མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྩ་དོན་གསུམ་གྱི་འོག་ནས་བོད་དོན་ཁབ་གཙགས་རི་མོ་འབྲི་བཞིན་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༡༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

གཞས་པ་དང་བོད་དོན་སྐོར་གྱི་རིན་མེད་ཁབ་གཙགས་རི་མོ་འབྲི་མཁན་སྒྱུ་རྩལ་བ་རྟ་མགྲིན་ལགས་སུ། ཁོང་གི་སྒྱུ་རྩལ་གྱི་ལམ་བུ་དང་ཁབ་གཙགས་རི་མོ་བཅས་ཀྱི་སྐོར་ལ་བཅར་འདྲི་ཞུས།

དྲི་བ། ཁྱོད་ཀྱིས་མུ་མཐུད་ནས་<<ཡངས་པའི་ལམ།>>་ཟེར་བའི་གཞས་འདི་གཏོང་དགོས་དོན་དང་། དེ་ལ་<<ཡངས་པའི་ལམ།>>ཞེས་འདོག་དགོས་དོན་ཅི་ཡིན་ནམ།

ལན། ང་རང་ལ་ཆ་མཚོན་ན། གཞས་དང་རི་མོ་ལ་སོགས། མདོར་ན་སྒྱུ་རྩལ་གྱི་ལམ་ནས་བོད་དོན་ཁྱབ་བསྒྲགས་དང་བོད་མིའི་སྐྱིད་སྡུག་གླེང་མཁན་ཞིག་ཡིན་ཟེར་ཆོག དེའི་སྟེང་ནས་བོད་དོན་འཐབ་རྩོད་བྱེད་ཐུབ་པ་དང་། བོད་དོན་ཁྱབ་བསྒྲགས་བྱེད་ཐུབ་པར་ཡིད་ཆེས་བྱེད་མཁན་ཞིག་ཡིན། བོད་དོན་བདེན་མཐའ་མ་སེལ་བར་དང་། བོད་ལ་རང་དབང་མ་ཐོབ་བར། ང་རང་གིས་མུ་མཐུད་ནས་<<ཡངས་པའི་ལམ།>>ཟེར་བའི་གཞས་འདི་རྒྱུན་འཁྱོངས་བྱེད་དགོས་བསམ་ཡོད། <<ཡངས་པའི་ལམ།>>ཞེས་མིང་འདོག་དགོས་དོན་གཙོ་བོ་གཅིག བརྗོད་དོན་གྱི་ཆ་ནས། ཕལ་ཆེ་བ་ཉག་ཕྲ་བའི་བོད་ཀྱི་ཆབ་སྲིད་གནས་བབ་བརྗོད་པ་དང་། གཉིས། ཚིག་དང་དབྱངས་ཀྱི་ཆ་ནས་གཞན་གྱི་དབྱངས་ལ་ལད་མོ་དང་། གཞན་གྱི་ཚིག་བརྐུས་པ་སོགས་མ་ཡིན་པར། ཚིག་གསར་བ་དང་དབྱངས་གསར་བ། མདོར་ན། གསར་གཏོད་ཀྱི་ལམ་ནས་བོད་དོན་བསྒྲགས་བཞིན་ཡོད། གསུམ། ལས་དོན་ཡོད་ཚད་རང་ཉིད་ནས་མགོ་རྩོམ་དགོས་པ་དང་། དེ་ཡང་། སྒྱུ་རྩལ་གྱི་ལས་རིགས་ཤིག་ལ་མཚོན་ན། གཞན་གྱི་བརྩམས་ཆོས་ལ་ལད་ཟློས་བྱེད་པ་ལ་སོགས་མ་ཡིན་པར། རང་ངོས་ནས་གསར་གཏོད་ཀྱི་ལམ་ནས་སྒྲུབ་པའི་རེ་བ་དང་སྐུལ་མ་བྱེད་ཀྱིན་ཡོད།

དྲི་བ། བཙན་བྱོལ་ནས་ཆབ་སྲིད་ཀྱི་གཞས་བཏང་བ་དང་། བོད་ནས་ཆབ་སྲིད་ཀྱི་གཞས་བཏང་བ་གཉིས་ལ་ཕྱོགས་ཁྱད་པར་གང་དག་མཐོང་གི་ཡོད།

ལན། བརྗོད་དོན་གྱི་ཆ་ནས་གཅིག་པ་རེད། ཡིན་ན་ཡང་མཇུག་འབྲས་ཀྱི་ཆ་ནས་མ་འདྲ་བ་རེད། བོད་ནང་ནས་ཆབ་སྲིད་དང་འབྲེལ་བའི་གཞས་གཏོང་རྒྱུར་བློས་གཏོང་ཆེན་པོ་ཞིག་བྱེད་དགོས་པ་རེད། དངུལ་དང་དུས་ཚོད་ཀྱི་འགྲོ་སོང་བཤད་མ་དགོས་པ་རེད། དེ་ཚོ་རླབས་ཆེན་པོ་ཞེ་དྲག་རེད། བཙན་བྱོལ་ལ་མཚོན་ན། བོད་ནང་གི་གཞས་པ་ཚོ་ལྟར་བློས་གཏོང་ཆེན་པོ་མི་དགོས་ཀྱང་། བློས་གཏོང་གང་ལ་གང་འཚམ་ཞིག་དགོས་ཀྱི་ཡོད་པ་རེད། དཔེར་ན། བཙན་བྱོལ་ནས་ཆབ་སྲིད་ཀྱི་གཞས་བཏང་ན། བོད་ནང་འགྲེམ་སྤེལ་ཐུབ་ཀྱི་ཡོད་པ་མ་རེད། གཞས་པ་ཞིག་ལ་མཚོན་ན་འདི་བློས་གཏོང་ཆེན་པོ་ཞིག་རེད་ཟེར་ཆོག་གི་རེད། དེ་ནས་སོ་སོ་ཕ་ཡུལ་དུ་ལོག་མི་ཐུབ་པ་དང་། ལོག་ཀྱང་དཀའ་ངལ་འཕྲད་ངེས་ཡིན་པ་སོགས་རེད། གསུམ་པ་དུས་ཚོད་དང་འགྲོ་སོང་ཡོངས་རྫོགས་སྒེར་གྱིས་གཏོང་དགོས་པ་རེད། བཙན་བྱོལ་སྤྱི་ཚོགས་ནང་བརྩེ་དུང་དང་སྤྱིར་བཏང་གི་གླུ་གཞས་བྲན་པ་ལས། ཆབ་སྲིད་ཀྱི་གླུ་གཞས་རིགས་ལ་དགའ་མོས་དེ་ཙམ་མི་འདུག དེར་བརྟེན། ཆབ་སྲིད་ཀྱི་གླུ་གཞས་རིགས་འགྲེམས་སྤེལ་ཡང་དཀའ་ལས་ཁག་པོ་རེད། འོན་ཀྱང་། ང་ཚོས་ཁེ་ཕན་དེ་དག་ལ་བསམ་བློ་བཏང་སྟེ་ཆབ་སྲིད་ཀྱི་གཞས་མ་བཏང་ན་འགྲིག་ཡོད་པ་མ་རེད། རྒྱུ་མཚན་ནི་མི་རབས་གསར་བར་བག་ཆགས་འཇོག་ཆེད་དང་། མི་རིགས་གཞན་ལ་བོད་དོན་ཁྱབ་བསྒྲགས་བྱེད་ཆེད་སོགས་ཕྱོགས་མང་པོ་ཞིག་ནས་ཆབ་སྲིད་དང་འབྲེལ་བའི་གཞས་གཏོང་རྒྱུ་གལ་ཆེན་པོར་མཐོང་གི་ཡོད།  

དྲི་བ། ཁྱོད་ཀྱིས་བསམ་ན་བཙན་བྱོལ་ནང་གི་གཞས་པ་ཚོར་དམིགས་བསལ་གྱི་ལས་འགན་དེ་འདྲ་ཡོད་པར་མཐོང་གི་ཡོད་དམ།

ལན། བོད་ནང་ནས་གཞས་པ་མང་བོ་ཞིག་གིས་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་། བདེ་སྡུག རེ་བ་ལ་སོགས་གླུ་གཞས་ཀྱི་ལམ་ནས་ཕྱིར་མངོན་འདོད་ཡོད་ཀྱང་དེ་ཡི་རང་དབང་ཡོད་པ་མ་རེད། དེ་དང་འབྲེལ་བའི་གཞས་བཏང་བ་ཡིན་ན། བཙོན་དུ་འགྲོ་དགོས་པ་ལ་སོགས་ཀྱི་དཀའ་ངལ་མང་བོ་ཞིག་འཕྲད་ཀྱིན་ཡོད་སྟབས། རང་དབང་ལུང་པར་ཡོད་པའི་གཞས་པ་ཚོས་ཁོ་ཚོའི་མགྲིན་ཚབ་པ་བྱེད་ཐུབ་དགོས་པ་གལ་ཆེན་པོ་རེད་བསམ་གྱིན་འདུག དཔེར་ན། སྐད་ཡིག་རང་དབང་དང་རིག་གཞུང་གཅེས་འཛིན། བོད་མིའི་བདེ་སྡུག ཁོར་ཡུག་གཏོར་བཅོམ་ལ་སོགས་གླུ་རུ་བླངས་ཏེ། མི་རིགས་གཞན་དང་འཛམ་གླིང་ལ་ཁྱབ་བསྒྲགས་བྱེད་རྒྱུ་དེ་བཙན་བྱོལ་གཞས་པ་རྣམས་ལ་འཁྲུ་བའི་དམིགས་བསལ་གྱི་འགན་དེ་རེད་བསམ་གྱིན་ཡོད།

དྲི་བ། གོ་ཐོས་ལྟར་ན། ཁྱོད་ཀྱིས་མི་འགྱངས་པར་<<ཡངས་པའི་ལམ།>>འཁོར་ཐག་གཉིས་པ་འགྲེམས་སྤེལ་བྱེད་འཆར་ཡོད་ས་རེད། དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས།

ལན། རེད། ཕྱི་ཟླ་བཅུ་གཉིས་པའི་ནང་ལ་དྷ་ས་ནས་འགྲེམས་སྤེལ་བྱེད་རྩིས་ཡོད། དེ་ཡང་།<<ཡངས་པའི་ལམ།>>འཁོར་ཐག་དང་པོ་ལྟར། དབྱངས་གསར་བ་དང་ཚིག་གསར་བ་རྐྱང་རྐྱང་ཡིན། དུས་ཡུན་ལོ་གཉིས་ལ་གྲ་སྒྲིག་བྱས་པ་ཡིན། ང་ཨ་རི་ལ་འབྱོར་མ་ཐག་ཡིན་པ་དང་། ལས་ཀ་ཡང་ལམ་སང་བྱེད་ཐུབ་ཀྱི་མེད་སྟབས། གཙོ་བོ་དཔལ་འབྱོར་གྱི་དཀའ་ངལ་རེད། ཡིན་ན་ཡང་ཨ་རིར་ཡོད་པའི་དཔའ་རུས་བུ་རྒྱུད་གཅན་ཙ་བ་དང་སུད་སིར་ཡོད་པའི་རྣམ་མཁོ་རྫ་རྡོ། འཇར་མན་ན་ཡོད་པའི་ཐུ་བྷོ་ཚང་། ཁེ་ན་ཌ་ན་ན་ཡོད་པའི་ཚེ་བརྟན་བྷ་སྡེ་ཚང་བཅས་ཀྱིས་སྦྱིན་བདག་དང་། གྲོགས་པོ་གཞན་འགས་ཞལ་འདེབས་བྱས་ཏེ་ད་རེབ་འགྲིག་ཙམ་བྱུང་སོང་། ཁོང་རྣམ་པར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཐེངས་འདིའི་གཞས་ཚིག་གི་ཆ་ནས་རང་ལུས་མེར་བསྲེགས་དང་བོད་ཀྱི་སྐད། ༧གོང་ས་མཆོག་གི་གྱ་སྟོན་གྱི་སྐོར་སོགས་ཡིན། རང་ལུས་མེར་བསྲེགས་ཕྱི་རྒྱལ་བ་ཚོར་ངོ་སྤྲོད་ཆེད་དབྱིན་སྐད་ནང་དུའང་ཡོད།

དྲི་བ། དེང་སང་བོད་དང་བཙན་བྱོལ་ན་རྒྱ་གཞས་ལ་ལད་མོ་བྱས་ཏེ་གཞས་གཏོང་གི་ཡོད་པའི་ཐད་བསམ་ཚུལ་གང་འདྲ་ཡོད།

ལན། ང་རང་ཡིན་ན་རྒྱ་གཞས་ལ་ལད་མོ་བྱེད་པ་དེར་དགག་པ་རྒྱག་མཁན་ཞིག་ཡིན། གནད་དོན་ཆེ་ཤོས་ཤིག་དེང་སང་བོད་ནང་དང་བཙན་བྱོལ་ན་རྒྱ་གཞས་ལ་ལད་མོ་བྱས་ཏེ་བཏང་བའི་གཞས་དེ་ཚོ། བཙན་བྱོལ་ནས་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཚོས་རྒྱ་གཞས་ཡིན་པ་ཧ་མ་གོ་བར་བོད་རང་གི་གཞས་ཤིག་ཡིན་ཤག་བྱེད་ཀྱིན་འདུག གླུ་གཞས་སྒྱུ་རྩལ་གྱི་ཐད་ནས་ཀྱང་གཞན་ལ་ལད་མོ་བྱས་ཏེ་བཏང་བའི་གཞས་དེ་ནི་ནམ་ཡང་སོ་སོའི་གཞས་མ་རེད་ལ། བོད་རང་གི་གླུ་གཞས་སྒྱུ་རྩལ་འདི་ཡར་རྒྱས་སུ་འགྲོ་བར་ཡང་འགོག་རྐྱེན་བཟོ་བཞིན་ཡོད་པ་རེད། སྤྱིར་ང་ཚོ་བོད་མི་རིགས་ལ་མཚོན་ན། གཞན་གྱི་གཞས་དང་གདངས་ལ་ལད་མོ་བྱེད་དགོས་དོན་རྩ་བ་ནས་ཡོད་པ་མ་རེད། ང་ཚོ་ལ་དམངས་ཁྲོད་ཀྱི་གཞས་དང་གདངས་མི་རིགས་གཞན་ལ་ངོམ་ཆོག་པ་དེ་འདྲ་ཡོད་པ་རེད། དེ་བཞིན་དབྱངས་རྩོམ་མཁན་དང་ཚིག་རྩོམ་མཁན་ཡང་མང་བོ་ཡོད། བོད་པ་ནང་ཁུལ་ནས་ཆོལ་ཁ་གསུམ་ཕན་ཚུན་གྱི་གཞས་གཏོང་གི་ཡོད་པ་དེ་ཡག་པོ་རེད་བསམ་གྱི་འདུག དཔེར་ན། ཨ་མདོའི་གཞས་པ་ཞིག་གིས་ཁམས་དང་དབུས་ཀྱི་གླུ་གཞས་གཏོང་བ་དང་། ཁམས་པའི་གཞས་པ་ཞིག་གིས་ཀྱང་དེ་ལྟར་ཆོལ་ཁ་གཞན་པའི་གཞས་བཏང་ན་ཡག་པོ་འདུག དེ་འདྲའི་གཞས་གཏོང་སྐབས་གཞས་དེའི་ཁུངས་དང་གཞས་པ་སུ་ཡིན་སོགས་གསལ་བོར་བཤད་རྒྱུ་གལ་ཆེན་པོ་རེད།

དྲི་བ། ཁྱོད་རང་ལ་ཆ་མཚོན་ན། གཞས་དང་རི་མོ། ཁབ་གཙགས་རི་མོ་སོགས་ཀྱི་སྒྱུ་རྩལ་ལམ་ནས་བོད་དོན་ཁྱབ་བསྒྲགས་གནང་གི་ཡོད་པ་རེད། དམིགས་བསལ་ཁབ་གཙགས་རི་མོར་མཚོན་ན། རིན་མེད་ཐོག་ནས་བོད་དོན་ཁྱབ་བསྒྲགས་བྱེད་ཀྱིན་འདུག ཁྱོད་རང་སྒེར་གྱི་ཉམས་མྱོང་དང་ལས་དོན་དེ་དག་གི་གྲུབ་འབྲས་ཐོག་ངས་འཛིན་གང་འདྲ་ཡོད་མེད་ཅིག་གསུངས་རོགས།

དྲི་ལན། ཉིས་སྟོང་བརྒྱད་ལོ་ནས་བཟུང་ངས་རིན་མེད་ཐོག་བོད་དོན་དང་འབྲེལ་བའི་ཁབ་གཙགས་རི་མོ་འདི་མགོ་ཚུགས་པ་ཡིན། ལས་ཀ་འདི་མགོ་རྩོམ་དགོས་པའི་རྒྱུ་མཚན་གཙོ་བོ་དེ། སོ་སོ་བོད་པ་ཞིག་ཡིན་པ་དང་། དེ་བཞིན་བོད་པ་མི་རེ་ངོ་རེར་འགན་ཞིག་ཡོད་པ་རེད། དཔེར་ན། ཁྱིམ་ཚང་གི་ཕ་མས་རང་གི་བུ་ཕྲུག་ལ་བོད་སྐད་གཙང་མ་ཞིག་བསླབ་དགོས་པ་དང་། ཟ་ཁང་ཚོང་ཁང་འཛིན་མཁན་ཞིག་ཡིན་ན། སྒོ་བྱང་ཐོག་བོད་ཡིག་འཇོག་པ། མདོར་ན། མི་རེ་ངོ་རེ་ནས་རང་ཉིད་ཀྱི་གནས་བབ་དང་འཚམ་པའི་བོད་དོན་འཐབ་རྩོད་བྱེད་སྟངས་ཤིག་འདུག དེ་ལྟར་བྱེད་དགོས་པ་བོད་སྤྱི་དོན་ཙམ་མ་ཟད། བོད་མི་སྒེར་སོ་སོར་འཁྲུ་བའི་ལས་འགན་ཞིག་ཀྱང་ཆགས་ཡོད་པ་རེད། ང་རང་ལ་ཆ་མཚོན་ན། སྒྱུ་རྩལ་ལས་རིགས་ལ་འཇུག་མཁན་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་གནས་བབ་ལ་འཚམ་པའི་རིན་མེད་ཀྱི་སྒོ་ནས་བོད་དོན་དང་འབྲེལ་བའི་ཁབ་གཙགས་རི་མོ་འདི་མགོ་བརྩམས་པ་ཡིན།

ཁབ་གཙགས་རི་མོ་འདི་སོ་སོ་མ་ཤི་བར་དུ་གཟུགས་པོའི་སྒང་ནས་སྡོད་ཀྱི་ཡོད་སྟབས། བོད་དོན་ཁྱབ་བསྒྲགས་ཀྱི་ནུས་པ་ཆེན་པོ་རེད། གཟུགས་པོར་བོད་དོན་ཁབ་གཙགས་རི་མི་འབྲི་མཁན་མང་ཆེ་བ་ཕྱི་རྒྱལ་བ་རེད། ཁོ་ཚོ་ཕྱིར་སོ་སོའི་རྒྱལ་ཁབ་དང་སྤྱི་ཚོགས་ནང་འགྲོ་སྐབས། མི་གཞན་མང་པོ་ཞིག་ལའང་རང་བཞིན་གྱིས་དོ་སྣང་སྤྲོད་ཀྱིན་ཡོད། ད་ལོར་སུད་སི་དང་སྦེལ་ཇམ་སོགས་ནས་གཟུགས་པོར་བོད་དོན་ཁབ་གཙགས་རི་མོ་འགོད་མཁན་བོད་པ་མང་པོ་ཞིག་ཀྱང་བྱུང་སོང་། ཁོ་ཚོར་མཚོན་ན་ཡང་བོད་དོན་ལ་སེམས་ཤུགས་ཆེན་པོ་རེད།

སྤྱིར་བཏང་ཁབ་གཙགས་རི་མོར་མཚོན་ན་གོང་ཆེན་པོ་རེད། ཕྱི་རྒྱལ་བ་ཁ་ཤས་ཀྱིས་ང་རང་གི་ཁབ་གཙགས་རི་མོ་རིན་མེད་ཡིན་སྟབས། གོ་སྐབས་འདྲ་བོ་བླངས་ཏེ་གཟུགས་པོར་ཁ་གཙགས་རི་མོ་འགོད་མཁན་ཡང་འདུག་པས། ངས་ཐོག་མར་ཁོ་རང་ཚོར་བོད་དོན་སྐོར་བཅར་འདྲི་བྱེད་ཀྱིན་ཡོད། དེ་ལྟར་བྱས་ན་ཁོ་རང་ཚོ་བོད་དོན་ལ་དོ་སྣང་ཡོད་མེད་ཤེས་ཀྱི་འདུག གལ་སྲིད་བོད་དོན་ལ་དོ་སྣང་དང་བོད་དོན་སྐོར་གང་ཡང་མི་ཤེས་མཁན་ཚོར་རི་མོ་འབྲི་ཡི་མེད།

དེ་ནས་གྲུབ་འབྲས་ཀྱི་ཐད་ནས། ང་རང་ལ་ཆ་མཚོན་ན། བོད་པ་རང་གི་ཁབ་གཙགས་རི་མོ་རྒྱག་མཁན་ཞིག་ཡིན་སྟབས། རྩ་དོན་འདི་འདྲ་གསུམ་ཡོད། དང་བོ། སྟོན་པའི་དབུ་ལ་སོགས་པའི་ཁབ་གཙགས་རི་མོ་འབྲི་ཡི་མེད། གཉིས་པ། རབ་བྱུང་བ་ལ་ཁབ་གཙགས་རྒྱག་གི་མེད། གསུམ་པ། རང་ལོ་བཅོ་བརྒྱད་མ་ལོན་པ་ཚོར་ཁབ་གཙགས་རྒྱག་གི་མེད། གཞན། རྒྱལ་སྤྱིའི་ཐོག་སྐད་གྲགས་ཡོད་པའི་ཁབ་གཙགས་རི་མོའི་ཚགས་པར་དེ་འདྲའི་སྟེང་བོད་དོན་དང་འབྲེལ་བའི་ཁབ་གཙགས་རི་མོ་བསླེབས་ཡོད་པ་རེད། དེ་ཚོ་གྲུབ་འབྲས་ལྟ་བུར་ངོས་འཛིན་བྱས་ན་མ་འགྲིག་པ་ཡོད་པ་མ་རེད་བསམ་གྱི་འདུག

བཅར་འདྲི་མཁན།  ལོ་མ་རྒྱལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist