རྒྱ་གཞུང་གིས་འབྲི་རུ་དང་ནག་ཆུ་རྫོང་ཁག་གཉིས་བར་སྔོག་བཤེར་ས་ཚིགས་གསར་རྒྱག་གིས་བོད་མི་ཚོར་གང་བྱུང་སྔོག་བཤེར་དང་གཅར་རྡུང་། དངུལ་གྱི་ཆད་པ་གཅོད་ཀྱི་ཡོད་འདུག
ཉེ་བའི་ཆར་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གྱི་ནག་ཆུ་རྫོང་དང་འབྲི་རུ་རྫོང་བར་སྔར་ཡོད་ཀྱི་སྔོག་བཤེར་ས་ཚིགས་ཐོག་ས་ཚིགས་གསར་བ་ཁ་སྣོན་གྱིས་མི་མང་ལ་གང་བྱུང་སྔོག་བཤེར་དང་། ཁ་ལོ་བ་ཚོར་གང་བྱུང་གཅར་རྡུང་དང་དངུལ་གྱི་ཉེས་ཆད་སོགས་བཅད་དེ་མི་མང་གི་རང་དབང་འགྲོ་སྡོད་ལ་སྟངས་འཛིན་ནན་མོ་བྱེད་ཀྱི་ཡོད་པ་མ་ཟད། ད་ཆར་ཡང་ས་གནས་དེ་གཉིས་ནང་དམག་མི་འགྲེམས་འཇོག་གིས་མུ་མཐུད་དམ་དྲག་བྱེད་ཀྱི་ཡོད་འདུག
ས་གནས་བོད་མི་ཞིག་གིས་གསར་ལམ་དུ་བརྗོད་པ་ལྟར་ན། དེ་སྔོན་རྒྱ་གཞུང་གིས་འབྲི་རུ་ནས་ནག་ཆུ་རྫོང་བར་གྱི་ཁྱོན་སྤྱི་ལེ་ ༢༧༠ ཡོད་པའི་ལམ་བར་དུ་སྔོག་བཤེར་ས་ཚིགས་ ༤ ལས་བརྒྱད་མེད་ཀྱང་། ཉེ་བའི་ཆར་སྔར་གྱི་སྔོག་བཤེར་ས་ཚིགས་ཁག་གི་ཐོག་ཁ་སྣོན་གྱིས་ཁྱོན་སྔོག་བཤེར་ས་ཚིགས་ ༨ བརྒྱབ་ཏེ། སྔོན་ཆད་ཆུ་ཚོད་ ༤ ལ་བསླེབ་པའི་ས་གནས་སུ་ད་ལྟ་ཆུ་ཚོད་ ༧ འགོར་གྱི་ཡོད་པ་དང་། ལམ་བར་དུ་དམག་མི་དང་ཉེན་རྟོག་པ། འགྲིམ་འགྲུལ་ཉེན་རྟོག་པ་བཅས་ཀྱིས་གང་བྱུང་སྔོག་བཤེར་བྱེད་ཀྱིན་པ་མ་ཟད། སྨད་ཁང་དུ་འགྲོ་བཞིན་པའི་ནད་པ་ཚབས་ཆེན་གྱི་རིགས་ཀྱང་ལམ་བར་དུ་བཀག་འགོག་བྱེད་ཀྱི་ཡོད་འདུག་ལ། རླངས་འཁོར་ཁ་ལོ་བ་དང་མི་མང་གིས་རྣམ་འགྱུར་ལེགས་པོ་མ་བསྟན་ཚེ་གང་བྱུང་གཅར་རྡུང་དང་། ཉིན་ ༡༥ ནས་ ༢༠ བཀག་ཉར་གྱིས་བཙན་དབང་གིས་སློབ་གསོ་སྤྲོད་ཀྱི་ཡོད་འདུག
ད་དུང་། ནམ་རྒྱུན་གཞུང་འབྲེལ་མི་སྣ་མ་ཡིན་པའི་མི་སྒེར་གྱི་རླངས་འཁོར་ཁག་ཀྱང་འབྲི་རུ་ནས་ནག་ཆུ་རྫོང་དུ་འགྲོ་སྐབས། རླངས་འཁོར་ལམ་བར་དུ་བཀག་ཏེ་ངལ་གསོ་དང་ལྟ་སྐོར་སོགས་བྱེད་ཞོར་འགྲོ་ཆོག་གི་ཡོད་ཀྱང་། ཉེ་བའི་དུས་ནས་དམག་མི་དང་ཉེན་རྟོག་པ། འགྲིམ་འགྲུལ་ཉེན་རྟོག་པས་མི་མང་ལ་སྔོག་བཤེར་བྱེད་ཡུལ་གྱི་ས་ཚིགས་ཁག་ཏུ་སྡོད་ཆོག་པ་ལས། དེ་མིན་གྱི་ས་ཆར་གང་བྱུང་སྡོད་མི་ཆོག་པ་དང་། གལ་སྲིད། རླངས་འཁོར་ས་གནས་འདྲ་མིན་དུ་བསྡད་ཡོད་པའི་གནས་ཚུལ་མཐོང་ཚེ་རྒྱ་སྒོར་ ༧༠༠༠ གི་ཆད་པ་གཅོད་རྒྱུ་དང་། ཆད་པ་དུས་ལྟར་མ་ཕུལ་ཚེ་རླངས་འཁོར་ཁ་ལོ་བའི་ཆོག་མཆན་ཡིག་ཆ་དང་དེ་འབྲེལ་གྱི་ཡིག་ཆ་ཚང་མ་མ་གཞུང་བཞེས་གཏོང་རྒྱུ་ཡིན་སྐོར་སོགས་བསྒྲགས་ཡོད་འདུག
གསར་འགོད་པ། དོན་གོ