མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཆར་སྣང་གསལ་བར་བྱེད་པའི་མེ་ལོང་།

བོད་ཀྱི་དུས་བབ།
༢༠༡༤/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

རབ་འབྱམས་པས།

གངས་ཅན་ལྗོངས་ཀྱི་སྔོན་བྱོན་མཁས་དབང་དང་པཎ་ཊི་ཏ་དང་ལྷ་རམས་པ་སོགས་མཁན་པོ་དང་སློབ་དཔོན་དག་ལའང་ད་ལྟའི་དགེ་ལུགས་པའི་རྒྱུགས་ལྟ་བུའི་རྒྱུགས་སྤྲོད་བཏང་བའི་ལོ་རྒྱུས་མེད་ལ། ཆོས་བརྒྱུད་གཞན་ལའང་བྱུང་མྱོང་མེད་པ་ལོ་རྒྱུས་མཁས་པ་དག་གིས་ཤེས་གསལ་ཡིན། འོན་ཀྱང་དེང་སྐབས་སྙིགས་དུས་ཀྱི་སྟོན་པ་ཆེན་པོ་བདག་ཅག་གི་ལྷ་མིའི་རྣམ་འདྲེན་སྐྱབས་མཆོག་ཕྱག་ན་པདྨོའི་བཀའ་དྲིན་ཉག་གཅིག་ལས་འཕགས་ཡུལ་དུ་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་སྤུས་དག་འདི་འབུས་མགོ་བརྩམས་ཤིང་། ས་འཁྱག་རྟེན་མ་དང་རྡོ་འཁྱག་སྔས་འབོལ་བྱས་ནས་མི་ལོ་ཉེར་དྲུག་ལ་དཀའ་སྤྱད་འབད་བརྩོན་བྱས་ཏེ། གཟན་ཤམ་རྔུལ་ཆུས་སྦང་དགོས་པའི་ས་མཐའི་ཚ་རླབས་ཀྱི་ཁྲོད་དུ་རྒྱུགས་སྤྲོད་གྱི་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་ཐོན་བཞིན་པ་ལགས་ཤིང་། གདན་ས་ཁག་ཏུ་རྒྱུགས་སྤྲོད་དེར་འགྲོ་འདོད་འདོད་ཐམས་ཅད་འགྲོ་ཆོག་པ་ཞིག་དང་། སོང་སོང་ཐམས་ཅད་ཀྱིས་རྒྱུགས་འཕྲོད་པ་ཞིག་གཏན་ནས་མིན།

དཔེར་ན། བསྡུས་ཆུང་སྐབས་འཛིན་གྲྭ་དེར་མི་ཉིས་བརྒྱ་ཡོད་ན་འདུལ་མཛོད་རྩོད་སྐབས་བརྒྱ་ཙམ་ལས་ལྷག་གི་མེད་པ་དང་། དགེ་ལུགས་རྒྱུགས་སྤྲོད་འཚམས་སུ་བདུན་ཅུ་བརྒྱད་ཅུ་ཙམ་ལ་ཐུག་ནས་ཡོང་གི་ཡོད། དེའི་ནང་རྒྱུགས་སྤྲོད་དུ་འགྲོ་ཐུབ་མཁན་ཉི་ཤུ་སུམ་ཅུ་ཙམ་ཡིན་པ་དང་། དེ་ཡང་ལོ་རེར་གྲྭ་ཚང་ཆེ་ཁག་དྲུག་གིས་ལོ་ཉི་ཤུ་རྩ་ལྔ་གཏོང་གི་ཡོད་ཀྱང་། ལོ་དྲུག་གི་རྒྱུགས་ཡོངས་རྫོགས་འཕྲོད་དེ་ལྷ་རམས་དགེ་བཤེས་ལོན་པ་ལོ་རེར་བཅུ་བཅོ་ལྔ་ཙམ་ལས་གཏོང་ཐུབ་ཀྱི་མེད། གཞུང་ལུགས་མཁས་ཤིང་ཤེས་རབ་རྣོ་བས་ཀྱང་རྒྱུགས་འཕྲོད་ནས་ལྷ་རམས་ཆགས་ཐུབ་པའི་ངེས་པ་གཏན་ནས་མེད། མིག་སྐྱོན་ཅན་ཆགས་པ་གཉིད་བཀག་པའི་རྐྱེན་གྱིས་རླུང་དང་ཁྲག་ཤེད། སྙིང་ནད་པ་ཆགས་པ་སོགས་ཆོས་ཟབ་ས་བདུད་ཟབ་ཞེས་པའི་དཔེ་ལྟར་བར་ཆད་ཧ་ཅང་མང་བོ་ཡོད། ཉིས་སྟོང་བཅུ་བཞི་སྟེ་ད་ལོའི་རྒྱུགས་སྤྲོད་སྐབས་ནད་དགོངས་ཞུ་མཁན་ ༡༧ བྱུང་ཡོད།

དུས་ཡུན་རིང་ཞིང་དཀའ་ཁག་ཤིན་ཏུ་ཆེ་བའི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་དང་། དགེ་བཤེས་ལྷ་རམས་པའི་སྙན་པའི་འབྲུག་གི་སྒྲ་གོ་ལའི་ཁྱོན་དུ་ལྡིར་བཞིན་པ་ནི། རང་གི་རིགས་གཞུང་གཏིང་ཟབ་ལ་དུང་བ་ཟབ་པའི་མི་བུ་དག་དགའ་འོས་པའི་དོན་དག་ཅིག་ཅི་ལ་མིན། ད་ལྟའི་བརྒྱུད་ལམ་ཁག་ཏུ་རེ་གཉིས་ཀྱིས་གཞན་གྱི་ཡོན་ཏན་ཉམས་དམའ་བར་འདོད་དེ་ཀུན་སློང་ངན་པའི་མེ་འོབས་ཀྱིས་འབད་འབད་དུང་དུང་གིས་ཉེས་སྐྱོན་ཁབ་ཀྱི་རྩེ་མོ་བཙལ་ཏེ། ཡིན་ལ་མིན་ལའི་དཔེ་མཚོན་ཆུང་ངུ་ཙམ་ལས་མ་རག་ཀྱང་། ཞིབ་ཆ་བདེན་དཔང་གང་ཡང་མེད་པར་བརྒྱུད་ལམ་དུ་སྒྲོག་ཅི་ཐུབ་བྱེད་པ་ལ་ཚོད་ཡེ་ནས་མི་འདུག

ཉེས་སྐྱོན་བཙལ་ན་རྒྱལ་ཁབ་དང་མི་རིགས་ཚོགས་སྡེ་གང་དུའང་མཚན་གཞི་ཙམ་རེ་རག་སྲིད་པ་རེད། རྩོམ་ཐུང་ཁག་ཅིག་གིས་ཚིག་གི་དངོས་བསྟན་ལྷག་བསམ་ཆེ་མདོག་དང་། སྤྱི་སེམས་ཡིན་རབས་ཀྱི་སྙན་མོ་དང་འཇམ་པོ་ཅི་མ་བདེན་སྙམ་པའི་ཐལ་བ་མཐུག་པོ་ཞིག་གིས་ཕྱོགས་ཀུན་ནས་གཡོགས་ཤིང་། ཤུགས་ལ་སྤྱི་དང་བྱེ་བྲག་ཐམས་ཅད་སྤྱི་ཚོགས་སུ་མཐོང་བརླག་ཐབས་བྱེད་བཞིན་པ་ནི་མཚན་ཉིད་རིགས་པ་སྨྲ་བ་ལྟ་ཅི། སློབ་གྲྭ་ཆེ་ཆུང་གི་སློབ་མ་ཚོས་ཀྱང་དངོས་ཤུགས་དེ་ཙམ་ཀྱི་གོ་བ་ལོན་གྱིན་ཡོད་པས་གངས་ཅན་པ་རྣམས་ཀྱིས་གཟུར་གནས་བློ་ཡིས་བཏགས་ཤིང་གཟབ་རྒྱུ་གལ་ཆེ་ཀུན་སྤྱོད་འདིའི་རིགས་ནི། ཤེས་ཡོན་པ་ཞིག་གི་ལས་ཀ་གཏན་ནས་མ་ཡིན་ནོ།།

གཞན་གྱི་ཕུན་ཚོགས་མི་བཟོད་ཕྲག་དོག་གི་མེ་དོང་།།

གཡོ་ཟོལ་ཚིག་གི་ཐལ་བ་མཐུག་པོ་ཡིས་གཡོགས་པར།།

སྤྱི་སེམས་བཅོས་མའི་སྟོན་གྱི་བ་མོ་ཡིས་བཀབ་པ།།

བདེན་ཚིག་ལྕགས་ཀྱི་ཁེམ་བུས་མ་སློག་ན་སྙམ་ཡང།།

 འདིའི་ཡན་ནི་ད་ལྟའི་བརྒྱུད་ལམ་ཁག་གི་གནས་ཚུལ་སྤྱི་བཤད་ཙམ་མོ།།

ད་ནི་སྐབས་བབ་རྒན་གུར་མགོན་སྐྱབས་ལགས་ཀྱི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་རྒྱུགས་ཤོག་༼འཆར་སྣང་།༽གི་དངོས་ཤུགས་ལ་ཅུང་ཟད་དཔྱད་པའི་སྒོ་ནས་རྒྱུས་མེད་ ༼འཆར་སྣང་གསལ་བར་བྱེད་པའི་མེ་ལོང་།༽འབྲི་བ་ལ་འཇུག་གོ ཉེ་སྔོན་བོད་ཀྱི་མཐོ་སློབ་དགེ་རྒན་ཞིག་གིས་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་དཔྱད་བརྗོད་སྤེལ་ཡོད་པ་ཐོས་པས་ཀློག་འདོད་བྱུང་ཞིང་། རྩོམ་པ་པོ་ཁོ་བོ་ཞིབ་འཇུག་པ་ཞིག་ཀྱང་ཡིན་རབས་ཐོས་པས། ལྷག་པར་མཐོང་འདོད་བྱུང་བ་ལྟར། ཉེ་ཆར་སྐད་འཕྲིན་བརྒྱུད་ལམ་ཞིག་ཏུ་ཁོང་གི་དཔྱད་རྩོམ་དེ་ལག་ཏུ་འབྱོར་སོང་། འདི་ནི་བོད་ནང་གི་མཐོ་སློབ་དགེ་རྒན་ཞིག་གིས་ལྷག་བསམ་གྱི་འབོད་སྐད་དོ།། འདི་ནི་ལོ་རྒྱུས་ཞིབ་འཇུག་པ་ཞིག་གི་འཆར་སྣང་དཔྱད་བརྗོད་དོ་སྙམ་སྟེ། ཡང་ནས་བསྐྱར་དུ་ཞིབ་ཙམ་བཀླགས་ཀྱང་ཁོང་གི་དཔྱད་བརྗོད་འཆར་སྣང་བྱུང་ས་དེ་ནི། བཀའ་རམས་གཉིས་པའི་དུས་ཚིགས་གཅིག་གིི་རྒྱུགས་ཤོག་ཤོག་ལྷེ་གཅིག་ཙམ་ཡིན་ཞིང་། དེ་ཡང་ཉེས་སྐྱོན་བརྗོད་པ་ཙམ་དུ་ཟད་དོ།། དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ལོ་རེ་ནས་སྤུས་ཇེ་དག་དང་འགྲིག་ཇེ་ཡག་དུ་འགྲོ་བཞིན་ཡོད་རུང་། ཡར་རྒྱས་ལ་མཐའ་མེད་པས་ད་དུང་ལེགས་བཅོས་གཏོང་དགོས་ས་མང་བ་ནི་སྨོས་མ་དགོས་སོ།།

༡༽ད་ལྟའི་བརྡ་འཕྲིན་ཤིན་ཏུ་མྱུར་བའི་དུས་འདིར་ཟུར་སྦྱོང་གི་རྒྱུགས་ཤོག་ཤོག་ལྷེ་གཅིག་ཙམ་ལས་ཁོང་གི་འདྲེན་བྱེད་དུ་མ་གྱུར་བ་བདེན་ན་ཉེས་པ་འབའ་ཞིག་བརྒྱུད་ལམ་དུ་བསྒྲགས་རྒྱུ་ཅུང་ཟད་སྔ་དྲགས་པ་དང་ཞིབ་འཇུག་དཔྱིས་ཕྱིན་པ་ཐོན་མེད་དེ།

རྒྱུགས་སྤྲོད་ཆེན་མོའི་རྒྱུགས་ཤོག་རྒྱ་མཚོ་ལྟ་བུ་ལས་བཀའ་རམས་གཉིས་པའི་དུས་ཚིགས་གཅིག་གི་རྒྱུགས་ཤོག་རྩྭ་རྩེའི་ཟིལ་བ་ཙམ་གྱི་ཤོག་ལྷེའི་ཞན་སྐྱོན་ཙམ་ལས་དཔྱད་ཞིབ་མ་ཐོན་པས་སོ།།

༢༽འཆར་སྣང་ཆུང་དྲགས་སྙམ་སྟེ།

ཆོས་འབྱུང་སློབ་ཚན་ལ་འཕགས་ཡུལ་གྱི་སློབ་གཉེར་བ་དག་གིས་ཟུར་སྦྱོང་སློབ་ཚན་ཞེས་འབོད་ཅིང་། ཁོང་ཉིད་ལ་རྒྱུགས་སྤྲོད་ཆེན་མོ་འདོགས་སའི་རྒྱུགས་ཤོག་དག་གི་དོན་སྤྱི་ཙམ་ཡང་འཆར་མ་མྱོང་བས་སོ།།

༣༽ཟུར་སྦྱོངས་རྒྱུགས་ཤོག་གཅིག་པུའི་འཆར་སྣང་ངོ་སྙམ་ན་དེ་ཡང་ཉམས་མྱོང་ཆ་རྒྱུས་མེད་པའི་བརྗོད་པ་འབའ་ཞིག་གིས་གྲུབ་འདུག་སྟེ། རྒྱ་ཆེ་ལ་གཏིང་ཟབ་པ་ཉིང་དགོས་གྱ་ནོམ་པ་ཡོད་པའི་པོད་ལྔའི་སློབ་གཉེར་ཉམ་པར་དོགས་ཏེ། སུམ་རྟགས་སྙན་ངག་སྦྱོང་བར་དགག་བྱ་བྱེད་པའི་ཁོར་ཡུག་འདི་ལས་སློབ་གྲྭ་ཁག་བཞིན་ཚིག་དང་སྡེབ་སྦྱོར་ཙམ་གཙོ་བོར་མི་བརྩི་སྟེ། ཚིག་ལ་མི་ལྟ་དོན་ལ་ལྟ་བ་དང་དྲང་དོན་ལ་མི་ལྟ་ངེས་དོན་ལ་ལྟ་བས་སོ།།

སྔོན་བོད་དུ་ལྷ་རམས་དགེ་བཤེས་ཨང་དང་པོ་དང་གཉིས་པའི་ནང་རང་གི་མིང་ཙམ་ཡང་དག་འཐོན་པ་ཞིག་ཞིག་འབྲི་མི་ཤེས་མཁན་དང་། ལྟུང་བཤགས་ཙམ་བློ་ལ་མི་འགྲོ་མཁན་ཡོད་པའང་ཐོས་མྱོང་ཡང་དེ་དག་རྩ་ཆེན་པོ་ཡིན་ཏེ། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་ལམ་བསླབ་པ་གསུམ་གྱི་ཉམས་ལེན་ཡོད་པའི་གང་ཟག་ཡིན་པས་སོ།། དེ་དག་མཁས་པ་ཡིན་ཏེ་གཞུང་བཀའ་པོད་ལྔ་ཡི་སྐ་རགས་བཅིངས་ཤིང་། རྨོངས་པ་རྣམ་པ་གསུམ་ལྡོག་པའི་གང་ཟག་ཡིན་པས་སོ།།

༤༽མ་ཟད་སྐྱོན་དེ་དག་མི་འཇུག་སྙམ་སྟེ།

ཉིད་ཀྱིས་རྣམ་ཐར་བཞིན་འབྲི་དགོས་པས་གང་རྒྱས་འབྲི་ཐབས་མི་འདུག་གསུངས་ཡོད་ཀྱང་། དཔེར་ན། དྲི་བ་དང་པོར་དབུས་གཙང་དུ་གསན་བསམ་གནང་ཚུལ་གང་རྒྱས་བྲིས་ཞེས་པའི་དྲི་བ་གཅིག་པོར་རྗེས་བླ་མས་གསན་བསམ་གནང་ཚུལ་རྣམ་ཐར་བཞིན་གང་རྒྱས་བྲིས་ན་ཆུ་ཚོད་གསུམ་ཕར་ཟད། ཉི་མ་གསུམ་ལ་བྲིས་ཀྱང་མི་ཚར་བ་འབྲི་རྒྱུ་ཡོད་པས་སུན་པོ་འབྱུང་དོགས་ཀྱི་ཐུགས་ཁྲལ་གཏན་ནས་མི་དགོས་སོ།།

༥༽སྤྱིར་གཞུང་གང་དང་གང་རྒྱུགས་སྤྲོད་གཏོང་སྐབས། གཞུང་ཚན་ཇི་བཞིན་གཏོང་དགོས་སྙམ་སྟེ།

གཞུང་ཇི་བཞིན་མ་བཏང་ན་གཞུང་དེའི་རྒྱུགས་སྤྲོད་མ་ཡིན་པ་ཆགས་འགྲོ་བ་དང་རྒྱུགས་ལེན་པ་ནི། གཞུང་དེ་ཨེ་ངེས་ལྟ་ཆེད་ཅིག་ཡིན་པ་དང་། ལྷག་པར་རྣམ་ཐར་ནི་རྣམ་ཐར་ཇི་བཞིན་དགོས་པ་ལས་སྒྲོ་འདོགས་དང་སྐུར་འདེབས་བྱས་ན་ལྷ་སྒྲུང་ལྟ་བུ་ཆགས་འགྲོ་བས་སོ།།

སྔོན་བྱོན་སྟོན་པའི་རྣམ་ཐར་རྗེས་འཇུག་སློབ་མས་ཉམས་ལེན་ཞེས་པ་ལྟར། རྣམ་ཐར་ཇི་བཞིན་ངེས་ན་དམིགས་པ་གཏད་སའི་མ་འོངས་པའི་ལམ་ཁ་ཡང་དེ་ཀ་ཡིན་ནོ།། བསམ་གཞིག་གི་ནུས་པ་མཐོང་བྱེད་ཀྱི་དཔྱད་རྩོམ་དག་བཅོས་ཚིག་འགྲེལ་སྙན་ཞུ་འབྲི་སྟངས་སོགས་དྲི་ཤོག་གཞན་ལ་མང་དག་ཡོད་པས་དྲི་ཤོག་དེར་མེད་ཀྱང་འཐུས་སྙམ་པ་དང་རྣམ་དཔྱོད་ཀྱི་ནུས་པ་མཐོང་བྱེད་གཙོ་བོ་རྟགས་གསལ་དང་ལན་གྱི་སྐབས་ཡིན་པས་སོ།། མ་གཞི་གཞུང་ཇི་བཞིན་ཕྲིས་ཞེས་པའི་དྲི་བ་ནི་དྲི་བ་ཁག་ཤོས་ཡིན་པ། དཔེར་ན། མཚོ་ཊཱིཀ་ཇི་བཞིན་ཕྲིས། མཆིམས་མཛོད་ཇི་བཞིན་ཕྲིས། གསེར་ཕྲེང་ཇི་བཞིན་ཕྲིས། ཞེས་པ་ལྟ་བུ་ནི་གཞུང་ཆེན་དེ་དག་ལས་དྲི་བ་དེའི་སྐབས་ཀྱི་སྔོན་ཀྱི་སློབ་དཔོན་གཞན་དང་ཁ་ཅིག་དང་། རང་ལུགས་ཀྱི་འདོད་པ་སོགས་ཇི་བཞིན་ངེས་དགོས་པས་ཤིན་ཏུ་དཀའ་བ་གཞུང་ཆེན་རྒྱུགས་སྤྲོད་ནང་ཕེབས་མཁན་དག་གི་ཐུགས་ལ་གསལ་གསལ་ཐང་ཐང་ཡིན་ནོ།།

༦༽ དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་རྒྱུགས་ཤོག་ལས་དགེ་རྒན་ལགས་ཀྱིས་རྒྱུགས་ཤོག་འདོན་མཁན་དང་། ལན་འདེབས་མཁན་གཉིས་ཀྱི་ཤེས་རབ་ཀྱི་རྩལ་ཡོངས་རྫོགས་མཐོང་མི་ནུས་སྙམ་སྟེ། རི་བོའི་གཏོས་དང་མཉམ་པའི་རྒྱ་བོད་ཀྱི་གཞུང་ཆེན་རྩ་འགྲེལ་དེ་དག་བམ་ཀློག་ཙམ་ཡང་བྱེད་མ་མྱོང་བས་སོ།།

༧༽དགེ་མཚན་རི་རྒྱལ་ལྷུན་པོ་དང་འདྲ་པ་དེ་དག་མི་གླེང་བར་ཉེས་སྐྱོན་ཤིག་གི་སྒོ་ང་ཙམ་རེ་སྤྱི་ཚོགས་ལ་བསྒྲགས་པས་ཕན་ལས་གནོད་པ་ཆེ་བར་སྙམ་སྟེ། སྤྱི་ཚོགས་ཀྱིས་སྐྱོན་ཡོན་གཉིས་ཀ་མཐོང་དགོས་ཤིང་། སྐྱོན་བཏགས་ཀྱི་བློ་ནི་ཡོན་ཏན་མཐོང་བར་སྒྲིབ་བྱེད་ཀྱི་བཀག་རྡོ་ཡིན་ཞིང་། ཡོན་ཏན་དགེ་མཚན་མཐོང་བ་ནི་དགའ་དད་དྭངས་པ་འདྲེན་བྱེད་དང་། མ་འོངས་དམིགས་འདུན་ལེགས་པའི་ལམ་ཕྱོགས་དེར་སྤྲོ་བས་འཇུག་བྱེད་ཀྱི་གོམ་པ་དང་པོ་ཡིན་པ་ལོ་རྒྱུས་མཁས་པ་དག་གིས་མགྲིན་གཅིག་དབྱངས་གཅིག་ཡིན་པས་སོ།།

༨ ༽དགེ་ལུགས་པའི་ཟུར་སྦྱོང་སློབ་ཚན་དུ་ལོ་རྒྱུས་ལས་ཆོས་འབྱུང་འོས་ཤིང་འཚམ་སྙམ་སྟེ།

གྲྭ་ཚང་དུ་མི་ལོ་བཅོ་བརྒྱད་བཅུ་དགུའི་རིང་གང་མགྱོགས་དེད་ཀྱང་ཚར་དཀའ་བའི་གཞུང་ཆེན་སློབ་ཚན་དེ་དག་འདིར་རྒྱུགས་སྤྲོད་པས་རང་སྦྱོང་ཟླ་བ་གསུམ་བཞིའི་རང་བསྐྱར་ཀློག་ཚར་དགོས་ཤིང་། གཞན་ཟུར་སྦྱོང་ཡང་སྟོན་པའི་རྣམ་ཐར། རྗེའི་རྣམ་ཐར། སུམ་ཅུ་བ་དང་རྟགས་འཇུག རྟེན་འབྲེལ་བསྟོད་པ། འཕགས་བསྟོད་སོགས་ལ་ཚིག་འབྲེལ་དང་དག་བཅོས། སྙན་ཞུའི་རིགས་དང་དཔྱད་རྩོམ་གྱི་རིགས་སོགས་ཡོད་པ་མ་ཟད། སྔ་དགོང་དུ་སྡོམ་དང་རྩ་བ་བློ་འཛིན་སྐྱོར་སྦྱང་བྱེད་རྒྱུ་སོགས་ཤིན་ཏུ་མང་བས་ལོ་རྒྱུས་ཀྱི་ཚིག་ཉོག་མང་པོ་ལྟ་ཁོམ་ཡེ་ནས་མེད་པས་སོ།།

༩ ༽རི་བོ་དགེ་ལྡན་པའི་ལངས་ཕྱོགས་དང་རྒྱུགས་སྤྲོད་ཆེན་མོ་གཏོང་མཁན་དང་། ལེན་མཁན་རྒྱུགས་ལེན་སའི་གཞུང་གང་དུ་བལྟས་ཀྱང་ཕྱོགས་གཅིག་དུ་གཞོལ་ཆེ་བའི་ཉེས་སྐྱོན་མེད་པར་སྙམ་སྟེ། ཨ་མའི་བུ་ལ་འཇོན་ཐང་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད། ཅེས་ངག་རྒྱུན་ལ་གྲགས་པའི་སྔོན་གྱི་སྡོམ་ཚིག་གིས་འཇོན་ཐང་ཆ་རྐྱེན་ཡོད་ན་མི་རིགས་ཆོས་བརྒྱུད་དབྱེ་བ་མེད་པར་འཇམ་དབྱངས་བླ་མའི་གསེར་གྱི་ཁྲི་འཕང་མཐོན་པོའི་སྟེང་བཞུགས་ཆོག་པ་དང་། གདན་སའི་མཁན་ཁྲི་ཡང་ལོ་རྒྱུས་ནང་མི་རིགས་གཞན་པ་ཕེབས་མྱོང་ཡོད་པར་མ་ཟད། ད་ལྟའི་རྭ་སྟོད་གྲྭ་ཚང་གི་མཁན་པོ་ཨ་རི་བ་ཞིག་ཡིན་པ་འདིས་དགེ་ལྡན་པའི་ལངས་ཕྱོགས་མཚོན་ཡོད་ལ། འདིས་མ་འོངས་དམངས་གཙོའི་དབུ་ཁྲིད་འདེམས་ཕྱོགས་ཀྱི་མིག་དཔེ་བཟང་བོ་ཞིག་དང་། ཆོས་བརྒྱུད་གཞན་ལ་ཁ་མིག་ཡར་ལྟ་བྱེད་སའི་ལམ་ཁ་ཞིག་ཀྱང་སྟོན་གྱིན་འདུག་སྙམ། མ་གཞི་དེང་སྐབས་བོད་ཕྱི་ནང་གི་ཆོས་བརྒྱུད་ཁག་ཡོངས་རྫོགས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་འོད་དཀར་བོའི་གཅིག་གི་ཐུ་འོག་ཏུ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱིས་ཤར་བསྐྱོད་བྱེད་བཞིན་པ་ནི་གངས་ཅན་པའི་མ་འོངས་བདེ་སྐྱིད་ཀྱི་རྩ་བ་ཉག་གཅིག་ཡིན་ནོ།།

རིགས་རུས་མི་གཙོ་བསླབ་པ་གཙོ་བའི་སངས་རྒྱས་ཀྱི་ལམ་སྟོན་བཟང་བོའི་འོག་རྒྱུགས་སྤྲོད་ལེན་བྱེད་མཁན་ཡང་ད་ལྟ་སེ་འབྲས་དགའ་གསུམ་དུ་མི་རིགས་ཆོས་བརྒྱུད་དབྱེ་བ་མེད་པར་ཕེབས་བཞིན་པ་དང་། རྒྱུགས་ལེན་སའི་གཞུང་ལ་ཡང་པོད་ལྔའི་རྩ་འགྲེལ་རྒྱ་གཞུང་སྨོས་མེད་ཐོག རང་གཞུང་མཛོད་ཊཱིཀ་ཐར་ལམ་གསལ་བྱེད་དང་འདུལ་ཊཱིཀ་རིན་ཆེན་ཕྲེང་བ་སོགས་མཛོད་འདུལ་རྩ་འགྲེལ་ཡོད་བཞིན་དུ་བོད་ཀྱི་ཆོས་བརྒྱུད་གཞན་གྱི་ཡིག་ཆ་དཔལ་ས་སྐྱ་བའི་མཆིམས་མཛོད་མངོན་པའི་རྒྱན་དང་། བཀའ་གདམས་རྙིང་མ་བའི་མཚོ་ཊཱིཀ་ཉི་མའི་འོད་ཟེར་ལྟ་བུའི་བམ་ཁ་ཤིན་ཏུ་མཐུག་པའི་གཞུང་ཆེན་དེ་དག་དགེ་ལུགས་པའི་རྒྱུགས་སྤྲོད་དུ་གཏོང་བཞིན་པ་འདི་ནི། གཟུར་གནས་ཕྱོགས་ཞེན་བྲལ་བའི་གངས་ཅན་བོད་ཀྱི་རྒྱུགས་སྤྲོད་ཆེན་མོ་ཡིན་པའི་དན་རྟགས་ཡང་དག་ཡིན་པ་མ་ཟད། ས་ཆེན་གོ་ལའི་སྟེང་འདིའི་ནང་བ་སངས་རྒྱས་པའི་ཆེས་མཐོ་བའི་གཙུག་ལག་ཁང་གི་རྒྱུགས་སྤྲོད་ཆེན་མོར་བརྗོད་ན་ཐལ་དྲགས་མེད་པར་སྙམ་མོ།།

༡༠༽བོད་ཀྱི་རྒྱུགས་སྤྲོད་ཆེན་མོ་ཡིན་པས་སྐྱ་སེར་དབྱེར་མེད་ཡོད་ན་བསམ་མྱོང་གསུངས་པ་ནི་བསམ་ཆོག་པ་ཞིག་ལོས་ཡིན་མོད་དེ་ནི་རྒྱུས་མེད་སྟོང་བསམ་གྱི་རྨི་ལམ་སྟེ།

ཆ་རྐྱེན་ཚང་ན་ཆོག་རུང་ཆ་རྐྱེན་ཚང་ཐབས་མེད་དེ་དགེ་ལུགས་རྒྱུགས་སྤྲོད་དུ་ཕེབས་པའི་སྔོན་འགྲོའི་ཆ་རྐྱེན་ནི། གྲྭ་ཚང་སོ་སོར་མི་ལོ་བཅུ་བདུན་བཅོ་བརྒྱད་དུ་ཆགས་མེད་རྒྱུགས་འཕྲོད་ཡོད་པའི་བདེན་དཔང་མཁན་པོའི་མཚན་རྟགས་དགོས་ཤིང་། སེར་བྱེས་གྲྭ་ཚང་ལྟ་བུར་མཚོན་ན། བསྡུས་གྲྭ་ཁག་དང་གྲུབ་དོན་ས་གསུམ་ལོ་གསུམ་བརྩད་རྗེས་ཕར་ཕྱིན་ལོ་བདུན་ཆགས་མེད་དུ་རྒྱུགས་སྤྲོད་ཕེབས་ཤིང་། རྒྱུགས་ཡོང་རྫོགས་རྒྱུགས་ཚད་ལོང་ཡོད་ན་ཕར་ཕྱིན་རབ་འབྱམས་པའི་ཕྱག་ཁྱེར་རག་པ་དང་། དེ་ནས་དབུ་མ་ལོ་བཞིར་བརྩད་རྗེས་དབུ་མ་རབ་འབྱམས་པའི་ཕྱག་ཁྱེར་རག་པ་དང་། དེའི་རྗེས་འདུལ་བ་ལོ་གསུམ་དང་དེ་ནས་མཛོད་ལོ་གཉིས་བརྩད་མཚམས་དགེ་ལུགས་རྒྱུགས་སྤྲོད་དུ་ཕེབས་པའི་དུས་སུ་ཁེལ་ཞིང་། ད་དུང་དགེ་ལུགས་རྒྱུགས་སྤྲོད་དུ་ཕེབས་ན་ལོ་དེ་གའི་གྲྭ་ཚང་བློ་རྒྱུགས་ལས་གཞན་རྩོད་རྒྱུགས་འབྲི་རྒྱུགས་ཟུར་སྦྱོང་གསུམ་རྒྱུགས་ཚད་ལོང་ན། ད་གཟོད་གཞི་ནས་དགེ་ལུགས་རྒྱུགས་སྤྲོད་དུ་ཕེབས་ཆོག་པའི་ཆ་རྐྱེན་དང་པོ་ཙམ་ཚང་བ་ཡིན་ཡང་ལྷ་རམས་འཛིན་གྲྭར་ཞུགས་པའི་ཐོབ་ཐང་རག་མེད། དེ་ནས་དགེ་ལུགས་རྒྱུགས་སྤྲོད་ལོ་རིམ་དང་པོ་རྒྱུགས་ཚད་ལོང་ན་ལྷ་རམས་འཛིན་གྲྭར་ཞུགས་ཆོག་ཀྱང་ལྷ་རམས་དགེ་བཤེས་ཀྱི་ཆ་རྐྱེན་ནི། ལོ་དྲུག་ཏུ་དགེ་ལུགས་རྒྱགས་སྤྲོད་ཡོངས་རྫོགས་འཕྲོད་པ་དེ་ཡིན་སྟབས། མི་སྐྱ་ཕོ་མོ་ཞིག་གྲྭ་སར་དུས་ཡུན་དེ་འདྲར་རྒྱུགས་སྤྲོད་དུ་ཕེབས་ཐུབ་པ་ནི། ནམ་མཁའི་མེ་ཏོག་དང་རི་བོང་གི་རྭ་བཞིན་མི་སྲིད་པ་ལྟ་བུའོ།།

པོད་ལྔའི་སྙེ་མ་མཐོ་བའི་ནགས་མའི་ཚལ་དུ།།

ཉེས་སྐྱོན་ཚ་གདུང་དབེན་པའི་གྲིབ་བསིལ་སྣུམ་པོར།།

ཞི་བདེའི་གཉིད་དུ་ཡུར་བའི་རྒྱ་སྟག་དམར་བོ།།

ཤི་བར་འཁྲུལ་བའི་ཁྭ་ཏས་ཨག་སྐད་མཐོ་ཨང་།།

སྐྱོར་སྦྱོང་དཔེ་ཀློག་གི་གསེར་ལྟ་བུའི་དུས་ཚོད་ཀྱི་བར་གསེང་དུ་བྲེལ་ཟིང་ངང་བྲིས་ཤིང་། ཞུ་དག་ཀྱང་བྱེད་ཁོམ་ཆེར་མ་བྱུང་བས་སྡེབ་སྦྱོར་མི་ལགས་པ་དང་ཡིག་ནོར་མང་བར་ངེས་རུང་ཚིག་ཙམ་གཙོ་བོ་མ་ཡིན་ནོ།།

༢༠༡༤/༡༡/ ༡༢ བླ་གཟའ་ལྷག་དཀར་ཉིན་མཇུག་གྲུབ་པ་འདི་ཡང་རྨོངས་བ་སེལ་བྱེད་སྒྲོན་མེར་གྱུར་ཅིག་གུ

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༧ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༡༡ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 1

  1. བྱ་གཞུང་དཔལ་རྡོར། says:
    ལོ་ 11 སྔོན།

    གནད་ལ་འཁེལ་བ་ཞིག་བྲིས་འདུག་པ་མ་ཟད། རྩོམ་རྩལ་ལའང་བྲོ་བ་ཆེན་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese