མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྙོག་མ་གཏིང་སློང་།

བོད་ཀྱི་དུས་བབ།
༢༠༡༤/༡༠/༣༠
Share on FacebookShare on TwitterShare on EmailShare on Whatsapp

༄༅། །ཨ་རིའི་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་ནས་ཕྱི་ཟླ་ ༡༠ ཚེས་ ༣ ཉིན་རླུང་འཕྲིན་ཁང་གི་ལས་རིམ་གཙོ་སྐྱོང་བ་ཀརྨ་རྒྱ་མཚོ་ལགས་དང་རླུང་འཕྲིན་ཁང་གི་འགན་འཛིན་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་རྣམ་གཉིས་དྲི་བ་དྲི་ལན་རྒྱང་སྲིང་གནང་བའི་ནང་དོན་གཙོ་བོར། བར་ལམ་སི་ཀོཊ་ལེནྜ་དང་ཧོང་ཀོང་ནང་གི་གནས་ཚུལ་བྱུང་རིམ་ལས་འཕྲོས་ཏེ་དེ་སྔ་བོད་པའི་འཐབ་རྩོད་དེ་རང་བཙན་རྩོད་དང་མ་རྩོད་རེད། འདས་པའི་ལོ་བཅུ་ཕྲག་མང་པོའི་རིང་མཐའ་བསྐོར་རི་བསྐོར་བྱས་ནས་ཐ་མ་མི་མང་གིས་སྐུ་མདུན་ནས་ཐག་གཅོད་ཡོང་བ་ཞུས་དོན་ད་བར་དབུ་མའི་ལམ་ཐོག་སྐུ་ལས་ཞེ་པོ་གཅིག་བསྐྱོན་པ་དང་། ད་དུང་ཨུ་ཚུགས་སྐྱོན་གྱི་ཡོད་པ། ད་ཆ་བོད་དོན་ཐོག་ལ་བོད་པ་ཚོས་ཐབས་ལམ་གཞན་པ་ཞིག་འཚོལ་རྒྱུ་མེད་དམ། དངོས་གནས་བསམ་ཚུལ་ཞེ་པོ་ཞིག་ཡོད་པ་རེད། གླེང་སྟེགས་དཀོན་པོ་ཡོད་ཙང་མི་མང་གི་བསམ་ཚུལ་མི་མང་གི་དཀྱིལ་ལ་བསྡད་པ་མ་གཏོགས་ང་ཚོའི་སྤྱི་ཚོགས་ནང་སྤྱི་ཚོགས་གཞན་ནང་བཞིན་ལས་འགུལ་ཤུགས་ཆེན་པོ་མེད་རྐྱེན་རྩོད་པ་ཆེན་པོ་ཞིག་ཆགས་བསྡད་ཡོད་པ། ལམ་དབུ་མར་རྒྱ་མིས་ཡ་མ་བྱས་པའི་རྐྱེན་གྱིས་མི་མང་ཁྲོད་ནས་མང་མོས་བསམ་ཚུལ་བསྡུ་དགོས་བྱུང་བ་དེ་ཚུལ་དང་ལྡན་པ་ཞིག་བྱུང་ཡོད་མེད།

གལ་ཆེ་ཤོས་རྒྱ་ཕྱོགས་ནས་ཡ་མ་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་༸གོང་ས་མཆོག་གིས་སྔ་རྗེས་སུ་ལམ་ལྷོང་ཕྱིན་མ་སོང་ཞེས་བཀའ་སློབ་ཕེབས་ཡོད་པ། ད་ལྟའི་ཆར་སྤྱི་ཚོགས་ནང་རང་བཙན་དང་ལམ་དབུ་མའི་ལངས་ཕྱོགས་ཀྱིས་རྐྱེན་པས་རྡོག་རྩ་ཆིག་སྒྲིལ་ལ་གནོད་ཡག་གི་བསམ་ཚུལ་ཆེན་པོ་ཡོང་གི་ཡོད་པ་སོགས་ལ་བརྟེན། སྐུ་ངོ་མཆོག་འབྲེལ་བ་ཆེ་ཤོས་ཡིན་ཙང་མ་འོངས་པའི་ཁ་ཕྱོགས་གང་འདྲ་ཞིག་ལ་འགྲོ་དགོས་ཀྱི་ཡོད་དམ། བོད་པས་རང་བཙན་བསྐྱར་གསོའི་འཐབ་རྩོད་བྱེད་དགོས་དང་མི་དགོས། མིང་དོན་མཚུངས་པའི་མང་མོས་ཀྱི་བསམ་ཚུལ་ཞིག་དགོས་ཀྱི་ཡོད་མེད་སོགས་དྲི་བ་ཁ་ཤས་ཞུས་པའི་ལན་འདེབས་སུ་བཀའ་ཟུར་བསྟན་འཛིན་རྣམ་རྒྱལ་མཆོག་ནས་བར་སྐབས་བྱུང་བའི་གོང་གསལ་ལས་འགུལ་གཉིས་ལས་འཕྲོས་ཏེ་བཀའ་ལན་གནང་དོན་སྙིང་པོར།

འདིའི་ཐོག་བོད་མིའི་ངོས་ནས་བསམ་ཚུལ་བསྡུས་པ་དང་། མང་ཚོགས་ཀྱིས་ཐག་གཅོད་བྱས་པ་ཟེར་སྐོར། ད་རེས་སྤྱི་འཐུས་ལྷན་ཚོགས་ནང་ང་ཚོས་མང་ཚོགས་ནས་དྲི་བ་ལེན་བྱས། སྲིད་བྱུས་གཏན་འབེབས་བྱས་པ་རེད་ཟེར་བ་ཞིག་རྩ་བ་ཉིད་ནས་བྱུང་ཡོད་པ་མ་རེད་གསུངས་ཤག དེ་འདྲ་ཡིན་སྟབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་ག་རེ་གོ་རྟོགས་སྤེལ་གྱི་ཡོད་རེད་ཟེར་ན། དབུ་མའི་ལམ་འདི་༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་ལམ་སྟོན་གནང་བ་ལ་བཙན་བྱོལ་སྒྲིག་འཛུགས་ཀྱིས་རྒྱབ་སྐྱོར་ཞུས། རྒྱབ་སྐྱོར་ཞུས་དོན་བོད་མི་མང་གི་བསམ་ཚུལ་བསྡུ་ལེན་གྱི་ཐོག་ནས་རྒྱབ་སྐྱོར་ཐག་གཅོད་བྱས་པ་རེད་ཅེས་སྤྱིར་བཏང་གོ་ཚུལ་དེ་འདྲ་ཞིག་རེད། བསམ་ཚུལ་བསྡུ་ལེན་བྱེད་པའི་སྐབས་མི་མང་གིས་བསམ་ཤོག་མང་པོ་ཕུལ་ཏེ་བརྒྱ་ཆ་ ༦༤ ལྷག་གིས་རྒྱབ་སྐྱོར་ཞུས་པ་རེད་ཅེས་རྗོད་ཀྱི་ཡོད། འདིས་གསལ་ལ་མ་གསལ་གྱི་གནས་ཚུལ་ཞིག་མང་པོའི་ནང་ལ་ཡོང་གི་ཡོད་པའི་གནས་ཚུལ་གཅིག་རེད། འདིའི་ཐོག་རྒྱ་མིའི་ངོས་ནས་གུ་ཤངས་གང་ཡང་མ་བྱས་པར་བརྟེན་༸རྒྱལ་བ་རིན་པོ་ཆེས་དབུ་མའི་ལམ་གྱི་སྲིད་བྱུས་དེ་ནུས་མེད་ཕྱིན་སོང་ཞེས་བཀའ་ཕེབས་ཡོད་རེད། བོད་མི་མང་པོས་དབུ་མའི་ལམ་དང་། རང་བཙན། བདེན་པའི་ཨུ་ཚུགས། རང་ཐག་རང་གཅོད་བཅས་ཀྱི་སྐོར་གདམ་ཀ་ཆེན་པོ་ཞིག་ཕལ་ཆེར་བྱས་པའི་བཟོ་འདྲ་ཞིག་གི་སྣང་བ་ཡོད་པ་འདྲ། ཡིན་ནའང་དངོས་སུ་དེ་འདྲ་བྱུང་མེད།

སྔོན་འགྲོའི་འོས་བསྡུའི་སྐབས་ས་ཁུལ་འགའ་ཤས་ནས་མི་མང་གི་གདམ་ཀ་དེ་སྐུ་མདུན་རང་གིས་ཐག་གཅོད་གནང་ཡག་རེད་ཅེས་པའི་བསམ་ཚུལ་ཕུལ་བ་རེད། བསམ་ཤོག་ཕུལ་མཁན་གྱི་མི་གྲངས་ག་ཚོད་ཡོད་མེད་ད་ལྟ་གསལ་པོ་ཡོད་པ་མ་རེད། བོད་རྒྱ་ཆེའི་མི་མང་ལ་བཀའ་འདྲི་ཞུ་རྒྱུའི་ཆ་རྐྱེན་ཡོད་པ་མ་རེད། བཙན་བྱོལ་ནང་མི་འབུམ་གཅིག་དང་ཕྱེད་ཀ་ལྷག་ལས་ཡོད་པ་མ་རེད། འདིའི་ནང་ནས་གྲངས་ཀ་གསལ་པོ་ཞིག་བྱུང་ན་ཐུགས་ཕན་གསོས་ཀྱི་འདུག སྤྱི་འཐུས་ལྷན་ཚོགས་ཀྱིས་ཐག་གཅོད་གནང་དུས་དབུ་མའི་ལམ་ལ་ཐག་གཅོད་ཡིན་ཞེས་གྲོས་ཆོད་གསལ་པོ་ཞིག་བྱུང་མ་སོང་། ཐོག་མ་དེར་༸རྒྱལ་བ་རིན་པོ་ཆེར་ཡེ་ཤེས་དབྱིངས་དཔྱད་གནང་རོགས་ཞུས་པ་དེར་མོས་མཐུན་ཞུས་ཡོད། འདི་ལ་༸རྒྱལ་བ་རིན་པོ་ཆེས་དབུ་མའི་ལམ་གྱི་སྲིད་བྱུས་སི་ཊ་སི་སྦག་ཏུ་བཀའ་སློབ་ཕེབས་ཡོད་སྟབས། དེ་ག་རང་ལ་རྒྱབ་སྐྱོར་ཞུས་པ་རིམ་པ་གཉིས་པ་མ་གཏོགས་དང་ཐོག་ནས་སྲིད་བྱུས་འདི་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད་ཅེས་བྱུང་མེད་པའི་བཟོ་འདྲ་ཞིག་རེད། བོད་པའི་སྤྱི་ཚོགས་ནང་འདིའི་སྐོར་གླེང་སློང་གྲོས་བསྡུར་ལྷུག་པོ་ཞིག་བྱུང་ན་ཡག་པོ་ཡོད་རེད་བསམ་གྱི་འདུག ༸རྒྱལ་བ་རིན་པོ་ཆེས་བོད་མི་མང་གི་བསམ་ཚུལ་དེ་མཐའ་མ་གཞི་བཞག་དགོས་རེད་གསུངས་ཡོད་ལུགས་སོགས་འགྲེལ་བཤད་གནང་སོང་།

སྤྱིར་བཏང་གསར་འགྱུར་ལས་རིགས་མཐའ་གཉིས་སུ་མ་ལྷུང་པ་དྲང་ཚུགས་ཟིན་པོ་ཞིག་དགོས་པ་རེད། འོན་ཀྱང་ཀརྨ་རྒྱ་མཚོ་ལགས་ཀྱིས་འཆར་ཅན་མཐའ་བསྐོར་རི་བསྐོར་བྱས་ཏེ་རང་ཉིད་ཀྱི་ལངས་ཕྱོགས་རང་བཙན་ཐོག་ཤུགས་བརྒྱབ་པ་ལས་ཕྱོགས་ཡོངས་ཀྱི་གནས་ཚུལ་རྡོག་རོལ་གཏོང་རྐྱང་བྱེད་པ་ཚང་མས་ཤེས་གསལ་རེད།

སྐུ་ངོ་བསྟན་འཛིན་རྣམ་རྒྱལ་མཆོག་ལ་མཚོན་ན། བཀའ་བློན་གྱི་མཛད་འཁུར་བཞེས་རིང་ཁུར་མཉམ་བཞེས་གནང་ཡོད་རུང་། དེ་ནི་ལྷག་བསམ་རྣམ་དག་དང་ཞལ་ཞེ་གཉིས་མེད་ཡིན་མིན་གཞན་གྱིས་དཔྱད་བརྗོད་བྱེད་མི་དགོས་པར། གང་ཉིད་བཀའ་བློན་ལས་འཁུར་བཞག་རྗེས་རང་ཐག་རང་གཅོད་ཀྱི་ལས་འགུལ་སྤེལ་བ་ནས་གསལ་པོ་རེད། ད་ཆ་དགུང་ལོ་བགྲེས་ཏེ་དྲན་པ་ཉམས་པའམ། ཡང་ན་གོང་གསལ་བྱུང་རིམ་ཡིག་ཆ་ཁག་གཟིགས་རིན་མེད་པར་རྩིས་ནས་བསྐྱུར་བ། ཡང་ན་རྙོག་མ་གཏིང་སློང་གནང་འདོད་ཅི་ཡིན་ཆ་མ་མཆིས། གང་ལྟར་གཏམ་གླེང་འདི་སྐོར་བཀའ་སྤྱི་གཉིས་ནས་གསལ་བཤད་གནང་ཤག་གིས་ད་བར་ངང་སྒུག་ཞུས་རུང་འདི་བྱས་གང་ཡང་གནང་མཁན་མེད་སྟབས། ད་ཆ་གཏམ་ཨ་ཕས་གཏོང་རྒྱུ་ཨ་མས་དང་། ཁྱི་བདག་པོས་བཀག་རྒྱུ་མགྲོན་པོས་བཀག་ཟེར་བ་ལྟར་སྐུ་ངོ་བཀའ་ཟུར་མཆོག་གིས་ཞབས་བྲོ་མཉམ་དུ་བསྐྱོན་ནས་སྐེད་གཟེར་ལོགས་སུ་གནང་སྟངས་འདི་མ་བཟོད་པར་བྱུས་གཏོགས་མི་བྱེད་ཐབས་མེད་བྱུང་།

སྐུ་ངོ་མཆོག་ལ་དྲན་གསོ་ཞུ་རྒྱུར། ཕྱི་ལོ་ ༡༩༨༧ ལོར་ཨ་རིའི་གྲོས་ཚོགས་སུ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོས་ཕུགས་ཀྱི་འཆར་སྣང་ཞི་བདེ་སྔོན་འགྲོའི་དོན་ཚན་ལྔ་འདོན་གནང་མཛད་པའི་གསལ་བཤད་ཕྱི་ལོ་ ༡༩༨༨ ལོར་སི་ཊས་སི་སྦག་ཡུ་རོབ་གྲོས་ཚོགས་སུ་མ་གནང་གོང་བཀའ་ཤག་དང་། ཆོས་ལུགས་ཆོལ་གསུམ་དང་བཅས་པའི་བོད་མི་མང་སྤྱི་འཐུས་རྣམ་པ། གཞུང་ཞབས་དྲུང་གཞོན་ཡན། ཟུར་སྐྱོང་སྡེ་ཚན་ཁག་གི་འགན་འཛིན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། བོད་ནས་གསར་དུ་འབྱོར་བའི་འཐུས་མི་བཅས་ནས་ཉིན་བཞིའི་རིང་ལྷན་ཚོགས་གནང་སྟེ་གསལ་བསྒྲགས་གནང་རྒྱུར་སྤྱི་མོས་རྒྱབ་སྐྱོར་ཞུས་པ་དེ་བོད་མིའི་ངོ་བོ་མཚོན་པའི་འབྲེལ་ཡོད་སྐུ་ཚབ་ཚང་འཛོམས་ཐོག་ནས་ཐག་གཅོད་གནང་བ་ཞིག་རེད། སི་ཊས་སི་སྦག་ཡོ་རོབ་གྲོས་ཚོགས་སུ་གསལ་བསྒྲགས་བསྐྱངས་པའི་ནང་རྒྱ་ནག་དང་གྲོས་མོལ་བྱས་པར་འབྲས་བུ་གང་འདྲ་ཞིག་ཡོང་མིན་ལ་མ་ལྟོས་པར་མཐའ་མའི་ཐག་གཅོད་བྱ་རྒྱུའི་དབང་ཆ་བོད་མི་མང་ལ་ཡོད་ཅེས་གསལ་ཡོད།

འོན་ཀྱང་རྒྱ་ཕྱོགས་ནས་རང་བཙན་དང་ཕྱེད་རང་བཙན། རྣམ་པར་འགྱུར་བའི་རང་བཙན་ཡིན་ཚུལ་དང་། བོད་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་ལུགས་ལོ་རྒྱུས་ལ་འཁྱོག་བཤད། སི་ཊས་སི་སྦག་གི་གྲོས་འཆར་ནང་བོད་རང་བཙན་གྱི་ལྟ་བ་འདོར་མེད་པར་བརྟེན་སྐད་ཆ་བཤད་རྒྱུའི་རྨང་གཞི་ཡོང་ཐབས་མེད་ལུགས་སོགས་སྔ་ཕྱི་རིམ་པར་སྐྱོན་བརྗོད་བྱུང་བར་བརྟེན་ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་གསུང་འཕྲིན་དང་། ཡེལ་གཙུག་ལག་སློབ་ཁང་དུ་བསྩལ་བའི་གསུང་བཤད་བཅས་ཀྱི་ནང་གྲོས་འཆར་རང་བཞིན་ནུས་མེད་གྱུར་ཚུལ་གསལ་བསྒྲགས་བསྐྱངས་པ་དང་། ༡༩༩༤ དང་ ༡༩༩༥ ལོ་སོ་སོའི་ཡོངས་ཁྱབ་གསུམ་བཅུའི་གསུང་འཕྲིན་ནང་། མ་འོངས་པར་ང་ཚོའི་རང་དབང་འཐབ་རྩོད་བྱེད་སྟངས་སྐོར་མི་མང་རང་ལ་ཐད་ཀར་དྲི་བསྡུར་བྱས་ཏེ་ཆབ་སྲིད་ལམ་ཕྱོགས་ཅི་འདྲ་ཞིག་ཏུ་འགྲོ་རྒྱུའི་སྐོར་བོད་མི་མང་ནས་བསམ་གྲོས་ཞིབ་བསྡུར་བྱེད་རྒྱུ་ཤིན་ཏུ་གལ་ཆེ་བས་མི་མང་ཚང་མས་ཡིད་གཟབ་གོ་བསྡུར་ཞིབ་ལྷུག་གིས་ཐག་གཅོད་བྱེད་དགོས། ཞེས་བཀའ་ནན་ཕེབས་ཡོད།

གསུང་འཕྲིན་འདི་གཉིས་ཕེབས་པ་ལ་བརྟེན་ནས་བཀའ་སྤྱི་གཉིས་ཀྱི་གཙོ་སྐྱོང་འོག་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་ཉིན་གསུམ་རིང་བཀའ་སྤྱི་ལྷན་རྒྱས་དང་། གཞུང་ཞབས། ཟུར་སྐྱོང་སྡེ་ཚན་ཁག་གི་འགན་འཛིན། བོད་མི་འདུ་སྡོད་ས་གནས་ཁག་གི་མགོ་འཛིན་དང་འཐུས་མི། བོད་ནས་གསར་འབྱོར་བའི་འཐུས་མི་བཅས་གཞིས་བྱེས་བོད་མིའི་སྐུ་ཚབ་མཚོན་པའི་དམིགས་བསལ་ཆབ་སྲིད་ཚོགས་ཆེན་ནང་རང་བཙན་དང་། དབུ་མའི་ལམ། རང་ཐག་རང་གཅོད། བདེན་པའི་ཨུ་ཚུགས་བཅས་གྲོས་གཞི་དོན་ཚན་བཞི་སོ་སོའི་དགོས་པ་གནད་འགག་ཐོག་བགྲོ་གླེང་ཞིབ་ལྷུག་གནང་རྗེས་རྒྱ་བལ་འབྲུག་གསུམ་ནང་སྤྱི་འཐུས་རྣམ་པ་དང་། གཞུང་ཞབས་ཆ་བགོས་ཀྱིས་ཆེད་མངགས་གསལ་བསྒྲགས་གནང་བར་ཕེབས་པ་དང་། ཕྱི་རྒྱལ་ཡུལ་ཁག་ཏུ་སྐུ་ཚབ་དོན་གཅོད་རྣམ་པ་དང་། ཕྱོགས་མཐའི་སྤྱི་འཐུས་རྣམ་པ་བརྒྱུད་མང་ཚོགས་ལ་མ་གོ་མ་ཐོས་མེད་པའི་གསལ་བསྒྲགས་གནང་ཡོད།

དེ་བཞིན་སྐབས་དེར་བོད་ཕྱི་ནང་གཉེན་འཕྲད་འགྲོ་འོང་གི་གོ་སྐབས་དང་བསྟུན་ཆོལ་གསུམ་ཁྱོན་ན་གནས་པའི་བོད་ཀྱི་ས་ཁུལ་ཁག་ནས་མི་རིགས་ཀྱི་བདེ་དོན་ལ་ལོ་མང་འབད་བརྩོན་གནང་མཁན་རྒྱུས་ཅན་དང་། ཤེས་ཡོན་ཅན་གྱི་མི་སྣ་བཅས་པར་མངོན་ཆུང་ཐོག་ནས་བསལ་ཚུལ་བསྡུ་བཞེས་གནང་བ་བཅས་དོན་སྙིང་ཕྱི་ལོ་ ༡༩༩༥ ལོའི་དམངས་གཙོའི་དུས་དྲན་ནས། ཕྱི་ལོ་ ༡༩༩༧ ཟླ་ ༧ པའི་ཟླ་མཇུག་བར་ལོ་གཉིས་མ་ཟིན་ཙམ་རིང་བོད་ཕྱི་ནང་གཉིས་ནས་གོང་གསལ་ཐབས་ལམ་གང་གི་ཐོག་བསྐྱོད་རྒྱུར་མི་མང་གི་བསམ་ཚུལ་བསྡུ་བཞེས་ལ་ཕྱོགས་བསྡོམས་གནང་སྐབས་བརྒྱ་ཆ་ ༦༤ བརྒལ་བས་ཐབས་ལམ་གང་གི་ཐོག་འགྲོ་དགོས་མིན་འོས་བསྡུ་མ་དགོས་པར་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཛིན་ནམ། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་དུས་ནས་དུས་སུ་ཐག་གཅོད་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་པའི་བརྒྱ་ཆའི་གྲངས་འབོར་བཀའ་སྤྱི་ཐུན་མོང་ནས་ཞིབ་བཤེར་གྱིས་གཏན་འབེབས་གནང་ཡོད་པ་རེད། དེ་སྐབས་སྐུ་ངོ་མཆོག་ཀྱང་ཐག་གཅོད་གནང་མཁན་གྱི་དཀྱིལ་འཁོར་ནང་ཡོད་པ་གསལ་པོ་དྲན་གྱི་འདུག མང་ཚོགས་ཀྱི་བསམ་ཚུལ་བསྡུ་བཞེས་ཀྱིས་མང་མོས་གཏན་འབེབས་གནང་བ་དེ་དག་དམངས་གཙོའི་འགྲོ་སྟངས་དང་ཡོངས་སུ་མཐུན་པ་ལས། དེ་མིན་གྱི་དམངས་གཙོའི་འགྲོ་སྟངས་གཞན་ཞིག་ཡོད་པར་ངོས་འཛིན་བྱེད་ཀྱི་མེད།

དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་ཕྱི་ལོ་ ༡༩༩༧ ལོར་སྐབས་བཅུ་གཉིས་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཐེངས་བཞི་པའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོས་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་མཛད་གནང་ཡོང་བའི་གསོལ་འདེབས་ཨུ་ནན་དང་འབྲེལ། བོད་ཀྱི་རྩ་དོན་དང་དེའི་སྒྲུབ་ཐབས་སྲིད་བྱུས་ཐག་གཅོད་ཇི་གནང་ལ་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་གཏན་ལ་ཕབ་པ་དང་ཁྱད་པར་མེད་པའི་ནུས་ཤུགས་ལྡན་པར་བོད་མི་ཡོངས་ནས་ཚད་འཛིན་ཞུ་རྒྱུའི་སྤྱི་མོས་གྲོས་ཆོད་བཞག་པ་ཐུགས་བསྙེལ་བྱུང་འདུག་པ་དྲན་གསོ་ཞུ་རྒྱུ་ཡིན།

ཆོལ་གསུམ་ཆོས་ལུགས་དང་བཅས་པའི་སྤྱི་འཐུས་རྣམ་པ་ནི་བཙན་བྱོལ་བོད་མི་སེར་སྐྱ་ཡོངས་ཀྱིས་འོས་འདེམས་ཞུས་པའི་སྤྱི་འཐུས་ཡིན་པར་བརྟེན་དེ་དག་གིས་ཐག་གཅོད་གནང་བ་དེ་དམངས་གཙོའི་ལམ་ལུགས་དང་མཐུན་ལ། ཁྲིམས་དང་སྒྲིག་གཞི་དང་ཡང་མཐུན་ཡོད། འོན་ཀྱང་ཐོག་ཐ་བར་གསུམ་གྱི་གནས་ཚུལ་ནང་དངོས་སུ་ཞུགས་ཏེ་ཆ་རྒྱུས་ཡོད་པའི་མི་སྣ་གཅིག་གིས་ཆ་རྒྱུས་མེད་འདྲའི་བཀའ་མོལ་གནང་སྟངས་འདི་ལ་ཡ་མཚན་མི་སྐྱེ་ཀ་མེད་རེད།

ཡང་། ཕྱི་ལོ་ ༢༠༠༨ ལོར་བཀའ་སྤྱི་གཉིས་ཀྱི་ཐོག་གཞུང་ཞབས་དང་། ཟུར་སྐྱོང་སྡེ་ཚན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ། ཆོས་སྒར་ཁག་དང་བོད་མི་འདུ་སྡོད་ས་ཁུལ་ཁག་གི་འཐུས་མི་བཅས་མི་གྲངས་ ༦༠༠ ལས་གྲུབ་པའི་དམིགས་བསལ་ཚོགས་ཆེན་གྱི་ཉིན་ ༦ རིང་གྲོས་བསྡུར་ཞིབ་ཕྲ་གནང་བའི་བསམ་འཆར་བརྒྱ་ཆ་ ༨༠ ལྷག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཞུས་ཡོད། དེ་སྐབས་སྐུ་ངོ་མཆོག་དང་ཀརྨ་རྒྱ་མཚོ་ལགས་གཉིས་ཀ་ཚོགས་ཞུགས་གནང་ཡོད། ཕྱོགས་མཐའི་སྐུ་ཚབ་རྣམ་པས་ས་གནས་མི་མང་གི་བསམ་ཚུལ་ཡིག་ངག་གཉིས་ཐོག་ནས་སྙན་སྒྲོན་ཐོག་ཚོགས་བཅར་བ་རྣམས་ཆ་བགོས་བྱས་པའི་ཚོགས་ཆུང་ཁག་གི་བསམ་འཆར་བཅས་ཕྱོགས་བསྡོམས་ཀྱི་བརྒྱ་ཆ་གོང་དུ་གསལ་བ་ལྟར་ཡིན་པ་ཐུགས་དྲན་མི་གསོས་སམ།

དེ་ལ་བརྟེན་ནས་ཕྱི་ལོ་ ༢༠༡༠ ལོའི་སྐབས་བཅུ་བཞི་པའི་སྤྱི་འཐུས་གྲོས་ཚོགས་ཐེངས་དགུ་པའི་ཐོག ཕྱི་ལོ་ ༡༩༩༧ ལོར་སྤྱི་མོས་གྲོས་ཆོད་ལ་མཇུག་གནོན་དང་འབྲེལ་འབྱུང་འགྱུར་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་གང་གནང་ལ་གྲོས་ཚོགས་ཀྱིས་མོས་མཐུན་མཐའ་གཅིག་ཏུ་ཞུ་རྒྱུ། ཞེས་གསལ་ཡོད། གྲོས་ཚོགས་ཀྱི་འཐུས་མི་རྣམས་བཙན་བྱོལ་བོད་མིས་འོས་འདེམས་བྱས་པའི་འཐུས་མི་ཡིན་སྟབས། ཁོང་རྣམ་པས་ཐག་གཅོད་གནང་བ་དེ་མི་མང་གི་ཐག་གཅོད་ལ་ངོས་འཛིན་ཞུ་དགོས་རྒྱུ་དམངས་གཙོའི་སྤྱི་སྲོལ་ཡིན་པ་ཞུ་ག་ལ་དགོས། དཔེར་ན། རྒྱ་གར་དང་། ཨ་རི། དབྱིན་ཡུལ་སོགས་དམངས་གཙོའི་རྒྱལ་ཁབ་ཁག་ནང་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་ཐག་གཅོད་དེ་མི་མང་གི་ཐག་གཅོད་ལ་བརྩི་བཀུར་ཞུ་གི་ཡོད་པ་ཀུན་ཤེས་ཡིན།

 ཕྱི་ལོ ༢༠༡༠ ལོར་རྒྱ་གར་ལྷོ་ཕྱོགས་མལ་སོར་གཞིས་ཆགས་སུ་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་སྐབས་བཀའ་སྤྱི་གཉིས་ཀྱིས་དབུས་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་སོགས་ནས་ཚོགས་བཅར་བ་མི་གྲངས་ ༣༥༠ བརྒལ་བ་རྣམས་ཀྱིས་གཞིས་བྱེས་བོད་མི་མང་གིས་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡིད་ཆེས་དང་རྒྱབ་སྐྱོར་བསྐྱར་ནན་དང་སྦྲགས་གཞི་རིམ་རྒྱ་ཆེའི་མང་ཚོགས་ཀྱི་སྐུ་ཚབ་མཚོན་པའི་ཚོགས་ཆེན་འདི་ཐོག་ནས་སླར་ཡང་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོར་རྒྱལ་སྤྱི་དང་བོད་ཕྱི་ནང་གི་ཆབ་སྲིད་འགྱུར་འགྲོས་དང་བསྟུན་ནས་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་སྔར་མུས་བཞིན་གནང་སྐྱོང་ཡོང་བའི་གསོལ་འདེབས་ཨུ་ནན་ཞུས་ཡོད་པ་མ་མཁྱེན་པ་ག་ལ་སྲིད།

དེ་ལྟར་དབུ་མའི་ལམ་གྱི་སྲིད་བྱུས་འདི་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་དགོངས་འཆར་ལ་གཞིས་བྱེས་བོད་རིགས་མང་ཚོགས་ཀྱིས་ཡང་དག་པའི་དམངས་གཙོའི་ཐབས་ལམ་བརྒྱུད་ཡང་ནས་ཡང་དུ་རྒྱབ་སྐྱོར་ཞུས་ཏེ་གཏན་ལ་ཕབ་པའི་མང་ཚོགས་ཀྱི་མངོན་འདོད་དང་མཐུན་པའི་སྲིད་བྱུས་ཤིག་ཡིན་པ་ལས། ༸གོང་ས་༸སྐྱབས་མགོན་ཆེན་པོས་བརྒྱ་ཁ་གཅིག་གཅོད་དང་། རལ་གྲི་གནམ་གཡུགས་ཀྱིས་ཐག་གཅོད་གནང་བའམ། ཡང་ན་མང་ཚོགས་ལ་སྲིད་བྱུས་བཙན་འགེལ་གནང་བ་ཞིག་རྩ་བ་ནས་མིན་པ་གསལ་པོ་མཁྱེན་པ་གནང་དགོས།

གལ་ཏེ་དབུ་མའི་ལམ་འདི་༸གོང་ས་མཆོག་གི་དགོངས་འཆར་ལས། མི་མང་གིས་བཏོན་ཏེ་གཏན་འབེབས་བྱས་པ་ཞིག་མིན་པའི་རྒྱུ་མཚན་གྱིས་ལུགས་མཐུན་མིན་ཞེས་གསུངས་ན། རང་རེ་བཙན་བྱོལ་བོད་མིའི་དམངས་གཙོ་འདི་ཡང་༸གོང་ས་མཆོག་ནས་གསོལ་རས་གནང་བ་ཞིག་ཡིན་ཞེས་གོང་འོག་ཚང་མས་གསུངས་དང་གསུང་མུས་སུ་ཡོད་པ་འདི་དག་ཀྱང་ལུགས་མཐུན་མིན་པར་ཐལ་བའི་སྐྱོན་དུ་མི་འགྱུར་རམ། སྤྱིར་ན་འཛམ་གླིང་གི་གསར་བརྗེའི་འགྱུར་འགྲོས་ཚང་མ་རླབས་ཆེན་གྱི་བསམ་བློ་པ་ཉུང་ཤས་ཀྱིས་ཐོག་མར་སྣེ་འཁྲིད་གནང་བ་ཡོངས་ཁྱབ་ཀྱི་གནས་ཚུལ་ཞིག་ཡིན། གནས་ཚུལ་འདི་ཁྱེད་གཉིས་ཀྱི་ཐུགས་ལ་བཅངས་ནས་སླད་ཕྱིན་མི་མང་གི་བསམ་བློ་འཁྲུག་གཞིའི་གནས་ཚུལ་རིགས་མི་གསུང་བའི་རེ་བ་ཡོད།

ཅེས་ཕྱི་ལོ་ ༡༩༨༨ དང་། ༢༠༠༨ དང་ ༢༠༡༠ སོ་སོར་ས་གནས་མི་འཐུས་སུ་ཚོགས་བཅར་ཞུ་མྱོང་བའི་ལྷ་ས་བ་བསྟན་འཛིན་ནོར་བུས།།

འབྲེལ་ཡོད་གསར་འགྱུར།

FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

ཆུ་ཚོད་ ༨ སྔོན་ལ།
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

ཆུ་ཚོད་ ༡༡ སྔོན་ལ།
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩
Rubin Museum's photo taken by Tenzin Dorjee
Mobile App

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ཐོབ།

༢༠༢༥/༡༠/༠༩

མཆན། 4

  1. ཤག་སྒང་པ། says:
    ལོ་ 11 སྔོན།

    མང་གཙོའི་འགྲོ་ལུགས་ཤེས་ན། ཐོག་མར་མགོ་མཇུག་གང་ནས་བཙུགས་ཀྱང་གཅིག་གིས་མ་ཏོག་མང་པོ་ཞིག་མཉམ་ལངས་མི་ཡོང་བ་དངོས་འབྲེལ་རེད།

    དེས་ན། དབུས་མའི་ལམ་ནི། གོང་ས་མཆོག་གིས་དགོངས་འཆར་གནང་བར་མི་མང་གིས་གོང་སྨོས་བཞིན་བརྒྱུད་རིམ་མང་པོས་མཐའ་མར་ཐག་གཅོད་བྱས་པ་ཞིག་རེད། ཡང་ན་དེ་ལྟར་དགོངས་འཆར་གནང་རྒྱུར་གོང་ས་མཆོག་ལ་ཐོབ་ཐང་མེད་པ་རེད་ཟེར་གྱི་ཡོད་དམ།

    དེང་སྐབས་གོང་ས་མཆོག་གིས་སྲིད་དབང་རྩིས་ཕུལ་རྗེས་མགོ་བདེ་དྲན་འཕྲུལ་མང་པོས་ཆབ་སྲིད་ཤེས་མདོག་གིས་མང་ཚོགས་སུ་སེམས་ཚོར་ཆེ་བའི་དོན་གནད་རེ་ལ་དཔྱད་པ་བཏང་ཁུལ་གྱིས། དོན་དུ་རང་གི་མིང་གྲགས་སྤྱི་ཚོགས་ནས་ཞིག་རལ་སོང་བ། བསྐྱར་བླང་བྱ་རྒྱུའི་འཆར་གཞི་འདྲ་བཏིངས་ནས་གཞུང་གི་བརྒྱུད་ལམ་ལོག་པར་སྤྱད་པ་རེད།

    གཞུང་ཡིག་སྒེར་སྤྱོད་པ་སྐུ་ངོ་བཀྲས་མཐོང་དང་། སྒེར་དོན་ཁོ་ནར་ཅེར་མཁན་ཀརྨ་རྒྱ་མཚོ་གཉིས་ཀྱིས་འདི་ལྟར་སྔོན་ནས་མོལ་ཞིང་ཕྱིས་སུ་བརྒྱུད་ལམ་དུ་བགྲོ་ཁུལ་བྱས་པ་ནི་མཛུམ་མོ་ནང་དུ་བཀུག་ནས་བསམ་བློ་ཐོངས་ཟེར་བ་ཡིན།

    Reply
  2. ཤག་སྒང་པ། says:
    ལོ་ 11 སྔོན།

    མང་གཙོའི་འགྲོ་ལུགས་ཤེས་ན། ཐོག་མར་མགོ་མཇུག་གང་ནས་བཙུགས་ཀྱང་གཅིག་གིས་མ་ཏོག་མང་པོ་ཞིག་མཉམ་ལངས་མི་ཡོང་བ་དངོས་འབྲེལ་རེད།

    དེས་ན། དབུས་མའི་ལམ་ནི། གོང་ས་མཆོག་གིས་དགོངས་འཆར་གནང་བར་མི་མང་གིས་གོང་སྨོས་བཞིན་བརྒྱུད་རིམ་མང་པོས་མཐའ་མའི་ཐག་གཅོད་བྱས་པ་ཞིག་རེད། ཡང་ན་དེ་ལྟར་དགོངས་འཆར་གནང་རྒྱུར་གོང་ས་མཆོག་ལ་ཐོབ་ཐང་མེད་པ་རེད་ཟེར་གྱི་ཡོད་དམ།

    དེང་སྐབས་གོང་ས་མཆོག་གིས་སྲིད་དབང་རྩིས་ཕུལ་རྗེས་མགོ་བདེ་དྲན་འཕྲུལ་མང་པོས་ཆབ་སྲིད་ཤེས་མདོག་གིས་མང་ཚོགས་སུ་སེམས་ཚོར་ཆེ་བའི་དོན་གནད་རེ་ལ་དཔྱད་པ་བཏང་ཁུལ་གྱིས། དོན་དུ་རང་གི་མིང་གྲགས་སྤྱི་ཚོགས་ནས་ཞིག་རལ་སོང་བ། བསྐྱར་བླང་བྱ་རྒྱུའི་འཆར་གཞི་འདྲ་བཏིངས་ནས་གཞུང་གི་བརྒྱུད་ལམ་ལོག་པར་སྤྱོད་པ་རེད།

    གཞུང་ཡིག་སྒེར་སྤྱོད་པ་སྐུ་ངོ་བཀྲས་མཐོང་དང་། སྒེར་དོན་ཁོ་ནར་ཅེར་མཁན་ཀརྨ་རྒྱ་མཚོ་གཉིས་ཀྱིས་འདི་ལྟར་སྔོན་ནས་མོལ་ཞིང་ཕྱིས་སུ་བརྒྱུད་ལམ་དུ་བགྲོ་ཁུལ་བྱས་པ་ནི་མཛུམ་མོ་ནང་དུ་བཀུག་ནས་བསམ་བློ་ཐོངས་ཟེར་བ་ཡིན།

    Reply
  3. རྒྱལ་མཚན། says:
    ལོ་ 11 སྔོན།

    དགག་སྒྲུབ་རང་བཞིན་གྱི་རྩོམ་ཡིག་འདི་རིགས་ཀློག་འདོད་ཧ་ཅང་ ཆེན་པོ་ཡོད། བཀྲ་ཤིས་བདེ་ལེགས་ཀྱི་རྩོམ་ཡིག་རྐྱང་རྐྱང་སྤེལ་བསྡད་ནས་ཕན་ཐོག་ཡོད་མ་རེད། སྐུ་ངོ་བསྟན་འཛིན་རྣམ་རྒྱལ་ཁོ་རང་ལ་མཚོན་ལ་སྔོན་མ་ནས་རང་ཐག་རང་གཅོད་ཀྱི་ལངས་ཕྱོགས་ཤིག་ཡོད་པ་རེད། ཉིས་སྟོང་དགུ་བཅུ་དེའི་བར་ཁོ་རང་བཀའ་བློན་ཁྲི་པའི་འོས་མིར་བཞེངས་་སྐབས་དབུ་མའི་ལམ་ལ་རྒྱབ་སྐྱོར་གྱི་སྐད་ཆ་མང་པོ་ཞིག་བཤད་པ་རེད།

    Reply
  4. གནས་ཚང་། says:
    ལོ་ 11 སྔོན།

    གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་ཚར་ཡོད། བོད་དོན་བོད་མིར་ཕྱིར་རྩིས་སྤྲད་ཟིན་པས། ད་བཤད་ཡ་གང་ཡང་ལྷག་མི་འདུག་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese