མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དར་དམར་སྟེང་གི་སྐར་ཆུང་རེ་རེ་བཞིན་ཡལ་རྒྱུའི་ཉེན་ཁ་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp

སང་ཉིན་རྒྱ་ནག་གི་སྲིད་འཛིན་རྒྱ་གར་ནང་སྐོར་སྐྱོད་མགོ་འཛུགས་གནང་གི་ཡོད་པ་དང་བསྟུན་ཏེ། དེ་རིང་སྤྱི་འཐུས་གྲོས་ཚོགས་ནང་དེའི་སྐོར་ལ་བགྲོ་གླེང་གནང་སྟེ། སྤྱི་འཐུས་ཚོས་ཞི་ཅིན་ཕིན་གྱིས་བོད་དོན་དཀའ་རྙོག་སེལ་རྒྱུ་དེ་ཁོ་རང་གི་ལས་འགན་གལ་ཆེ་ཤོས་ཡིན་པ་དང་རྒྱ་གར་ནང་གི་ས་མཚམས་ཀྱང་བོད་དོན་སེལ་ཐུབ་མིན་ལ་ཐུག་ཡོད་སྐོར་སོགས་ཀྱི་དགོངས་ཚུལ་གསུངས་སོང་།

སང་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་ཐེངས་དང་པོ་སྐོར་སྐྱོད་དུ་ཡོང་གི་ཡོད་པ་དང་བསྟུན་ཏེ། དེ་རིང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སྟེང་། ཞི་ཅིན་ཕིན་རྒྱ་གར་ནང་སྐོར་སྐྱོད་དང་འབྲེལ་བའི་གྲོས་འཆར་ཞིག་སླེབས་པའི་ཐོག སྤྱི་འཐུས་ ༢༨ གྱིས་ཆ་ཤས་བླངས་ཏེ་བགྲོ་གླེང་གནང་ཡོད་པ་དང་། མཇུག་ཏུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་ལ་དགོངས་ཚུལ་ཅི་ཡོད། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བགྲོ་གླེང་མཇུག་བསྡོམས་དང་འབྲེལ་ཏེ། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཐོག་སྲིད་བྱུས་འཛིན་སྟངས་ཀྱི་དབང་གིས་སྐར་ལྔའི་དར་དམར་སྟེང་གི་སྐར་མ་རེ་རེ་བཞིན་ཡལ་བཞིན་ཡོད་སྐོར་སོགས་གསུངས་སོང་། གཞན་སྤྱི་འཐུས་མང་པོ་ཞིག་གིས་ཞི་ཅིན་ཕིན་གྱིས་༧གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་བོད་དོན་སེལ་ཐབས་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། རྒྱ་གར་ནག་གཉིས་ཀྱི་མཐའ་མཚམས་དཀའ་རྙོག་སེལ་དགོས་ན་ཐོག་མར་བོད་ཀྱི་གནད་དོན་ཐག་གཅོད་དགོས་པ། དེ་བཞིན། ཞི་ཅིན་ཕིན་གྱིས་གྲངས་ཉུང་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་སྲུང་སྐྱོབ་དགོས་སྐོར་བརྗོད་ཡོད་པ་ལག་བསྟར་དོན་འཁྱོལ་བྱེད་དགོས་ཚུལ་སོགས་བརྗོད་སོང་། སྤྱི་འཐུས་ཁག་ཅིག་གིས་རྒྱ་ནག་སྲིད་འཛིན་གྱིས་ད་ལྟའི་གོ་སྐབས་བཟང་བོར་བོད་དོན་སེལ་ཐུབ་མ་བྱས་ཚེ་བོད་པ་ཚོས་གོམ་པ་གཉིས་པ་བརྒྱབ་ནས་བསམ་བློ་གཞན་པ་གཏོང་ཡང་སྲིད་སྐོར་བརྗོད་བྱུང་།

སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གང་ཞིག་ཡིན་ཡང་ཞི་ཡི་སྐོར་སྐྱོད་དང་འབྲེལ་བའི་ལས་འགུལ་ག་རེ་སྤེལ་བ་ཡིན་ནའང་། བོད་ནང་གི་བོད་མི་ཚོའི་མངོན་འདོད་རྣམས་རྒྱུ་མཚན་དང་ལྡན་པའི་ཐོག་ནས་རྒྱ་གར་གཞུང་མང་གཉིས་དང་། རྒྱ་ནག་གཞུང་ལ་ཞུ་གཏུག་གི་ལས་འགུལ་སྤེལ་བ་མ་གཏོགས། ཁྲོམ་གཞུང་དུ་རྒྱུགས་ཏེ་ཉེན་རྟོག་པས་འགོག་མ་ཐུབ་པར་དཀའ་ངལ་འཕྲད་པའི་ལས་འགུལ་རིགས་མ་སྤེལ་ན་ཡག་པོ་ཡོད་སྐོར་དང་། དེ་སྔོན་ཞི་ཅིན་ཕིན་ཁོ་རང་གིས་བཤད་པ་ལྟར། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་ངོས་འཛིན་གསལ་བོ་བྱས་པའི་ཐོག་ནས་བརྩི་འཇོག་དང་སྲུང་སྐྱོབ་དགོས་པ་དང་། དེ་བཞིན་བོད་བརྟན་ལྷིང་ཐོག་འཕྲལ་དུ་སྲིད་བྱུས་གསལ་བོ་ཞིག་བཟོས་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་གནད་དོན་སེལ་ཐབས་དགོས་པའི་རེ་སྐུལ། བོད་ཀྱི་གནད་དོན་དེ་རྒྱ་དཀར་ནག་བར་གྱི་གཡོལ་ཐབས་མེད་པའི་གནད་དོན་ཞིག་ཆགས་ཡོད་སྟབས། སྲིད་བློན་དང་སྲིད་འཛིན་རྣམ་གཉིས་མཇལ་མོལ་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་གླེང་སློང་དང་། བོད་རྒྱ་ཞི་མོལ་སླར་གསོ་ཡོང་བར་འབོད་སྐུལ་གནང་དགོས་སྐོར་བརྗོད་སོང་།

སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་གཞིས་ལུས་རྒྱ་ཆེའི་མི་མང་གི་ཉིན་འཁྱོལ་མཚན་མ་འཁྱོལ་པའི་རེ་སྒུག་དང་མངོན་འདོད་ནི། ༧གོང་ས་མཆོག་བོད་དུ་ཕེབས་འཇུག་དགོས་པ་དང་ཁོང་གི་གསེར་ཞལ་མཇལ་རྒྱུ་དེ་ཡིན་ལ། དེ་ནི་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་ཁ་ཆེམས་ཡང་ཡིན་པ་ལྟར། རྒྱ་རིགས་དད་ལྡན་མི་མང་གིས་ཀྱང་༧གོང་ས་མཆོག་ལ་མཇལ་བའི་རེ་སྨོན་བྱེད་ཀྱིན་ཡོད་སྟབས། རྒྱ་ནག་གཞུང་གིས་དྲང་ཚུགས་ལྡན་པའི་ཐོག་ནས་དོན་དངོས་དེ་རྟོགས་དགོས་པ་མ་ཟད། ༧གོང་ས་མཆོག་དང་གཞིས་ལུས་བོད་མི་མཇལ་འཛོམས་བྱུང་དུ་འཇུག་དགོས་པ། འཛམ་གླིང་གི་མཐོ་སྒང་དུ་གནས་པའི་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་དེ་ཛ་དྲག་ཤོས་ཆགས་ཡོད་ལ། དཔེ་མཚོན་ཙམ་ཞུས་ན། རྒྱ་གཞུང་གིས་ཨ་མྱེ་རྨ་ཆེན་གནས་རིའི་འདབས་སུ་གཏེར་ཁ་སྔོག་འདོན་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། མཚོ་སྔོན་པོའི་བདག་དབང་བཙན་འཕྲོག་བྱེད་བཞིན་པ་སོགས་འཕྲལ་དུ་མཚམས་འཇོག་དགོས་པ་མ་ཟད། བོད་ཀྱི་ཁོར་ཡུག་སྤྱིའི་ཐོག་བདག་གཅེས་གནང་དགོས་པ་གལ་ཆེན་པོ་ཆགས་ཡོད། ཞི་ཅིན་ཕིན་གྱིས་རྒྱ་ནག་ནང་ལོགས་གཙོས་གྲངས་ཉུང་མི་རིགས་ས་ཁུལ་དུ་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་བཞིན་པའི་ལས་འགུལ་དེ་དྲང་ཚུགས་ལྡན་པ་དང་ཕྱོགས་རིས་མེད་པ་ཞིག་ཡོང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བརྗོད་སོང་།

སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་བོད་ཀྱི་གནད་དོན་མ་སེལ་བར་དུ་རྒྱ་གར་ནག་གཉིས་ཀྱི་མཐའ་མཚམས་དཀའ་རྙོག་ནམ་ཡང་སེལ་ཐབས་མེད་སྟབས། རྒྱ་གར་ནག་གཉིས་དང་བོད་ཀྱི་ཆེད་དུ་བོད་ཀྱི་གནད་དོན་དེ་བདག་པོ་རྒྱག་རྒྱུ་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་ལས་འགན་ཆགས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་འབྲེལ་མོལ་རིམ་པའི་ནང་རྒྱ་ནག་གི་མགོ་སྐོར་བསླུ་བྲིད་འོག་རྒྱ་གར་གཞུང་སྔོན་ཆད་ཚུད་མེད་ལ། མ་འོངས་པར་ཡང་མ་ཚུད་པ་བྱས་ཏེ། རྒྱ་གར་གཞུང་ངོས་ནས་བོད་ཀྱི་གནད་དོན་དེ་རྒྱ་དཀར་ནག་བར་གྱི་དཀའ་རྙོག་སེལ་བའི་ལྡེ་མིག་ལྟ་བུ་ཞིག་ཏུ་གཟིགས་ནས་ཡིད་གཟབ་དགོས་པ་གལ་ཆེན་ཡིན། མི་འགྱངས་བར་རྒྱ་གར་གྱི་སྲིད་བློན་ཨ་རིར་གཟིགས་སྐོར་དུ་ཕེབས་འཆར་ཡོད་པ་ལྟར། ཨ་རིའི་ནང་བོད་དོན་གླེང་སློང་ཤུགས་ཆེན་གནང་ཐུབ་པ་ཡིན་ན་རྒྱ་ནག་གཞུང་ལ་ཤུགས་རྐྱེན་ཐེབས་སྲིད་ལ། ད་ལྟའི་བར་རྒྱ་གར་གཞུང་མང་གཉིས་བོད་དོན་ཐོག་བཀའ་དྲིན་ཆེན་པོ་ཡིན་ལ། མ་འོངས་པར་ཡང་འཛམ་གླིང་ནང་རྒྱ་གར་གྱི་དབུ་ཁྲིད་དེ་བོད་ཀྱི་གནད་དོན་སེལ་བའི་དབུ་ཁྲིད་གལ་ཆེན་ཞིག་པའི་ཐུགས་འགན་བཞེས་དགོས། ཞེས་སོགས་བརྗོད་སོང་།

ཉིན་རྒྱབ་ཏུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཞི་ཅིན་ཕིན་གྱི་སྐོར་སྐྱོད་ཐད་གསུང་བཤད་གནང་དོན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་གྱི་སྲིད་བློན་མུ་དྷེ་ཡི་འཁྲུངས་སྐར་དང་སྟབས་བསྟུན་ཏེ། སང་ཉིན་རྒྱ་གར་ནང་ཕེབས་ཀྱི་ཡོད་པ་དང་། ཉིན་ ༣ རིང་ཞི་ཅིན་ཕིན་རྒྱ་གར་ནང་བཞུགས་ཏེ་རྒྱ་དཀར་ནག་བར་གྱི་འབྲེལ་ལམ་བཟང་དུ་གཏོང་ཆེད་འབད་བརྩོན་བྱེད་ཀྱིན་ཡོད་པ་དང་། རྒྱ་གར་གཞུང་ངོས་ནས་ཀྱང་ཚོང་འབྲེལ་སོགས་སྤྱི་ཡོངས་ཀྱི་ཐོག་འབད་བརྩོན་གནང་དང་གནང་མུས་རེད། བོད་མིའི་སྒྲིག་འཛུགས་ནས་དུས་རྟག་ཏུ་རྒྱ་གར་དང་ཁྱིམ་མཚེས་རྒྱལ་ཁབ་ཚང་མར་མཐུན་ལམ་ཡག་པོ་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་ལ། རྒྱ་དཀར་ནག་བར་མཐུན་ལམ་ཡག་པོ་བྱུང་ན་བོད་དོན་ལའང་ཕན་གྱི་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཉིན་ ༣ རིང་ཞི་ཅིན་ཕིན་རྒྱ་གར་གྱི་ས་ཁུལ་ཁག་ཅིག་ནང་ཕེབས་ཀྱི་ཡོད་སྟབས། རྒྱ་གར་རྒྱལ་ཁབ་གཅིག་ནང་མི་རིགས་འདྲ་མིན་དང་སྐད་ཡིག་འདྲ་མིན་སྣ་ཚོགས་ཡོད་ནའང་། རང་དབང་གི་གཞི་རྩར་བརྟེན་ནས་ཚང་མ་ཆིག་སྒྲིལ་གྱིས་གནས་ཐུབ་པའི་སློབ་གསོ་དེ་ཞི་ཅིན་ཕིན་གྱིས་ལེན་ཐུབ་པའི་རེ་བ་ཡོད། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་སྲིད་བྱུས་དེ་མི་རབས་ནས་མི་རབས་སུ་གནས་བསྡད་ཡོད་ཀྱང་། མི་རབས་གསུམ་པའི་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་གནང་བཞིན་པ་དེ་རང་དབང་མེད་པས་བྱུང་བ་ཡིན་སྟབས། རང་དབང་དང་མི་རིགས་མཐུན་སྒྲིལ་གྱིས་གནས་པ་དེ་རྒྱ་གར་གྱི་སློབ་གསོ་རྩ་ཆེ་ཤོས་ཤིག་རེད་བསམ་གྱི་འདུག ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་ལྷག་པར་དུ་བོད་ཕྱི་ནང་གཉིས་ནས་བོད་མི་ ༡༣༠ ཡིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། དེའི་ནང་ནས་མི་ ༡༡༢ འདས་གྲོངས་སུ་ཕྱིན་ཞིང་། ཁོང་ཚོས་སྲོག་བློས་གཏོང་དགོས་དོན་ཤེས་པའི་ཐོག་ནས་བོད་སྤྱི་ཡོངས་ཀྱི་སྲིད་བྱུས་གུ་ཡངས་པོ་འཛིན་པའི་རེ་བ་ཞུ་ཡི་ཡོད་ལ། རྒྱ་དཀར་ནག་གི་འབྲེལ་བ་བཟང་ཏུ་འགྲོ་དགོས་བརྒྱུད་ལམ་དེ་བོད་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར། རྒྱ་གར་གཞུང་ངོས་ནས་ཀྱང་བོད་དོན་གླེང་སློང་ཡོང་བའི་རེ་བ་ཡོད། དེ་ཙམ་ལས་ད་རེབ་མང་པོ་ཞིག་ཞུ་མ་དགོས་ན་བསམ་ཡོད། གང་ཡིན་ཟེར་ན། དེ་རིང་བགྲོ་གླེང་བྱེད་པའི་དུས་ཚོད་འདི་ཏོག་ཙམ་སྔ་མ་དྲགས་ན་འཕྱི་མ་དྲགས་ན་བསམ་པའི་ཚོར་བ་ཞིག་བཀའ་ཤག་ལ་བྱུང་སོང་། ཅེས་དང་། དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་ཞི་མོལ་ཡོང་བའི་ལངས་ཕྱོགས་ལ་འགྱུར་བ་མེད་སྐོར་དང་། ཞི་ཡི་སྐོར་སྐྱོད་དང་བསྟུན་ནས་ལས་འགུལ་ག་རེ་སྤེལ་བ་ཡིན་ནའང་ཞི་བ་དང་ཆེ་མཐོང་ལྡན་པ། གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པའི་ཐོག་ནས་སྤེལ་དགོས་པའི་འབོད་སྐུལ་བཅས་གནང་སོང་།

དེའི་རྗེས་བགྲོ་གླེང་མཇུག་བསྡོམས་དང་འབྲེལ་ནས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུངས་དོན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་སྐོར་སྐྱོད་ཐད་དེ་རིང་ཚེས་ ༡༦ ཉིན་བགྲོ་གླེང་གནང་དགོས་དོན་དེར། སྤྱི་འཐུས་རྒྱུན་ལས་ནང་གོ་བསྡུར་མཐིལ་ཕྱིན་པ་བྱས་ཏེ་ཐག་གཅོད་བྱས་པ་ཞིག་ཡིན། སྤྱིར་བཏང་ལས་རིམ་བང་སྒྲིག་ཕྱོགས་ཀྱི་ལས་འགན་དེ་ཚོགས་གཙོ་གཞོན་གཉིས་དང་ཚོགས་དྲུང་ལ་ཡོད་ཀྱང་། ད་རེབ་ཀྱི་བརྗོད་གཞི་འདི་རྒྱུན་ལས་ནང་གོ་བསྡུར་གྱིས་ཐག་གཅོད་བྱས་པ་ཞིག་ཆགས་ཡོད། དེ་རིང་གི་བརྗོད་གཞི་འདིའི་ཐོག་སྤྱི་འཐུས་ ༢༨ ཀྱིས་ཆ་ཤས་བླངས་སོང་ལ། བཀའ་ཤག་གི་ངོས་ནས་སྲིད་སྐྱོང་མཆོག་གིས་འཛིན་སྐྱོང་ལ་དགོངས་ཚུལ་གང་ཡོད་གསུངས་སོང་།

རྒྱ་ནག་དང་རྒྱལ་ཁབ་གཞན་གང་ཡིན་ཡང་འབྲེལ་བ་བཟང་པོ་ཡོང་ཆེད་དང་། འཆམ་མཐུན་ཡོངས་ཐབས་ལ་སྔར་༧གོང་ས་མཆོག་གིས་ཆབ་སྲིད་ཐུགས་འགན་བཞེས་སྐབས་ནས་འབད་བརྩོན་གནང་ཡོད་ལ། ད་ལྟའང་བོད་མིའི་སྒྲིག་འཛུགས་ཀྱིས་སྲིད་བྱུས་དེ་རང་གི་ཐོག་ཏུ་གོམ་པ་རྒྱག་གི་ཡོད། རྒྱ་ནག་དང་ང་ཚོའི་བར་འབྲེལ་བ་དམ་ཟབ་ཡོང་བའི་ཐོག་ནས་རྒྱ་ནག་དེ་འགན་འཁུར་མཁན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཆགས་དགོས་ཀྱི་འདུག་ཟེར་ནས་ཤོད་ཀྱི་ཡོད། འགན་འཁུར་མཁན་གྱི་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་པར་རྒྱ་ནག་ནང་ཁུལ་གྱི་མི་རིགས་ཡོངས་རྫོགས་ལ་ཆེ་མཐོང་གཅིག་པ་སྤྲོད་དགོས་པ་གནད་འགག་ཆགས་ཡོད། བོད་པ་དང་ཡུ་གུར་སོག་པོ་སུ་འདྲ་ཞིག་ཡིན་ཡང་དུས་ཚོད་ཛ་དྲག་ཆགས་ཡོད། མན་ཇུ་མི་རིགས་དེ་ཧ་ལམ་བརླག་ཚར་བ་འདྲ་བོ་རེད། རྒྱ་ནག་གི་རྒྱལ་དར་སྟེང་སྐར་མ་ཆེ་བ་གཅིག་དང་ཆུང་བ་བཞི་ཡོད། སྐར་མ་ཆུང་བ་དེ་དག་གིས་གོང་གི་གྲངས་ཉུང་མི་རིགས་དེ་དག་མཚོན་གྱི་ཡོད་པའི་སྐད་ཆ་རེད། དེང་སྐབས་མན་ཇུའི་རྣམ་པ་ཞེ་དྲག་ལྷག་ཡོད་པ་མ་རེད། མན་ཇུའི་སྐད་རྒྱག་མཁན་ཡང་ཉུང་ཉུང་ཆགས་ཚར་བ་རེད། ཉེ་ལམ་ང་ཨོ་སི་ཊོ་ལི་ཡར་ཕྱིན་སྐབས་མན་ཇུ་མི་རིགས་ལ་ཐུག་སོང་། ཁོ་རང་སྔོན་མ་ཕ་ཡུལ་དུ་ཕྱིན་སྐབས་སོ་སོའི་མི་རིགས་ཀྱི་སྐད་རྒྱག་མཁན་དཀོན་པོ་རེད་ལབ་སོང་། གནས་སྟངས་དེ་ལ་བལྟས་ན་རྒྱ་ནག་གི་རྒྱལ་དར་སྟེང་ནས་སྐར་མ་ཆུང་བ་གཅིག་མར་བཀོག་རན་འདུག

རྒྱ་ནག་གིས་ནང་སོག་ཏུ་འབོད་པའི་ལྷོ་སོག་ལ་མཚོན་ནའང་། ཡུལ་དེའི་ནང་གི་མི་འབོར་བརྒྱ་ཆ་ ༨༠ ཙམ་ཧྭན་རྒྱ་རིགས་དང་བརྒྱ་ཆ་ ༢༠ ཙམ་སོག་པོ་ཆགས་ཡོད། ཁོ་རང་ཚོའི་འཐབ་རྩོད་ཀྱང་ཧ་ལམ་མཐའ་ལ་ཐུག་པ་འདྲ་བོ་ཆགས་ཡོད། ལོ་འགའི་གོང་ནས་ལས་འགུལ་རེ་ཟུང་ཡོང་གི་ཡོད་པ་ལས་རྒྱལ་སྤྱིའི་ཐོག་དོ་སྣང་ མེད་པ་ཆགས་ཡོད། དེང་སྐབས་སོག་པོའི་མི་རིགས་ཀྱི་རྣམ་པ་ཡང་ཉམས་ཆག་ཏུ་ཕྱིན་ཏེ། རྒྱ་ནག་གི་རྒྱལ་དར་ལས་སྐར་མ་གཉིས་པ་དེ་མར་འཐེན་དགོས་པ་ཆགས་ཡོད། དེ་བཞིན་ཡུ་གུར་དང་བོད་ལ་མཚོན་ནའང་། སོ་སོའི་ལུང་པའི་ནང་སོ་སོ་གྲངས་ཉུང་མི་རིགས་ཆགས་ཡོད་པ་ཡོངས་གྲགས་ཡིན་སྟབས། བོད་དང་ཡུ་གུར་གྱི་དཀའ་རྙོག་གང་མགྱོགས་སེལ་མ་ཐུབ་ཚེ། ལོ་སུམ་ཅུ་བཞི་བཅུའི་རྗེས་ལ་རྒྱ་ནག་གི་རྒྱལ་དར་སྟེང་ནས་སྐར་མ་ཆུང་བ་ཚང་མ་ མར་ཟེགས་ནས་སྐར་མ་ཆེ་བ་གཅིག་པུ་ལྷག་རྒྱུའི་ཉེན་ཁ་ཡོད།

རྒྱ་ནག་གཞུང་གིས་འཛུགས་སྐྲུན་གྱི་མིང་ཐོག་ནས་བོད་ནང་རྒྱ་མི་འབོར་ཆེན་པོ་གནས་སྤོར་བྱེད་ཀྱིན་ཡོད་པ་དང་། རྒྱ་མི་རིགས་དང་བོད་མི་རིགས་ཆང་ས་རྒྱག་ཏུ་བཅུག་སྟེ། མི་རིགས་མཉམ་བསྲེས་བྱེད་པ་སོགས་ཀྱིས་བོད་པའི་མི་རིགས་ཀྱི་ངོ་བོ་དང་སྐད་ཡིག རིག་གཞུང་ཡོངས་རྫོགས་རྩ་མེད་ཆགས་ཀྱིན་ཡོད་པ་གསལ་བོ་རེད། མི་རིགས་མང་པོ་དང་སྐད་ཡིག་མང་པོ་ཐུན་མོང་དུ་གནས་ཐབས་ལ་རྒྱ་ནག་གིས་ཏན་ཏན་སློབ་སྦྱོང་བྱེད་འོས་པ་ཞིག་དང་། ཆབ་སྲིད་འགྲོ་ལུགས་ལྟར་ནའང་། ནུབ་ཕྱོགས་ཀྱི་དམངས་གཙོའི་འགྲོ་ལུགས་དེ་ཤར་ཕྱོགས་ལ་མཐུན་གྱི་མི་འདུག་ཟེར་ནས་རྒྱ་ནག་གི་མགོ་ཁྲིད་ཚོས་ཤོད་བཞིན་ཡོད་ཀྱང་། འཛམ་གླིང་ཐོག་གི་མི་འབོར་ཆེ་ཤོས་ཀྱི་དམངས་གཙོའི་རྒྱལ་ཁབ་དེ་ཨེ་ཤ་ཡའི་ནང་དུ་ཡོད། རྒྱ་གར་སྨྲ་བརྗོད་རང་དབང་དང་། འགྲོ་འདུག་རང་དབང་། འདུ་འཛོམས་རང་དབང་ཆ་ཚང་ཡོད་པའི་ལུང་པ་འདིར། ཞི་བདེ་བག་ཕེབས་ཅི་ཙམ་ཡོད་པ་འདིར་རྒྱ་ནག་གིས་སློབ་སྦྱོང་བྱེད་འོས་པ་ཞིག་ཆགས་ཡོད། ཅེས་གསུངས་སོང་།

རྒྱ་ནག་གི་སྲིད་འཛིན་ཟུར་བ་ཞིག་སྔོན་མ་ཨ་རིར་ཕྱིན་སྐབས། ཁོ་རང་ཚོའི་འཆར་གཞི་ལྟར་ན་གཟི་བརྗིད་ཆེན་པོའི་ཐོག་ནས་ལས་དོན་བསྒྲུབས་ནས་ཕྱིར་ལོག་དགོས་བསམ་ཡོད་ཀྱང་། བོད་ཙམ་མིན་པར་རྒྱ་རིགས་ཆོས་འཁོར་རྩ་རླུང་ཉམས་ལེན་པ་དང་དམངས་གཙོ་དོན་གཉེར་བ་མང་པོས་ངོ་རྒོལ་ཤུགས་ཆེན་པོ་བྱས་པར་བརྟེན། སྲིད་འཛིན་ཅང་ཙེ་མེན་སྒེར་ལ་ཕོག་ཐུག་ཆེན་པོ་ཕྱིན་ཡོད་སྟབས། རྗེས་སུ་ཁོ་རང་གིས་ངོ་རྒོལ་བྱེད་མཁན་མི་རིགས་ཁག་ལ་སྲིད་བྱུས་འཛིན་སྟངས་དམ་ དུ་ཕྱིན་པ་རེད་ཟེར་བའི་བཤད་སྲོལ་ཞིག་ཡོད། དེ་བཞིན། ད་རེབ་ཞི་ཅིན་ཕིན་རྒྱ་གར་དུ་ཡོང་སྐབས་ཀྱང་གཟི་བརྗིད་ཆེན་པོ་བྱེད་དགོས་བསམ་ ཡོད་པ་རེད། ང་ཚོའི་སྤྱི་ཚོགས་ནང་ངོ་རྒོལ་བྱེད་སྟངས་དང་རྣམ་འགྱུར་སྟོན་སྟངས་ཐོག་བསམ་ ཚུལ་མི་འདྲ་བ་ཡོད་ཀྱང་། རྣམ་འགྱུར་སྟོན་རྒྱུ་གལ་ཆེན་པོ་རེད། འོན་ཀྱང་། རྣམ་ འགྱུར་སྟོན་སྟངས་བཀའ་ཤག་གི་ལམ་སྟོན་གཞིར་བཟུང་གནང་རྒྱུ་གལ་ཆེན་པོ་རེད། ལྷག་པར་དུ་སྲིད་འཛིན་ཞི་ཅིན་ཕིན་སྒེར་ལ་མ་གནོད་པ་ཞིག་གནང་རྒྱུ་གལ་ཆེན་པོ་རེད། དེ་བཞིན་ང་ཚོའི་གནས་ཡུལ་རྒྱལ་ཁབ་རྒྱ་གར་ལ་བརྡབ་གསིག་མ་སོང་བ་གནང་དགོས།

རེ་བ་རྒྱག་གི་ཡོད་ཟེར་མཁན་དང་། ཡིད་ཆེས་མེད་ཟེར་མཁན་ཅི་རིགས་ཡོད་པ་རེད། རྒྱལ་སྤྱི་རྒྱ་ནག་གང་དུའང་སྲིད་འཛིན་གྱིས་འདི་བྱེད་རྒྱུ་རེད་ཟེར་ནས་ཤེས་ཀྱི་ཡོད་པ་མ་རེད། རེ་བ་བརླག་རྒྱུ་ཡོད་པ་མ་རེད། རེ་བ་བརླག་ཚར་ན་འཐབ་རྩོད་ཕལ་ཆེར་རྫོགས་ཚར་བ་རེད། ཡིད་ཆེས་བྱེད་མིན་དེ་སོ་སོའི་བྱེད་སྟངས་ལའང་རག་ལས་ཡོད། ཁ་ཤས་ཀྱིས་ལོ་སུམ་ཅུ་བཞི་བཅུར་དབུ་མའི་ལམ་དུ་ཕྱིན་ཡང་གྲུབ་འབྲས་ཐོན་ཡོད་པ་མ་རེད་ཟེར་མཁན་ཡོད། ཕྱོགས་གཞན་ཞིག་ནས་བལྟས་ན་ང་ཚོའི་ལངས་ཕྱོགས་དེར་ང་ཚོ་རང་གིས་འགྱུར་བ་མེད་པ་དང་གཡོ་བ་མེད་པར་བརྟན་པོ་ག་ཚོད་ཅིག་བཟུང་ཡོད། ལངས་ཕྱོགས་རང་ལ་སྐྱོན་མེད་པ་གསལ་བོ་ཡིན་ཡང་རྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས་གནས་སྟངས་འདི་བྱུང་བ་རེད། ཅེས་སོགས་གསུངས་སོང་།

མཇུག་ཏུ་ཚོགས་གཙོ་མཆོག་གིས་སྤྱི་འཐུས་ཚོས་གྲོས་ཚོགས་ནང་སྒེར་གྱི་དགོངས་ཚུལ་གསུངས་ཆོག་ཀྱང་ཕྱི་ལོགས་སུ་གྲོས་ཚོགས་ཀྱི་ཚབ་བྱས་ཏེ་སྐད་ཆ་བཤད་དགོས་སྐོར་གསུངས་དོན། སྤྱི་འཐུས་རེ་ཟུང་གིས་རྣམ་འགྱུར་སྟོན་སྟངས་དེ་འགྲིག་དང་མ་འགྲིག་ཡོང་གི་འདུག ངས་སྔོན་མ་ནས་ཞུས་ཡོད། བཀའ་མོལ་གནང་སྟངས་རེ་ཟུང་ལ་བརྟེན་ཏེ་ང་ཚོ་རང་གི་གྲོས་ཚོགས་ར་བ་འདིའི་ནང་མ་མཐུན་པའི་རྣམ་འགྱུར་འཐོན་པ་ཡིན་ན་གནས་སྟངས་ག་རེ་ཆགས་སོང་། སོ་སོའི་དགོངས་འཆར་གསུང་ཆོག་གི་རེད། ཡིན་ནའང་གཞན་གྱི་བསམ་ཚུལ་ཐོག་ལ་སྐད་ཆ་འདྲ་མིན་བཤད་ན་བརྡབ་གསིག་ཐེབས་ཀྱི་ཡོད་པ་རེད། གྲོས་ཚོགས་ར་བའི་ནང་སྡོད་པའི་རིང་སོ་སོ་སྒེར་ལ་བསམ་ཚུལ་ག་རེ་ཡོད་པ་དེ་ལྷུག་པོར་བཤད་ཆོག་ཀྱང་། གྲོས་ཚོགས་ཕྱི་ལ་འཐོན་འགྲོ་སྐབས་གྲོས་ཚོགས་ཀྱི་སྐུ་ཚབ་བྱས་ཏེ་འགྲོ་དགོས་པ་ལས་སོ་སོ་སྒེར་གྱི་བསམ་ཚུལ་བཤད་སའི་ལམ་ཁ་ཡོད་པ་མ་རེད། ཅེས་སྔོན་མ་ཞུས་ཡོད་ལ། དེ་རིང་ཡང་བསྐྱར་ཞུ་བཞིན་ཡོད།

སྲིད་འཛིན་ཞི་ཅིན་ཕིན་ལ་བཟང་ངན་གཉིས་ཀ་ཤོད་མཁན་ཡོད་ཀྱང་། བོད་ནང་གི་དངོས་ཡོད་གནས་སྟངས་ལ་འགྱུར་བ་གང་ཡང་ཕྱིན་མེད་པ་གསལ་བོ་རེད། ལྷག་པར་དུ་གསར་འགྱུར་བརྒྱུད་ལམ་ཁག་རྒྱ་ནག་དང་བོད་ནང་འགྲོ་རྒྱུ་ཇེ་དམ་དུ་ཕྱིན་ཡོད་པ་ཤོད་བཞིན་ཡོད་སྟབས། ད་རེབ་ཞི་ཅིན་ཕིན་ལ་བོད་ཙམ་མ་ཡིན་པར་རྒྱའི་འོག་གི་གྲངས་ཉུང་མི་རིགས་ཡོངས་རྫོགས་ལ་ལྟ་སྟངས་གཅིག་པ་འཛིན་དགོས་པ་ལས། སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་སྟེ་སེམས་ནང་རྨ་ཁ་ཡོད་པའི་སྟེང་ཚ་བྱུག་བསྡད་ན་འགྲིག་གི་མ་རེད་ཟེར་ནས་ཞུ་རྒྱུ་ཡིན། སྐབས་རེར་རྒྱ་ནག་གི་བྱེད་སྟངས་ལ་བལྟས་ན། ང་ཚོར་ཚུར་ཁ་བྲལ་བ་ལབ་ཀྱི་ཡོད་ཀྱང་། དོན་དངོས་ཐོག་ཁ་བྲལ་གཏོང་མཁན་དང་རྒྱ་ནག་གཏོར་མཁན་ངོ་མ་དེ་སུ་ཡིན་ནམ་བསམ་པའི་ཚོར་བ་ཡོང་གི་འདུག རྒྱ་ནག་ལ་གོང་བུ་གཅིག་འགྱུར་དགོས་ན། རྒྱ་ནག་ལ་བརྟན་བརླིང་དགོས་ན། རྒྱ་ནག་ལ་ཞི་བདེ་དགོས་ན། བོད་དང་གནས་སྟངས་གཅིག་པ་ཡིན་པའི་མི་རིགས་ཡོངས་ཀྱི་དཀའ་ངལ་ཁག་སེལ་དགོས་པ་རེད་ཟེར་ནས་ཞུ་བཞིན་ཡོད། ཅེས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

མཆན། 10

  1. ཀརྨ་རྡོ་རྗེ། says:
    ལོ་ 8 སྔོན།

    ་་་་་་་་་་ དེ་བཞིན། ད་རེབ་ཞི་ཅིན་ཕིན་རྒྱ་གར་དུ་ཡོང་སྐབས་ཀྱང་གཟི་བརྗིད་ཆེན་པོ་བྱེད་དགོས་བསམ་ ཡོད་པ་རེད། ང་ཚོའི་སྤྱི་ཚོགས་ནང་ངོ་རྒོལ་བྱེད་སྟངས་དང་རྣམ་འགྱུར་སྟོན་སྟངས་ཐོག་བསམ་ ཚུལ་མི་འདྲ་བ་ཡོད་ཀྱང་། རྣམ་འགྱུར་སྟོན་རྒྱུ་གལ་ཆེན་པོ་རེད།
    འོན་ཀྱང་། རྣམ་ འགྱུར་སྟོན་སྟངས་བཀའ་ཤག་གི་ལམ་སྟོན་གཞིར་བཟུང་གནང་རྒྱུ་གལ་ཆེན་པོ་རེད། ལྷག་པར་དུ་སྲིད་འཛིན་ཞི་ཅིན་ཕིན་སྒེར་ལ་མ་གནོད་པ་ཞིག་གནང་རྒྱུ་གལ་ཆེན་པོ་རེད། དེ་བཞིན་ང་ཚོའི་གནས་ཡུལ་རྒྱལ་ཁབ་རྒྱ་གར་ལ་བརྡབ་གསིག་མ་སོང་བ་གནང་དགོས། ་་་་་་་་་་་་

    Reply
  2. བསོད་ནམས། says:
    ལོ་ 8 སྔོན།

    གོང་དུ་དྲ་གྲོགས་ཨོ་རྒྱན་རྡོ་རྗེ་དང་གངས་ཀྱི་བུ་ཕྲུག་ལགས་གཉིས་ཀྱིས་གསུངས་པ་ལྟར་དུས་བབ་ཚང་ལ་སྔགས་བརྗོདཡོད། བོད་ཀྱི་དུས་བབ་ཚང་གི་འགྱུར་ལྡོག་དང་འཕེལ་རྒྱས་ཧང་སང་དགོས་ཡ་རེད། དེང་སྐབས་འཛམ་གླིང་རྒྱལ་ཁབ་གཞན་དང་མི་རིགས་གཞན། ཡུལ་ལུང་གཞན་གྱི་གནས་ཚུལ་མང་པོ་ཞིག་བོད་ཡིག་ཐོག་ཞིབ་ཚགས་ཀྱིས་བསྒྱུར་སྤེལ་གནང་གི་ཡོད་པ་དེ་ཧ་ཅང་ཡག་པོ་འདུག ང་རང་ལྟ་བུ་ལ་མཚོན་ན་དབྱིན་ཡིག་དབྱིན་སྐད་ཤེས་མཁན་ཚོས་ཁ་རྒྱག་པ་བཤད་སྡོད་མཁན་ཚོའི་ཁ་ནང་ལ་ཧང་སང་ནས་སྡོད་མི་དགོས་པར། སོ་སོས་བོད་ཡིག་ལས་ཀྱང་མི་ཤེས་ནའང་བོད་ཀྱི་དུས་བབ་དྲ་བརྒྱ་བརྒྱུད་ནས་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་གནས་ཚུལ་མང་པོ་ཞིག་ལྟ་ཀློག་བྱེད་ཐུབ་ཀྱི་འདུག ལས་ཁུངས་ཤིག་གི་ལས་དོན་ཚགས་ཚུད་ཡོང་མིན་དེ་ལས་ཁུངས་དེའི་མགོ་ཁྲིད་ལ་ཐུག་ཡོད་པ་བཞིན་གསར་ཁང་ཞིག་ཡར་རྒྱས་ཚགས་ཚུད་ཡོང་མིན་དེ་གསར་ཁང་དེའི་རྩོམ་སྒྲིག་པར་ཐུག་ཡོད་སྟབས། བོད་ཀྱི་དུས་བབ་ཚང་གི་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་མཆོག་ལ་ཐུགས་རྗེ་ཆེ་གྲངས་མེད་ཞུ་བཞིན་ཡོད། བཀའ་དྲིན་ཆེ།།

    Reply
  3. ཇོ་རུ་ཚེ་རིང་། says:
    ལོ་ 8 སྔོན།

    ཞི་ཅིན་ཕིན་རྒྱ་ནག་སླེབས་པ་དང་དུས་བསྟུན་ནས་གྲོས་ཚོགས་ནང་བོད་དོན་ཤུགས་ཆེ་གླེང་སློང་བྱས་པ་དེར་རྗེས་སུ་ཡི་རངས་ཡོད། ཡིན་ནའང་། གྲོས་ཚོགས་ནང་རྒྱ་དམར་གྱི་རྒྱལ་དར་འགྲེལ་སྟངས་ཐད་བསམ་འཆར་ཏོག་ཙམ་ཞུ་འདོད་བྱུང་།

    ད་ལྟའི་ཆར་རྒྱ་ནག་སྐམ་ས་ཆེན་པོར་དབང་སྒྱུར་མཁན་རྒྱ་ནག་དམར་ཤོག་རྒྱལ་ཁབ་ཀྱི་རྒྱལ་དར་སྟེང་གི་སྐར་མ་ལྔ་འགྲེལ་སྟངས་ཐད། བཙན་བྱོལ་ནང་ཏོག་ཙམ་གོ་ནོར་ཐེབས་མེད་དམ་བསམ། འདས་པའི་ལོ་འགའི་ཡར་སྔོན་ཞིག་ལ། རྡ་ས་མོག་གྷན་དུ་གཞོན་ལྷན་གྱིས་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཏེ་རྒྱ་དམར་གྱི་རྒྱ་དར་མེར་བསྲེགས་སྐབས་སུའང་། སྐར་མ་ཆུང་བ་བཞི་བོ་དེ་བོད་དང་མཱན་ཇི། སོག་པོ། ཡུ་གུར་བཅས་ཀྱི་མཚོན་བྱེད་ཡིན་པར་བརྗོད་དེ། སྐར་མ་གཅིག་བཀོག་དགོས་པར་བརྗོད་པ་ཞིག་དྲན་གྱི་འདུག དེ་རིང་གྲོས་ཚོགས་ནང་ཚོགས་གཙོ་མཆོག་གིས་ཀྱང་སྐར་མ་ཆུང་བ་བཞི་ནི་རྒྱ་དམར་གྱིས་གྲངས་ཉུང་མི་རིགས་བསྒྲགས་ཏེ། རྒྱ་རིགས་མ་ཡིན་པའི་མི་རིགས་གཞན་རྣམས་ཡར་བགར་མར་བགར་གྱིས་རིགས་ ༥༦ ལ་བཅད་བགོས་བྱས་ཡོད་པའི་གྲས་ནས། བོད་དང་ལྷོ་སོག། ཡུ་གུར། མཱན་ཇི་བཞི་མཚོན་གྱི་ཡོད་སྐོར་གསུངས་སོང་། རྒྱ་དམར་རང་ངོས་ནས་དེ་ལྟར་འགྲེལ་གྱིན་པ་ཞིག་ངས་ནི་ད་ལྟའི་བར་དུ་ཤེས་མ་སོང་།

    རྒྱ་གཞུང་རང་གི་འགྲེལ་བརྗོད་ཀྱི་ཚིག་ཇི་བཞིན་བཀོད་ན། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་གྱི་ཚོན་མདོག་དམར་པོས་གསར་བརྗེ་མཚོན་ལ། དར་སྟེང་གི་ཟུར་ལྔའི་སྐར་མ་ལྔ་དང་དེ་དག་གི་འབྲེལ་བ་ཡིས་གུང་ཁྲན་ཏང་གི་དབུ་ཁྲིད་འོག་གསར་བརྗེ་མི་དམངས་ཀྱི་མཐུན་སྒྲིལ་ཆེན་མོ་མཚོན། ཟུར་ལྔའི་སྐར་མའི་ཚོན་མདོག་སེར་པོ་ཡིན་པ་དེས་ས་གཞི་དམར་པོའི་སྟེང་འོད་ཟེར་འཕྲོ་ཆེད་ཡིན། དེའང་ཚོས་རྩི་སེར་དཀར་ཡིན་པས་གསལ་ལ་མཛེས་སྡུག་ལྡན་པ་ཡོད། ཟུར་ལྔའི་སྐར་མ་ཆུང་བ་བཞི་ཡི་ཟུར་སྣེ་གཅིག་རེ་སྐར་མ་ཆེ་བའི་དཀྱིལ་དབུས་ལྟེ་བར་དྲང་ཐད་དུ་ཕྱོགས་ཡོད་དེ་ཡིས། དཀྱིལ་སྙིང་གཅིག་གི་མཐའ་སྐོར་ནས་ཡོད་པའི་མཐུན་སྒྲིལ་མཚོན། རི་མོའི་སྣང་བརྙན་གྱི་ཐད་ནས་ཀྱང་ཕན་ཚུན་འབྲེལ་བ་དམ་པོ་ཡོད་པའི་མཛེས་དཔྱོད་ལྟ་བ་མངོན་ཡོད། ༽ཞེས་པ་འདི་རེད།

    ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་རྒྱ་དར་དམར་པོའི་འགྲེལ་བརྗོད་ཐད་ནས་མགོ་རྙོག་ཅིག་ཐེབས་དགོས་ཚེ། ༼གསར་བརྗེ་མི་དམངས༽ཟེར་བ་དེ་ངོས་འཛིན་སྟངས་ཐད་ནས་འཁྲུག་ཐེབས་པ་རེད། གསར་བརྗེ་མི་དམངས་ངོས་འཛིན་སྟངས་ཐད་ནས། དེ་སྔོན་རྒྱ་དམར་གྱིས་ངོས་འཛིན་སྟངས་གཙོ་ཆེ་བ་གཅིག་ནི། བཟོ་བ་གྲལ་རིམ། ཞིང་པ་གྲལ་རིམ། ཤེས་ལྡན་པ། མ་རྩ་རིང་ལུགས་ཆུང་བ་བཅས་རེད། རྗེས་སུ་རྒྱ་དམར་གྱི་དབང་སྒྱུར་ལ་རྒྱལ་ཁ་ཐོབ་སྟེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞེས་པ་དེ་བཙུགས་པའི་རྗེས་སུ། ཁོ་ཚོས་འཛམ་གླིང་སྒང་ལ་ཁོ་ཚོའི་རྒྱལ་ཁབ་དེ་ནི་མི་རིགས་ ༥༦ ལས་གྲུབ་པའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཡིན་སྐོར་དྲིལ་སྒྲོག་ཤུགས་ཆེན་བྱས་པ་རེད། ཡིན་ནའང་དོན་གྱིས་རྒྱལ་ཁབ་ཀྱི་ངོ་བོ་མཚོན་བྱེད་ཀྱི་རྒྱལ་དར་སྟེང་དུ་མི་རིགས་མཉམ་འབྲེལ་གྱི་མཚོན་དོན་རི་མོ་གང་ཡང་ཡོད་པ་མ་རེད། དེར་བརྟེན། གཞན་ལ་འགྲེལ་བདེ་བོ་མ་བྱུང་བར་༼ཤེས་ལྡན་པའི་༽ཚབ་ཏུ་༼མི་རིགས་མ་རྩ་རིང་ལུགས་ཆུང་བ༽་བཞག་སྟེ།
    བཟོ་བ་གྲལ་རིམ། ཞིང་པ་གྲལ་རིམ། མ་རྩ་རིང་ལུགས་ཆུང་བ། མི་རིགས་མ་རྩ་རིང་ལུགས་ཆུང་བ་བཅས་མཚོན་གྱི་ཡོད་ཚུལ་གཡོ་སྒྱུའི་འགྲེལ་སྟངས་དེ་སླེབས་པ་རེད།
    འོན་ཀྱང་དེའི་རྫུན་ཁུངས་མ་འཁྱོལ་བར་བརྟེན་ནས་རྗེས་སུ་གཞུང་འབྲེལ་གྱི་རྒྱལ་དར་འགྲེལ་བརྗོད་སྐབས། སྐར་མ་ཆུང་བ་བཞི་བོ་རེ་རེར་ཟུར་དུ་འགྲེལ་བརྗོད་མ་སྐྱོན་པར་༼གསར་བརྗེ་མི་དམངས༽ཞེས་མཉམ་གཅིག་ཏུ་བསྡུ་གསོག་བརྒྱབས་ཏེ་བམ་འགྲེལ་ཙམ་མ་གཏོགས་འགོད་ཀྱིན་མེད་པ་རེད།

    མདོར་དེད་ནས་བཤད་ན། རྒྱ་དམར་གཞུང་གིས་བཙུགས་པའི་ད་ལྟའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་འདི། དེང་སྐབས་མི་རིགས་ ༥༦ ཡོད་པར་སྒྲོག་པའི་མི་རིགས་དེ་དག་ཚང་མར་དབང་བའི་རྒྱལ་ཁབ་ཅིག་ཏུ། དང་ཐོག་རྒྱ་དམར་ཁོ་ཚོ་རང་ངོས་ནས་ཀྱང་ངོས་འཛིན་བྱས་མེད་པ་དེ་ནི། གྲངས་ཉུང་མི་རིགས་ས་ཁུལ་གྱི་རྫོང་དང་ཁུལ་ཡན་ཆད་གྱི་མགོ་ཁྲིད་མཐོ་ཤོས་ཆ་ཚང་ལ་ཆེད་དུ་རྒྱ་རིགས་འཇོག་བཞིན་པ་དེས་གསལ་བོར་བསྟན་ཡོད་པ་རེད། དེ་བཞིན་རྒྱ་དམར་ཁོ་ཚོས་བརྗོད་པའི་གསར་བརྗེ་འཐབ་རྩོད་ཀྱི་རྒྱལ་ཁའི་གྲུབ་འབྲས་ཟེར་བའི་ཐད་ནས་ཀྱང་། གྲངས་ཉུང་མི་རིགས་ལ་རིན་ཐང་ཅི་གང་གཅོད་ཀྱིན་ཡོད་པ་མ་རེད་ལ། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ཀྱང་གྲངས་ཉུང་མི་རིགས་ས་ཁུལ་དག་ནི་དམར་ཤོག་གསར་བརྗེ་ཡིས་དབང་སྒྱུར་ས་དང་མི་སེར་སྤེལ་ཡུལ་དུ་གྱུར་ཡོད་པ་ལས། གྲངས་ཉུང་མི་རིགས་རྣམས་དགའ་བཞིན་སྤྲོ་བཞིན་མཉམ་འབྲེལ་ཐུན་མོང་གི་ངོས་ནས་བསྐྲུན་པ་ཞིག་ཆགས་མེད་པ་གསལ་བོ་རེད། དེར་བརྟེན་དམར་ཤོག་ཁོ་ཚོས་ངོས་ནས་གྲངས་ཉུང་མི་རིགས་རྣམས་དམར་ཤོག་རྒྱལ་ཁབ་ཀྱི་གཅིག་བསྡུས་ངོ་བོའི་ཁྲོད་ནས་རྒྱང་ཕུད་བཏང་ཡོད་པ་ཞིག་ལ། ང་ཚོའི་ངོས་ནས་ཨུ་ཚུགས་ཀྱིས་དམར་ཤོག་རྒྱལ་ཁབ་ཀྱི་གཅིག་བསྡུས་ངོ་བོའི་མཚོན་དོན་སྟེང་སོ་སོ་ཕར་འཇོག་དགོས་དོན་གང་ཡང་ཡོད་པ་མ་རེད། འདི་ནི་ང་ཚོས་རྒྱ་གཞུང་གི་སྲིད་དོན་དྲིལ་སྒྲོག་གི་ཐ་སྙད་དང་འགྲེལ་བརྗོད་དག་ལ་གོ་བ་ཡག་པ་མ་ལོན་པར་མགོ་རྙོག་ཐེབས་བཞིན་ཡོད་པར་བསམ།

    དེང་སྐབས་སྤྱི་ཚོགས་ཁྲོད་སྐར་མ་ཆུང་བ་བཞི་ནི་གོང་དུ་བརྗོད་པའི་གྲངས་ཉུང་མི་རིགས་ཆེ་ཁག་བཞི་རུ་མཚོན་ཚུལ་གྱི་བཤད་ཚུལ་བྱུང་བ་དེ་ནི། རྗེས་སུ་མི་རིགས་གནད་དོན་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ནས། རྒྱ་ནག་གི་དམར་ཤོག་ཤེས་ལྡན་པ་དག་གིས་རྒྱལ་ཁབ་ཀྱི་གཅིག་བསྡུས་ངོ་བོའི་ཁྲོད་གྲངས་ཉུང་མི་རིགས་ཚུར་བསྡུས་ཏེ། གྲངས་ཉུང་མི་རིགས་ནི་རྒྱལ་ཁབ་ཀྱི་གཅིག་བསྡུས་ངོ་བའི་སྟེང་དུ་ཁ་འབྲལ་ཐབས་མེད་པར་ཡོད་པའི་རྣམ་པ་དྲིལ་སྒྲོག་ཆེད་སྤྱི་ཚོགས་ཁྲོད་འགྲེལ་ཚུལ་དེ་འདྲ་སྤེལ་བ་བརྒྱུད་ནས། རྒྱ་གཞུང་གིས་སྒྲོག་བཞིན་པའི་ཁ་འབྲལ་ཐབས་མེད་པ་གསུམ་སྟེ། རྒྱ་རིགས་རྣམས་གྲང་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་རྣམས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཕན་ཚུན་ཁ་འབྲལ་ཐབས་མེད་པའི་འདུ་ཤེས་ཏེ་བསྐྲུན་ཐབས་བྱས་པ་རེད། ད་དུང་རྒྱ་དམར་གཞུང་གིས་གྲངས་ཉུང་མི་རིགས་རྣམས་ཀྱིས་སོ་སོ་ཀྲུང་ཧྭ་མི་རིགས་ཡིན་པར་ངོས་འཛིན་དགོས་ལུགས་དང་། ཀྲུང་ཧྭ་རིག་གནས་ནི་གྲངས་ཉུང་མི་རིགས་ཚང་མའི་རིག་གནས་ཡིན་པར་ངོས་འཛིན་དགོས་ཚུལ་ཤུགས་ཆེན་པོའི་སྒྲོག་གིན་ཡོད་པ་རེད། དེར་མ་ཟད། ད་ལྟའི་ཆར་དངོས་སུ་མངོན་གསལ་དོད་པོའི་ཐོག་ནས་རྒྱ་རིགས་དང་གྲངས་ཉུང་མི་རིགས་བར་གཉེན་སྒྲིག་པ་ཡིན་ན། གོ་གནས་དང་དཔལ་འབྱོར། སྤྱི་ཚོགས་མཐུན་རྐྱེན་གང་ཐད་ནས་དམིགས་བསལ་གོ་སྐབས་བསྐྲུན་རྒྱུ་ཡིན་པའི་སྲིད་ཇུས་གཏན་ལ་ཕབས་ཏེ་ལག་བསྟར་བྱེད་ཀྱིན་ཡོད་པ་རེད། འདི་ལྟ་བུའི་མི་རིགས་གཞན་སྒྱུར་དང་རྩ་གཏོར་གྱི་སྲིད་ཇུས་ཞིག་མངོན་ལྐོག་བརྒྱུད་གསུམ་ནས་སྤེལ་བཞིན་ཡོད་སྟབས། གནས་སྐབས་ཀྱི་དགོས་མཁོར་དམིགས་ཏེ་སྲིད་དོན་ཐ་སྙད་སྣ་ཚོགས་བེད་སྤྱོད་བཏང་ནས། ཆབ་སྲིད་གར་སྟེགས་སྟེང་ཁོ་ཚོའི་དགོས་མཁོ་ལྟར་འགྲེལ་བརྗོད་སྣ་ཚོགས་བྱེད་ཀྱིན་ཡོད་པ་རེད། ང་ཚོའི་ངོས་ནས་ཀྱང་མགོ་ཚོས་མ་ཚོས་བར་ཕ་རོལ་བོའི་ངོ་བོར་སྐྱ་འདྲེས་རོགས་ལྟ་བུ་མི་བཟོ་བར། སྲིད་དོན་ཐ་སྙད་དང་འགྲེལ་བཤད་དག་ལ་གསལ་བོ་བརྟག་ཏེ་སོ་སོས་རང་ཚུགས་ཐུབ་པ་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེ་བར་སེམས་སོ།།

    Reply
  4. གངས་ཀྱི་བུ་ཕྲུག says:
    ལོ་ 8 སྔོན།

    ཐེངས་འདིར་སྲིད་སྐྱོང་གིས་སྲིད་དོན་པའི་སྐད་ཆ་དང་འདྲ་བོ་ཞིག་བཤད་འདུག ཡག་པོ་འདུག

    གསར་འགོད་པ་པདྨ་མཚོ་ལགས་ཀྱིས་ནམ་རྒྱུན་ཁ་གསལ་གཏིང་གསལ་གྱི་གསར་འགྱུར་ཡག་པོ་སྤེལ་བ་ཤིན་ཏུ་མད། ཨོ་རྒྱན་རྡོ་རྗེས་བསྔགས་བརྗོད་དེ་གནད་ལ་འཁེལ།

    Reply
  5. འཇིགས་མེད་སེངྒེ། says:
    ལོ་ 8 སྔོན།

    བོད་ཀྱི་འདས་པའི་ལོ་རྒྱུས་དང་། མིག་སྔའི་གནས་སྟངས། མ་འོངས་ཕུགས་བསམ་བཅས་ཕྱོགས་གང་ཐད་ནས་སྲིད་སྐྱོང་དང་ཚོགས་གཙོའི་དགོངས་པ་བཞེད་སྟངས་དབར་བར་ཁྱད་ཆེན་པོ་འདུག
    ཚོགས་གཙོ་མཆོག་ངའི་མ་འོངས་པའི་སྲིད་སྐྱོང་ཡིན།

    Reply
  6. བདེན་པའི་རླབས་སྒྲ། says:
    ལོ་ 8 སྔོན།

    དངོས་གནས་གསར་འགྱུར་ཟེར་ན་འདི་འདྲ་ཞིག་ཡིན་ས་རེད། དུས་བབ་ཚང་གི་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་ལགས་ཀྱི་དབུས་གསར་འགོད་པ་པདྨ་མཚོ་སོགས་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན། གྲོས་ཚོགས་ར་བའི་ནང་དུ་གནས་ཚུལ་འདི་ལྟར་ཁ་གསལ་གཏིང་གསལ་དུ་བཀོད་ན་ཕན་ཐོགས་ཞེ་དྲགས་འདུག ཐུགས་རྗེ་ཆེ།

    Reply
  7. ཨོ་རྒྱན་རྡོ་རྗེ། says:
    ལོ་ 8 སྔོན།

    དུས་བབ་ཚང་གིས་གསར་འགྱུར་རྒྱས་པ་སྤེལ་བ་འདི་དག་གིས་ང་དང་ང་འདྲ་བ་དག་ལ་ཕན་ཐོགས་ཆེན་པོ་བྱུང་སོང་། རྡ་རམ་ས་ལའི་སྐྱིད་སྡུག་ཚོགས་པ་ཚོས་དངུལ་འབུམ་མང་པོ་འགྲོ་སོང་བཏང་སྟེ་ཟབ་སྦྱོང་ཐེངས་མ་བཅུ་ལ་སྤེལ་བ་ལས་དུས་བབ་ཚང་གིས་གསར་འགྱུར་སྤུས་དག་གཅིག་རེ་སྤེལ་ན་མི་མང་ལ་ཆབ་སྲིད་གོ་རྟོགས་ཆེན་པོ་སྤྲོད་ཐུབ་ཀྱི་འདུག འཛམ་གླིང་ཐོག་ཁྱབ་བརྒྱ་ཡང་ཆེ་བ་ཡོད་པ་རེད་བསམ་གྱི་འདུག་པས། བོད་ཀྱི་དུས་བབ་ཚང་གི་མགོ་ལས་ཡོངས་ལ་སྔགས་བརྗོད་དང་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད།

    Reply
  8. ཨོ་རྒྱན་རྡོ་རྗེ། says:
    ལོ་ 8 སྔོན།

    དུས་བབ་ཚང་གིས་གསར་འགྱུར་རྒྱས་པ་སྤེལ་བ་འདི་དག་གིས་ང་དང་ང་འདྲ་བ་དག་ལ་ཕན་ཐོགས་ཆེན་པོ་བྱུང་སོང་། རྡ་རམ་ས་ལའི་སྐྱིད་སྡུག་ཚོགས་པ་ཚོས་དངུལ་འབུམ་མང་པོ་འགྲོ་སོང་བཏང་སྟེ་ཟབ་སྦྱོང་ཐེངས་མ་བཅུ་ལ་སྤེལ་བ་ལས་དུས་བབ་ཚང་གིས་གསར་འགྱུར་སྤུས་དག་གཅིག་རེ་སྤེལ་ན་མི་མང་ལ་ཆབ་སྲིད་གོ་རྟོགས་ཆེན་པོ་སྤྲོད་ཐུབ་ཀྱི་འདུག འཛམ་གླིང་ཐོག་ཁྱབ་བརྒྱ་ཡང་ཆེ་བ་ཡོད་པ་རེད་བསམ་གྱི་འདུག

    Reply
  9. བསམ་བློ་བ། says:
    ལོ་ 8 སྔོན།

    གསར་འགྱུར་ཁ་གསལ་གཏིང་གསལ་ཞིག་སྤེལ་འདུག བཀུར་འོས་ཚོགས་གཙོ་མཆོག་གིས་མཇུག་བསྡོམས་ཧ་ཅང་ཡག་པོ་བརྒྱབ་གནང་འདུག ཚོགས་གཙོའི་གཏམ་བཤད་ནང་བསམ་བློ་གཏོང་རྒྱུ་མང་པོ་ཞིག་འདུག

    Reply
  10. དཀོན་མཆོག་བརྩོན་འགྲུས། says:
    ལོ་ 8 སྔོན།

    སྲིད་སྐྱོང་མཆོག་གིས་ “དེ་རིང་བགྲོ་གླེང་བྱེད་པའི་དུས་ཚོད་འདི་ཏོག་ཙམ་སྔ་མ་དྲགས་ན་འཕྱི་མ་དྲགས་པའི་ཚོར་བ་ཞིག་བཀའ་ཤག་ལ་བྱུང་སོང་།” འདིའི་ནང་དོན་ག་རེ་རེད། སྔོན་མ་ཟམ་གདོང་རིན་པོ་ཆེས་གསུམ་བཅུའི་དུས་དྲན་ལ་བོད་པ་ཚོས་སྐད་འབོད་བྱས་ཏེ། བོད་རྒྱ་འབྲེལ་མོལ་གྱི་ཁོར་ཡུག་ལ་གཏོར་བཤིག་བཏང་སོང་ལབ་ཡོད་པ་རེད། ད་རེས་ཀྱང་རྒྱ་གཞུང་ལ་ཁོང་ཁྲོ་བསླངས་ཏེ་བོད་རྒྱ་འབྲེལ་མོལ་ལ་འགོག་རྐྱེན་བཟོས་སོང་ཡོད་མདོག་མདོག་རེད་དེམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist