུངས་སོང་།

དེ་རིང་ཕྱི་ཚེས་ ༢༦ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༡།༠༠ ཐོག བཞུགས་སྒར་ཉེ་འཁྲིས་རྒྱུད་སྟོད་གྲྭ་ཚང་གི་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབང་ལུང་མན་ངག་གི་བཀའ་ཆོས་ཤིག་གནང་མགོ་བརྩམས་སོང་ལ། དེར་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་གཙོས། གདན་ས་ཁག་ནས་ཕེབས་པའི་དགེ་འདུན་པ་དང་བཙུན་མ། ཨ་རི་དང་ཁེ་ན་ཌ་གཙོས་པའི་ཕྱི་རྒྱལ་གྱི་དད་ལྡན་པ། དྷ་སའི་ཉེ་འཁོར་གྱི་སེར་སྐྱ་མི་མང་བཅས་མི་ ༣༠༠༠ ཙམ་འཛོམས་འདུག

ཐེངས་འདིའི་བཀའ་ཆོས་དེ་ཕྱི་ཚེས་ ༢༦ ཉིན་ནས་བདུན་ཕྲག་གསུམ་ཙམ་གྱི་རིང་གནང་འཆར་ཡོད་པ་དང་། དུས་ཡུན་དེའི་རིང་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་དགེ་ལྡན་བཀའ་བརྒྱུད་རིན་པོ་ཆེའི་ཕྱག་ཆེན་རྩ་བ་རྒྱལ་བའི་གཞུང་ལམ་དང་བླ་མ་མཆོད་པའི་རྩ་གཞུང་། དགེ་ལྡན་བཀའ་བརྒྱུད་རིན་པོ་ཆེའི་བཀའ་སྲོལ་ཕྱག་རྒྱ་ཆེན་པོའི་རྩ་བ་རྒྱས་པར་མཛད་པ་ཡང་གསལ་སྒྲོན་མེ་གཉིས། དེ་བཞིན་དཀའ་ཆེན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་བླ་མ་མཆོད་པའི་ཁྲིད་ཡིག་གསང་བའི་གནད་རྣམ་པར་ཕྱེ་བ་སྙན་རྒྱུད་མན་ངག་གི་གཏེར་མཛོད་བཅས་ཉམས་ཁྲིད་དང་། གཞི་ལམ་འབྲས་གསུམ་ཕྱག་རྒྱ་ཆེན་པོའི་ངོས་འཛིན་ལས་བརྩམས་པའི་ཤེས་རབ་དང་བདག་འཛིན་གཉིས་ཀྱི་གཤགས་འདེབས་ཀྱི་བཤད་ཁྲིད། དབེན་ས་སྙན་བརྒྱུད་ཀྱི་བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པ་དང་འབྲེལ་བའི་ཕྱག་ཆེན་འཁྲིད་མན་ངག་ཞལ་ཤེས་དང་བཅས་པའི་ཁ་ཆེམས་རླུང་ལ་བསྐུར་བའི་འཕྲིན་ཡིག་གི་ལུང་རྐྱང་བཅས་གནང་རྒྱུ་ཡིན་འདུག་ལ། འདི་ནི་རིན་པོ་ཆེ་མཆོག་གིས་མང་ཚོགས་ལ་བཀའ་ཆོས་གནང་ཐེངས་ཐོག་མ་ཆགས་ཡོད་འདུག

དེ་རིང་བཀའ་ཆོས་དབུ་འཛུགས་གནང་སྐབས་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། མི་ལུས་རིན་པོ་ཆེ་འདི་ཡིད་བཞིན་ནོར་བུ་ལས་ལྷག་པ་ཡིན་ཟེར་གྱི་ཡོད། ཡིད་བཞིན་ནོར་བུས་ཆ་ཙམ་ཡང་བསྒྲུབ་མི་ཐུབ་པའི་གནས་སྐབས་དང་མཐར་ཐུག་གི་མངོན་འདོད་མང་པོ་ཞིག་རང་རྒྱུད་ཀྱི་ལུས་རྟེན་འདིས་བསྒྲུབ་ཐུབ་ཀྱི་ཡོད། ཡིད་བཞིན་ནོར་བུས་ཚེ་འདིའི་བདེ་སྐྱིད་ཙམ་ལས་ཐ་ན་སྐྱེ་བ་ཕྱི་མ་ངན་སོང་ལ་མི་ལྷུང་བའི་མངོན་འདོད་དེ་ཡང་བསྒྲུབ་རྒྱུ་མེད། ལས་དང་ཉོན་མོངས་ཀྱི་གཞན་དབང་དུ་གྱུར་བའི་གང་ཟག་ཅིག་ལ་ལས་ཉོན་ཀྱི་གཞན་དབང་བརྒྱུད་ནས་ངན་སོང་གི་སྡུག་བསྔལ་མྱོང་མི་དགོས་པ་དང་། འཁོར་བ་ལས་ཐར་བར་བྱེད་མཁན་དེ་ཡིད་བཞིན་ནོར་བུས་བྱེད་མི་ཐུབ་པ་ཞིག་རེད། ད་ལྟ་ང་ཚོར་ཐོབ་ཡོད་པའི་དལ་འབྱོར་གྱི་ལུས་རྟེན་འདིའི་ཐོག་ནས་རང་གིས་མ་བྱས་ན་གནས་ཚུལ་ལོག་ཀ་རེད་མ་གཏོགས། བརྩོན་འགྲུས་བྱས་པ་ཡིན་ན་སྐྱེ་བོ་ཆུང་ངུ་ཞིག་ཡིན་ཡང་སྐྱེ་བ་ཕྱི་མ་ངན་སོང་གི་སྡུག་བསྔལ་ལས་གྲོལ་ནས་མངོན་མཐོ་ལྷ་དང་མི་ཡི་གོ་འཕང་བདེ་བླག་ཏུ་ཐོབ་རྒྱུ་དེ་ལས་སླ་པོའི་ཐོག་ནས་བསྒྲུབ་ཐུབ་ཀྱི་ཡོད་པ་ཙམ་མ་ཟད། ལས་དང་ཉོན་མོངས་ཀྱི་འཆིང་བ་ལས་གྲོལ་ནས་འཁོར་བ་ལས་གཏན་དུ་ཐར་བའི་གོ་འཕང་ཞིག་བསྒྲུབ་ཀྱང་། ལུས་རྟེན་འདིའི་ཐོག་ནས་ལས་སླ་པོའི་བསྒྲུབ་ཐུབ་ཀྱི་ཡོད། དལ་འབྱོར་གྱི་ལུས་རྟེན་འདིའི་ནང་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་བྱེད་པ་སོགས་འབྱོར་བ་དེ་ཚོ་ཚང་ཡོད་སྟབས། རང་གིས་འབད་བརྩོན་མ་བྱས་ན་གནས་ཚུལ་ཁ་ཁ་རེད་མ་གཏོགས། འབད་བརྩོན་བྱས་པ་ཡིན་ན། ཚེ་འདི་རང་ལ་ཐར་བའི་གོ་འཕང་བདེ་བླག་ངང་ཐོབ་རྒྱུའི་ནུས་པ་དེ་ཡོད་བཞིན་པ་རེད། ཅེས་གསུངས་སོང་།

དེ་བཞིན་ཁོང་གིས་མུ་མཐུད་དུ། ད་དུང་དེ་ལས་རྒྱ་ཆེ་བ་དང་རླབས་ཆེ་བ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐྱོན་ཀུན་གསལ་ཡོན་ཏན་ཀུན་ལྡན། སངས་རྒྱས་ཀྱི་གོ་འཕང་དང་རྒྱུན་མི་ཆད་པའི་འཕྲིན་ལས་རྣམ་རྟོག་དང་བྲལ་བར་འགྱུར་ཐུབ་པའི་སངས་རྒྱས་ཀྱི་གོ་འཕང་ཞིག་སྒྲུབ་པ་ཡིན་ཡང་། ལུས་རྟེན་འདིའི་སྟེང་ནས་བསྒྲུབ་ཐུབ་པ་དང་། ལུས་རྟེན་འདིའི་སྐབས་ལའང་སྤྱིར་རྣམ་འདྲེན་ཞི་བའི་བསྟན་པ་དང་ལྷག་པར་དུ་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་དང་མཇལ་བ་ཡིན་སྟབས། སྐལ་བ་གྲངས་མེད་ཟུང་དུ་ཚོགས་བསགས་ཐུབ་པར་མ་ལྟོས་པར་ཚེ་གཅིག་དང་། ལྷག་པར་དུ་སྙིགས་དུས་ཀྱི་ཚེ་གོང་འདིར་ཚེ་གཅིག་ལུས་གཅིག དེ་ལས་ཀྱང་ལྷག་པ་ལོག་གསུམ་མཆོག་གསུམ་ཚང་བའི་བཟང་སྤྱོད་ཀྱི་གོ་འཕང་བསྒྲུབ་ཀྱི་ཡིན་ན། བསྒྲུབ་རྒྱུའི་ནུས་པ་དེ་ང་རང་ཚོའི་ལུས་རྟེན་འདིར་ཡོད་བསྡད་པ་ཞིག་རེད། ལུས་རྟེན་འདི་དོན་ཆེན་པོ་འདི་འདྲ་ཞིག་ཡིན་པ་ང་རང་ཚོས་དོན་མ་རྟོགས་པར་བྱས་ཏེ་ཆུད་ཟོས་བཏང་བ་ཡིན་ན། ཧ་ཅང་གི་ཕངས་པོ་རེད། དེར་བརྟེན། རླབས་ཆེ་ཞིང་དོན་ཆེ་བའི་དལ་འབྱོར་མི་ལུས་རིན་ཆེན་འདི་གལ་ཆེན་པོ་ཡིན་པ་ངེས་པར་ངོས་འཛིན་བྱ་རྒྱུ་གལ་ཆེན་ཆགས་ཡོད། ཅེས་སོགས་གསུངས་སོང་།

རིན་པོ་ཆེ་མཆོག་གིས་དལ་འབྱོར་མི་ལུས་བེད་སྤྱོད་གནང་སྟངས་ཐད་གསུང་དོན། “ དལ་འབྱོར་མི་ལུས་ཐོབ་པ་ད་རེས་ཙམ་ཞིག་ཡིན་ཡང་། ད་རེས་ཙམ་ཞིག་མ་ཡིན་པར་བྱས་ཏེ་སྔོན་མ་ནས་ཡང་ཡང་ང་ཚོར་དལ་རྟེན་འདི་ཐོབ་ཡོད་པ་ཡིན་ན། ད་ལྟ་ལས་དྲག་ཙམ་ཞིག་དགོས་རྒྱུ་ཞིག་ཆགས་ཡོད། ང་ཚོའི་ད་ལྟའི་གནས་སྐབས་ལ་བསམ་བློ་ཉོན་མོངས་དང་བྱེད་རྒྱུ་སྡིགས་པ་ལས་མེད་པའི་གནས་སྟངས་འདིར་བལྟས་པ་ཡིན་ན། སྐྱེ་བ་སྔོན་མ་ཚོ་ལ་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རྣམ་པར་དག་པ་ཅིག་ཐོབ་མེད་པ་ད་ཐེངས་ཀྱི་མི་ལུས་འདིས་མཚོན་ཐུབ་ཀྱི་རེད། རེ་ཟུང་ཙམ་ཞིག་ལ་མི་ལུས་ཐོབ་ཐུབ་ཀྱི་ཡོད་ཀྱང་། དེའི་སྐབས་ཀྱི་བསོད་ནམས་ཀྱི་རྗེས་འབྲས་ལ་བརྟེན་ནས་ལུས་རྟེན་འདི་ཐོབ་ཡོད་པར་བརྟེན། ད་རེས་ཙམ་ཞིག་ཡིན་གསུངས་དགོས་དོན་འབྱུང་འགྱུར་འདི་འདྲ་བའི་ལུས་རྟེན་ཡང་དང་ཡང་དུ་ཐོབ་ཀྱི་རེད་དམ་མ་རེད། འདི་ད་ལྟའི་སོ་སོའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པར་ཞིབ་ཚགས་པོའི་ཐོག་ནས་ཞུ་དག་བཏང་བ་ཡིན་ན། དལ་འབྱོར་འདི་ག་ཚོད་ཡོད་མེད་ལས་སླ་པོའི་ཐོག་ནས་རྟོགས་ཐུབ་པ་ཞིག་དང་། རང་ངོ་རང་ལ་ལྐོག་ཏུ་མ་གྱུར་བ་ཞིག་ཡིན། ད་ལྟ་ནས་སོ་སོའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པར་དག་སྤྲོད་ཡག་པོ་ཞིག་མ་གནང་བ་ཡིན་ན། སྐྱེ་བ་ཕྱི་མར་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་ཕར་བཞག དལ་འགྲོ་ཕལ་བ་ཙམ་ཞིག་ཐོབ་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད་སྟབས། མི་ལུས་ཐོབ་པའི་དུས་སྐབས་འདིར་སྒོ་གསུམ་གྱི་སྤྱོད་པ་འཁྱེར་དུས་གཡོ་སྒྱུའི་ཐབས་ཇུས་ལ་ ( Diplomacy) མ་བརྟེན་པར་དགེ་བའི་ལས་སྒྲུབ་རྒྱུ་དེ་ཤིན་ཏུ་གལ་ཆེན་ཆགས་ཡོད། ” ཅེས་གསུངས་སོང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

China expert warn of 'something worse than Covid' after fungus smuggling plot
Mobile App

ཏོག་དབྱིབས་གཉན་རིམས་ལས་ཀྱང་ཉེན་ཚབས་ཆེ་བའི་དཀའ་ངལ་འཕྲད་སྲིད་པའི་ཉེན་བརྡ་བཏང་། 

སྐར་མ ༥༡ སྔོན་ལ།
Mobile App

གོ་སྟོན་བཀྲ་ཤིས་དཔལ་འབར།

ཆུ་ཚོད་ ༢ སྔོན་ལ།
Mobile App

རྒྱ་ནག་གིས་རྒྱལ་མཚན་ནོར་བུར་རག་རྡིས་ནང་བཞིན་གྱི་ལས་ཀ་སྤྲོད་རྒྱུ་ཡིན་པ་ཉམས་ཞིབ་པས་བརྗོད།

༢༠༢༥/༠༦/༠༧
US President Donald Trump and Chinese President Xi Jinping. Getty Images
Mobile App

ཊོམ་ཕུ་དང་ཞི་ཅིན་ཕིན་གྱིས་ཡུན་རིང་གི་རྗེས་ནས་ཚོང་འབྲེལ་གྱི་གྲོས་མོལ་བྱས་འདུག

༢༠༢༥/༠༦/༠༦
Tourists hike to visit the Nigardsbreen glacier in Jostedal, Norway in August 2022. Bram Janssen/AP
Mobile App

འཛམ་གླིང་གི་འཁྱགས་རོམ་བརྒྱ་ཆ་ ༤༠ ཙམ་ཞུ་ཟིན་འདུག

༢༠༢༥/༠༦/༠༦
Mobile App

ཊོམ་ཕུས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྲིམས་དཔོན་བཞི་ལ་ཉེས་ཆད་བཏང་།

༢༠༢༥/༠༦/༠༦

མཆན། 3

  1. ཨ་མའི་བྱེ་རྡོ། says:
    ལོ་ 11 སྔོན།

    དཀའ་ཚེགས་ཆེན་པོས་བཀའ་སློབ་བཀོད་པར་བཀའ་དྲིན་ཞུ།
    ནོར་བ་ཡིན་ངེས་པ་རེ་ཟུང་འདུག་པ་ཞུས་ན། ཁྲི་ཟུར་ཞེས་པ་ཞིག་ཆད། ལོག་གསུམ་མཆོག་གསུམ་ཚང་ཞེས་བྲིས་འདུག་པ། ལོ་གསུམ་ཕྱོགས་གསུམ་ཟེར་དགོས་པ་འདྲ། སྙིགས་དུས་ཀྱི་ཚེ་གོང་འདིར་ཞེས་བྲིས་པ། ཚེ་ཐུང་འདིར་ཟེར་དགོས་པ་འདྲ། གྲངས་མེད་ཟུང་ཞེས་པ་གྲངས་མེད་གསུམ་ཟེར་དགོས་ཚོད།

    Reply
  2. གསེར་འབྲུག་སྡེར་ལྔ་ says:
    ལོ་ 11 སྔོན།

    ད་གཞི་ནས་བླ་མའི་མཚན་འཛིན་ཡིན་པ་ངེས་ཤེས་བརྙེད་གནང་བ་དང་འཇིག་རྟེན་འཁོར་བའི་ལས་ལ་ཞེན་པ་ལོག་པ་འདྲ། རྗེས་སུ་ཡིད་རངས་སོ། མངོན་པར་བསྟོད་དོ།

    Reply
  3. འདབ་པ་ཚེ་དབང་མགོན་པོ། says:
    ལོ་ 11 སྔོན།

    སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་མཛད་པ་ལ་བསྟོད་པའི་གཏམ་མེ་ཏོག་ཕྲེང་བ།

    དེ་རིང་ཤིན་ཏུ་ནས་ཡིད་ལ་ལྷམ་མེར་དགའ་འོས་པ་ཞིག་ལ། དྲྭ་ཐོག་གི་བརྒྱུད་ནས་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་གསེར་ཞལ་མཇལ་བའི་སྐལ་བཟང་ཕྲན་བུ་འཆར་ཞིང་། ཁོང་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་ཁྲོད་ནས་སྐྱ་བོ་མང་ཤས་ཀྱིས། ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ལ་འཐེན་ཁྱེར་གྱི་བློ་མི་ལྷུང་བར། དྲང་བདེན་གྱི་ཐེམ་སྐས་ལ་འཛེགས་པའི་སྐྱེས་བུ་དམ་པ་ཡིན་རབས་དང་། རབ་ཏུ་བྱུང་པའི་གང་ཟག་འགའ་ཞིག་གིས། སྟོན་པའི་བསྟན་པ་ལ་ཞུགས་པའི་ཤཱཀྱའི་དགེ་སློང་འདུལ་བ་འཛིན་པ་མ་ཟད། མདོ་ཕྱོགས་ནས་བཀའ་པོད་ལྔ་གཙོས་པའི་གཞུང་ལུགས་རྣམས་དང་། གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་ཁོང་དུ་ཆུད་པའི་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་ཀྱི་འཁུར་བྱེད་པའི་གང་ཟག་ཡིན་རབས། རིག་པའི་གནས་ལ་བྲོ་བ་མྱོང་པའི་མཁས་པ་རྣམས་ཀྱིས། གནས་ལྔ་རིག་པའི་དོན་ལ་མཁས་པའི་དབང་པོ་པཎྜི་ཏ་ཆེན་པོ་ཡིན་རབས། བཙན་བྱོལ་སྤྱི་ཚོགས་ཀྱི་རྩོམ་པ་པོ་རྣམས་ཀྱིས། སྤྱི་ཚོགས་ཀྱི་དཔྱད་བརྗོད་ལ། རྣམ་དཔྱོད་ཤིན་ཏུ་ནས་ཡངས་པའི་སྨྱུག་ཐོགས་པ་ཡིན་རབས། ཝ་ཎཱ་སི་དང་ས་རཱ་གཙོས་པའི་མཐོ་སློབ་ཁག་གིས། སྡེབ་སྦྱོར་གྱི་ཚིག་དང་། ཉམས་འགྱུར་གྱི་གསོན་ཤུགས། དབྱངས་རྟའི་འགྱུར་འགྲོས་ལ་རང་དབང་ཐོབ་པའི་སྙན་ངག་པ་ཡིན་རབས། གངས་ཅན་སྐྱིད་གཤོངས་སུ་ཡོད་པའི། དཔལ་འབྱོར་ལས་ཁུངས་ཀྱི་བཀའ་བློན་རྣམས་དང་། ལས་བྱེད་རྒན་གཞོན་མང་པོས། དཔལ་འབྱོར་རིག་པའི་ཆེད་སྦྱོང་འབུམ་རམས་པ་དང་གཅིག་མཚུངས་ཡིན་རབས། སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་རྭ་ནང་གི་འཐུས་མི་རྣམས་པས། མིའི་ཐོབ་ཐང་སྟེ་སྨྲ་བརྗོད་ཀྱི་རང་དབང་། བསམ་བློའི་འདུ་ཤེས་ལ་ཇི་མི་སྙམ་པར། འཇིག་རྟེན་ཁྲིམས་ལུགས་ཀྱི་ཐོག་ནས། ཐོབ་ཐང་ཅི་ཡོད་པ་རྣམས་དབང་སྟེར་བའི། དམངས་ཚོགས་ཀྱི་དོན་གཉེར་བ་ཆེན་པོ་ཡིན་རབས། བཀའ་ཤག་གི་བཀའ་དྲུང་གཙོས་པའི་ལས་བྱེད་ཐུན་མོང་གིས། བཙན་བྱོལ་བོད་མི་འཛིན་སྐྱོང་གི་ཡར་རྒྱས་ཀྱི་བྱེད་པོ་སྟེ། ཁ་ཆེའི་དཀོན་མཆོག་ཨ་ལ་བཞིན་དུ་ཡར་རྒྱས་ཀྱི་གོ་འཕང་ལ་འགོད་པའི་བཀོད་པ་པོ་ཐོག་མ་དེ་ཡིན་རབས། གཞིས་ཆགས་ཁག་གིས་བགྲེས་སོང་དག་གིས། གོང་ས་མཆོག་གི་བཀའ་དགོངས་སྒྲུབ་པའི་གླང་པོ་ཆེ་ས་ལ་རབ་བརྟན་བཞིན་དུ་ལས་ཀ་བྱེད་པའི་རླབས་ཆེན་གྱི་མི་སྣ་ཡིན་རབས། གདན་ས་གསུམ་གྱི་སྦ་སའི་བླ་རྒན་རྣམ་པས། རྒྱལ་བའི་སྐུ་ཡོན་ལ་མཁྱེན་པའི་འགན་ཡོངས་སུ་འཛིན་པའི་སྐྱབས་རྗེ་ཁྲི་འཆང་རྡོ་རྗེ་འཆང་གི་དམ་ཚིག་གསུམ་ལྡན་གྱི་འགྱུར་མེད་དངོས་སློབ་ཡིན་རབས། ཕྱི་ནང་གི་གནས་ཡོད་མི་སྣ་མང་པོ་ཞིག་གིས། རྒྱལ་བ་རིན་པོ་ཆེ་གཙོས་པའི་བླ་ཆེན་དང་མི་ཆེན་རྣམས་ཀྱི་ལམ་སྟོན་བྱེད་པོ་དེ་ཡིན་རབས་བཅས་ནི། སྐྱབས་རྗེ་རྡོ་རྗེ་འཆང་ཟམ་གདོང་རིན་པོ་ཆེའི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པའི་ལྷན་ཅིག་གི་ཡོན་ཏན་ནམ། འགྱུར་མེད་གཡུང་དྲུང་གི་གཤིས་ཀ་ཞིག་ཡིན་པས། སུ་ཞིག་གིས་ལྡོག་ཐབས་མེད་པའི་འཇིག་རྟེན་ཆོས་ཉིད་ཀྱི་གཏན་ཚིགས་ལྡན་ལ། འོན་ཀྱང་རྒྱུ་དང་རྟེན་འབྲེལ་ལས་བྱུང་བའི་ཆོས་ག་གེ་མ་ཞིག་ཡིན་ནའང་། རང་རྒྱུ་སྔོན་དུ་མ་སོང་བ་མེད་སྟབས། སྐྱབས་རྗེ་རྡོ་རྗེ་འཆང་ཟམ་གདོང་རིན་ཆེ་འདི་ཡང་རང་ཉིད་གཅིག་པུར་ཡེ་ཤུ་དཀོན་མཆོག་བཞིན་དུ་འོངས་པ་ཞིག་མ་ཡིན་པར། ཕྱི་ནང་གི་ཆོས་མང་པོ་ཞིག་ལ་བརྟེན་ནས་བྱུང་བའི་བཟང་པོའི་ཡོན་ཏན་གྱི་ཆ་དང་། ངན་པའི་སྐྱོན་རྐྱེན་གྱི་ཆ་མང་པོ་ཞིག་ཡོད་པ་ནི། བཤད་མི་དགོས་ལ། མེད་ཅེས་གླེང་རན་ཡང་མི་ཆོག་ཅིང་། རིན་པོ་ཆེ་ལ་གང་ཟག་སོ་སོས་ལྟ་ཚུ་དང་མཐོང་ཚུལ་ཇི་སྙེད་ཅིག་ཡོད་པ་རྣམས་ལས། རྒྱུ་མཚན་དང་གནས་ལུགས་ཤེས་པའི་དད་ལྡན་རྣམས་དང་། རྨོངས་དད་དང་ལོང་རྒྱག་བྱེད་པའི་གཡམ་རྒྱུག་བ། འཐེན་ཁྱེར་དང་ཞེན་ཁོག་གིས་བཅིངས་པའི་ཕྱོགས་ལྷུང་བ། ཁ་བདེ་དང་ལྕེ་མཁས་ཀྱིས་རྐུབ་སྟེགས་ཀྲོང་པའི་སྤྱང་གྲུང་བ་བཅས་ཡོད་པའང་། འཇིག་རྟེན་གྱི་མིའི་ལུགས་སུ་ངེས་པ་བཞིན་དུ། རིན་པོ་ཆེ་ལ་ལྟ་ཚུལ་ལེགས་པའི་ཕྱོགས་གཏོགས་ཀྱི་སྐྱེ་བོ་རྣམས་སོ།

    ཡང་དེ་ལས་ལྡོག་པའི་གནད་དོན་གཞན་ཞིག་ལ་ནི། ཟམ་གདོང་བླ་རྒན་ནི། བོད་པའི་སྤྱི་ཚོགས་ཀྱི་ཁྲོད་ནས་ཞེན་ཁོག་དང་ཕྱོགས་ལྷུང་གིས་ཁོང་པ་རུལ་པའི། མི་དམངས་ཀྱི་མདུན་ལ་དྲང་བདེན་གྱི་སྐྱེ་བོ་ཡིན་མདོག་དང་། དེ་བཞིན་ཁ་བདེ་དང་སྨྲ་མཁས་ཀྱི་མགུལ་རྒྱན་བཀླུབས་པའི་མངོན་འགྱུར་གྱི་རྣམ་པས། རྒྱབ་ཏུ་སྐྱུག་བྲོ་བའི་ལྐོག་འགྱུར་གྱི་ལས་ཀ་མང་པོ་ཞིག་གཟབ་གཟབ་དང་ལེགས་པར་སྦས་པའི་དགེ་ལུགས་པའི་གྲུབ་མཐའ་ཁོ་ན་ཡར་རྒྱས་ཀྱི་ཆེད་དུ་ལས་ཀ་ཤ་སྟག་དང་། དེ་དག་ཡར་རྒྱས་གཏོང་ཐབས་སུའང་ངལ་བ་དང་དུ་བླངས་པའི། དཀའ་སྤྱོད་དང་། ཉིན་མོར་སེམས་སྡུག་དང་། མཚན་མོར་གཉིད་མི་ཁུག་པའི་བསལ་བློས། མི་ཚེ་ཟད་པའམ་རྫོགས་བཞིན་པའི་བླ་གཟུགས་མགོ་དཀར་ཞིག་ཡིན་རབས། བཀའ་རྙིང་ས་བོན་བཞིའི་གྲུབ་མཐའ་ལ་ལྐོག་གྱུར་གྱི་གནོན་ཤུགས་ཚད་མེད་སྦྱིན་པའི་ཕྱུག་བདག་ཆེ་ཤོས་དེ་ཡིན་རབས། བཙན་བྱོལ་བོད་གཞུང་གི་རྒན་གཞོན་མང་པོས་དཀའ་ལས་བརྒྱབ་པའི་བཟོ་གྲྭ་དང་། ཟ་ཁང་དང་མགྲོན་ཁང་ཡོངས་རྫོགས་བཙོངས་ནས། སྔར་ཡོད་བུ་ལོན་རྣམས་གཙང་གསོད་བྱས་ཏེ། རང་ཉིད་ཀྱི་རྣམ་དཔྱོད་དང་། འཇོན་ཐང་རློམས་པའི་མི་དམངས་ལ་ཁོ་བོའི་བྱས་རྗེ་བསྒྲགས་པའི་དྲན་འཕྲུལ་གྱི་མཁན་པོ་ཚད་ལྡན་ཞིག་ཡིན་རབས། བོད་པའི་གཞོན་སྐྱེ་རྣམས་རང་ཉིད་འཚོ་བའི་ཆེད་དུ་ཕྱི་རྒྱལ་ལ་སྐྱོད་བྱེད་ཀྱི། ལག་འཁྱེར་དང་། དཔྱ་ཁྲལ་ལག་དེབ་བཟོ་རྒྱུར་བཀག་ཅིང་། རང་ཉིད་ཀྱི་འཚོ་བ་ལ་དཀའ་ངལ་མེད་ཕྱིར། གཞན་གྱི་བདེ་སྡུག་དང་། འཚོ་གནས་ལ། བསམ་བློ་དང་སྙིང་རྗེ་སྤུ་ཙམ་མེད་པའི་སྲིན་པོའི་གཟུགས་ཅན་ལྟར། སྤྱི་ཚོགས་ལ་ཕན་ཐོགས་ཡེ་ནས་མེད་པའི་ཆབ་སྲིད་པའི་མི་སྣ་ལ་གྲྭ་པའི་གཟན་ཤམ་བཏུམས་པའི་གཟུགས་ཅན་ཞིག་ཡིན་རབས། གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཆེད་སྦྱོང་བྱེད་སའི་གྲྭ་ས་དང་བཤད་གྲྭ་རྣམས་སུ་འགྲོ་དུས་སུའང་། བོད་གཞུང་གི་འགྲོ་སྟངས་དང་ལངས་ཕྱོགས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགྱུར་འགྲོས། རྒྱ་བོད་ཆབ་སྲིད་ཀྱི་གནས་བབ་བཅས་མི་བཤད་པར། མདོ་སྔགས་གཉིས་ཀྱི་དཀའ་གནད་ལ་གོ་རྟོགས་དང་། རྣམ་དཔྱོད་ཡོད་མདོག་བྱས་པའི་གྲྭ་ཚང་མཁན་པོ་ལྟ་བུའི་རྣམ་འགྱུར་དང་ཆོས་བཤད་བྱེད་རབས། མི་དམངས་ཀྱི་མདུན་དུ་གཏམ་བཤད་ཅི་འདྲ་ཞིག་བྱ་དགོས་ནའང་། ལེགས་སྦྱར་དང་། ཧིན་དུའི་སྐད་ཆ། དེ་བཞིན་རིག་བྱེད་ཀྱི་གཏམ་རྒྱུད་ལ་སོགས་པའི་དགོས་མེད་ཀྱི་ལུང་འདྲེན་སྣ་ཚོགས་བྱས་པས། རང་ཉིད་ཀྱི་སྐད་ཡིག་ཤེས་ཚད་ངོམ་སོ་བརྒྱབ་པའི་སྐད་ཆ་ཙམ་ལས་མ་གཏོགས། མི་དམངས་ལ་ཕན་པའི་ཁ་ཡོད་ལག་ཡོད་ཀྱི་སྐད་ཆ་གཅིག་ཀྱང་བཤད་རྒྱུར་མེད་རབས། རྒྱ་བོད་ཞི་མོལ་གྱི་ལས་འགུལ་ཐེངས་བརྒྱད་དགུ་ཙམ་ཞིག་བརྩམས་ནའང་། དེ་ཙམ་དུ་རྒྱུག་ཆུའི་ནང་དུ་རྩམ་པ་བླུགས་པ་དང་གཅིག་མཚུངས་སུ་པག་དང་གཏོར་མ་ཅི་ཡང་འགྱུར་རྒྱུར་མེད་རབས། ས་ཕྱོགས་གང་ཞིག་སོང་ནའང་། སྐབས་རེ་ཆོས་པ་ཡིན་མདོག་དང་། སྐབས་རེ་ཆབ་སྲིད་པ་ཡིན་མདོག སྐབས་རེ་རིག་གནས་སྨྲ་བ་ཡིན་མདོག སྐབས་རེ་བསམ་བློ་སྨྲ་བ་ཡན་ཆད་ཡིན་མདོག་བྱས་ཏེ། གནད་ལ་མ་ཁེལ་པའི་ལངས་ཕྱོགས་དང་། ལྟ་གྲུབ་ཁོ་ན་ལས། གྲུབ་འབྲས་སྙིང་གཅིག་ཀྱང་བྱུང་མྱོང་མེད་ལུགས་བརྗོད་པ་བཅས་ནི། སྐྱབས་རྗེ་རྡོ་རྗེ་འཆང་ཟམ་གདོང་རིན་པོ་ཆེ་ལ་ལྡོག་ཕྱོགས་ནས་ལྟ་སྟངས་ཤིག་ཡིན་ཞིང་། རིན་པོ་ཆེ་ནི་གནས་ཚུལ་དེ་གཉིས་ཀྱི་བར་དུ་ཇི་ཙམ་བཙིར་ཡང་རྡོ་རྗེའི་བྲག་བཞིན་མཁྲེགས་པའི་འགྱུར་མེད་གཡུང་དྲུང་གི་མི་སྣ་ཞིག་དང་། དེ་དང་དེ་ལྟ་བུའི་སྐད་ཆའི་བར་དུ་ལུས་རྒས་བཞིན་པ་དང་། སེམས་སྐྱོས་འགྲོ་བའི་བགྲོས་སོང་ཞིག་ཡིན་པ་ཡང་གོར་མ་ཆག་ཅིང་། གོང་དུ་བཤད་པའི་དགའ་ཕྱོགས་ཀྱི་བསྟོད་ར་དང་། བར་དུ་བརྗོད་པའི་སྨད་ཕྱོགས་ཀྱི་གླེང་སློང་གཉིས་ཁ། ཡང་དག་ཡིན་མིན་དང་། འགྲིགས་མི་འགྲིག་གི་ས་མཚམས་བཅས་ནི། སུ་ཞིག་ལ་གསལ་བཤད་ཅིག་བྱ་དགོས་སམ་ཞེ་ན་མི་དགོས་སོ། གང་ཟག་གང་ཞིག་གིས་ནུས་སམ་མི་ནུས་སོ། གལ་ཏེ་འཐད་དམ་ཞེ་ན་མི་འཐད་དོ།

    དེའི་ཕྱིར་ཁོ་བོ་ནི། དེ་དག་ལས་ཡོངས་སུ་ལྡོག་སྟེ། དེ་དག་གི་བཤད་པ་ལ་དྲང་འཐད་དུ་མི་བལྟ་ཞིང་། དེ་དག་གི་རྗེས་སུའང་མི་འབྲང་པར། རང་ཉིད་སྐྱེ་བོ་ཐབས་ཆག་གི་ལུས་ས་ཐོག་ཏུ་འགྲེང་པའི་ཆ་ནས། སོ་སོའི་བསམ་བློའི་རང་དབང་དང་། ཐོབ་ཐང་ལ་ཅུང་ཟད་ཀྱིས་བརྩི་བཀུར་བགྱིས་པའི་རྣམ་པས། དྲང་བདེན་གྱི་གཏམ་ཞིག་གླེང་བར་བྱས་ན་ནི། བླ་མའི་ཟམ་གདོང་ཐད་ཕྱོགས་གཉིས་ཁ་ལ་བདེན་པ་གང་འཚམ་ཞིག་དང་། མ་དྲང་པའི་ཆ་ཇི་སྙེད་ཅིག་ཡོད་པ་ཡང་བཤད་མི་དགོས་སོ། ད་དུང་རིན་པོ་ཆེའི་དངོས་ཡོད་ཀྱི་གནས་ཚུལ་ཇི་བཞིན། གོ་མི་མྱོང་པ་དང་སེམས་མི་ཤེས། མཐོང་མི་མྱོང་དང་ཡིན་མི་ཤེས་པའི་གནས་ཚུལ་ཡང་མང་པོ་ཞིག་ཡོད་ཆོག་ཅིང་། མི་ཕལ་པའི་བསམ་བློའི་ཚོད་དཔག་གིས་སྣོད་དུ་མི་རུང་བའི་ལྐོག་གྱུར་གྱི་གནད་དོན་མང་པོ་ཞིག་རྣམ་དཔྱོད་ལྡན་པའི་མི་རྣམས་ལ་ཡོད་དེ། ཕ་མའི་སློབ་གསོ་དང་། དགེ་རྒན་གྱི་གདམས་ངག ལྷན་སྐྱེས་ཀྱི་རྣམ་དཔྱོད། སྤྱི་ཚོགས་ཀྱི་ཁོར་ཡུག དེ་བས་ལོ་མང་རིང་ལ། ཆོས་དང་འཇིག་རྟེན་གྱི་ཉམས་མྱོང་བཅས་ཀྱི་ཁྱབ་ཁོངས་ནི། མྱོང་བ་མངོན་སུམ་ལྡན་པའི་གང་ཟག་རང་ཉིད་ཀྱིས་མ་གཏོགས། སུས་ཞིག་ཀྱང་རྟོགས་མི་ནུས་པས། བོད་ཀྱི་ཁ་དཔེར། མིའི་རི་མོ་ནང་དང་། སྟག་གི་རི་མོ་ཕྱིར་ཞེས་པ་ལྟར། ནམ་ཡང་བྲལ་ཐབས་མེད་པའི་མི་དང་མིའི་རི་མོ། སྟག་དང་སྟག་གི་རི་མོ་བཞིན་ནོ། དེའི་ཕྱིར་ན། སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་ནི། མཁས་པ་དང་གྲུབ་པའི་སྙན་པ་ས་གསུམ་ན་རྔ་བོ་ཆེའི་སྒྲ་ལྟར་གྲགས་པའི་ཁྱོན་ཏེ། ལྷ་ཁྱབ་འཇུག་གི་འདོམ་པས་ཀྱང་འཇལ་མི་ནུས་ཤིང་། ཐུགས་ཟབ་ཅིང་ཤིན་ཏུ་སྒམ་པའི་ཚུལ་ཡང་རི་རྒྱལ་ལྷུན་པོ་བཞིན་དུ་བརྟན་པས། དྲང་སྲོང་ཞོ་འཐུང་གི་རུས་པས་ཀྱང་གཅོག་མི་ཐུབ་པ་དང་། རིག་པ་མྱུར་དུ་ཡང་ཞིང་གཡོས་པས། རླུང་ནག་འཚུབ་མོས་རྗེས་སུ་མི་ཐུབ་ཟིན་པའི་ཁྱད་ཆོས་ལྡན་ཞིང་། འཕྲལ་ཕུགས་རྒྱངས་གསུམ་གྱི་གནས་ལ། བསམ་བློ་གཏིང་ཟབ་སྟེ། མུན་ནག་གཅོང་རོང་ཟབ་མོའི་གནས་དང་གཅིག་མཚུངས་སུ་ཡོད་པས། ཉིན་མཚན་གང་ཞིག་ལ་གང་ཟག་སུ་ཞིག་གིས་ཀྱང་རྟོགས་མི་ནུས་པ་དང་། དམ་པའི་ལྷ་ཆོས་དང་། དགེ་བའི་བཤེས་གཉེན་གྱི་གདམས་ངག་རྣམས་ལ་ཡིད་རྩེ་གཅིག་གི་དད་པའང་། གླེན་པོས་རོ་མྱོང་བ་ལྟ་བུའི་ཡོན་ཏན་བཅས་ལ། རྣམ་དཔྱོད་ལྡན་པའི་མཁས་པ་རྣམས་ཀྱིས་ཀྱང་གདེངས་མི་དཔོག་ཅིང་། དེ་དང་དེ་འདྲ་བའི་གནས་ལ། གང་ཟག་སུས་ཞིག་དགའ་ནའང་ཆོག མི་དགའ་ནའང་རུང་། ཁོ་བོས། སྐྱབས་རྗེ་རྡོ་རྗེ་འཆང་ཟམ་གདོང་རིན་པོ་ཆེ་ལ་ལྟ་ཚུལ་ལམ་མཇལ་ཚུལ་དེ་ནི། མཐའ་གཅིག་ཏུ་འདི་ཁོ་ན་ལགས་སོ། དེ་རིང་ཁ་སང་གི་གནས་ཚུལ་ལ་མཚོན་ནའང་། སྐྱབས་རྗེ་མཆོག་གིས། སྤྱིར་བཏང་རབ་བྱུང་པའི་ཚུལ་འཛིན་ཡང་། དེ་སྔོན་འཇིག་རྟེན་པ་དང་ཉམ་ཐག་བའི་སེམས་ཅན་གྱི་ཕྱིར། ཆབ་སྲིད་ཀྱི་མཛད་པ་དཀར་པོ་མཐའ་ཡོངས་སུ་ཟད་ནས། ད་ནི་དམ་པའི་ལྷ་ཆོས་ཀྱི་མཛད་པ་སྟེ། ཆགས་སྡང་གི་དྲི་མ་མེད་པར། ཟླ་བ་སྤྲིན་བྲལ་དང་། ས་གཞི་རྡུལ་དག གངས་རི་སེར་དག ནམ་མཁའ་གཡའ་དག་པ་བཅས་ལགས་སོ། དེ་བས་བྱིས་པ་བརྩེ་སེམས་ཀྱིས་མ་ལ་འབྱར་བ་ལྟར། སེམས་ཅན་སྡུག་བསྔལ་བ་ཁོ་ནའི་ཆེད་དུ་ནུབ་ཕྱོགས་ཀྱི་གྲོང་ཁྱེར་ནང་ཕེབས་བཞིན་པ་དེ་ནི། འདིར་སྨྲ་བརྗོད་མི་དགོས་པ་ལགས་སོ། མ་ཟད་གང་ཟག་རང་ཉིད་ལ་མཚོན་ནའང་། སྤྱིར་བཏང་གིས་ཆོས་ལ་དེ་ཙམ་དུ་ཡིད་ཆེས་དང་། བླ་མ་རྣམས་ལ་དད་པ་མེད་པའི་ལོག་ཕྱོགས་པ་ཞིག་ཡིན་ནའང་། སྐྱབས་རྗེ་འདིའི་འོག་ཏུ་སྐྱེ་བ་ནས་སྐྱེ་བ། ཚེ་རབས་ནས་ཚེ་རབས་བར་དུ་མི་འབྲལ་བར་གྱུར་ཅིག ཁོ་བོས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ཡང་འདི་ཁོ་ན་ལགས་སོ། དེ་ཡང་འདིར་སྐྱབས་རྗེ་རྡོ་རྗེ་འཆང་ཟམ་གདོང་རིན་པོ་ཆེ་ལ་བསྟོད་པའི་གཏམ་མེ་ཏོག་ཕྲེང་བ་ཞེས་པ་འདི་ནི། རིན་པོ་ཆེའི་གསེར་ཞལ་མཇལ་སྐལ་དང་བཀའ་སློབ་ལན་མང་ཐོབ་པའི།
    འདབ་པ་ཚེ་དབང་མགོན་པོས་སྦྱར་བ་དགེའོ།། སཾ་མངྒ་ལམ།

    ཐ་སྙད་དོན་ལ་ཤེས་རབ་མེ་འབར་བའི།།
    མདོ་སྔགས་གཞུང་ལ་མཁྱེན་པའི་གཟིགས་པ་ཅན།།
    འཇིག་རྟེན་སྲིད་ལ་བློ་གྲོས་ཡངས་པའི་སྒོར།།
    ཚེ་གཅིག་བགྲོད་པའི་བགྲེས་སོང་འདི་ལ་འདུད།།

    བདེན་པའི་དོན་ལ་བདེན་པས་ལྟ་ཚུལ་དང་།།
    རྫུན་གྱི་དོན་ལ་རྫུན་གྱིས་མི་ཆུད་ཅིང་།།
    ཆོས་ཉིད་གཤིས་ལ་ཡེ་ཤེས་གཟིགས་པ་སོགས།།
    འདི་དང་གཅིག་མཚུངས་ཁོ་བོས་དེ་ལགས་སོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese