མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕུན་དབང་རྒྱལ་ཚོང་པ་ཡིན་མིན་དང་ཁོང་ལ་གདེང་འཇོག་བྱེད་པ།

བོད་ཀྱི་དུས་བབ།
༢༠༡༤/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

ངེད་ཀྱི་དབུ་མའི་ལམ་གྱི་འཐབ་གྲོགས་རྒན་པ་སྐུ་གཤེགས་པར་མྱ་ངན་ཞུ་ཚིག་ཐུང་ངུ་།

ཤར་ཕྱོགས་ཁུག་རྟ།

༄༅། ། རྣམ་དཔྱོད་མེ་ལྟར་འབར་བའི་དཔའ་བོ་དང་མཁས་དབང་། བོད་མིའི་ཉེ་རབས་ལོ་རྒྱུས་ཁྲོད་ཀྱི་ཆབ་སྲིད་པ་གྲགས་ཅན། དབུ་མའི་ལམ་གྱི་གཞུང་ལུགས་སྨྲ་བ་པོ་དང་། དེའི་ཉམས་ལེན་པ། དབུ་མའི་ལམ་གྱི་ཆེས་བཀུར་བར་འོས་པ་དང་སློབ་སྦྱོང་བྱེད་འོས་པའི་ངེད་ཀྱི་འཐབ་གྲོགས་རྒན་པ། བོད་མི་རིགས་ཀྱི་སྣོད་བཅུད་གཉིས་ཀ་གཡང་སར་གནས་པའི་སྐབས་འདིར་དེ་སྐྱོབ་པའི་ཁ་ཡོད་ལག་ཡོད་ཀྱི་ཐབས་ལམ་ཚང་ལ་མ་ནོར་བས་རྒྱུད་གཏམས་ཤིང་། རྒྱལ་སྤྱིའི་དཔལ་འབྱོར་ཁྲོམ་རྭའི་བཀའ་བཀོད་འོག་གི་སྲིད་དོན་ནམ་མཁའ་འགྲིམས་ལ་བྱ་རྒྱལ་ཁྱུང་ཆེན་ཡིན་ཡང་དམན་སར་འགོད་པ། མདོར་ན་བོད་མིའི་ཉེ་རབས་ལོ་རྒྱུས་ཀྱི་སྲོག་འཛིན་མི་སྣ་དང་། བོད་མི་རིགས་ཀྱི་འདས་མ་ད་གསུམ་གྱི་བྱུང་རབས་ཐུགས་ལ་གསལ་བོར་ཆུད་ཅིང་། བོད་མི་རིགས་གསོན་སར་འཁྲིད་པའི་ལམ་སྟོན་དང་ལག་ལེན་གཉིས་ལྡན་གྱི་སྐུ་ཞབས་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་སྐུ་གཤེགས་པ་ནི་བློ་ཕམ་ཚད་ལས་འདས་པའི་གནས་སུ་ཆེ་ཡང་། ”མི་སེམས་བཟང་བྱས་ཅན་ཚེ་རིང་”ཟེར་པའི་རྒྱ་བོད་གཉིས་ཀར་གཏམ་དཔེ་ཡོད་པ་བཞིན། སྐུ་གཤེགས་དམ་པ་ཁོང་ཚེ་ལོ་མཐར་ཕྱིན་ཏེ་དགོངས་པ་རྫོགས་པ་ཡིན་སྟབས་དགུང་གྲངས་ཀྱི་བབ་ལ་བལྟས་པས། བོད་ཕྱི་རབས་པ་ཆོས་སྲིད་གཉིས་ཀའི་མིག་ཕྱེ་བ་དང་དབྱེ་རྒྱུར་མངོན་དུ་ཕྱོགས་པ་ཚང་མར་མི་རབས་རྒན་པའི་མཛད་རྗེས་འཕྲོ་སྐྱོང་བྱ་དགོས་པའི་སྙིང་སྟོབས་འཕར་མ་རེ་སྤྲད་ཡོད་པ་ནི་གདོད་མི་ཟ་ལ། ནང་མི་ཉེ་འབྲེལ་དང་ཡུལ་སྡེ་འབའ་བ། བོད་མི་རིགས་བཅས་པར་ཁོང་ལྟ་བུའི་ཆབ་སྲིད་མཁས་ཆེན་ཞིག་འཁྲུངས་པ་ནི་མི་རབས་ནས་མི་རབས་ངོམ་ཆོག་པ་ཞིག་ཡིན་པ་སུས་ཀྱང་བསྙོན་དུ་མེད། ཁོར་ཡུག་གི་ཆ་རྐྱེན་ངེས་ཅན་ཞིག་ལྡན་ཡོད་ན། སྐུ་ཚེ་འཕེན་པ་མ་རྫོགས་གོང་རང་གི་བྱས་པའི་འབྲས་བུ་རང་གིས་གང་འཚམས་མཐོང་རྒྱུ་ཡོང་ངེས་ཀྱང་། དེ་ལྟར་མ་བྱུང་བར་སྐུ་གཤེགས་པ་ནི་འགྱོད་པའི་གནས་སུ་ཆེ་ཡང་བྱ་ཐབས་བྲལ། ཕྱི་མར་རྟེན་བཟང་རིམ་བརྒྱུད་རྣམ་མཁྱེན་རྒྱལ་བའི་ས་སྣེ་ཟིན་པའི་སྨོན་འདུན་ཤུགས་དྲག་བཅས།། །།

 ༢༠༡༣། ༣། ༣༡། ཉིན།

 ཕུན་དབང་རྒྱལ་ཚོང་པ་ཡིན་མིན་དང་ཁོང་ལ་གདེང་འཇོག་བྱེད་པ།

 ༄༅། ། དེ་ཡང་ཇི་སྐད་དུ་ཨ་གྲོ་སྒྲ་རམས་པ་འགྱུར་མེད་རྣམ་རྒྱལ་གྱིས། ”མ་བརྩམས་པ་ནི་མཆོག་ཡིན་ཕ་ཡི་བུ།། རྩོམ་ན་གྲགས་སྐམ་རི་བོང་ཅལ་སྒྲོག་གི། རྗེས་སུ་མི་རྒྱུག་གཟུ་བོར་དཔྱོད་པའི་བློས།། འཚམས་པར་བཤད་པ་ཨ་བུ་རང་གི་ལུགས།།” ཞེས་གསུངས་པ་ལྟར། འདིར་དུས་རབས་ཉི་ཤུའི་དཀྱིལ་ནས་དེ་རིང་བར་གྱི་བོད་མགོ་ནག་གནས་ཡུལ་ཆོལ་གསུམ་ས་ཁྱོན་ཡོངས་ཀྱི་ཆབ་སྲིད་མཁས་ཆེན་དུ་སྤོབས་པས་བགྲང་འོས་པ་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་༢༠༡༤ ཟླ ༣ ཚེས ༣༠ ཉིན་གྱི་ཞོགས་པ་པེ་ཅིང་གི་ཆུ་ཚོད་ ༩ ། ༣༠ སྟེང་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་འཕྲལ། རྒྱུད་ལམ་ཁག་ཏུ་མྱ་ངན་ཞུ་ཚིག་མང་པོ་སྤེལ་མཁན་མང་ཞིང་།  ༸གོང་ས་༸སྐྱབས་མགོན་པོ་སྐུ་ཕྲེང་བཅུ་བཞི་པ་ཞེས་མཚན་གྱི་སྙན་པ་གླིང་འདིར་མ་ཤོང་པ་གང་ཉིད་དང། མཁས་བརྒྱའི་སྤྱི་བོའི་ཏོག་ལྟར་མཛེས་པ་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ཀྱིས་ཀྱང་ཐུགས་གལ་ཆེན་པོས་རྗེས་དྲན་དང་ཐུགས་སྨོན། ཤུལ་ལུས་བཟའ་ཟླ་བུ་ཕྲུག་གཉེན་ཉེ་རྣམས་ལ་ཐུགས་གསོའི་བཀའ་སློབ་བརྙན་འཕྲིན་རྒྱུད་གནང་བ་དེས། སྐུ་གཤེགས་ཕུན་དབང་མཆོག་གི་བྱས་རྗེས་དང་མཁྱེན་དཔྱོད་ལོ་རྒྱུས་ནང་རབ་ཏུ་ཀུན་ཏུ་གསལ་བོར་བཀོད་ཟིན་པས། གུས་པར་སྐུ་ཞབས་ཕུན་དབང་སྐོར་སྔོན་དུ་མ་བརྗོད་པ་ཞིག་འདིར་བརྗོད་རྒྱུ་མེད་ནའང་། གཟུ་བོའི་བློས་འཚམས་པར་སྨྲ་བའི་ལུགས་སུ་ཞུགས་རྒྱུ་དགོས་གལ་དུ་མཐོང་སྟེ་རྩོམ་འདི་འབྲི་བའི་སེམས་བསྐྱེད་སྔོན་དུ་བྱས་པ་ཡིན།

            དགེ་ཆོས་དམ་པའི་ཞལ་སྔ་ནས། མངོན་གྱུར་རྟགས་ཀྱི་བདེན་པ་ངོ་སྤྲད་ཀྱང་།། ངམ་ནག་བཞིན་གྱི་གཉེར་མ་མི་སངས་པ།། མདོར་ན་ཕྲག་དོག་ཅན་གྱི་སྐྱེས་བུ་དེའི།། དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད།། ཅེས་གདམས་པ་ལྟར། བོད་མིའི་ཆོས་སྲིད་བྱུང་བར་མིག་ལྡོངས་པའི་སྐྱེས་བོ་འགས་མཁས་མཛངས་ཁྲེལ་བག་ཕྱི་ཐག་སྤྱི་ཚིས་ཕངས་མེད་རང་དོན་དུ་བརྗེས་ཤིང་། བོད་སྤྱིའི་ཡང་དག་ཕུགས་སྨན་གྱི་འཚོ་ཚིས་ལས་རང་རང་གི་གཞིས་ཀའི་བྲན་འབངས་རྒྱུ་ནོར་དང་བཅས་པ་གཉེར་ཏེ། དེར་འགལ་བར་ལྟ་བ་དག་ནི་བསྟན་པའི་སྤྱི་དགྲ་དང་བླ་མའི་སྐུ་དགྲ རྒྱལ་ཁབ་བཙོང་པའི་དགྲ་བོ། ཆོས་མེད་ཀླ་ཀློ་སྡིག་ཅན་ཞེས་གཤེ་ཞིང་འཚང་འབྲུ་སྡིགས་ཤིང་སྲོག་གཅོད་པའི་དུས་ཚོད་ཅིག་ལ། སྐུ་ཞབས་ཕུན་དབང་གི་བོད་གཞུང་གི་སྒྲོམ་གཞིར་འགྱུར་བ་གཏོང་དགོས་སྐོར་གྱི་དགོངས་ཚུལ་ལ་མནོ་བསམ་ཐོངས་ནུས་མཁན་མེད་པ་ནི་ས་རིས་ཐང་གསལ་ཡིན་ཁར། ཐ་ན་༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་འབད་པ་ཆེར་བསྐྱེད་ཀྱིས་ལེགས་བཅོས་ལས་ཁུངས་དབུ་འཛུགས་གནང་བའང་ལམ་དུ་མ་སོང་ཞིང། བཙན་བྱོལ་དུ་འབྱོར་རྗེས་དེ་སྔའི་བོད་གཞུང་གི་སྒྲོམ་གཞིར་འགྱུར་བ་གཏོང་སྐབས་སྐུ་ངལ་བླ་ལྷག་ཏུ་འཕྲད་པ་ཞིབ་བརྗོད་མ་དགོས་སྟབས། ”དོན་དག་ཅིག་ཤེན་འབྱེད་དུས་དེའི་དུས་ཚོད་དང་ས་གནས་ཆ་རྐྱེན་ལ་བལྟས་ནས་ཐག་གཅོད་བྱ་དགོས། སུ་ཞིག་སྔོན་འགྲོའི་ཆ་རྐྱེན་འདི་དག་དང་བྲལ་ཚེ་དོན་དངོས་དང་གནས་ལུགས་གཉིས་ཀར་འགལ་བའི་ནོར་འཁྲུལ་སྣ་ཚོགས་འབྱུང་བ་བཟློག་ཏུ་མེད།” ཅེས་པ་འདི་ནི་སྡོམ་ཚིག་ཡང་དག་ཅིག་ཡིན་པ་ཚད་མས་གྲུབ།  དེས་ན། ངས་གཤམ་དུ་སྐུ་གཤེགས་དམ་པ་ཕུན་དབང་ལགས་རྒྱལ་ཚོང་པ་ཡིན་མིན་ཐད་ཕྱོགས་ཁ་ཤས་ནས་སྙིང་བསྡུས་ཀྱིས་དཔྱད་པ་བྱེད་རྒྱུ་ཡིན།

གཅིག དམར་དམག་མ་སླེབས་སྔོན་གྱི་རྒྱལ་ཁབ་ཀྱི་གནས་བབ་འཚོལ་ཕྱོགས་ལ་བསམ་ཞིབ་ཐུང་ངུ་།

            བོད་རྒྱ་ནག་གིས་དབང་བསྒྱུར་མ་བྱས་སྔོན་ཡུལ་དེའི་གནས་བབ་ནི་ཇི་འདྲ་ཞིག་རེད། དེའི་ལོ་རྒྱུས་ཀྱི་དོན་དངོས་ཅི་ཞིག་རེད། དེར་རྒྱལ་སྤྱིའི་ཁྲིམས་དོན་ལྷན་ཚོགས་སོགས་ཀྱིས་ངོས་འཛིན་གནང་བའི་མཐའ་བསྡོམས་ཅི་ཞིག་རེད། བྱུང་རབས་ནང་གི་རྒྱ་བོད་འབྲེལ་བ་རིམ་པའི་གནས་བབ་ཐད་ཕྱོགས་གཉིས་ཀྱིས་ངོས་འཛིན་ཅི་ལྟར་བྱེད་ཀྱི་ཡོད། བོད་མི་རང་གི་འདུ་ཤེས་ནང་ངོས་འཛིན་ག་འདྲ་ཞིག་ཡོད། སྐབས་དེའི་སྲིད་སྐྱོང་དང་བཀའ་ཤག་ལྷན་རྒྱས་སོགས་ཀྱི་གནས་བབ་ག་འདྲ་ཞིག་རེད། ཁོང་ཚོའི་ཆབ་སྲིད་ཀྱི་ཁྱབ་བསྒྱུར་བྱེད་སྟངས་གང་འདྲ་ཞིག་རེད་ཅེས་པའི་དྲི་བ་འདི་དག་ནི་སྐབས་དེའི་བོད་གཞུང་གི་ཆབ་སྲིད་དང་བཅས་པའི་བྱུང་རབས་ཀྱི་གནས་བབ་གསལ་འདོན་ཐུབ་ངེས་ཀྱི་འབྱུང་རྩ་ཁག་རེད། གོང་གི་གནད་དོན་འདི་དག་ལ་ཐུགས་སྣང་གཞན་དྲིང་མ་དགོས་པ་མེད་མཁན་གྱི་གང་ཟག་ཅིག་གིས། མདོར་བསྡུས་ན་རྒྱ་དམག་མ་སླེབས་སྔོན་བོད་གཞུང་དེ་རྒྱལ་ཁབ་ཅིག་ཡིན་མིན་གཏན་ནས་མི་ཤེས་པ་དེ་རེད། དངོས་ཡོད་གནས་ཚུལ་གྱི་འགྲོ་སྟངས་ལྟར་བྱས་ན། རྒྱལ་ཚོང་པ་མ་བཏགས་སྔོན་བཙོངས་ཟིན་པའི་རྒྱལ་ཁབ་དེ་ག་འདྲ་ཞིག་ཡིན་མིན་རགས་བཤད་རབ་རིབ་ཙམ་མིན་པར། དངོས་ར་གསལ་སྤྲོད་ཀྱི་ལམ་ནས་ཁུངས་འཁྱོལ་ཐུབ་པའི་བཤད་སྟངས་ཤིག་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། དེའི་ཆ་ནས་ངས་ཕུན་དབང་མཆོག་རྒྱལ་ཚོང་པ་རེད་ཟེར་མཁན་ཚོས་གོང་གི་གནད་དོན་འདི་དག་ལག་མཐིལ་གྱི་རི་མོ་བཞིན་རྟོགས་ཡོད་པ་དང་། རྟོགས་རྒྱུར་སློབ་སྦྱོང་བྱས་དང་བྱེད་བཞིན་པའི་ཡིད་ཆེས་བྱེད་ཀྱི་ཡོད།

གཉིས།  ལྷ་སར་དམར་དམག་ཡོང་རྒྱུ་ཐག་གཅོད་ཅི་ལྟར་བྱས་པ་རེད་དམ།

            དམར་དམག་ཁྲིད་ཡོང་མཁན་ནི་ཕུན་དབང་རེད། ཁོང་ནི་ཁམས་པའི་བུ་དང་གུང་ཁྲན་ཏང་ཡོན་པ་ཞིག་རེད་ཟེར་པའི་སྐད་ཆ་འདི་ལ་ད་བར་ཕལ་ཆེར་ལོ་དྲུག་ཅུ་འགྲོ་ལ་ཉེ། སྐད་ཆ་འདི་ལྷ་སར་ཡོད་དུས་ནས་ཁྱབ་ཀྱི་འདུག་ཅེས་བཙན་བྱོལ་ནང་གི་མི་རབས་རྒན་པ་མང་པོས་གསུངས། ངས་བཤད་སྟངས་འདི་ལ་རྩོད་པ་རྒྱག་དགོས་དོན་མི་འདུག་མོད། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པས་ཁམས་དང་ཨ་མདོ་ནས་གཞོན་སྐྱེས་ཧྲག་བསྡུས་ཀྱིས་དམག་སྦྱོང་དང་གོ་མཚོན་སྤྲད་དེ། ས་གནས་སོ་སོར་བོད་དམག་ཡོད་པ་བྱེད་རྒྱུའི་ཐུགས་འདུན་ལམ་དུ་མ་ལྷོང་པ། སྤོམ་མདས་ཀ་བློན་སྦུག་ནས་༸གོང་ས་བཅུ་བཞི་པ་ཆེན་པོར་ཞུས་གནས་ཁོང་གི་བཀའ་སློབ་1ཏུ་གསལ་བ་དང། ཡང་ཆབ་མདོ་ཤོར་སྐབས་ང་ཕོད་ཀྱིས་བཀའ་ཤག་ལ་འཕྲིན་ཡིག་བཏང་སྟེ་2དམག་རོགས་ཞུས་པར་གསན་འཇོག་མེད་པར་ཤོ་རྒྱག་རྩེད་འཇོར་རོལ་བ་དང་། སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་དང་རེབ་གོང་སྐྱབས་མགོན་བདུན་པ་ཆེན་པོ་སོགས་མདོ་སྨད་ཀྱི་བླ་སྤྲུལ་ཆེ་ཁག་གིས་བོད་གཞུང་ལ་སྙན་ཞུ་གལ་ཆེན་ཞིག་3ཕུལ་བར་བདག་པོ་མ་བརྒྱབས་པ། ( འདི་ནི་ཉེ་དུས་བོད་ཀྱི་ལོ་རྒྱུས་ཐོག་གི་ནོར་འཁྲུལ་ཆེ་ཤོས་ཤིག་ཡིན། ད་དུང་འགྱོད་གཤགས་བྱས་མེད་པ་ཞིག་ནི་མདོ་ཁམས་སྟོད་སྨད་ནས་རྒྱ་འོག་སྡེབས་གསོད། སྡེབས་ཤི་མྱངས་པའི་ལོ་ཟླ་ནི་དབུས་གཙང་ལ་གསུམ་ཆའི་གཅིག་ཙམ་ཡང་བྱུང་མེད། འདིའི་སྐོར་འདིར་དེ་ཙམ་མ་འབྲེལ་བས་ཞིབ་རྒྱས་སྐབས་གཞན་དུ་སྤྲོ། རྩོམ་པ་པོའི་མཆན། )༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་དགུང་གྲངས ༡༣། ༡༤ ཙམ་ལ་སོན་སྐབས་ཞབས་པད་ཟུར་ཁང་གིས་རྒྱལ་ཡབ་ཀྱིས་དམ་ཉམས་(རྭ་སྒྲེང)ལ་ལྐོག་དངུལ་ཕུལ་ཚུལ། གང་ལྟར་ཡང་སྲིད་མཆོག་སྤྲུལ་ངེས་བརྟན་ཡོང་ཕྱིར་གསེར་བུམ་བསྐྱར་དཀྲུག་བྱས་ན་མ་གཏོགས་མི་འཐུས་ཚུལ་བརྗོད་པ་4 སོགས་ ( སོགས་སྒྲའི་ནང་་བསམ་སྡིངས་རྡོ་རྗེ་ཕག་མོ་སོགས་ཀྱིས་༡༩༥༩ ལོའི་སྔོན་རྗེས་ཀྱི་གནས་སྟངས་བྲིས་པ། བོད་ཀྱི་ལོ་རྒྱུས་རིག་གནས་རྒྱུ་ཆ་བདམས་སྒྲིག་དེབ་ཕྲེང་ནང་འཁོད་པ་དག་ལ་དཔྱད་དགོས་པའི་གནས་ཚུལ་མང་པོ་འདུག རྩོམ་པ་པོའི་མཆན། ) ལ་གཞིགས་ཏེ། མདོ་ཁམས་སྟོད་སྨད་ཀྱི་བོད་མི་ཚོས་བོད་གཞུང་གི་དཔོན་རིགས་དེ་ཚོ་རྒྱལ་ཚོང་པ་རེད་ཅེས་མིང་བཏགས་ན་ག་འདྲ་འདུག དེ་ལྟར་བྱས་ན་བོད་མི་རྣམས་མུ་མཐུད་མཁས་དབང་ཚེ་དབང་ཕུན་ཚོགས་ཀྱིས་གསུངས་པ་ལྟར། ”འབྱུང་བ་འཁྲུགས་པས་ལུས་ཀྱི་ཟུངས་སྟོབས་ཉམས།། རྣམ་རྟོག་འཁྲུགས་པས་ལམ་གྱི་ཡོན་ཏན་ཉམས།། སྡེ་དཔོན་འཁྲུགས་པས་བོད་ཀྱི་ལོ་རྒྱུས་ཉམས།། ཉམས་པའི་རྒྱུ་རྐྱེན་འཁྲུགས་པ་འདི་ལ་ཐུག། ཅེས་སིལ་བུའི་དུས་ནས་རྒྱ་ནག་གི་དབང་འོག་ཏུ་མ་སོང་བར་གྱི་ལོ་རྒྱུས་ཀྱི་སྐྱོ་གར་ལ་ཕྱོགས་བསྡོམས་གནང་འདུག་པ་དེ་སླར་ཡང་བསྐྱར་འཁྲབ་བྱས་པ་ཆགས་མི་འགྲོའམ།

            དེས་ན་སྐབས་དེའི་དོན་དག་ངོ་མ་ཅི་ལྟར་རེད་ཅེ་ན། ༡༩༤༩ ཟླ ༡༠ ཚེས ༡ ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བམ་ཀྲུང་གོ་གསར་པ་བཙུགས་ནས་ཡུན་རིང་མ་ལོན་པར། ”མའོ་ཙེ་ཏུང་གིས་ཏང་གི་མཐོ་རིམ་གྲོས་ཚོགས་ཤིག་སྐོང་འཚོགས་བྱས་( ཀྲུའུ་ཏེ། ཀྲུག་ཨིན་ལེན་སོགས་ཡོད། རྩོམ་པ་པོའི་མཆན། ) ཏེ། བོད་ལ་དཔུང་འཇུག་བྱེད་ཕྱོགས་ཐད་གང་ཅིའི་བསམ་ཚུལ་བསྡུ་ལེན་བྱས་ཤིང། སྐབས་དེར་བོད་ལ་མགྱོགས་མྱུར་ངང་དཔུང་འཇུག་བྱ་དགོས་ཞེས་དང་། ཇག་ལྷག་རྩ་མེད་བཏང་མེད་པས་བོད་ལ་དཔུང་འཇུག་བྱ་རྒྱུའི་ཆ་རྐྱེན་འཛོམས་མེད་ཅེས་པའི་བསམ་ཚུལ་གཉིས་ཐོན་ཅིང་། མཐར་བོད་ལ་དཔུང་འཇུག་བྱ་རྒྱུ་སྔ་བ་ལས་ཕྱིས་དྲགས་རྒྱུ་མེད་པའི་བསམ་ཚུལ་ཐོག་ཚང་མ་གཅིག་གྱུར་བྱུང་བ་རེད།  སྐབས་དེར་ཀྲའུ་ཨིན་ལེན་གྱིས་ད་ལྟ་རྒྱ་གར་སོགས་ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་ཚང་མས་ང་ཚོ་ཁས་ལེན་གྱི་ཡོད། རྒྱལ་སྤྱི་རྒྱལ་ནང་ཕྱོགས་གང་གི་ཐད་ནས་བལྟས་ཀྱང་བོད་ལ་དཔུང་འཇུག་བྱ་རྒྱུའི་ཆ་རྐྱེན་འཛོམས་ཡོད་པ་རེད། ནུབ་བྱང་དུ་ཡོད་པའི་བློ་མཐུན་ཕེང་ཏེ་ཧའོ་དང་ལྷོ་ནུབ་ཏུ་ཡོད་པའི་བློ་མཐུན་ལིའུ་པོ་ཁྲེང་དང་ཏེང་ཞའོ་ཕིན་བཅས་ཀྱིས་དམག་དཔུང་བོད་ཀྱི་ས་མཚམས་སུ་སླེབས་ཡོད་པ་རེད། བོད་ལ་བཅིངས་འགྲོལ་གཏོང་རྒྱུ་དེ་དུས་ཚོད་ཀྱི་གནད་དོན་རེད་ཅེས་སྐད་ཤུགས་མཐོན་པོས་བཤད།5

            དམག་སྤྱི་ཀྲུའུ་ཏིས་མའོ་ཙེ་ཏུང་ལ་ཁ་ཕྱོགས་ནས་ཁྲིན་ཏུར་བཅིངས་འགྲོལ་བཏང་ཟིན་པ་དང་། ལིའུ་པོ་ཁྲེང་དང་ཏེང་ཞའོ་ཕིན་གིས་སྐམ་ས་ཆེན་པོར་ཡོད་པའི་གོ་མིན་ཏང་གི་མཐའ་མའི་གཙོ་ཤུགས་གཅིག་པུ་སྟེ་ཧུའུ་ཙུང་ནན་གཏོར་ཕམ་བཏང་ནས་ལྷོ་ནུབ་རྩ་བའི་ཆ་ནས་ལྷིང་འཇགས་སུ་བཏང་ཡོད་པ་རེད། ནུབ་བྱང་གི་མཚོ་སྔོན་དང་། ཀན་སུའུ། ཤིན་ཅང་ཡང་རྩ་བའི་ཆ་ནས་བརྟན་ལྷིང་བྱུང་ཡོད། སྐམ་ས་ཆེན་པོའི་ཐོག་མཚོ་རྒྱུད་ཀྱི་གླིང་ཕྲན་ཕུད། བོད་གཅིག་པུ་མ་གཏོགས་ལྷག་མེད་པས། བོད་ལ་དཔུང་འཇུག་བྱ་རྒྱུ་དེ་ནི་དམངས་སེམས་གཏད་ཕྱོགས་ཀྱི་དོན་ཆེན་ཞིག་རེད། ཨེན་ལེའེ་ཡིས་བོད་ལ་བཅིངས་འགྲོལ་གཏོང་རྒྱུ་དེ་ནི་དུས་ཚོད་ཀྱི་གནད་དོན་རང་རེད་ཅེས་བཤད་པ་རེད། ངས་བལྟས་ན་ད་དུང་ཐབས་ཤེས་ཀྱི་གནད་དོན་ཞིག་འདུག་ཅེས་6བཤད།

            དམག་སྤྱི་ཀྲུའུ་ཏིའི་བཀའ་སྐད་ཆ་མ་རྫོགས་གོང་། ཀྲུའུ་ཞི་མའོ་ཙེ་ཏུང་གིས་སྟོབས་དང་ལྡན་པའི་ལག་པ་གནམ་སའི་བར་ཐོལ་གྱིས་གཡུགས་ཏེ། ད་ག་རེད། བོད་ལ་དཔུང་འཇུག་བྱས་ན་ཏང་གི་བྱ་བཞག་དང་མི་དམངས་ཀྱི་བྱ་བཞག་ལ་ཕན་ཆ་ཆེ་བས། ཏང་ཡོན་པ་ཚང་མས་ལག་པ་ཁྱོགས་ཤིག་ཅེས་གསུངས། ཀྲུའུ་ཞིས་བཀའ་མོལ་དེ་གནང་སྐབས་དེར་ཡོད་པའི་མི་ཚང་མས་ཐལ་མོ་བརྡབས། 7

            ༡༩༤༩ ཟླ ༡༢ པར། མའོ་ཙེ་ཏུང་གིས་མོ་སེ་ཁོར་བསྐྱོད་པའི་མེ་འཁོར་ནང་ཀྲུང་དབྱང་ལ་བོད་ལ་དཔུང་འཇུག་བྱ་རྒྱུ་དེ་སྔ་བ་ལས་རྗེས་ལུས་ཐེབས་མི་རུང་ཞེས་གློག་འཕྲིན་བཏང། 8( སྐབས་འདིར་པཎ་ཆེན་ནང་སྒང་ནས་བཅིངས་འགྲོལ་གཏོང་རྒྱུར་དགའ་བསུའི་ཡི་གེ་མའོ་ཙེ་ཏུང་དང་ཀྲུའུ་ཏེའི་མཚན་ཐོག་ཏུ་ཕུལ་འདུག རྩོམ་པ་པོའི་མཆན།)

            ༡༩༤༩ ཟླ ༡༡ ཚེས  ༢༣ ཉིན་མའོ་ཙེ་ཏུང་གིས་སླར་ཡང་ནུབ་བྱང་དུ་ཡོད་པའི་དམག་སྤྱི་གཞོན་པ་ཕེང་ཏེ་ཧའོ་ལ་གློག་འཕྲིན་བཏང་སྟེ། 9 བོད་ལ་བཅིངས་འགྲོལ་གཏོང་རྒྱུའི་ཐད་དམག་དཔུང་མ་བཏང་ན་ཕལ་ཆེར་འགྲིག་ཐབས་མེད། དམག་དཔུང་གཏོང་རྒྱུ་དེ་ནུབ་བྱང་གཅིག་པུ་མ་ཡིན་པར་ད་དུང་ལྷོ་ནུབ་ནས་གཏོང་དགོས། ཞེས་གསལ་བོར་བསྟན་པ་མ་ཟད། ཀྲུང་དབྱང་གི་བསམ་འཆར་བརྒྱུད་བསྒྲགས་བྱས་པ་སྟེ། བོད་ལ་བདག་སྐྱོང་བྱ་རྒྱུའི་གནང་དོན་ཐད། ད་ལྟའི་གནས་ཚུལ་ལ་བལྟས་ན་ནུབ་བྱང་གིས་འགན་གཙོ་བོ་འཁུར་དགོས་པ་དང་། ལྷོ་ནུབ་ཀྱི་ལིའུ་པོ་ཁྲེང་དང་ཏེང་ཞའོ་ཕིང་གིས་འགན་གཉིས་པ་འཁུར་དགོས། དེ་ཡང་ལྷོ་ནུབ་ཀྱིས་ཁྲོན་ཁང་དང་ཞི་འཇགས་བཏང་རྗེས་ལམ་སེང་བོད་ལ་བདག་སྐྱོང་བྱེད་རྒྱུ་འགོ་འཛུགས་དགོས་པ་དང་། ནུབ་བྱང་གིས་བོད་ལ་དཔུང་འཇུག་བྱ་རྒྱུ་དང་བདག་སྐྱོང་བྱ་རྒྱུའི་འཆར་གཞི་ལམ་སེང་བཟོ་དགོས་ཞེས་བཀའ་ཕེབས།

            ༡༩༥༢ ཟླ ༡ ཚེས ༢ ཉིན། མའོ་ཙེ་ཏུང་སུའུ་ལེན་ལ་འཚམས་འདྲིར་བསྐྱོད་པའི་ལམ་བར་ཏང་ཀྲུང་དབྱང་དང་ཕེང་ཏེ་ཧའོ། ལིའུ་པོ་ཁྲེང། ཏེང་ཞའོ་ཕིང། ཧོ་ལུང་བཅས་ལ་གློག་འཕྲིན་བཏང་དོན། བོད་ལྗོངས་ལ་མི་གྲངས་མང་པོ་མེད་ཀྱང། རྒྱལ་སྤྱིའི་གནས་བབ་ཤིན་ཏུ་གལ་ཆེན་པོ་ཡོད་པ་རེད། ད་ལྟའི་གནས་ཚུལ་ལ་བལྟས་ན་ནུབ་བྱང་གི་མཚོ་སྔོན་དང་ཤིན་ཅང་ནས་བོད་ལྗོངས་ལ་དཔུང་འཇུག་བྱས་ན་དཀའ་ངལ་ཆེན་པོ་ཡོད་ཅིང། དེར་བརྟེན་བོད་ལྗོངས་ལ་དཔུང་འཇུག་བྱ་རྒྱུ་དང་བདག་སྐྱོང་བྱ་རྒྱུའི་ལས་འགན་དེ་ལྷོ་ནུབ་ཀྱིས་འཁུར་རྒྱུ་གཏན་འབེབས་བྱ་དགོས་10ཞེས་བཏོན།

            དེ་ནས་ཟླ་དེའི་ཚེས ༡༩ ཉིན་ལིའུ་པོ་ཁྲེང་དང་ཏེང་ཞའོ་ཕིང་གིས་བོད་ལྗོངས་ལ་དཔུང་འཇུག་བྱ་རྒྱུའི་འཆར་གཞི་དང་གཙོ་ཤུགས་དམག་དཔུང་གྲ་སྒྲིག་བྱས་ཚུལ་ཀྲུང་དབྱང་ལ་ཞུས། ཚེས ༢༣ དང་ཟླ ༢ ཚེས ༦ བཅས་སོ་སོར་དཔུང་འཇུག་འཆར་གཞི་11ཀྲུང་དབྱང་ལ་རིམ་བསྟུད་དུ་ཕུལ་བ་དང། ”བོད་ལྗོངས་ལ་དཔུང་འཇུག་བྱེད་སྐབས་ཆབ་སྲིད་ནི་དམག་དོན་ལས་གལ་ཆེ་བ་དང་། མཁོ་སྤྲོད་བྱ་རྒྱུ་ནི་འཐབ་འཛིང་བྱ་རྒྱུ་ལས་གལ་ཆེ་བ་ཡོད་”ཅེས་ཏེང་ཞའོ་ཕེན་གྱིས་སྐད་གྲགས་ཅན་གྱི་དཔུང་འཇུག་རྩ་དོན་བཏོན། མཐར་ནུབ་བྱང་ནས་རྟ་དམག་ཁ་སྣོན་དུ་བཏང་སྟེ་མཚོ་སྔོན་དང་ཤིན་ཅང་ཁག་སོ་སོ་ནས་ལྷོ་ནུབ་གཙོ་ཤུགས་བོད་ལ་དཔུང་འཇུག་བྱ་རྒྱུར་གཞོགས་འདེགས་བྱ་དགོས་རྒྱུའི་ཐད་ཀྲུང་དབྱང་དམག་ཨུད་ལ་གློག་འཕྲིན་བཏང་ནས་དགོངས་སྐོར་ཞུས་དོན། ནུབ་བྱང་གིས་རྟ་དམག་ཁ་སྣོན་དུ་བཏང་སྟེ་སྔོན་ལ་བོད་ལྗོངས་སུ་བསྐྱོད་ན། དགྲ་བོར་མཉམ་རུབ་ཀྱི་ནུས་པ་ཐོན་པ་མ་ཟད། དམག་རྒྱགས་གཟན་ཆག་དང་ས་བབ་ཀྱི་དཀའ་ངལ་ཐག་གཅོད་ཐུབ་ཅེས་གྲོས་གཞི་བཏོན་པར། ༡༩༥༢ ཟླ ༢ ཚེས ༦ ཉིན་ཀྲུང་དབྱང་དམག་ཨུད་ཀྱིས་ཆོག་མཆན་གནང་བ་མ་ཟད། ནུབ་བྱང་ནས་རྟ་དམག་ཁ་སྣོན་གྱིས་བོད་བསྐྱོད་བྱ་དགོས་པའི་བཀའ་ཕབ། 12

            དེའི་རྗེས་ཏང་ཀྲུང་དབྱང་གིས་དངོས་སུ་བཀའ་རྒྱ་ཕབ་དོན། 13 ”ལྷོ་ནུབ་ཀྱི་ཐང་འཐབ་དམག་དཔུང་གཉིས་པའི་ཅུན་ཤོག་ ༡༨ གཙོ་ཤུགས་བྱས་ཏེ་ཟི་ཁྲོན་དང་། ཤི་ཁང་རྒྱུད་ལྷ་སར་དཔུང་འཇུག་བྱ་དགོས། ཅུན་ཤོག ༡༤ ཡི་དཔུང་སྡེ་གཅིག་གིས་ཡུན་ནན་དང་བོད་ཀྱི་ས་མཚམས་རྒྱུད་དེ་ཐད་ཀར་ཧི་མ་ལ་ཡའི་རི་མཚམས་སུ་བསྐྱོད་དེ་བོད་ཀྱི་ལྷོ་ཕྱོགས་ས་ཁུལ་ཁག་ལ་བཅིངས་འགྲོལ་གཏོང་དགོས། མཚོ་སྔོན་དུ་ཡོད་པའི་ཐང་འཐབ་དམག་དཔུང་དང་པོའི་དཔུང་སྡེ་གཅིག་གིས་རྡོ་ཉི་ཟླ་རྒྱུད་ཐད་ཀར་གཞིས་ཀ་རྩེར་བསྐྱོད་དེ་དེའི་ས་ཁུལ་ཁག་ལ་བཅིངས་འགྲོལ་གཏོང་དགོས། པིང་ཐོན་དང་པོའི་དཔུང་སྡེ་གཅིག་གིས་ཁུ་ནུ་ལ་བརྒྱབ་སྟེ་བོད་བྱང་ཐང་མངའ་རིས་ལ་དཔུང་འཇུག་གིས་སྒར་རྫོང་བླངས་ཏེ་མངའ་རིས་ཡོངས་ལ་བཅིངས་འགྲོལ་གཏོང་དགོས་ཞེས་བཀའ་ཕབ་ཡོད།

གོང་གི་གནས་ཚུལ་འདི་དག་ལས་མིག་ལྡན་ཀུན་གྱིས་གསལ་བོར་མཐོང་ཐུབ་པ་ཞིག་ནི་ཀྲུང་གོ་གསར་པ་བཙུགས་རྗེས་ཀྱི་ཉིན་ཤས་རྗེས་ནས་དངོས་སུ་བོད་བཅིངས་འགྲོལ་གཏོང་རྒྱུ་ཟེར་པ་ལག་ལེན་བསྟར་ཕྱོགས་ཐད། ཀྲུང་གོའི་སྐབས་དང་པོའི་ཆེས་མཐོའི་དབུ་ཁྲིད་ཚོས་ཞིབ་གྲོས་རྒྱུད་དངོས་སུ་གཏན་འབེབས་བྱས་པའི་རྒྱུད་རིམ་གསལ་བོར་མཐོང་བ་དེ་རེད། ད་འོ་ན་ཀྲུང་དབྱང་གིས་བོད་ཡོངས་ལ་བཙན་འཛུལ་བྱ་རྒྱུའི་འཆར་འགོད་དང་ལག་བསྟར་གྱི་རྒྱུད་རིམ་འདི་དག་གི་སྐབས། ང་ཚོས་སྐུ་གཤེགས་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་གང་དུ་ཡོད་མེད་དང། ཕྱག་ལས་ཅི་ཞིག་གནང་བཞིན་པ་བཅས་ལ་ཞིབ་ལྟ་བྱས་ན། དམར་དམག་དབུས་གཙང་དུ་ཡོང་མིན་ནི་ཁོང་གི་ལམ་ཁྲིད་དང་སྐད་བསྒྱུར་མེད་ན། ཡོང་ཐུབ་ཀྱི་ཡོད་མེད་ཀྱི་གནས་སྟངས་དེ་གསལ་བོར་མཁྱེན་ཐུབ་པ་དེ་རེད། མ་གཞི་ནས་བསམ་བློའི་གནས་ཚད་ངེས་ཅན་ཡོད་མཁན་ཞིག་ཡིན་ན། དམར་དམག་བོད་དུ་ཁྲིད་ཡོང་མཁན་ཕུན་དབང་རེད་ཟེར་པ་ནི་དགོད་བྲོ་བའི་གཏམ་ཞིག་ཡིན་པ་ཤེས་སླ་ཞིང་། ཕུན་དབང་དང་ཐེན་པའོ་སོགས་བོད་རིགས་སུ་འདྲ་ཞིག་ཡོད་མེད་ལ་མ་བལྟས་པར། བོད་ལ་དཔུང་འཇུག་བཙན་འཛུལ་བྱ་རྒྱུ་ནི་ཀྲུང་དབྱང་གིས་ཐག་གཅོད་སྔ་ནས་བྱས་ཚར་བ་ཞིག་ཡིན་སྟབས། ཕུན་དབང་གིས་དམར་དམག་ཁྲིད་མ་ཡོང་ན་མི་ཡོང་བའི་ངེས་པ་མེད་པ་བྱིས་པ་ལོ་བདུན་ཞིག་གིས་ཀྱང་མ་ཤེས་ཅི་ལ་སྲིད།

གསུམ། སྐུ་ཞབས་ཕུན་དབང་བོད་སྐྱོད་དམག་དཔུང་ནང་ཅི་ལྟར་སླེབས་པ་རེད་དམ།

            ཚིག་ཉོག་མི་འབྱུང་ཆེད་དང་ཡི་གེར་འཇིགས་ནས་མཚམས་འདིར་ང་ཚོས་གསལ་བོ་ངོས་འཛིན་ཐུབ་དགོས་པ་ཞིག་ནི། འབའ་བ་ཕུན་དབང་ལ་ཀྲུང་གོ་གསར་པ་མ་བཙུགས་སྔོན་གྱི་དུས་ཡུན་རིང་པོའི་ནང། དགའ་མོས་གཏན་ནས་མེད་ཅིང་མགོ་རྟིང་སློག་འདོད་པའི་བསམ་ཚུལ་ཁ་ཤས་ཡོད་པ་ནི། ”གོ་མིན་ཏང་གི་མི་མང་བཤུ་གཞོག་ཅན་གྱི་རུལ་སུངས་སྲིད་གཞུང་དང། བོད་གཞུང་གི་བླ་དཔོན་ཚོས་མི་སེར་ལ་དབང་བསྒྱུར་བྱེད་པའི་ལམ་ལུགས་རྗེས་ལུས་ཅན། བོད་ས་གཞན་གྱི་སྡེ་དཔོན་མི་དྲག་དང།  བླ་མས་དབང་བསྒྱུར་བཅས་མི་སེར་ཡུལ་ལུང་ས་ཁོངས་རིས་གཅོད་ཀྱི་གནས་བབ་དེ་དག་ལ་བསྒྱུར་བཅོས་བཏང་སྟེ། བོད་མི་རིགས་འདི་ཉིད་མི་རིགས་གཞན་དང་འདྲ་མཉམ་གྱི་དཔུང་བ་མཉམ་གཤིབ་ཐུབ་རྒྱུར། བོད་མི་ནང་ཁུལ་གྱི་བཤུ་གཞོག་གཏོང་མཁན་དང་གཏོང་ཡུལ་གྱི་འདྲ་མཉམ་མིན་པའི་གནས་བབ་དེ་དག་གཙང་བཟོ་བྱེད་འདོད་ཡོད་པ་ནི་ཧ་ཅང་གསལ་བོ་རེད་ལ། དོན་དངོས་དེ་ནི་<<བོད་མི་གསར་བརྗེ་བ>>ཞེས་པའི་ཁོང་གི་ལོ་རྒྱུས་དང། སྐུ་ཚེ་འདིའི་ཆབ་སྲིད་ཞལ་ཆེམས་སུ་བཞག་པའི་<<རང་རྒྱལ་གྱི་མི་རིགས་གནད་དོན་དང་མི་རིགས་ལས་དོན་སྐོར་གྱི་ཕྱིར་རྟོག་>>གཉིས་ཀར་ནན་བརྗོད་གནང་ཡོད་པ་དེ་རེད།

            ད་ནི་དཀྱུས་སུ་ཞུགས་ན། ཀྲུང་གོ་གསར་པའི་མགོ་ཁྲིད་སྐབས་དང་པོས་བོད་ཡོངས་ལ་བཙན་འཛུལ་བྱེད་རྒྱུའི་གོང་བཀོད་ལས་འཆར་འདི་དག་འགོད་བཞིན་པའི་སྐབས། ༡༩༤༩ ལོར་སྐུ་ཞབས་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་འབའ་ཐང་དུ་སླེབས་ནས་འབའ་ཐང་གསང་བའི་ཏང་འཛུགས་བཞིན་པ་དང། སྡེ་དགེ་དང་ལི་ཐང། དར་རྩེ་མདོ་བཅས་ཀྱི་ནང་གཞོན་ནུའི་མནའ་འབྲེལ་གྱི་ཡན་ལག་14 ཀྱང་བཙུགས། ལོ ༢༨ རེད། དེའི་སྐོར་ཕུན་དབང་ཁོང་གིས། ”ང་ཚོའི་ལས་འགུལ་གྱི་དམིགས་ཡུལ་ནི་ཧ་ཅང་སྟབས་བདེ་ཡིན་པ་སྟེ། འབའ་ཐང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་འོག་བོད་རིགས་མི་དམངས་ཀྱི་གཞུང་ཞིག་འཛུགས་རྒྱུ་དེ་རེད།15 ”ཅེས་བརྗོད་འདུག སྐབས་དེར་གོ་མིན་ཏང་ཕམ་ཉེས་འགྲོ་བཞིན་པ་དང་གུང་ཁྲན་ཏང་གི་ཆེ་བ་བླ་ལྷག་ཏུ་བརྗོད་སྟབས་ཚོགས་པའི་ནང་འཛུལ་ཞུགས་མི་སྣ་ལས་སླ་བོའི་( གོ་མིན་ཏང་ནི་བོད་མིར་བཙན་གནོན་བྱེད་མཁན་གཅིག་རེད། རྒྱ་ནག་དམར་ཤོག་ཚོགས་པའི་བཅིངས་འགྲོལ་དམག་མི་ནི་བོད་མི་རྣམས་བཙན་གནོན་གཏོང་མཁན་གྱི་འོག་ནས་བཅིངས་འགྲོལ་གཏོང་མཁན་དེ་རེད། ཁྱེད་ཚོས་རྒྱ་མི་གསར་རྙིང་གཉིས་ཀྱི་བར་ཁྱད་གསལ་པོར་འབྱེད་དགོས། ཁྱེད་ཚོས་གུང་ཁྲན་ཏང་གི་སྐོར་ལ་དམའ་འབེབས་ཀྱི་སྐད་ཆ་འདྲ་མི་འདྲ་གོ་ཡོད་ངེས་རེད། དེ་ཚོ་ཚང་མ་བདེན་པ་མ་རེད། 16ཕུན་དབང་གི་གཏམ་བཤད་ཀྱི་སྙིང་དོན། )ངང་གོང་འཕེལ་དུ་ཕྱིན་འདུག དེ་དང་མཉམ་དུ་ས་གནས་དེར་ཡོད་པའི་དམག་མི ༤༠༠ ཙམ་ཡོད་པའི་གོ་མིན་ཏང་གི་བཅའ་སྡོད་དམག་སྒར་གཏོར་རྒྱུ་སོགས་ལ་ཇུས་འགོད་བྱས་འདུག སྐབས་འདིར་17མའོ་ཙེ་ཏུང་དང་ཀྲུའུ་ཏེ་གཉིས་ཏར་འཕྲིན་ཞིག་བཏང་སྟེ། བོད་རིགས་དམར་ཤོག་ཚོགས་པའི་ལོ་རྒྱུས་མདོར་བསྡུས་དང། དེ་དང་ཁྲུང་ཆིན་ནང་རྒྱ་ནག་དམར་ཤོག་ཚོགས་པའི་དབར་འབྲེལ་བ་ཇི་བྱུང། དེ་བཞིན་འབའ་ཐང་ནང་གི་ད་ལྟའི་གནས་སྟངས་བཅས་ཞིབ་གསལ་བྲིས་ཡོད་འདུག

བརྗོད་མ་ཐག་པའི་གུང་ཁྲན་གྱི་ཆེས་ཐོག་མའི་ཆེ་བ་བརྗོད་པ་དང་ཏར་འཕྲིན་བཏང་བའི་གནས་ཚུལ་གཉིས་ཀ་འབའ་བ་ཕུན་དབང་གིས་ཕྱིར་དྲན་བརྗོད་པ་ཆ་ཚང་ཡིན།

            སྐབས་དེར་ཕུན་དབང་ལ་དམག་སྤྱི་ཆེན་མོ་ཀྲུའུ་ཏེས་ཏར་ལན་འབྱོར་བའི་ནང་འཁོད་དོན། 18”ཤིས་ཁམས་ཞིང་ཆེན་འབའ་ཐང་རྫོང་ཤར་བོད་དམངས་གཙོ་གཞོན་ནུ་མནའ་འབྲེལ་ཚོགས་པའི་སྤྱི་ཁྱབ་པུའུ་ཡི་སྐུ་ཞབས་ཕུན་ཚོགས་དབང་རྒྱལ་ལགས། ( ༡༩༥༠ )སྤྱི་ཟླ ༡ ཚེས ༧ ཉིན་གྱི་གློག་འཕྲིན་འབྱོར་བས། དགའ་སྤྲོ་ཤིན་ཏུ་ཆེ། ལས་ཀའི་གནད་དོན་དང་པོ་བོད་བཅིངས་འགྲོལ་གཏོང་རྒྱུའི་དོན་དངོས་གནད་དོན་སྐོར། ཁྱེད་ཉིད་ཁྲུང་ཆིན་དུ་ཕེབས་ནས་ལྷོ་ནུབ་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ལེའུ་པོ་ཁྲེང་དང་འབྲེལ་གཏུག་ཞུ་དགོས། ཀྲུའུ་ཏེ་ནས།

ཀྲུའུ་ཏེའི་འཕྲིན་ཡིག་ལྟར་ཕུན་དབང་ལགས་ཁྲུང་ཆིན་ཏུ་འབྱོར་བའི་གནས་ཚུལ་ཏེང་ཞའོ་ཕིན་གྱིས་འཆར་ཟིན་གནང་བའི་ཀྲུང་དབྱང་ལྷོ་ནུབ་ཅུས་ཀྱིས་་ཀྲུང་དབྱང་ལ ༡༩༥༠ ཟླ ༥ ཚེས ༡༡ ཉིན་བཏང་བའི་ནང་འཁོད་དོན། 19 ”ཕུན་ཚོགས་དབང་རྒྱལ་ཁྲུང་ཆིན་དུ་ཕེབས་ནས་མཇལ་འཛོམས་བྱུང། ཁོང་དགུང་ལོ་༣༠ ལས་མིན་པ་དང། བྱ་འགུལ་འབྲེལ་བ་བྱེད་མཁས་པ། བོད་ཕྱོགས་ཀྱི་གོང་རིམ་དང་འབྲེལ་བ་ཡོད་པ་དང། གཞོན་ནུ་ཡར་ཐོན་ཅན་ཁག་གཅིག་ལ་མཐུན་སྒྲིལ་བྱས་ཡོད་འདུག ཁམས་བོད་དུ་ཡོངས་གྲགས་ཀྱི་གུང་ཁྲན་ཏང་ཡོན་ཡིན་ཞིང། རྒྱ་ཡིག་བྱང་ཆུབ་པ། དབྱིན་ཡིག་གི་དཔེ་དེབ་ཀློག་ཐུབ་པ། ཐོག་མའི་མར་ཁེ་སི་རིང་ལུགས་ཀྱི་རྨང་གཞི་ཡོད་པ། གནད་དོན་གོ་བ་ལེན་པའི་ནུས་པ་ཆེ་བ་བཅས་བོད་རིགས་ཁྲོད་རྙེད་དཀའ་བའི་ལས་བྱེད་པ་ཞིག་ཡིན་ཅིང། ད་ལྟ་རང་རེའི་ཏང་གི་པ་ཨན་རྫོང་(འབའ་ཐང)གི་ཧྲུའུ་ཅི་ཡིན། ཁོང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་ལྷན་དུ་བོད་དུ་སྐྱོད་དགོས་པའི་གཏན་འབེབས་བྱས་པ་མ་ཟད། ཕུན ཚོགས་དབང་རྒྱལ་བོད་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་ནང་ཞུགས་ཏེ་ཨུ་ཡོན་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན་པས། ཀྲུང་དབྱང་ནས་ཆོག་མཆན་གནང་རོགས་“ཞེས་འཁོད་ཡོད་པ་རེད།

དེ་མ་ཐག་ཏེང་ཞའོ་ཕེན་གྱིས་དངོས་སུ་ཕུན་དབང་ལ་20”བོད་ཀྱི་མཐོ་རིམ་མི་སྣ་རྣམས་རྒྱ་ནག་གི་སྲིད་གཞུང་གསར་པའི་སྲིད་བྱུས་འོག་ཚུར་འགུགས་རྒྱུ་དང། སྤྱི་ཡོངས་ནས་བོད་རྒྱའི་དབར་གྱི་འབྲེལ་ལམ་བཟང་པོ་རྒྱུན་གནས་ཡོང་བའི་འགན་ཁྱེད་ཀྱིས་ཁུར་དགོས་པར་བརྟེན། ཁྱེད་རང་གི་ལས་འགན་གཙོ་གནད་ཅིག་རེད་ཅེས་དང། ཡང་། དམིགས་ཡུལ་འདི་འགྲུབ་ཆེད་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔོན་ཚོར། ཁོང་ཚོས་ཤེས་རྟོགས་མེད་པའི་བོད་མིའི་སེམས་ཚོར་དང་བསམ་ཕྱོགས་སྐོར་སློབ་སྟོན་ཡང་བྱེད་དགོས་པའི་ལས་འགན་སྤྲད་བྱུང།“ཅེས་བརྗོད་ཡོད། དེ་ནས་བཟུང་ཕུན་དབང་དམག་སྡེ་ཨང་ ༡༨ པའི་ལས་དོན་དངོས་སུ་ཞུགས་ཤིང། མི་རིང་བར་ཆབ་མདོར་གནས་འཁོད་བོད་གཞུང་གི་མདོ་སྤྱི་བླངས་ཤིང ༡༩༥༡ ཟླ ༥ ཚེས ༢༣ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་པར་མིང་རྟགས་བཀོད། ༡༩༥༡ ལོའི་དབྱར་ཁར་ཝང་ཆི་མེ་མགོ་འཛིན་ཡིན་པའི་བཅིངས་འགྲོལ་དམག་གི་སྔོན་སྐྱོད་དམག་དཔུང་ཆབ་མདོ་ནས་ལྷ་སར་ཆས་པ་དང། དེ་ནས་ཡུན་རིང་མ་ཕྱིན་པར་ཀྲང་གོ་ཧྭ་དང་ཆབ་སྲིད་ཨུ་ཡོན་ཐན་ཀོན་སན་གྱིས་སྣེ་ཁྲིད་པའི་དམག་སྡེ་ཨང་ ༡༨ པའི་གཙོ་ཤུགས་དམག་དཔུང་ཡང་ལྷ་སར་འབྱོར།

ལྷ་སར་འབྱོར་ནས་ཡུན་རིང་མ་ལོན་པར་ཀྲུང་དབྱང་གིས་མངགས་པའི་ལྷོ་ནུབ་དང་ནུབ་བྱང་གི་དམག་སྡེ་བར( འདི་ལ་ལྷོ་ནུབ་ཤོག་ཁ་དང་ནུབ་བྱང་ཤོག་ཁ་འབོད་མཁན་ཡང་ཡོད།) ཁེ་ཕན་འཐབ་རྩོད་ཀྱི་དབུ་ཚུགས་ཤིང། དེའི་ལག་ཆར་དེ་སྔའི་གཞུང་བླའི་མི་མཐུན་པ་བེད་སྤྱོད་བཏང་སྟེ། དགའ་ལྡན་ཕོ་བྲང་གཞུང་དང་པཎ་ཆེན་ནང་སྒང་གི་ཕྱོགས་གཉིས་རྒྱ་དཔོན་ཚོས་བེད་སྤྱོད་བྱས་ཏེ་བོད་ལྗོངས་ཀྱི་ལས་དོན་ཐོག་གྲུབ་འབྲས་རྔོ་ཐོགས་པ་རྩ་བ་ནས་བྱུང་མེད། འདིར་གསལ་བཤད་ཐུང་ཙམ་ཞུ་དགོས་པ་ཞིག་ནི། ལྷོ་ནུབ་ཕྱོགས་ཀྱི་ཧྲུའུ་ཅི་ཀྲང་ཅིང་ཝུའུ་དང་ཀྲང་གོ་ཧ་སོགས་ལྷོ་ནུབ་ཤོག་ཁས་གཙོ་བོ་ཀྲུང་དབྱང་གི་དགོངས་དོན་གཞིར་བཟུང་གྲོས་མཐུན་དོན་ཚན་བཅུ་བདུན་ཁུངས་རྩར་བཟུང་སྟེ་བཀའ་ཤག་དང་མཉམ་དུ་དམངས་གཙོ་བཅོས་བསྒྱུར་བར་སྒྲུབ་ཡོད་པ་དང། ནུབ་བྱང་གི་ཧྥན་མང་སོགས་ཀྱི་པཎ་ཆེན་ནང་སྒང་གི་ཕྱོགས་ནས་ལྷོ་ནུབ་དང་བཀའ་ཤག་ལ་མཉམ་རུབ་མེད་པའི་རྣམ་འགྱུར་བསྟན་པ་སོགས་ནི་བོད་ལ་ཆག་ཆེ་ཉམས་ང་ཡོང་རྒྱུའི་ས་བོན་ནུས་ཅན་ཞིག་ཆགས་ཡོད་ལ། ( འདིའི་སྐོར་༸གོང་ས་མཆོག་གིས་པཎ་ཆེན་རིན་པོ་ཆེའི་སྐོར་བཀའ་སློབ་ཕེབས་པ་ཞིག་གི་ནང་དུའང་གསལ། )འགལ་བ་འདི ༡༩༥༨ ལོའི་ལོ་མཇུག་བར་གཙང་བཟོ་མ་ཐུབ། ༢༠༠༩ ལོར་རྒྱལ་བ་ཡབ་སྲས་བར་ཐུགས་སྣང་མི་མཐུན་པའི་དེབ་<<བོད་ལྗོངས་ནང་ཁུལ་གྱི་རྩོད་གཞི>> ་ཟེར་བ་ཞིག་བྲིས་ཏེ་ཞང་ཀང་ནས་པར་བསྐྲུན་གནང་མཁན་ནི། གོང་དུ་བཤད་པའི་པཎ་ཆེན་ནང་སྒང་ལ་ཁ་ལོ་བསྒྱུར་མཁན་ཧྥན་མང་རེད། དེབ་འདིའི་ནང་གི་གནད་དོན་རྣམས་བདེན་པ་མིན་པ་ཀུན་གཟིགས་བཅུ་པ་མཆོག་སྐུ་གཤེགས་ནས་ལོ ༡༠ འཁོར་བའི་རྗེས་དྲན་ངྷ་རམ་ས་ལར་འཚོགས་པ་དེའི་ཚོགས་མགོན་དུ་༸གོང་ས་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཤིང། ༸གོང་ས་མཆོག་གིས་ཉིན་དེར་༸རྒྱལ་བ་ཡབ་སྲས་ཐུགས་སྣང་མི་མཐུན་པ་ཟེར་པ་ནི་བློ་བཟོ་འབའ་ཞིག་ཡིན་པ་སྒྲུབ་བྱེད་ཚད་འཕེར་གྱི་ལམ་ནས་བཀའ་སློབ་ཞིབ་ཅིང་རྒྱས་པ་བསྩལ་ཡོད།

ཕྱོགས་གཉིས་ཀྱི་འགལ་བ་འདི་དག་གི་ཁྲོད་ནས་ཕུན་དབང་ལགས་ནས་ལྷག་བསམ་རྣམ་དག་གིས་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ལམ་ནས་བོད་ལ་བདེ་སྐྱིད་ཐོབ་ཐབས་དང། དངོས་ཡོད་གནས་ཚུལ་དང་མཐུན་པའི་བོད་ཀྱི་མདུན་ལམ་སྤོབས་པ་ཆེན་པོས་ཕྱག་ལས་གནང་སྟེ་བོད་མི་རིགས་ཀྱི་བདེ་སྡུག་རྩ་བ་ཉིད་ནས་བློས་མ་བཏང་བར། དཔོན་རིགས་ནང་ཁུལ་དང་ལྷག་པར་ཧྥན་མང་གི་ཚུལ་དང་མི་མཐུན་པའི་བྱེད་བབ་ལ་དགག་པ་གནང་ཡོད། ༢༠༠༩ ལོར་ཧྥན་མང་གིས་ཞང་ཀང་དུ་པར་བསྐྲུན་བྱས་པའི་དྲན་ཐོ <<བོད་ལྗོངས་ནང་ཁུལ་གྱི་རྩོད་གཞི་>>ཟེར་པའི་དེབ་ཅིག་བྲིས་ཏེ། དེའི་ནང་” ཕུན་དབང་ནི་ཏང་ནང་དུ་ཡོད་པའི་ཏཱ་ལའི་ཤོག་ཁའི་མགྲིན་ཚབ་ཡིན་པར་འདོད་”ཅེས་དང། སྐབས་དེའི་ལྷོ་ནུབ་ཤོག་ཁའི་དབྱིན་ཧྥ་ཐང་གིས་ལོ་རབས་བརྒྱུད་ཅུ་པར་ཀྲུང་དབྱང་ལ། ” བོད་ལྗོངས་ཀྱི་འཐུས་ཚབ་མི་སྣ་གསུམ་སྟེ་ཏཱ་ལའི་དང། པཎ་ཆེན། ཕུན་དབང་གིས་བོད་ལྗོངས་ཀྱི་ལས་དོན་འགལ་རྐྱེན་བཟོས་ཚུལ་” ཞུས་པ་དང། དབྱིན་ཧྥ་ཐང་གིས་ཀྲུང་དབྱང་ལ་འཕྲིན་ཡིག་བསྐུར་བའི་ནང་”ཕུན་དབང་དང་ཏཱ་ལའི་བླ་མའི་བར་གྱི་འབྲེལ་བ་རྒྱུན་ལྡན་མིན་ཞིང། ཐ་ན་ཚད་ལས་བརྒལ་ཡོད་སའང་མཆིས་”21ཞེས་བྲིས་འདུག

            གོང་གི་གནས་ཚུལ་འདི་དག་ལས་ལོ་རྒྱུས་ཀྱི་དོན་གནད་མང་པོ་ཞིག་ང་ཚོས་ཤེས་ཐུབ་ཅིང། ཕུན་དབང་བོད་ལ་བཙུན་འཛུལ་བྱེད་པའི་བཅིངས་འགྲོལ་དམག་མིའི་ནང་ཅི་ལྟར་སླེབས་པ་དང། ལྷ་སར་བསྐྱོད་དེ་ལས་དོན་བྱེད་སྟངས་ཀྱི་གནས་ཚུལ་ཡང་ཤེས་ཐུབ་པ་རེད། ལོ་རྒྱུས་ཀྱི་གནས་ཚུལ་དངོས་འདིས་ཕུན་དབང་ནི་གསལ་བོར་ཞུས་ན་བཅིངས་འགྲོལ་དམག་གི་སྐད་བསྒྱུར་བ་ཞིག་དང། དེ་ལས་ཀྱང་བཅིངས་འགྲོལ་དམག་དང་ཀྲུང་དབྱང་ལ་བློ་དཀར་པོ་བྱུང་ན་གནད་དོན་ཆེ་ཁག་ནང་བློ་འདོན་དང་གྲོས་བསྡུར། ཐག་གཅོད་བཅས་ཀྱི་ཐོག་དབང་ཆ་ཡོད་པ་དང། ཀྲུང་དབྱང་ནས་ཡིད་ཆེས་བྱེད་ཀྱི་ཡོད་པའི་ཚོར་བ་དེ་ཁོང་ལ་སྐྱེས་ཡོད་པ་མ་ཟད། ཁོང་གིས་རིང་མོ་ཞིག་ནས་ཡིད་ལ་བརྣག་པའི་བོད་ལྗོངས་དང་བོད་ཁུལ་གཞན་གྱི་གསར་བརྗེའི་ལས་དོན་དེ་གུང་ཁྲན་ཏང་གི་སྐབས་དེའི་དམངས་ཕན་རང་བཞིན་གྱི་རྣམ་འགྱུར་དང་ཐག་གཅོད། སྒྲིག་གཞི་བཅས་དང་སྡེབས་ན་འགྲུབ་ངེས་པའི་ཡིད་ཆེས་བརྟན་པོ་བྱས་ཡོད་ཅིང། ཚུལ་འདིས་ནི་ཁོང་གི་རྨི་ལམ་མངོན་འགྱུར་བྱས་པ་ལྟ་བུའི་ཚོར་བ་ཡང་ཡང་བྱུང་བ་དང། བོད་མི་གུང་ཁྲན་ཏང་ཡོན་ཞིག་ཏུ་སྐྱེས་པའི་སྐྱེ་གོ་ཆོད་པའི་ཚོར་བའང་རྒྱུན་མར་བྱུང་ཡོད་པ། ཁོང་གི་ལོ་རྒྱུས་དང་ཆབ་སྲིད་ཁ་ཆེམས་ཀྱི་དཔེ་དེབ་གཉིས་ལས་གསལ་བོར་ཕྱོགས་བསྡོམས་བྱེད་ཐུབ་པ་དེ་རེད་ལ། བོད་གཞུང་གི་དེ་སྔའི་ལམ་ལུགས་དང། གོ་མིན་ཏང་གི་ལོག་སྤྱོད་བྱེད་ཕྱོགས་བཅས་ལ་འདོད་པ་མེད་མཁན་ནི་བོད་རིགས་མི་སྣ་གྲགས་ཅན་ཁྲོད་མང་པོ་ཡོད་ཅིང། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་ཚང་ཡང་བོད་གཞུང་གི་གནང་སྟངས་ལ་རྦད་དེ་ཐུགས་མོས་ཁྱོན་ནས་མེད་པ་གསལ་བོ་སྟོན་མཁན་གྱི་གང་ཟག་ཅིག་ཆགས་ཡོད་པ་རེད། ཚུལ་འདི་དག་ལ་གཞིགས་ཏེ། ཕུན་དབང་དམག་སྡེ་ ༡༨ པའི་ནང་ཞུགས་པའི་སྔ་ཕྱིའི་ལས་དོན་ཚང་མར་དཔྱད་པ་བྱེད་སྐབས། དམར་དམག་དབུས་གཙང་དུ་སླེབས་མིན་དེ་ཕུན་དབང་ཡོད་མེད་ལ་ཁྱད་པར་ཏིལ་འབྲུ་ཙམ་མེད་པ་དེ་ཧ་ཅང་གསལ་བོ་རེད། ཡིན་ནའང། དབུས་གཙང་དུ་དམར་དམག་དཔུང་འཇུག་བྱ་རྒྱུའི་ཁྲོད་ཁོང་གིས་ལྷག་བསམ་རྣམ་དག་གིས་ལས་དོན་བྱས་ཏེ་ནུས་པ་ཧ་ལས་པའི་ཡག་པོ་ཐོན་ཡོད་པ་དེའང་གསལ་བོ་རེད། གང་ལྟར་དམར་དམག་གིས་བོད་བཅིངས་འགྲོལ་གཏོང་རྒྱུར་འདོད་མོས་ཡོད་མཁན་ཚོ་རྒྱལ་ཚོང་པར་བརྩི་དགོས་ཚེ། སྐབས་དེར་ཕུན་དབང་ཙམ་མ་ཟད། པཎ་ཆེན་ནང་སྒང་སོགས་མང་པོ་ཞིག་ཀྱང་ཚུད་ཡོད།

བཞི། སྐབས་འདིར་རྒྱལ་སྤྱིའི་ནང་གི་བོད་ཀྱི་གནས་བབ་གང་འདྲ་རེད།

            ཕུན་དབང་མཆོག་རྒྱལ་ཚོང་པ་ཡིན་མིན་གྱི་མདོ་རྩ་འཚོལ་དུས་རྒྱ་ཆེ་ས་ནས་བསམ་བློ་མ་བཏང་ཚེ། ཕུན་དབང་མེད་ན་དམར་དམག་བོད་དུ་སླེབས་མི་ཐུབ་པ་ལྟ་བུ་བསམ་སྲིད་ལ། ཡང་ན་སྐབས་དེར་རྒྱལ་སྤྱིའི་སྲིད་གཞུང་ཁག་ལ་རོགས་རམ་ཞུས་ཡོད་ན་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙན་བྱོལ་དུ་འགྲོ་དགོས་དོན་མེད་པ་ལྟ་བུའང་བསམས་སྲིད་པས། བོད་དོན་གྱི་གནས་བབ་གཞན་དྲིང་མི་དགོས་པ་ཞིག་བྱེད་དགོས་ཚེ་གནད་དོན་འདི་དག་ཤེས་རྟོགས་བྱེད་རྒྱུ་ལས་གཡོལ་ཐུབ་མེད་པ་ནི་གསལ་བོ་རེད།

དེའི་སྐོར་ཕུན་དབང་གིས་བརྗོད་དོན་”ང་ཚོས་འབད་བརྩོན་བྱེད་བཞིན་པའི་སྐབས་སུ་བོད་གཞུང་གིས་ཞྭ་སྒབ་པ་དང་བྱང་ངོས་པ་ལྟ་བུའི་གཞུང་ཞབས་ཁག་ཅིག་རྒྱ་གར་ལ་མངགས་ཏེ་རྒྱལ་ཁབ་གཞན་ནས་དམག་རོགས་ཐེ་བའི་རོགས་རམ་འཚོལ་བཞིན་པ་ཡང་ཤེས་ཀྱི་ཡོད། དུས་ཚོད་ཅུང་ཙམ་སོང་རྗེས་ཀྲུང་དབྱང་ནས་གནས་ཚུལ་གྱི་འཕེལ་ཕྱོགས་སྔོན་དཔག་ཐུབ་ཅིང། དོན་ལ་འགྱུར་ལྡོག་ཅི་ཡང་མི་འབྱུང་བའི་ངེས་པ་རྙེད་པས། དམག་སྡེ་ཨང་ ༡༨ པ་འབྲི་ཆུ་བརྒལ་ཏེ་གཏོང་རྒྱུའི་ཐག་གཅོད་བྱས”22ཞེས་བཀོད་ཡོད། ཁོང་གི་ཚིག་དུམ་འདིའི་སྐོར་ལ་དེ་སྔའང་བདག་ལ་དྲི་བ་གཏོང་མཁན་བྱུང་ལ། དེང་སང་བརྡ་འཕྲིན་བརྒྱུད་ལམ་ཇེ་ལྷོད་དང་ཇེ་བདེར་སོང་རིམ་ནང། འདི་དག་ཤེས་འདོད་བྱེད་པའི་ན་གཞོན་ལོ་མཉམ་གསར་བུ་སྟག་འདྲ་བ་ཤེས་ཡོན་ཅན་མང་པོ་ཡོད་པའང་ཤེས་པས། གཤམ་དུ་རགས་ཙམ་བརྗོད་ན།

ཀྲུང་གོ་གསར་པ་བཙུགས་པའི་སྔ་རྗེས་སུ་བོད་གཞུང་ནས་རྒྱལ་སྤྱིའི་སྲིད་གཞུང་ཁག་ཁ་ཤས་དང་འབྲེལ་བ་བྱུང་བའི་གནས་ཚུལ་འགའ་བྱུང་ཡོད་ཅིང། དེ་ནི་ ༡༩༤༥ ལོའི་ཨེ་ཤ་ཡའི་ཚོགས་འདུ་དང། འཛམ་གླིང་དམག་ཆེན་གཉིས་པ་གཡུལ་རྒྱལ་བཀྲ་ཤིས་བདེ་ལེགས་ཞུས་པ། ༡༩༥༦ ལོའི་སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་དྲན་མཛད་སྒོར་༸རྒྱལ་བ་ཡབ་སྲས་སྟོན་འཁོར་རྒྱ་གར་དུ་ཆིབས་ཞལ་བསྒྱུར་པ་བཅས་རེད།

            གལ་གནད་ཆེ་བའི་གནས་ཚུལ་འདི་དག་བོད་མི་ཕལ་མོ་ཆེས་གོ་ཡོད་ལ། རྒྱ་གར་ལ་བཙན་བྱོལ་དུ་ཡོང་མྱོང་མཁན་ཞིག་ཡིན་ན། རྩིག་ངོས་ཁག་ནས་ཞྭ་སྒབ་པའི་ཕྱི་བསྐྱོད་ལག་ཁྱེར་གྱི་ངོ་བཤུས་དང། བདག་ཉིད་ཆེན་པོ་གན་ངྷིས་གསུང་བཤད་གནང་པའི་ཨེ་ཤ་ཡའི་ཚོགས་འདུའི་འདྲ་རིས་གཉིས་མཐོང་མེད་མཁན་ག་ལ་ཡོད། གནས་ཚུལ་འདི་དག་གི་ཐད་རྒྱ་བོད་ཕྱོགས་གཉིས་ཀྱི་གཞུང་འབྲེལ་གྱི་ལྟ་སྟངས་དང་ངོས་འཛིན་གནང་ཕྱོགས། རྒྱ་གར་གཞུང་གི་སྐབས་དེའི་ནེ་རུའི་སྲིད་གཞུང་གིས་བཤད་སྟངས་ཅི་ཞིག་ཡིན་མིན་བཅས་བསྡུར་རྒྱུ་སྐབས་སུ་མ་བབས་ཀྱང། ཨེ་ཤ་ཡའི་ཚོགས་འདུ་ལ་ཞུགས་མཁན་དང་གཡུལ་རྒྱལ་བཀྲ་ཤིས་བདེ་ལེགས་ཞུ་མཁན་དུ་བཅར་བའི་ཚོགས་མི་བོད་ཀྱི་མཐོ་རིམ་མི་སྣའི་ཁོངས་ནས་23མིག་མཐོང་ལག་ཟིན་གྱི་གནས་ཚུལ་ཡིན་ཞེས་ག་རེ་ག་རེ་བཤད་ཡོད་མེད་གླེང་དགོས་ན་དྲི་ངན་འཐུལ་ཞིང། རང་གི་ལོ་རྒྱུས་རང་གིས་ཁུངས་མི་འཁྱོལ་བ་ཞིག་བཟོས་ཡོད་པའི་ཚུལ་རྣམས། བོད་ཀྱི་ལྷ་མི་རྣམས་ཀྱིས་གཟིགས་ན་ཡིད་སྐྱོ་བ་ལས་བྱ་ཐབས་མེད་ཅིང། མཁས་པ་ཐམས་ཅད་ཀྱི་གཙུག་རྒྱན་ཆོས་སྲིད་གཉིས་ཀྱི་སྲོག་འཛིན་པ་ཆེན་པོ་རྒྱལ་སྲས་ཟླ་མེད་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་” བོད་ཀྱི་ཆབ་སྲིད་ཀྱི་བྱུང་རབས་གཙང་མ་གཅིག་ཀྱང་མི་འདུག་གསུངས་” 24པའང་གནས་སྟངས་འདི་དག་ལ་དགོངས་པ་མིན་ནམ་སྙམ།

            དེ་ལྟའི་རྙོག་འཛིང་ཅན་གྱི་དུས་སྐབས་ཤིག་ཏུ། བོད་གཞུང་ན་རྭ་སྟག་དོན་རྐྱེན་ལངས་ཤིང། ལྷ་སའི་སྐྱིད་ཆུའི་སྐྱོ་གདུང་གི་ཤག་སྒྲ་དགུན་དུས་སུའང་འཁྱག་རོམ་གྱིས་མ་ནོན་ཞིང། པོ་ཏཱ་ལ་དང་ཇོ་བོ་རྣམ་གཉིས་ཀྱིས་སྟོད་ཀྱི་ཡུམ་བུ་བླ་སྒང་དང། སྨད་ཀྱི་ཁྲི་ཤོར་རྒྱལ་མོར་གཟིགས་ནས་སྤྱན་ཆབ་བསིལ། མཁས་དབང་རྡོ་སྦིས་དགེ་བཤེས་ལྟ་བུ་བེད་མེད་ཆགས་ཏེ་རྒྱ་ནག་ཏུ་བརྫངས། དྲན་དབང་སེང་གེ་གནམ་འགྱིང་དགེ་འདུན་ཆོས་འཕེལ་དམ་པ་མཆོག་ཀྱང་བཀའ་ཤག་གི་ལག་ནས་སྐུ་ཚེ་རྫོགས། སྐབས་དེར་ལྷ་སའི་བདེ་སྐྱིད་གླིང་ཁར་སྡོད་པའི་དབྱིན་ཇིའི་སྐུ་ཚབ་ཁྱི་སྤྱང་རིའི་ཅར་སན་གྱི་འདྲེ་ལག་བཀའ་ཤག་ཚུན་ཆད་དུ་བསྐྱངས་ནས་ཕུ་དཀྲུགས་མདའ་དཀྲུགས་བྱས། དེ་ལྟར་ཉི་མ་ལྷ་ས་ནི་ཉིན་རེ་ནས་ཉིན་རེར་མི་ཞིག་གི་ལག་མཐིལ་ལའང་ཤོང་པ་འདྲ་བའི་སྐབས་དེར། ས་དབང་ཟུར་ཁང་( བཙན་བྱོལ་དུ་འབྱོར་རྗེས་ཐའེ་ཝན་ནས་བཀའ་བློན་ལས་ཁུངས་ཟེར་པ་འཛུགས་མཁན་ཡང་ཡིན། ) སོགས་ཀྱིས་གསེར་བུམ་བསྐྱར་དུ་དཀྲུགས་དགོས་ཀྱི་འདུག་ཅེས་དོགས་པ་བྱེད་ཡུལ། རྗེ་ཙོང་ཁ་པ་དང་རུ་སྡེ་གཅིག་པ་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཕྱག་ཏུ་བོད་གཞུང་གི་སྲིད་དབང་གི་ལྷག་ལུས་ཡོངས་སུ་གཏད་པ་རེད།

            ཡིད་ལ་འབབ་བདེ་བ་དང། ཞིབ་ཚགས་ཞིབ་འཇུག་བྱས་ཀྱང་བྱེད་བདེ་བའི་ཕྱི་ནང་གི་གནས་བབ་མང་པོ་བསྡུས་བརྗོད་ཅུང་ཙམ་བྱས་པ་འདིས་ཀྱང། བློ་ལྡན་གཟུར་གནས་ཅན་ཚོར་གཅིག་ཤེས་ཀུན་གྲོལ་དང། ཡང་ན་གནད་དོན་ངོ་མ་འཚོལ་འདུན་འགོག་མེད་དུ་འཕྱུར་ཡོང་བ་ནི་གདོད་མི་ཟ་བ་ཞིག་ཡིན་ལ། དེ་ལྟར་ཡོང་དགོས་དོན་ཀྱང་གསལ་བོར་བརྗོད་ན། བོད་ཤོར་དགོས་དོན་གྱི་ཕྱི་ནང་གི་རྒྱུ་རྐྱེན་མཐའ་དག་གང་འདྲ་ཞིག་ཡིན་མིན་ཤེས་འདོད་པ་དེས་རེད། དེང་སྐབས་ཚན་རིག་དང་མཐུན་པའམ། དེང་སང་གི་ཞིབ་འཇུག་བྱེད་སྟངས་ཀྱི་ལམ་ནས་བྱུང་རབས་ཀྱི་གནས་ཚུལ་འདི་དག་ལ་འགྲེལ་བཤད་བསྐྱོན་ཡོང་དུས། བོད་གཞུང་ནས་གོ་གུང་གཉིས་ཀྱི་དམག་འཁྲུག་ལངས་མགོ་བརྩམས་པ་ནས་བོད་དུ་དམར་དམག་མ་འབྱོར་བར། གྲ་སྒྲིག་གང་འཚམས་བྱེད་རྒྱུའི་དུས་ཚོད་དང་གོ་སྐབས་གཉིས་ཀ་ཡོད་ངེས་པའི་སྡོམ་ཚིག་བཀོད་ཡོད་ཅིང། བོད་གཞུང་གིས་རང་སར་རང་སྣང་དག་ནས་འཛམ་གླིང་ཕྱི་ཕྱོགས་སུ་འབྲེལ་བ་གང་ཡང་བྱེད་མ་ཐུབ་པས། བོད་ཤོར་དགོས་པའི་ཕྱི་ནང་གི་མཐུན་རྐྱེན་དུས་གཅིག་ཏུ་འཛོམས་པར་སྣང་བ་དང། ༸གོང་ས་བཅུ་གསུམ་པ་ཆེན་པོའི་ཆུ་སྤྲེལ་ཞལ་གདམས་དང། ༸གོང་ས་སྐྱབས་མགོན་བཅུ་བཞི་པ་ཆེན་པོའི་ལེགས་བཅོས་ལས་ཁུངས་སོགས་ཀྱང་ལྟོས་ལྟོས་རིག་རིག་ལ་འཆར་སྣང་ཙམ་གྱི་ངོ་བོ་ནས་མངོན་གྱུར་མ་བྱུང་བ་དེ་རེད།

            ཨོ་རྒྱན་གླིང་པའི་གཏེར་མ་བཀའ་ཐང་བསྡུས་པ་ལས། ” རྟ་ལུག་སྤྲེལ་གསུམ་ལོ་ལ་རྒྱ་དམག་འོང།། ཆུ་ཕོ་སྤྲེལ་ལ་ཡར་ལུངས་དམག་སྒར་འཆའ།། མཐའ་མ་བོད་འདི་རྒྱ་ཡི་འོག་ཏུ་འཇུག། ” ཅེས་པའི་ལུང་བསྟན་ལ་སྲོག་དབང་ཞུགས་པ་ཡིན་ནམ་གང་ལྟར་བོད་ཀྱི་ས་ཁུལ་ཡོངས་རྫོགས་ཀྲུང་གོ་གསར་པའི་བཙན་འཛུལ་འོག་དེ་ལྟར་ཚུད་པ་ཡིན་སྟབས། ལོ་རྒྱུས་ཀྱི་དོན་དངོས་འདི་དག་ཞིབ་ཏུ་མཁྱེན་པ་ཡིན་ན་ཕུན་དབང་ལ་རྒྱལ་ཚོང་པ་ཟེར་སའི་གདགས་ཡུལ་ཞིག་གུད་དུ་མེད་པ་དེའང་མི་མཁྱེན་ཟེར་ན་མངོན་སུམ་ལ་བསྙོན་པ་རང་མ་རེད་དམ།

 ལྔ། ཕུན་དབང་བོད་གཞུང་ལ་འབྲེལ་བ་བྱུང་སྟངས་ཀྱི་རིམ་པ།

            ཕུན་དབང་བོད་གཞུང་དང་ཐོག་མར་ ༡༩༤༠ ཟླ ༢ ཚེས ༢༢ ཉིན་འབྲེལ་བ་བྱུང་ཞིང། དེའི་ཉིན་ནི་བོད་སིལ་བུའི་རྗེས་སུ་བྱུང་མ་མྱོང་བའི་ཆོལ་གསུམ་ཆིག་སྒྲིལ་གནང་མཁན་༸གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་མཆོག་གསེར་ཁྲིར་མངའ་གསོལ་མཛད་པའི་རྟེན་འབྲེལ་ཞུ་བའི་མཛད་སྒོ། ཁྲུང་ཆིན་དུ་ཡོད་པའི་ཏཱ་ལའི་བླ་མའི་སྐུ་ཚབ་དོན་གཅོད་ཁང་གིས་བསྡུས་ཤིང། མཛད་སྒོ་དེར་དེར་ཡོད་བོད་རིགས་ཚང་མ་ཞུགས་པས་དེའི་ནང་ཕུན་དབང་ཡང་ཚུད།

            ཁྲུང་ཆིན་ནས་གོ་མིན་ཏང་བོད་སོག་ལས་ཁུངས་ཀྱི་སློབ་གྲྭར་” ས་གནས་ཁག་གི་བོད་པ་གཞོན་ནུ་སི་ཁྲོན་བསྐྱོད་པའི་སློབ་གྲོགས་ཚོགས་ཆུང”ཞེས་པ་ཞིག་བཙུགས་ཏེ། གོ་མིན་ཏང་གི་མི་སེར་རྒྱལ་ཁབ་ལ་དོན་ཚན་གསུམ་ཅན་གྱི་ངོ་རྒོལ་ཞིག་25སྤེལ་བས། ཕུན་དབང་སློབ་གྲྭ་ནས་ཕྱིར་ཕུད་བྱས། སྐབས་དེར་ཁམས་ལ་ལོག་སྐབས་སྐུ་ཚབ་དོན་ཁང་དུ་བཅར་ཏེ། མ་འོངས་པར་བོད་གཞུང་གི་མངའ་འོག་ཏུ་གནས་སྐོར་ལ་འགྲོ་རྩིས་ཡོད་པས་རོགས་རམ་གནང་རོགས་ཞུས་པར། དོན་གཅོད་ནས་”ཁོང་མི་ཡག་པོ་ཞིག་ཡིན་པས། གལ་ཏེ་ཕྱིས་འབྱུང་ཁོང་ལྷ་སར་བསྐྱོད་དགོས་ཚེ། ལམ་བར་ནས་སུས་ཀྱང་དཀའ་ངལ་མེད་པར་ཤར་གཏོང་བྱེད་དགོས་”26ཞེས་པ་ཞིག་གནང་འདུག དེའི་རྗེས་གོ་མིན་ཏང་གིས་རྩད་ཞིབ་བྱས་པར་བརྟེན་སྲོག་མགོ་ཐོན་ཐབས་བོད་གཞུང་གི་མངའ་ཞབས་སུ་བྲོས།

            ཆབ་མདོར་མདོ་སྤྱི་གཡུ་ཐོག་བཀྲ་ཤིས་དོན་གྲུབ་ལགས་མཇལ་བ་དང། དེ་བརྒྱུད་ལྷ་སར་ཐོག་མར་བོད་གཞུང་གི་བཀའ་བློན་ཟུར་ཁང་དབང་ཆེན་དགེ་ལགས་དང་ཐེངས་གསུམ་ཙམ་ཐུག་འཕྲད་བྱས། ཐུག་འཕྲད་མ་བྱས་སྔོན་བཀྲས་མཐོང་སྲས་སྟོབས་འབྱོར་དབང་ཕྱུག་སོགས་སྐོར་ཞིག་གིས་ཕྱི་ལྟར་” བོད་མི་དམངས་གཅིག་སྒྲིལ་མནའ་མཐུན་ཚོགས་པ་”ཞེས་པ་དང། ནང་ལྟར་”གངས་ལྗོངས་བོད་རིགས་གུང་ཁྲན་རིང་ལུགས་གསར་བརྗེ་ཚོགས་ཆུང” ཞེས་པ་བཙུགས། 27 ཚོགས་པའི་གསར་བརྗེའི་ལས་དོན་ལ་ཟུར་གཡུ་གཉིས་མོས་མཐུན་ཡོད་ཚུལ་དང། བཀའ་བློན་གཞན་རྣམས་རྙིང་ཞེན་ཆེ་ཚུལ་གསུངས་སོང་ཞེས་ཕུན་དབང་གིས་28གསུངས་ཡོད།

            ཁོང་ཚོས་སྐབས་དེར་བཀའ་ཤག་ལ་ཞུ་དོན་གཙོ་བོ་ནི། 29 ”དང་པོ་བོད་གཞུང་ལ་ལེགས་བཅོས་བྱ་རྒྱུ་དང།་་་་་གཉིས། ཁམས་ནང་འཇབ་དམག་གི་གཡུལ་འགྱེད་འགོ་འཛུགས་བྱེད་དགོས།་་་་ གཞི་རྒྱ་ཆེ་བའི་བསམ་ཚུལ་གཅིག་ནི། ཐོག་མར་འབའ་ཐང་ནང་སྲིད་གཞུང་ཞིག་འཛུགས་རྒྱུ་དང། དེ་ཉིད་རིམ་པས་རྒྱ་སྐྱེད་ནས་ཁམས་ཡོངས་ལ་ཁྱབ་པ་བྱེད་རྒྱུ་དེ་ཡིན། དེ་བཞིན་ངས་བོད་ཡོངས་རྫོགས་གཅིག་སྒྲིལ་བྱ་རྒྱུར་ཡང་རྔམས་སེམས་ཆེན་པོ་ཡོད་པས། ང་ཚོའི་ལས་གཞིའི་ཆ་ཤས་མཐའ་མ་ནི། ཁམས་གསར་པ་དེ་བོད་གཞུང་གི་མངའ་ཁོངས་སུ་ཟླ་སྒྲིལ་གྱིས་དེང་རབས་ཀྱི་འཛམ་གླིང་དུ་ཞུགས་ཆོག་ཆོག་ཅིག་བསྐྲུན་རྒྱུ་དེ་ཡིན། ཞེས་དང།

            ཡང་30 ངེད་ཚོའི་ཞུ་དོན་གཙོ་བོ་གཉིས་ནི། ཟླ་བ་མང་པོའི་རིང་གྲོས་བསྡུར་བྱས་པའི་དོན་ཏེ། བཀའ་ཤག་ལ་འགྱུར་བཅོས་བྱ་དགོས་པ་དང། ཁམས་ནང་འཇབ་དམག་གི་ལས་འགུལ་མགོ་འཛུགས་བྱ་རྒྱུའི་སྐོར་ཡིན། ངེད་ཚོའི་རེ་སྐུལ་བྱེ་བྲག་པ་ནི་བཀའ་ཤག་ལ་མཚོན་ཆ་གནང་རོགས་ཞུ་རྒྱུ་དེི་ཡིན་ཏེ། བཀའ་ཤག་ལ་དབྱིན་མདའ་ལྔ་བརྒྱ་ཐམ་པ་དང། མདེལ་རྫས། སྐུད་མེད་རླུང་འཕྲིན་ཁག་ཅིག་བཅས་གནང་ཐུབ་ཡོང་ཆེད་བཅས་ཡིན།

            ཡང་ཕུན་དབང་གིས་ཆབ་མདོར་བཅའ་བཞུགས་མདོ་སྤྱི་མཆོག་ལ་དམིགས་ཡུལ་ཞུ་སྐབས ”31ངའི་གཞི་རྒྱ་ཆེ་བའི་དམིགས་ཡུལ་ནི། སྤྱི་ཚོགས་ཀྱི་སྒྲོམ་གཞིར་( བོད་ཀྱི ) འགྱུར་བ་འབྱུང་རྒྱུར་རོགས་འདེགས་དང། ཁམས་ནང་འཇབ་དམག་གི་ལས་འགུལ་ཞིག་འཛུགས་པ་བཅས་ལ་བརྟེན་ཏེ་བོད་རྒྱལ་ཁབ་ཀྱི་རྣམ་པ་ལེགས་བཅོས་བྱ་རྒྱུ་དེ་ཡིན། ”ཞེས་བཤད་ཡོད། ཁོང་ཚོའི་བསམ་ཚུལ་འདིར་མཇུག་མཐར་བཀའ་བློན་ཟུར་ཁང་གིས་འཛམ་གླིང་དམག་ཆེན་གཉིས་པའི་མཇུག་འབྲས་ཐག་གཅོད་མ་བྱུང་བར་ལན་ཅི་ཞིག་གནང་མིན་སྒུག་གི་ཡིན་ཞེས་གསུངས་ཡོད་ཅིང། དེར་བརྟེན་ཕུན་དབང་རྒྱ་གར་དམར་ཤོག་ཚོགས་པར་འབྲེལ་བ་བྱེད་དུ་ཕྱིན། རྒྱ་གར་ནས་ཀྱང་དམིགས་དོན་ལེགས་འགྲུབ་མ་བྱུང་བར་ཕྱིར་ལྷ་ས་དང། ལྷ་ས་ནས་ཆབ་མདོར་ཕྱིན་ཏེ་གཡུ་ཐོག་ལ་འཕྲད་ཀྱང། རེ་འབྲས་འགྲུབ་རྒྱུའི་དོན་ངོ་མ་ཤར་སྟབས་འབའ་ཐང་དུ་ལོག

            འབའ་ཐང་དུ་ལོག་རྗེས་ ༡༩༤༧ ལོར་འབྲི་ཆུའི་ནུབ་རྒྱུད་ཀྱི་ས་ཆའི་མཚོན་ཁམས་ཀྱི་ས་ཁྱོན་རྣམས་31བོད་གཞུང་གི་མངའ་འོག་ནས་ལེན་ཆེད་གྱེན་ལངས་བྱས་ཏེ། ཁམས་ཤར་རྒྱུད་ཀྱི་ས་ཆ་དང་ཟླ་སྒྲིལ་ཐོག་ཁམས་པའི་རང་སྐྱོང་ལྗོངས་ཆེན་པོ་ཞིག་འཛུགས་རྒྱུའི་སྒྲིག་གཞི་དང། རྒྱ་དམར་ནག་གཉིས་ལ་བསྟུན་མཁས་ཀྱི་སྲིད་བྱུས་སོགས་གཏན་འབེབས་བྱས། ཡིན་ནའང། གོ་མིན་ཏང་གི་ཁ་འོག་ནས་མ་ཐར་བར་མཐར་སྲོག་མགོ་ཐོན་ཆེད་ ༡༩༤༧ ལོའི་ལོ་མཇུག་ལྷ་སར་བྲོས་འབྱོར་བྱུང། ལྷ་སའི་མཁའ་དབུགས་ནི་གོང་དུ་བཤད་པ་ལྟར་རྭ་སྟག་དོན་རྐྱེན་གྱིས་ནམ་མཁའ་སྤྲིན་ནག་འཁྲིགས་པའི་དུས་ཡིན་པ་དང། བོད་གཞུང་གིས་དམར་ཤོག་གཙོས་གཞན་གྱི་བཙན་འཛུལ་དབང་བསྒྱུར་འགོག་ཐབས་སླད་རིམ་གྲོ་གཏོར་རྒྱག་ཚུན་ཆད་བསྒྲུབས་བཞིན་པས། ཕུན་དབང་ལ་ལྷ་སར་ཡུན་རིང་སྡོད་རྒྱུའི་ལས་སྐལ་ཡོང་རེ་བྲལ་ཞིང། ཕུན་དབང་དགའ་མོས་ཡོད་པའི་མདོ་སྤྱི་གཡུ་ཐོག་ཀྱང། རྒྱལ་ཚབ་སྟག་བྲག་ལ་འགད་རྫས་སྤྲད་དེ་སྡིགས་ར་སྐུལ་མཁན་གྱི་མིང་ཁ་ཤས་ཤིག་བྲིས་ཡོད་པའི་ཚུད་ཡོད་པ་སོགས་ཀྱིས། ༡༩༤༩ ཟླ ༦ སྟེ་བོད་གཞུང་རྒྱ་དམར་གྱི་དབང་བསྒྱུར་འོག་མ་ཤོར་བའི་དུས་སྐབས་དེ་ནི། རང་དབང་ཅན་གྱི་བོད་གཞུང་གི་མངའ་ཞབས་ནས་ཕུན་དབང་ཕྱིར་ཕུད་བཏང་བའི་ལོ་ཟླ་དེ་རེད་ལ། དེ་ནས་བཟུང་ཕུན་དབང་ལགས་རང་དབང་ཅན་གྱི་བོད་གཞུང་དང་འབྲེལ་མཚམས་ཡོངས་སུ་ཆད་པ་རེད།

དྲུག ཕུན་དབང་གི་མི་ཚེར་སྡོམ་ཚིག་ཉུང་ངུ་ཞིག་འགོད་པ།

            གཟུར་གནས་དཔྱོད་ལྡན་ཞིག་ཡིན་ན་གོང་གི་གནས་ཚུལ་འདི་དག་ལས། ད་གཟོད་དངོས་ཡོད་གནས་ཚུལ་ཇི་བཞིན་མཐོང་ཐུབ་རྒྱུ་གདོད་མི་ཟ་བས། ཕུན་དབང་ལ་རྒྱལ་ཚོང་པ་ཟེར་བའི་གདགས་གཞི་ཞིག་མེད་པ་ཁས་མི་ལེན་རང་ལེན་རེད། ཕུན་དབང་སྐྱེས་པ་ནས་བཟུང། ཁོང་གི་ཕ་ཡུལ་གྱི་རྒན་རབས་ཚོས་བོད་གཞུང་ལ་ལྟ་སྟངས་ནི་བློ་རྩེ་གཉིས་ཀྱི་རྣམ་ཅན་ཡིན་པ་ལས། ངའི་རྒྱལ་ཁབ་ཡིན་པ་དང། གཞུང་ཡིན་པ། ཤི་གསོན་གང་དུ་ཐུག་ཀྱང་གཞུང་འདི་དང་འདིའི་དར་རྒུད་ཆགས་འཇིག་འབའ་བ་དང། ཁམས་པ། ཕུན་ཚོགས་དབང་རྒྱལ་བཅས་ཀྱི་འཆི་གསོན་དང་འབྲེལ་བ་ཡོད་པ་ཞིག་ཡིན་པའི་འདུ་ཤེས་དང་བསམ་བློའི་ཁྱེར་ཕྱོགས་གཉིས་ཀ་མེད་པ་ནི་གསལ་བོ་རེད་ལ། བསམ་ཕྱོགས་འདི་ནི་མཐའི་མི་དང་དབུས་གཞུང་གི་བྱེད་སྒོ་རྣམ་གསུམ་ཚང་མས་ཐོན་སྐྱེད་བྱས་ནའང། ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོའི་ཁྲོད་འདུ་ཤེས་དེ་ལྟར་ཆགས་ཟིན་པ་རྣམས་གླེང་ནས་ཐག་གིས་ཆོད་འགྲོ་བ་ཞིག་ཀྱང་མེད་སྟབས། ཕུན་དབང་གི་བསམ་པའི་འདུ་ཤེས་དང་ཕུགས་བསམ་གྱི་ཁ་ཕྱོགས་འཛིན་སྟངས་བཅས་ཀྱི་ཡུལ་དུས་ཁོར་ཡུག་གི་གནས་བབ་ནི་འདི་འདྲ་ཡིན་པས། བོད་གཞུང་ལ་མཐའ་གཅིག་ཏུ་རང་གི་རྒྱལ་ཁབ་ཏུ་ལྟ་བའི་འདུ་ཤེས་བརྟན་ཅིང་བརླིང་པ་ཞིག་མེད་པ་དེ་ཚང་མས་ངོས་ལེན་གནང་རོགས། དེ་ཕུན་དབང་གི་སྐྱོན་མིན་པའང་ངོས་ལེན་གནང་རོགས། དེའི་ཆ་ནས་ཕུན་དབང་དང་ཕུན་དབང་འདྲ་བ་དག་གིས་མཐར་གཏུག་ན་གཞི་གང་འདྲ་ཞིག་ལ་རྒྱལ་ཁབ་ཏུ་བཏགས་ཏེ་གཅེས་སྤྲས་བྱེད་དགོས་མིན་བཤད་ཚོད་དཀའ་ནའང། ཁམས་པའི་རང་སྐྱོང་ལྗོངས་ཆེན་པོ་ནི་ཁོའི་རྒྱལ་གཅེས་བྱེད་ཡུལ་བསུབ་ཀྱང་མི་སུབ་པ་དེ་ཡིན་པ་<<བོད་མི་གསར་བརྗེ་བ>>་ ཞེས་པའི་ཁོང་གི་ལོ་རྒྱུས་ལ་བལྟས་ན་ཤེས་གསལ་རེད།

            གཉིས་ནས་ཕུན་དབང་གི་གསར་བརྗེའི་བསམ་བློ་ནི། གོང་དུ་བཤད་པའི་གནམ་འོག་དེ་འདྲ་ཞིག་ཏུ་མར་ལེ་རིང་ལུགས་ཀྱི་ལྟ་གྲུབ་ལ་སྔོན་དུ་སློབ་སྦྱོང་བྱས་པ་དང། བོད་བཙན་པོའི་རྒྱལ་རབས་དང་སིལ་བུའི་གནས་བབ་བཅས་ལ་སློབ་སྦྱོང་བྱེད་རྒྱུ་རྗེས་ལུས་ཐེབས་པ་ལས་བྱུང་ཞིང། ཕུན་དབང་གི་གསར་བརྗེ་ལ་ལོ་རྒྱུས་ཀྱི་ཁྲིམས་མཐུན་རྒྱུད་པ་གང་ཡང་མི་གཙོ་བར། ཁམས་པའི་རང་སྐྱོང་ལྗོངས་ཆེན་པོ་དེ་གོ་མིན་ཏང་དང་གུང་བྲན་ཏང་གང་གི་འོག་ཏུ་ཡིན་ནའང་བདེ་སྐྱིད་བྱུང་ན་འགྲིག་པའི་རྣམ་འགྱུར་བསྟན་ཡོད་ཅིང། མར་ལེའི་ལྟ་གྲུབ་དང་མ་འབྲེལ་བའི་གསར་བརྗེའི་ལས་དོན་ཞིག་ཁོས་ནམ་ཡང་ཡིད་ལའང་དྲན་མྱོང་མེད། ཁོང་སྐུ་མ་གྲོངས་སྔོན་རྒྱ་གར་དུ་པར་བསྐྲུན་བྱས་པའི་ཁོང་གི་ཆབ་སྲིད་ཞལ་ཆེམས་<<རང་རྒྱལ་གྱི་མི་རིགས་གནད་དོན་དང་མི་རིགས་ལས་དོན་སྐོར་གྱི་ཕྱིར་རྟོག་>>ཅེས་པའི་ནང་འཁོད་པའི་བོད་ཀྱི་སྲིད་དོན་བྱུང་རབས་ཐད་ཀྱི་ལྟ་སྟངས་ནི་ཁ་གསལ་བོ་དང། ཁུངས་དག་པོ། ཚིག་ཉུང་ལ། གནད་དུ་འཁེལ་བ་ཞིག་ཡིན་ནའང། ཕུན་དབང་རང་ཉིད་ཀྱིས་ཀྱང་གསར་བརྗེའི་བསམ་བློའི་དམ་བཅའ་དང་མཉམ་དུ་ཁོང་ལ་སྔ་མོ་ནས་ཆ་རྐྱེན་འདི་དག་འཛོམས་ཡོད་ཚེ། གཅིག་བྱས་ན། ཁོང་ལ་བོད་གཞུང་གི་ལས་ཀྱི་སྣེ་མོ་བ་ཚོར་ལྡོག་མེད་རྒྱའི་བཙན་འཛུལ་འོག་ཚུད་སྐབས་བསམ་འཆར་ཉན་འཇོག་ཐོབ་པ་ཞིག་འདོན་རྒྱུ་ཡོད་ངེས་ཀྱང། དེ་མ་ཐོབ་པ་རེད། དེའི་ཆ་ནས་ཕུན་དབང་གིས་བོད་མི་རིགས་ཀྱི་བྱུང་རབས་གཏིང་བརྗེད་བྱས་པའི་གསར་བརྗེའི་སྙིང་སྟོབས་སམ། བོད་མི་རིགས་ཀྱི་བྱུང་རབས་ལག་ཆར་མ་བླངས་པའི་གསར་བརྗེའི་བསམ་བློ་རྐྱང་བ་དེས། ཁོང་གིས་བོད་གཞུང་དང་ཁམས་པ་སོགས་འདྲ་མཉམ་དང་ཁྲིམས་ལུགས་ཡོད་པའི་སྤྱི་ཚོགས་ཞིག་ཏུ་འགྱུར་ཐུབ་བློས་མ་བཏང་ནའང། བདག་དབང་གི་གནད་དོན་ཐད་སྐབས་དེའི་སྤྱིའི་གནས་བབ་དང། ཁོང་དང་ཁོང་གི་འཐབ་གྲོགས་ཚོའི་ཁ་ཐབ་ལས་ཅང་མི་འཁྱོངས་བ་ཡོངས་སུ་ཁས་ལེན་བྱས་ཡོད། ངས་ཁོང་ལ་དབུ་མའི་ལམ་གྱི་འཐབ་གྲོགས་རྒན་པ་ཟེར་དོན་ཡང་མཚམས་འཛིན་ས་འདི་ཡིན་ཞིང། ཁོང་ཀྲུང་གོ་གསར་པ་མ་བཙུགས་སྔོན་ནས་དབུ་མའི་ལམ་དུ་བསྐྱོད་ཟིན་ཞེས་ཀྱང་སྨྲས་ཆོག འགྱུར་འགྲོས་དང་བསྟུན་ཏེ་གཡོལ་ས་མི་འགྲོ་བའི་སྐབས་དེའི་ཆབ་སྲིད་གནས་ལ་བསམ་བློ་བཏང་ན། ཁོང་གི་གསར་བརྗེའི་བསམ་བློར་གདེང་འཇོག་བྱེད་དགོས་ས་འདི་ཡིན་ཞིང། ཁོང་གི་ཕུགས་བསམ་དང་ཡང་ན་ལར་ཞེན་ཡང་འདི་ལས་ལྷག་ཟུར་དུ་འཇོག་རྒྱུ་མེད་པས། དོན་དངོས་དང་ལས་འབྲས་གང་ནས་བཤད་ཀྱང་ཁོང་ལ་གཞར་ཡང་རྒྱལ་ཚོང་པ་ཟེར་པའི་ཚིག་འདི་འཇུག་ཡུལ་མེད་པ་གསལ་བོ་རེད།

            <<བོད་མི་གསར་བརྗེ་བ>>ཟེར་བའི་ཁོང་གི་ལོ་རྒྱུས་དེར་བལྟས་པ་ཡིན་ན། མི་རྣམས་མཚམས་རེར་ཡིད་མི་ཆེས་པའི་དངོས་དོན་ཀྱང་མང་པོ་ཡོད། ཡིད་མི་ཆེས་པའི་ཆ་ནི་ཁོང་སྒོ་ང་ཞིག་ཡིན་དབང་དུ་བཏང་ན། བྲག་ལ་ག་ཚོད་བརྡབས་ཀྱང། ཡུད་ཙམ་ནས་ཆ་ཤས་སོ་སོར་གཅིག་ཏུ་སྒྲིལ་ནས་སྔར་བཞིན་སྒོ་ང་ཆགས་འགྲོ་བ་དེ་རེད། དེ་ནི་མི་ཕལ་མོ་ཆེར་མེད་པའི་བརྩོན་འགྲུས་ཤིག་ཀྱང་རེད། དེའི་ཆ་ནས་ཚུལ་འདི་བློར་མ་ཤོང་པའི་ཤེས་ཡོན་པ་དང་ཆེན་པོར་རློམ་པ་དེ་འདྲ་ཡོད་པའང་ཁོ་བོས་མིག་གིས་རིག ཡིན་ནའང། ང་ལ་ནི་དེ་ལས་ལྡོག་སྟེ་ཕུན་དབང་མཆོག་ལ་ཆེས་དགའ་བའི་ཆ་ནི། རྣམ་དཔྱོད་ཆེ་ཞིང། བརྩོན་འགྲུས་ལྡན་པ། ངང་རྒྱུད་རིང་བ། རང་གིས་རང་ལ་ཡིད་ཆེས་རྩེ་གཅིག་ཏུ་བྱེད་པ། ཕྲག་དོང་རྒྱབ་བཤད་ཀྱི་མྱི་ཁར་མི་སྐྲག་པ། དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་ངེས་ཀྱི་བློ་སྟོབས་ཡོད་པ་འདི་དག་རེད། འདི་ནི་ད་ལྟའི་བོད་ཀྱི་གནས་བབ་འདི་འདྲར་ཤིན་ཏུ་ནས་དགོས་ཤིང་བོད་ཕྱི་རབས་པ་ཚོས་སློབ་སྦྱོང་བྱེད་དགོས་པའི་མི་གཞི་ཡག་པོ་ཞིག་ཀྱང་རེད་བསམས།

            ༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བྱུང་རབས་ནང་སྔར་མ་གྲགས་པའི་ཆོལ་གསུམ་གཅིག་ཏུ་སྒྲིལ་ཅིང། བོད་ཀྱི་དེ་སྔའི་ལམ་ལུགས་རྙིང་པར་བསྒྱུར་བཅོས་ཀྱིས། དེང་འཇིག་རྟེན་འདིའི་ཆབ་སྲིད་ལམ་ལུགས་ནང་ཆེས་ཆེར་བསྔགས་པའི་མང་གཙོའི་གསོལ་རས་བཙན་ཐབས་ཀྱིས་མི་མང་ལ་སྩལ་ཞིང། བོད་མི་མང་གི་ན་ཚོད་རྒྱས་རིམ་དང་བསྟུན་ནས་མཛད་འཕྲིན་བླ་ལྷག་ཏུ་བསྐྱངས་ཏེ། ༢༠༡༡ ལོར་༸གང་གི་རྒྱལ་སྲིད་ཀྱི་ཐུགས་འགན་ཡང་མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་ཚོར་བཙན་ཐབས་ཀྱིས་གནང་བ་དག་ལ་བསམས་ཚེ། འབའ་བ་ཕུན་ཚོགས་དབང་རྒྱལ་གྱི་གསར་བརྗེའི་ལྷག་བསམ་ལའང་དཔུང་དང་འབྱོར་བས་རྒུད་པ་ཕུད། དུས་ཚོད་དང་དངོས་ཡོད་ཀྱིས་ལོ་རྒྱུས་ནང་བསྟོང་བསྔགས་ཐོབ་རྒྱུ་ཡིན་པ་ནི་ཧ་ཅང་གསལ་བོ་རེད།

            ངས་ནམ་རྒྱུན་སེར་སྐྱ་ཕོ་མོ་སུ་ཞིག་ཡིན་ནའང། ལོ་རྒྱུས་ཀྱི་ཐོན་སྐྱེད་བྱས་པའི་དངོས་པོ་ཙམ་དང། ཡང་ན་ལོ་རྒྱུས་ཀྱི་རྗེས་འདེད་པ་ཞིག་བྱེད་རྒྱུ་ལས་བརྒལ་ཏེ། ལོ་རྒྱུས་གསར་བསྐྲུན་བྱེད་ཐུབ་མཁན་གྱི་མི་ཞིག་བྱེད་དགོས་པ་རེད་ཅེས་བཤད་ཀྱི་ཡོད་པའི་ནང་ནས། འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ནི་ལོ་རྒྱུས་གསར་བསྐྲུན་བྱེད་མཁན་གྱི་རླབས་ཆེན་མི་སྣ་ཞིག་རེད། མི་སུ་ཞིག་ལ་ཕུགས་བསམ་དང་ཤེས་བྱས་བཙོ་སྦྱངས་བྱས་པའི་ཞུམ་མེད་ཀྱི་སྙིང་སྟོབས་དང། ངང་རྒྱུད་རིང་བའི་སྒོ་གསུམ་གྱི་སྤྱོད་པ་ཚད་ལྡན་ཞིག་ཡོད་ཚེ། མི་དེས་ད་གཟོད་ལོ་རྒྱུས་བསྐྲུན་ཐུབ་ཅིང། ལོ་རྒྱུས་ཀྱི་ཆེད་དུ་ལོ་རྒྱུས་བསྐྲུན་པ་མ་ཡིན་པར། བསམ་བློས་སྔོན་དཔག་དང་བཞེངས་བསྐྲུན་བྱས་པའི་འཆར་ཡན་རྣམས་ལག་ཏུ་བསྟར་ནུས་ཤིང། དེ་སྒྲོག་པ་དང། དེའི་ཆེད་འབད་པ་ཤ་ཐང་གིས་ཁེར་ཚུགས་སུ་འགྱིང་བ། སྤྱི་ཚོགས་ཀྱིས་ད་དུང་ཁ་གཏད་དུ་ཁྲལ་མེད་བྱེད་པ་ལྟར་ངལ་བ་རུ་འཛིང་ནས་ཡོང་ཀྱང། ནམ་ཞིག་ལྡོག་ཏུ་མེད་པར་མིའི་སྤྱི་ཚོགས་ཀྱི་མདུན་ལམ་རང་གི་འཆར་ཡན་དེར་བསྐྱོད་དགོས་པར་ཡིད་ཆེས་བརྟན་པོ་ཡོད་པ་དག་ནི་ནམ་ཡང་ལོ་རྒྱུས་གསར་བསྐྲུན་བྱེད་མཁན་ཡིན་ལ། རླབས་ཆེན་གྱི་སྐྱེས་བུའང་ཡིན། བསམ་ཕྱོགས་འདིས་ངས་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ལོ་རྒྱུས་གསར་བསྐྲུན་བྱེད་མཁན་གྱི་རླབས་ཆེན་གྱི་སྐྱེས་བུ་ནུབ་པ་མེད་ཅིག་རེད་ཅེས་བོད་ཀྱི་ཡིག་ཚགས་ནང་རིགས་སྟོབས་ཀྱིས་བཞག་པ་ཡིན།

            མཇུག་མཐར། ཁ་སྔོན་ཁོང་སྐུ་ཚེ་མ་ཟིན་པའི་དུས་ནས་དེ་རིང་བར་ལས་བྲེལ་འཕར་མ་ལྟ་བུའི་འོབས་སུ་ཚུད་ཅིང། ལག་སྣེར་ཡོད་པའི་དཔྱད་ཡིག་མང་པོ་ཞིག་ལ་ལྟ་ཁོམ་ཡང་མ་བྱུང་ནའང། རྩིས་ཐང་ཆེ་བའི་ངེད་ཀྱི་དབུ་མའི་ལམ་གྱི་འཐབ་གྲོགས་རྒན་པ་འདི་ལ་བདུན་གཅིག་གི་མཚམས་སུ་སྐྱེལ་མ་ཞིག་བྱེད་དགོས་པར་མཐོང་སྟེ། མཚན་གྱི་ཆུ་ཚོད་བཅུ་གཅིག་ནས་དང་པོ་ཕྱེད་ཀའི་བར་གྱི་དུས་ཡུན་ཉིན་བརྒྱད་རིང་བྲེལ་སྟབས་ཀྱིས། ཕུན་དབང་ལགས་རྒྱལ་ཚོང་པ་མིན་པའི་དོན་དངོས་ཀྱི་ཆ་ཤས་ཙམ་ཞིག་ཁྱེད་ཅག་གི་གཟིགས་མོར་བསྟར་ཐུབ་སོང་ཞིང། ཞིང་གཤེགས་ཁོང་དང་བོད་ཀྱི་མི་རབས་རྒན་པ་བྱས་ཅན་ཚོས་བོད་ཕྱི་རབས་པ་ཚོར་ཐུགས་རེ་གནང་བའི་འབྲས་བུའང་གང་འཚམས་ས་ཁར་བུད་ཡོད་པ་ར་སྤྲོད་བྱས་ཡོད་པ་བཅས་སོ།། །།

མདོ་སྨད་པ་བློ་བཟང་ཆོས་འབྱོར་རམ་ཡོངས་གྲགས་ཤར་ཕྱོགས་ཁུག་རྟས།།

༢༠༡༤།  ༤། ༥ ཉིན་གྱི་མཚན་མོའི་ཆུ་ཚོད ༡༢། ༣༠ སྟེང་རྫོགས་པར་བགྱིས།།

 

 

 

དཔྱད་ཡིག

1 ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་དོལ་རྒྱལ་སྐོར་བཀའ་སློབ་བསྩལ་བ་ལས་གསལ།

 3 མདོ་སྨད་པ་ཡོན་ཏན་རྒྱ་མཚོས་བརྩམས་པའི་སྟག་འཚེར་རིན་པོ་ཆེའི་རྣམ་ཐར་དུ་གསལ།

4 -13 བར།  <<༡༩༥༠ ལོར་དཔའ་བོའི་སྔོན་མངགས་བརྒྱ་ཤོག་ཤིན་ཅང་ནས་བོད་དུ་དཔུང་སྐྱོང་བྱས་ཚུལ་བཀོད་པ་>> རྒྱ་འགྱུར་མ་ལས་གསལ། བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་གིས ༢༠༠༡ ལོར་པར་བསྐྲུན་བྱས།

14 -20 << བོད་མི་གསར་བརྗེ་བ་>>ཞིག་ཞེས་པའི་ཕུན་དབང་གི་ལོ་རྒྱུས་དེབ་དེར་གསལ།

21 ཡོངས་གྲགས་ཆབ་སྲིད་ཞལ་ཆེམས་སམ། རང་རྒྱལ་གྱི་མི་རིགས་གནད་དོན་དང་མི་རིགས་གནད་དོན་སྐོར་གྱི་ཕྱིར་རྟོག ཅེས་པ། ༢༠༡༣ ལོར་ངྷ་རམ་ས་ལའི་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གིས་པར་བསྐྲུན་བྱས་པ།

22 << བོད་མི་གསར་བརྗེ་བ་>>ཞིག་ཞེས་པའི་ཕུན་དབང་གི་ལོ་རྒྱུས་དེབ་དེར་གསལ།

23 <<བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས།>> ཅེས་པར་གསལ།

24 ཟམ་གདོང་རིན་པོ་ཆེས་ཤེས་རབ་དགའ་ཚལ་སློབ་གླིང་དུ་བཀའ་སློབ་གནང་བ་ལས་གསལ། གཏམ་བཤད་འདི་ཁ་བརྡར་དྲ་རྒྱར་བཀོད་ཡོད།

25- 31 << བོད་མི་གསར་བརྗེ་བ་>>ཞིག་ཞེས་པའི་ཕུན་དབང་གི་ལོ་རྒྱུས་དེབ་དེར་གསལ།

ཟུར་ཞུ།

འཕྲུལ་དེབ་བཟོ་རྒྱུ་དང་དྲ་རྒྱའི་ནང་འགོད་དགོས་སྟབས་ཡིག་ཚོགས་ལ་འཇིགས་པ་དང། གཉིས་ནས་རྩོམ་ཡིག་འདི་བཀླགས་མཚམས་ཕུན་དབང་གི་སྐོར་ཞིབ་ཚགས་ཤེས་འདོད་འབྱུང་བ་དང། ཁོང་གི་བརྩམས་ཆོས་དང་ལོ་རྒྱུས་ཞིབ་ཚགས་ཀློག་རྒྱུར་དམིགས་ཏེ། དཔྱད་གཞི་དྲངས་ཡོད་པའི་ཤོག་གྲངས་རྣམས་ཟུར་བཏོན་བྱས་མེད། དེ་ནི་ཉུང་མཐར་ཕུན་དབང་གླེང་འདོད་པ་རྣམས་ཀྱིས་ཁོང་གི་ལོ་རྒྱུས་དང་བརྩམས་ཆོས་རྣམས་ཐེངས་གཅིག་ཀློག་རྒྱུའི་རེ་བ་བྱས་པའང་ཡིན།།

འབྲེལ་ཡོད་གསར་འགྱུར།

བོད་དོན་ལས་འགུལ་འཇམ་དབྱངས་བསྟན་འཛིན་ལགས་དྷ་མ་ས་ལ་འབྱོར། ༢༠༢༥།༠༥།༢༥ དུས་བབ་ཀྱི་པར།
Mobile App

རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་བོད་དོན་དྲིལ་བསྒྲགས་གནང་བཞིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢

མཆན། 6

  1. བསྟན་ཆོས། says:
    ལོ་ 11 སྔོན།

    ཉོག་བརྗོད་རིང་བའི་ཐོག མཆན་སར་ཡིག་རིང་འགའ་དྲེངས་འདུག་ཡིན་ནམ། ཆབ་བྲག་ལས་བྲི་མཁན་མི་འདུག འདི་ད་ཤར་ཆབ་གཉི་གིའི་མིག་ལམ་དེ་ཁ་ཏྭའི་མིག་ལམ་རང་རེད་འདུག

    Reply
  2. ཤར་ཕྱོགས་ཁུག་རྟ། says:
    ལོ་ 11 སྔོན།

    བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་སེང་ནས།

    བློ་ཕམ་ཧ་ཅང་ཆེན་པོས་གསུང་དོན། རྡ་སར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱིས་དམ་པ་ཁོང་གི་རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་སེམས་གསོ་ཞུ་རྒྱུ་དང་། རྒྱ་ནག་གི་འགོ་ཁྲིད་ཚོས་གུང་ཁྲན་ཏང་ཡོན་རྒན་གྲས་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་ཕུགས་རྒྱང་རིང་པོར་དམིགས་པའི་འཆར་སྣང་བཏོན་པ་དེ་དག་ལེགས་བཤད་ཡིན་པར་ངོས་འཛིན་ཐོག་བདག་སྤྲོད་ཀྱིས་བོད་ཀྱི་གནད་དོན་སེལ་ཐབས་ཆེད་ཐག་གཅོད་གནང་རྒྱུར་ང་ཚོས་རེ་བ་ཞུ་བཞིན་ཡོད། ཅེས་བཤད་འདུག

    Reply
  3. ཤར་ཕྱོགས་ཁུག་རྟ། says:
    ལོ་ 11 སྔོན།

    ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།

    ཁ་སང་འབའ་པ་ཕུན་ཚོགས་དབང་རྒྱལ་གྲོངས་པའི་ལན་ཞིག་འབྱོར་བྱུང་། ཁོང་ལ་ཆ་མཚོན་ན་ཕྱི་ལོ་ ༡༩༥༡།༥༢ ནས་ངོ་ཤེས་ཀྱི་ཡོད། དངོས་གནས་དྲང་གནས་མི་རིགས་ཀྱི་དཔའ་བོ་རེད། ཁོང་དང་ཡུན་རིང་པོ་གཤིབས་པ་རེད། ཁོང་ལྟ་གྲུབ་ཐོག་ནས་མར་ཁེ་སིའི་ལྟ་གྲུབ་འཛིན་མཁན་རེད། དེ་དང་ཆབས་ཅིག་བོད་མི་རིགས་ཀྱི་རིག་གཞུང་དང་ལར་ཞེན་ཧ་ལས་པ་རེད། བོད་མི་རིགས་ཀྱི་ལར་ཞེན་ཆེ་དྲགས་པའི་རྐྱེན་གྱིས་ཕྱིས་སུ་བཙོན་དུ་འགྲོ་དགོས་བྱུང་ཡོད། གང་ལྟར་ཕུན་ཚོགས་དབང་རྒྱལ་གྱིས་མཚོན་པའི་ངོས་ཀྱིས་ངོ་ཤེས་པའི་གུང་ཁྲན་ཏང་ཡོན་མང་པོ་ཞིག་ཕྱི་ལོ་ ༡༩༥༧ ནས་འགོ་བཙུགས་ཏེ་ལས་གནས་ནས་གནས་དབྱུང་གཏོང་བ་དང་བཟང་བཙོན་དུ་བཞག་པ་དེ་འདྲ་བྱུང་ཡོད། ཕུན་ཚོགས་དབང་རྒྱལ་ནི་རྣམ་དཔྱོད་དང་སྙིང་སྟོབས་ཡོད་པ། དེ་བཞིན་མི་རིགས་ཀྱི་ཞེན་ཁོག་དང་ལྷག་བསམ་རྩེ་གཅིག་པ་དེ་འདྲ་རེད། ཆོས་ལ་དད་པ་མེད་ཀྱང་བོད་མི་རིགས་ཀྱི་བག་ཆགས་དང་གོམས་གཤིས་ཧ་ཅང་ཤུགས་ཆེན་པོ་ཡོད་པ་ཞིག་རེད་འདུག དཔེ་མཚོན་ཞིག་ཞུས་ན། པེ་ཅིང་དུ་ཡོད་སྐབས་མའོ་ཙེ་ཏུང་ཚར་མང་པོ་མཇལ་བ་རེད། དཔོན་རིགས་གཞན་མང་པོ་ཞིག་ཐུག་པ་རེད། སྐབས་དེར་སྐད་བསྒྱུར་རྐང་ཕུན་ཚོགས་དབང་རྒྱལ་གྱིས་བྱེད་ཀྱི་ཡོད། ཉིན་གཅིག་ངེད་གཉིས་སྐད་ཆ་བྱུང་། ཕུན་ཚོགས་དབང་རྒྱལ་གྱིས་ངོས་ལ་བལྟས་ནས་སྐུ་མདུན་ཁྱེད་རང་སྔ་མོ་ཆུང་ཆུང་སྐབས་ནོར་བུ་གླིང་ཁར་ཐེངས་གཅིག་མཇལ་བྱུང་། སྐབས་དེར་བཞུགས་ཁྲིའི་སྟེང་ཆུང་ཆུང་ཞིག་འདུག ད་ལྟ་འདི་འདྲ་ཞིག་གནང་བཞུགས་ཡོད། ཅེས་བརྗོད་དེ་སྐད་ཤུགས་ཆེན་པོས་ངུས་སོང་། ངོས་རང་འཚེར་པོ་བྱུང་ནས་ཏོག་ཙམ་རིང་ཁུ་སིམ་མེར་བསྡད་པ་ཡིན།

    སེམས་ཀྱི་གཏིང་ལ་མི་རིགས་ཀྱི་ཞེན་ཁོག་དང་། དད་པ་སོགས་འདྲེས་ཡོད་པ་ཕལ་ཆེར་རེད། གང་ལྟར་ཚེ་སྟོད་གུང་ཁྲན་ཏང་ཡོན་བྱས་ནས་ཆོས་ལ་དད་པ་མེད་མཁན་ཞིག་ཡིན་པའི་དབང་དུ་བཏང་བ་ཡིན་ནའང་། ན་ནིང་ཁོང་གིས་པེ་ཅིང་ནས་ངོས་ལ། ལག་པར་ཁ་བཏགས་བཟུང་ནས་དེ་ཐོད་པར་གཏུགས་ཏེ་སྨོན་ལམ་ཤུགས་དྲག་བརྒྱབ་བཞིན་པའི་པར་ཞིག་བསྐུར་བྱུང་། གུང་ཁྲན་རྒས་ནས་ནང་པ་ཆགས་པ་རེད། མ་གཞི་རྒྱ་རིགས་གུང་ཁྲན་ཏང་ཡོན་སེམས་གཏིང་ནས་ནང་པ་དང་ནང་པར་ཧ་ཅང་དགའ་པོ་ཡོད་མཁན་མང་པོ་འདུག སྐབས་རེ་རྒྱ་རིགས་མང་པོ་ཐུག་གི་ཡོད། དམག་དཔོན་ཟུར་པ་དེ་འདྲས་ནང་པ་ཡིན་བརྗོད་མཁན་འདུག ཕྱི་ལྟར་ཏུ་གུང་ཁྲན་ཏང་ཡོན་རྣམ་པར་དག་པ་ཞིག་ཡིན་ཁུལ་བྱེད་ཀྱི་འདུག

    ཕྱི་ལོ་ ༡༩༧༩ ལོར་ངོས་རང་སོག་ཡུལ་དུ་ཕྱིན་པ་ཡིན། དེ་དུས་སོག་པོ་དམར་ཤོག་རེད། སྐབས་དེར་སོག་པོའི་དཔོན་པོ་དང་དམག་མི་རྣམས་རེ་རེ་བཞིན་གཅིག་པུར་ཐུག་སྐབས་ཞྭ་མོ་ཕུད་ནས་ཕྱག་དབང་ཞུས་ཏེ་བྱིན་རྟེན་སློང་གི་འདུག འོན་ཀྱང་རོགས་པ་གཞན་ཡོད་ན་ཧ་ཅང་སྒམ་པོ་བྱས་ནས་སྡོད་ཀྱི་འདུག འཇིགས་སྣང་འོག་བསྡད་ཚེ་གཡོ་སྒྱུ་དང་སྐྱག་རྫུན་སླེབས་ཀྱི་ཡོད། དེར་བརྟེན་འཇིགས་སྣང་བསྐུལ་བཞིན་རྒྱ་ནག་གུང་ཁྲན་ཏང་གིས་འགོ་ཁྲིད་པ་དེ་ནོར་བ་རེད། ལེ་ཉིན་གྱིས་ནོར་བ་རེད། དེ་བཞིན་སི་ཏ་ལིང་རེད། མའོ་ཙེ་ཏུང་འགོ་སྟོད་དུ་ཕལ་ཆེར་ལྷག་བསམ་རྣམ་དག་ཡོད། དེ་བཞིན་ཀྲུའི་ཏའེ་དང་ལིའུ་ཧྲའོ་ཅི། ཕང་ཏཱ་ཧེ་བཅས་ཁོང་རྣམས་སྒེར་སེམས་བྲལ་ཏེ་སྤྱི་པ་ཁོ་ན་བསམ་མཁན་ཧ་ཅང་ཡག་པོ་ཡོད། རིམ་བཞིན་དབང་ཆས་ཆང་གིས་བཟི་བ་ལྟར་བཟི་ནས་འཕྲོ་བརླག་ཕྱིན་པ་རེད།

    ཆབ་སྲིད་ཀྱི་ཐོག་ལ་ཆ་བཞག་ནའང་ཕུན་ཚོགས་དབང་རྒྱལ་གྱིས་མཚོན་འབའ་པ་མང་པོ་ཡོད། སོ་སོའི་མི་རིགས་ཀྱི་དོན་དུ་དཀའ་ལས་རྒྱག་མཁན་ཞེ་དྲག་ཡག་པོ་རེད། དེ་བཞིན་ཨ་མདོ་ཁུལ་ནས་འགའ་ཤས་ཡོད། ཕྱིས་སུ་མདོ་སྨད་ལ་བསྡད་པ་སྐྱེས་ས་ཕལ་ཆེར་དཀར་མཛེས་ནས་ཡིན་པ་བཀྲ་ཤིས་ཀྲུའུ་ཞི་ཁོང་ངོ་ཤེས་ཀྱི་ཡོད། ད་ཆ་གྲོངས་ཚར་བ་རེད། མི་རིགས་ཀྱི་ལྟ་བ་ཧ་ཅང་ཡག་པོ་ཡོད། འབའ་པ་ཡང་གླིང་རྡོ་རྗེ་ད་ལྟ་བསྡད་ཡོད། ཕུན་ཚོགས་དབང་རྒྱལ་ཚར་གཅིག་ཐུག་མི་འོང་ངམ་བསམ་པའི་རེ་བ་བྱུང་། སྐབས་ཤིག་ཕུན་ཚོགས་དབང་རྒྱལ་ཕྱི་རྒྱལ་ལ་སླེབས་སྐབས་ཤིག་ལ་ཁ་པར་ཞིག་བཏང་བ་ཡིན། ངོས་ཀྱི་སྐད་ལམ་གསེང་ངོ་ཤེས་སོང་། སྐབས་དེར་ཕུན་ཚོགས་དབང་རྒྱལ་ལ་བརྙས་བསྐོས་ནས་ད་ཆ་སྤྱི་ཚོགས་རིང་ལུགས་ག་འདྲ་བྱས་སོང་ཞེས་དྲིས་པ་ཡིན། ཁོང་གིས་གད་མོ་བགད་ནས་བསྡད་པ་ལས་ལན་གང་ཡང་མི་འདུག གང་ལྟར་འདས་པོ་ཁོང་གི་ཆེད་ང་ཚོ་ཚང་མས་སྨོན་ལམ་རྒྱག་རོགས་ཞེས་ཞུ་རྒྱུ་ཡིན། ལྷག་པར་བོད་ནང་དུ་སངས་རྒྱས་ཀྱི་བསྟན་པ་དང་། མི་རིགས་ཀྱི་ཐོབ་ཐང་ཆེད་དཀའ་ལས་བརྒྱབ་ནས་རང་ལུས་མེར་སྲེག་གཏོང་མཁན་གྱིས་མཚོན་འདས་གྲོངས་སུ་ཕྱིན་པ་ཧ་ཅང་མང་པོ་བྱུང་ཡོད། དེ་བཞིན་ད་ལྟ་གསོན་པོར་གནས་བཞིན་པའི་ནང་ནད་གཅོང་དཀའ་ངལ་འཕྲད་མཁན་མང་པོ་ཞིག་ཡོད། ཁོང་ཚོ་ཚང་མའི་ཆེད་སྨོན་ལམ་ཡག་པོ་ཞིག་རྒྱག་རྒྱུ་མ་གཏོགས་གཞན་ང་ཚོར་བྱ་རྒྱུ་གང་ཡང་མེད། ཅེས་བཀའ་སློབ་སྩལ་རྗེས་ཆོས་ཞུ་བ་ཚང་མར་ཁོང་ཚོའི་ཆེད་མ་ཎི་ཕྲེང་སྐོར་གཅིག་བགྲངས་རྒྱུར་བཀའ་སློབ་ཕེབས། །

    Reply
  4. ཤར་ཕྱོགས་ཁུག་རྟ། says:
    ལོ་ 11 སྔོན།

    ༄༅།། སྐུ་གཤེགས་དམ་པ་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་རྗེས་དྲན་གྱི་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་གསུང་འཕྲིན་དེ་གཞན་ཞིག་གིས་ཡིག་ཐོག་ཕབ་འདུག་ཅིང་། ཁོ་བོས་དེ་ཕྲན་བུ་ཞུ་སྒྲིག་གིས་འདིར་བཀོད་ཡོད་པས། ཕན་ཐོགས་ཡོང་བའི་རེ་བ་ཡོད།

    “འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་སྐུ་ཚེ་མ་ཟིན་པའི་གནས་ཚུལ་དེ་གོ་ནས་སེམས་ཕམ་པོ་བྱུང་། སྤྱིར་བཏང་ཁོང་རང་དགུང་ལོའི་ཆ་ནས་བྱས་ན། དགུང་ལོ་ཧ་ཅང་མཐོ་པོ་རེད། ཡིན་ནའང་ད་དུང་ལོ་ཁ་ཤས་ཤིག་བཞུགས་ཐུབ་ན་ཕན་ཐོགས་ཡོང་གི་རེད་བསམས་པའི་རེ་བ་ཞིག་ཡོད་པས། གློ་བུར་ཞིག་ལ་སྐུ་ཚེ་མ་ཟིན་པ་བྱུང་འདུག
    འབའ་བ་ཕུན་ཚོགས་དབང་རྒྱལ་བོད་རིགས་ཀྱི་ནང་ནས་ཤེས་ཡོན་དང་། འཇོན་ཐང་། དེ་བཞིན་ལྷག་བསམ་བཅས་ཀྱི་ཆ་ནས་འབུར་དུ་ཐོན་པའི་མི་སྣ་ཞིག་ཆགས་ཡོད། བོད་པའི་སྤྱི་ཚོགས་ནང་གསར་བརྗེའི་ལམ་དུ་འགྲོ་ཐུབ་པ་ཞིག་དང་། ལྷག་པར་དུ་མཀ་སེའི་ལྟ་གྲུབ་སྐོར་ལ་ཆེད་དུ་བཀར་ནས་རྩོད་སྒྲུབ་དངོས་པོའི་རིང་ལུགས་སྐོར་ལ་མཐར་ཕྱིན་པའི་མཁས་པ་བོད་པ་ཙམ་དུ་མ་ཟད། རྒྱ་མི་དང་ཨུ་རུ་སུའི་ནང་ལའང་ཁོང་དང་མཉམ་པ་དེ་འདྲ་དཀོན་པོ་ཡིན་གྱི་རེད། ཡང་སྒོས་མི་རིགས་ཀྱི་ཤ་ཞེན་ནི་བསམ་བརྗོད་ལས་འདས་པ་ཞིག་ཡོད་རེད། དེའི་དབང་གིས་ཁོ་རང་གི་སྐུ་ཚེའི་ནང་ལ་ལོ་མང་བཙོན་ཁང་ནང་བཞུགས་དགོས་པའི་གནས་སྟངས་བྱུང་བ་རེད།
    ༸སྐྱབས་༸མགོན་རིན་པོ་ཆེའི་གསུང་སྒྱུར་གྱི་ཚུལ་དུ་རྒྱ་ནག་ལ་ཕེབས་པའི་སྐབས་ལ་ཧ་ལས་པའི་ཞབས་འདེགས་ཆེན་པོ་སྒྲུབ་མཁན་ཞིག་དང་། མི་སྒེར་གྱི་ཆ་ནས་༸རྒྱལ་བ་རིན་པོ་ཆེས་ཐུགས་བློས་ལིང་འགེལ་གནང་ཆོག་པའི་མི་ཞིག་བྱུང་བ་རེད། ཁོང་རང་༸གོང་ས་མཆོག་ལ་དགའ་ཞེན་ཧ་ལས་པའི་ཤུགས་ཆེན་པོ་ཡོད་མཁན་ཞིག་རེད། ༸རྒྱལ་བ་རིན་པོ་ཆེའི་སྐོར་ལ་བཀའ་མོལ་ཞུས་པའི་སྐབས་ལ་ལམ་སེང་མིག་གཞའ་འཁོར་ཡོང་མཁན་ཞིག་ཡོད།
    ང་རང་སྒེར་ལ་ཆ་བཞག་ནའང་། རྒྱུན་རིང་པོའི་བར་དུ་གྲོགས་པོ་བློས་ཐུབ་བྱས་ནས་བསྡད་པ་རེད། དངོས་སུ་ཐུག་པ་དེ་ཐེངས་གཅིག་གཉིས་ཤིག་མ་གཏོགས་བྱུང་མེད། ཡིན་ནའང་ཐུག་པའི་སྐབས་ལ་ཉིན་མཚན་སྦྲེལ་ནས་སྐད་ཆ་བཤད་དེ་གནས་ཚུལ་མང་པོའི་ཐོག་ལ་གོ་བསྡུར་བྱེད་ཀྱི་ཡོད། མ་ཐུག་པའི་སྐབས་ལའང་བརྒྱུད་ལམ་སྣ་ཚོགས་ཀྱི་ཐོག་ནས་གོ་བསྡུར་བྱས་པ་ཡིན། ལྷག་པར་དུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཞིབ་ཚགས་གཏན་འབེབས་བྱེད་པའི་སྐབས་ལ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་གོ་དོན་དང་། དེ་བཞིན་རྒྱ་ནག་དབུ་ཁྲིད་ཚོའི་དགོངས་པ་བཞེས་ཕྱོགས་དེ་འདྲ་མང་པོ་ཞིག་གི་ཐོག་ལ་ང་ཚོས་དོན་མ་རྟོགས་པ་རྣམས་ཁོང་རང་ལ་བཀའ་འདྲི་ཞུས་ནས་བྱེད་ཀྱི་ཡོད་རེད།
    ཁོང་གིས་ག་དུས་ཡིན་ནའང་བོད་མི་རིགས་ཀྱི་གནད་དོན་འདི་ཐག་གཅོད་ཅིག་ཡོང་ཐུབ་པ་ཞིག་དང་། ༸རྒྱལ་བ་རིན་པོ་ཆེ་བོད་ལ་༸ཞབས་སོར་འཁོད་ཐུབ་པ་ཡོང་རྒྱུའི་ཆེད་དུ་ཧ་ཅང་གིས་སེམས་ཤུགས་དང་ལྷག་བསམ་ཆེན་པོ་ཡོད་མཁན་ཞིག་རེད། ཐོག་མར་བརྒྱད་ཅུ་གྱ་གྲངས་ནས་བོད་རྒྱ་ཞི་མོལ་འགོ་ཚུགས་དུས་ནས་འབྲེལ་བ་ཡོད་པའི་མི་ཞིག་ཆགས་ཡོད་འདུག དེར་བརྟེན་ཁོང་རང་གི་སྐུ་ཚེའི་རིང་ལ་སྤྱིར་བཏང་མཀ་སེའི་རིང་ལུགས་སྐོར་དང་། དེ་བཞིན་སྤྱིའི་ཚན་རིག་སྐོར། ལྷག་པར་དུ་མཀ་སེའི་ལྟ་གྲུབ་ཐོག་ནས་མི་རིགས་ཀྱི་གནས་བབ་བཅས་ཀྱི་ཐོག་ལ་ཡིག་འཇོག་རྒྱ་ཆེན་པོ་གནང་མཁན་ཞིག་རེད།
    སྤྱིར་བཏང་བོད་པའི་སྤྱི་ཚོགས་ནང་ཕུན་ཚོགས་དབང་རྒྱལ་ལ་ལྟ་ཚུལ་འདྲ་མིན་སྣ་ཚོགས་ཡོད་ཚོད། དེ་སུ་ལ་ཡིན་ནའང་ཡོང་ཆོག་པ་དང་ཡོང་བཞིན་པ་ཞིག་རེད། འོན་ཀྱང་དོན་དམ་གྱི་ཆ་ནས་ཁོ་རང་གིས་མི་ཚེ་གཅིག་གི་ཕྱག་ལས་གནང་སྟངས་དེ་ཚོ་ཁོ་རང་གི་མི་ཚེའི་ལོ་རྒྱུས་ནང་ཞིབ་ཚགས་པོ་གཟིགས་པ་ཡིན་ན་གནས་ཚུལ་ཆ་ཚང་མཁྱེན་རྟོགས་ཡོང་ཐུབ་པ་ཞིག་རེད། དེར་བརྟེན་དེ་རིང་ཁོང་སྐུ་ཚེ་མ་ཟིན་པ་དེ་ལ་བློ་ཕམ་དང་། ཁོ་རང་གི་བྱས་བསགས་སྡིག་ལྟུང་བྱང་ནས་སླར་ཡང་བོད་མི་ཚད་ལྡན་ཞིག་ལ་སྐྱེ་བ་ལེན་པ་དང་། བོད་མི་རིགས་ལ་ཞབས་འདེགས་སྒྲུབ་ཐུབ་པ་ཞིག་ཡོང་བའི་སྨོན་ལམ་རྒྱག་གི་ཡོད།” ཅེས་གསུངས་སོ།

    Reply
  5. དཔའ་ཆེན་དོན་གྲུབ། says:
    ལོ་ 11 སྔོན།

    ཧ་ཧ་ཧ་ཧ་་ ཁྱོད་འདིས་བསྟོད་དགོས་ནས་ལམ་སེང་རེད། ཅུང་རེ་མ་འགྲིག་ནའང་མིང་རེ་བཏགས་འཇོག་གི
    དེས་རྗེས་ཐུར་ལ་རྒད་པོ་ཆབ་བྲག་འདི། དགེ་སློབ་གཉིས་བསོར་མོ་རེད་ཡ།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 11 སྔོན།

    བདག་གིས་ཀྱང་འདི་འདྲ་ཞིག་འབྲི་དགོས་བསམ་གྱིན་ཡོད། ཚད་ལྡན་རེད། བཀའ་དྲིན་ཆེ། བདག་གི་དྲ་བ་དང་ངོ་དེབ་ཏུ་དྲངས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese