༢༠༡༤ ལོ་རྫོགས་ལ་ཉེ་བ་དང་བསྟུན་ཏེ། འདི་གའི་གསར་འགོད་པས་དྷ་རམ་ས་ལར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ། ད་ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་བཅར་འདྲི་ཞུས་པ་ལྟར་ན་ད་ལྟ་རྒྱའི་བཙོན་ཁང་དུ་བོད་མི་ཆབ་སྲིད་བཙོན་པ་ ༡༣༡ འདུག་ཟེར།།
དྲི་བ། ཁྱེད་ཅག་ལྟེ་གནས་ཁང་གི་ངོས་ནས་ཞིབ་འཇུག་བྱས་པ་ལྟར་ན། ད་ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་གང་འདྲ་ཆགས་ཡོད་མེད་མདོར་བསྡུས་ཤིག་ངོ་སྤྲོད་གནང་རོགས།
ལན། སྤྱིར་བཏང་ང་ཚོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་མང་པོ་ཞིག་གི་ཐོག་ལྟ་བཞིན་ཡོད་པ་རེད། ༢༠༡༤ ལོ་མཇུག་བསྒྲིལ་སྐབས་ང་ཚོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཚབས་ཆེ་ཤོས་གཉིས་འདྲ་པོ་ཞིག་མཐོང་གི་ཡོད། དང་པོ། རྒྱ་ནག་གཞུང་གིས་བོད་ནང་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་དང་ཞི་བའི་ལས་འགུལ་ཞིག་སྤེལ་ཚེ་གྲོང་ཚོ་དང་དགོན་པ། ནང་མི་བཅས་ལ་གཞུང་གི་སྐྱོབ་གསོ་དང་རོགས་རམ་བཀག་སྡོམ་བྱེད་ཀྱིན་ཡོད་པ་དང་། གཉིས་པ། བོད་ནང་རང་ལུས་མེར་བསྲེགས་དང་ངོ་རྒོལ་ལས་འགུལ་ཞིག་བྱུང་སྐབས། ཁོ་རང་ཚོ་འཛིན་བཟུང་བྱེད་པ་མ་ཟད། དེ་དང་འབྲེལ་ནས་ཉེས་མེད་མང་པོ་གང་བྱུང་དུ་འཛིན་བཟུང་བྱས་ཏེ་རྡུང་རྡེག་མནར་གཅོད་གཏོང་གི་ཡོད་པ་དེ་གཉིས་རེད། འདི་ལོར་རྒྱ་གཞུང་གིས་ཆབ་སྲིད་ལས་འགུལ་དང་འབྲེལ་ནས་བོད་མི་བཙོན་འཇུག་བྱས་པའི་ཁྲོད་ནས་ད་བར་ཀློད་གྲོལ་བཏང་བ་དང་འདས་གྲོངས་ཕྱིན་པ་ཕུད་ཆབ་སྲིད་བཙོན་པ་ ༡༣༡ ཙམ་ཆགས་འདུག
དྲི་བ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྔོན་ཆད་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་སྐབས་དང་བསྡུར་ན་ད་ལྟའི་སྲིད་འཛིན་ཞི་ཅིན་ཕིན་གྱི་སྐབས་ལ་འགྱུར་བ་གང་འདྲ་སོང་ཡོད་དམ།
ལན། ཧུའུ་ཅིན་ཐའོ་རྒྱ་ནག་གི་སྲིད་འཛིན་ལ་བསྐོ་བཞག་བྱས་རྗེས། མི་མང་པོ་ཞིག་གིས་ཁོའི་བསམ་བློ་གཏོང་སྟངས་གཞན་དང་མི་འདྲ་བ་ཞིག་ཡོད་པར་བཤད་ཡོད་པ་མ་ཟད། རྒྱ་ནག་དང་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་རྒྱུ་ཡིན་སྐོར་བརྗོད་པ་རེད། འོན་ཀྱང་། ང་ཚོས་ཁོས་ག་རེ་བྱས་ཡོད་མེད་ཤེས་གསལ་རེད། དེ་བཞིན་ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་ལ་བསྐོ་བཞག་བྱས་རྗེས་ཀྱང་། མི་མང་པོ་ཞིག་གིས་རྒྱ་ནག་དང་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་རྒྱུར་ངོས་འཛིན་བྱས་ཡོད་ཀྱང་། ད་ལྟ་ཞི་ཅིན་ཕིན་གྱི་དབང་ཆ་བཟུང་བའི་ལོ་གཉིས་ལ་ཞིབ་འཇུག་བྱས་ན། ཧུའུ་ཅིན་ཐའོ་ལས་ཀྱང་ཞི་ཅིན་ཕིན་ནི་ཆབ་སྲིད་དབང་ཆ་གཅིག་སྡུད་བྱེད་མཁན་ཞིག་ཏུ་མཐོང་གི་འདུག ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་རྒྱུ་དང་རྒྱ་ནག་ཁྲིམས་བཞིན་སྐྱོང་གི་ཡིན་སྐོར་སོགས་བརྗོད་དེ་ལས་འགུལ་མང་པོ་སྤེལ་གྱིན་ཡོད་ཀྱང་། ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་གི་ཡོད་པ་དེ་རྒྱ་ནག་དམར་ཤོག་ཚོགས་པའི་བདེ་འཇགས་དང་དབང་ཆ་བརྟན་པོ་ཡོང་ཆེད་ཙམ་རེད། དེ་དག་ལ་བལྟས་ཡོང་ན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་མུ་མཐུད་དཀའ་ངལ་འོག་ལྷག་རྒྱུ་ཡིན་པ་ཞིག་ལ་མཐོང་གི་ཡོད།
དྲི་བ། རྒྱ་ནག་ནང་གི་ངལ་རྩོལ་བསྒྱུར་བཀོད་རྭ་བ་དང་བཙོན་ཁང་ཁག་ཅིག་མེད་པ་བཟོ་རྒྱུའི་གསལ་བསྒྲགས་སྤེལ་བ་ལྟར་བོད་བཙོན་པ་ཁག་ཅིག་དུས་ཡུན་མ་རྫོགས་སྔོན་ལ་ཀློད་གྲོལ་བཏང་བ་རེད། ད་ལྟ་རྒྱ་ནག་གི་ངལ་རྩོལ་བསྒྱུར་བཀོད་རྭ་བའི་གནས་སྟངས་གང་འདྲ་ཆགས་ཡོད།
ལན། ༢༠༡༣ ལོའི་ཟླ་ ༡༢ ནང་རྒྱ་ནག་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་ཁང་མེད་པ་བཟོ་རྒྱུ་ཡིན་སྐོར་ཕྱིར་བསྒྲགས་བྱས་ཡོད་པ་མ་ཟད། ༢༠༡༡ དང་ ༢༠༡༢ ནང་ངལ་རྩོལ་བསྒྱུར་བཀོད་ཀྱི་ཉེས་པ་ཕོག་མཁན་བོད་མི་ཁག་ཅིག་ཀློད་གྲོལ་བཏང་ཡོད། ངལ་རྩོལ་བསྒྱུར་བཀོད་ཁང་སྒོ་བརྒྱབ་པ་ཙམ་གྱིས་དགའ་དགོས་པ་ཞིག་མ་རེད། དཔེར་ན། ༢༠༡༢ ལོའི་རྡོར་རྗེ་གདན་གྱི་དུས་འཁོར་དབང་ཆེན་སྐབས་བོད་ནས་ཡོང་མཁན་ཚོ་ཕྱིར་ལོག་སྐབས། རྒྱ་ནག་གཞུང་གིས་དུས་ཡུན་རིང་པོར་མགྲོན་ཁང་ནང་བཀག་བསྐྱིལ་བྱས་ཏེ། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བ་དེ་དག་ཀྱང་། ངལ་རྩོལ་བསྒྱུར་བཀོད་ལ་ངོས་འཛིན་བྱེད་དགོས་པ་པ་རེད། གང་ཡིན་ཟེར་ན། བཀག་ཉར་བྱས་ནས་མིའི་བསམ་བློར་འགྱུར་བ་གཏོང་ཐབས་བྱས་པ་དེ་ནི། རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་ཡོད་པ་རེད།
དྲི་བ། ལོ་འདི་འགར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་སྐོག་ཟ་རུལ་སུངས་དང་དབང་ཆ་སྒེར་སྤྱོད་སོགས་ལ་རྒོལ་རྡུང་གཏོང་གི་ཡོད་པ་དེས་མང་ཚོགས་དང་ལྷག་པར་དུ་གྲངས་ཉུང་མི་རིགས་ས་ཁུལ་ལ་བརྡབ་གསིག་ཐེབས་ཀྱི་ཡོད་དམ།
ལན། ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་གི་ཡོད་པ་དེས། གནས་སྐབས་རིང་ལྐོག་ཟ་རུལ་སུངས་བྱེད་མཁན་དེ་ཚོར་དཀའ་ངལ་འཕྲད་རྒྱུ་མ་ཟད། ལས་བྱེད་བྱིངས་ཀྱི་སེམས་ནང་ང་ཚོས་གང་བྱུང་བྱས་ཚེ། འགྲིག་གི་མེད་པ་དང་སྒང་གི་མགོ་ཁྲིད་ཚོས་ལྟ་རྟོག་ནན་པོ་བྱེད་ཀྱི་ཡོད་རེད་བསམ་སྟེ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འཐོན་གྱི་ཡོད་པ་མཐོང་གི་འདུག འོན་ཀྱང་། བོད་ནང་གི་དཀའ་ངལ་དེ་ལྐོག་ཟ་རུལ་སུངས་ཙམ་མིན་པར་ཆབ་སྲིད་ཀྱི་དཀལ་ངལ་ཞིག་ཆགས་ཡོད་པ་རེད། སྲིད་ཇུས་དེ་བརྒྱུད་ནས་རང་བཞིན་གྱིས་དམ་དྲག་དང་མང་ཚོགས་ལ་ཞེད་སྣང་མང་པོ་ཡོང་གི་ཡོད་པ་རེད།
དྲི་བ། བོད་ནང་ཆབ་སྲིད་མ་ཡིན་པར། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བ་ཡོད་པ། དཔེར་ན། སྔར་ལོ་རྒྱ་ནག་གཞུང་གིས་ཕྲུ་གུ་སྐྱེ་ཚད་ཀྱི་སྲིད་བྱུས་ལ་འགྱུར་བ་ཞིག་བཏང་ཡོད་པ་རེད། དེའི་གནས་སྟངས་གང་འདྲ་ཆགས་ཡོད་དམ།
ལན། སྔོན་མ་རྒྱ་ནག་གཞུང་གིས་གྲོང་ཁྱེར་དང་གྲོང་རྡལ་ཁག་ནང་ཕྲུ་གུ་གཅིག་ལས་སྐྱེ་ཆོག་མི་ཆོག་པ་དང་། གྲོང་གསེབ་ཁག་ནང་ཕྲུ་གུ་དང་པོ་བུ་མོ་ཡིན་ན་ཕྲུ་གུ་གཉིས་པ་ཞིག་སྐྱེ་ཆོག་གི་ཡོད་འདུག ད་ལྟའི་ཆར་བོད་ལྟ་བུར་ཕྲུ་གུ་གཉིས་ལས་སྐྱེ་མི་ཆོག་ཟེར་བའི་སྲིད་བྱུས་དེ་འདྲ་མཐོང་མ་སོང་མོད། ༢༠༠༩ དང་ ༢༠༡༠ ལོར་བོད་ནས་ཡོང་མཁན་ཚོར་བཅར་འདྲི་ཞུས་པའི་གནས་ཚུལ་ལ་བལྟས་པ་ཡིན་ན། མདོ་སྨད་ས་ཁུལ་གྱི་བུད་མེད་ལོ་གཞོན་ཚོ་སྨན་ཁང་ལ་བརྟག་དཔྱད་བྱེད་དུ་ཕྱིན་པར་སྨན་ཁང་གིས་ཁོ་ཚོའི་ཕྲུ་གུ་ཆགས་ས་མེད་པ་བཟོས་པའི་གནས་ཚུལ་དེ་འདྲ་བྱུང་འདུག དེ་བཞིན། ཉེ་ལམ་རྒྱ་ནག་གཞུང་གིས་བོད་མི་དང་རྒྱ་མི་གཉེན་སྒྲིག་བྱེད་འཇུག་གི་ཡོད་པའི་གནས་ཚུལ་ཞིག་ཐོན་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཁག་ཅིག་ནང་སྐོར་སྐྱོད་སྨན་པ་ཚོས་རླངས་འཁོར་ནང་སྐྱེ་སྒོ་འགོག་བྱེད་ཀྱི་སྨན་ཆས་འགྲེམས་ཀྱིན་ཡོད་པའི་གནས་ཚུལ་ཞིག་འདུག
དྲི་བ། དགོན་སྡེ་ཁག་ཏུ་རྒྱལ་གཅེས་ཆོས་གཅེས་དང་གྲྭ་པའི་གྲངས་འབོར་ཚོད་འཛིན་བྱེད་པ། དེ་བཞིན་སློབ་གྲྭ་ཁག་ཏུ་སྐད་ཡིག་གཅིག་གྱུར་བཟོ་བ་སོགས་ཀྱི་གནས་སྟངས་གང་འདྲ་ཆགས་འདུག
ལན། ༢༠༡༡ ལོའི་ཟླ་ ༡༠ ནས་བཟུང་རྒྱ་ནག་གཞུང་གིས་སྔར་ལག་བསྟར་མ་བྱས་པའི་སྲིད་ཇུས་གསར་པ་མང་པོ་ཞིག་ལག་བསྟར་བྱས་ཏེ། དགོན་སྡེ་ཁག་ནང་ཉེན་རྟོག་པའི་ལས་ཁུངས་གསར་འཛུགས་བྱས་པ་དང་། གཞུང་གི་ལས་བྱེད་མང་པོ་དགོན་སྡེ་ཁག་ནང་ལས་དོན་བྱེད་པར་བཏང་སྟེ། དགོན་པའི་དབང་ཆ་ཡོངས་རྫོགས་གཞུང་གིས་འཕྲོག་པ། དགོན་པའི་ནང་རྒྱལ་གཅེས་ཆོས་གཅེས་ལས་འགུལ་སྤེལ་བ་སོགས་ཀྱི་དཀའ་ངལ་འོག་དགོན་པ་རེ་ཟུང་སྒོ་རྒྱག་དགོས་བྱུང་པ་མ་ཟད། ཉེ་ཆར་བོད་རང་སྐྱོང་ལྗོངས་ཆབ་མདོ་དང་འབྲི་རུ་ས་ཁུལ་གྱི་གྲྭ་པ་ཚོས་དགོན་སྡེ་གཞན་ནང་སློབ་སྦྱོང་བྱེད་པར་འགྲོ་ཆོག་གི་མེད་པ་དང་། ཕྱིན་ཟིན་པ་དག་དུས་ལྟར་ཕྱིར་མ་ལོག་ཚེ་གཏན་འཕུད་བྱ་རྒྱུ་ཡིན་པ་སོགས་ཀྱི་བཀའ་བཏང་སྟེ་གནས་སྟངས་ཛ་དྲག་ཆགས་འདུག གཞན། སྐད་ཡིག་གཅིག་འགྱུར་ཐད་དེ་སྔོན་ཆད་རྒྱ་ནག་གཞུང་གིས་སློབ་ཚན་ཚང་མ་རྒྱ་སྐད་ནང་སློབ་ཁྲིད་བྱེད་རྒྱུ་ཡིན་ཚུལ་བརྗོད་ཡོད་ཀྱང་། སྲིད་བྱུས་དེ་ལ་བོད་ནང་གི་ས་གནས་མང་པོར་སློབ་ཕྲུག་ཚོས་ངོ་རྒོལ་ཤུགས་ཆེན་པོ་བྱས་པ་དང་། ས་བྱི་ཞི་རྒོལ་དང་དེའི་རྗེས་སུ་རང་ལུས་མེར་བསྲེགས་མུ་མཐུད་བྱུང་བ་བཅས་ལ་བརྟེན་ཏེ། ད་ཆར་རྒྱ་ནག་གཞུང་གིས་སྐད་ཡིག་གཅིག་གྱུར་གྱི་སྲིད་བྱུས་དེ་ལག་བསྟར་བྱེད་རྒྱུར་དཀའ་ངལ་ཞིག་འཕྲད་བཞིན་མེད་འགྲོ་བསམ་གྱི་འདུག
དྲི་བ། ད་བར་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པའི་བོད་ནང་གི་ཆབ་སྲིད་བཙོན་པའི་ཁྲོད་ནས་ཁོར་ཡུག་སྲུང་སྐྱོབ་པ་ཀརྨ་བསམ་གྲུབ་ལགས་དང་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས། ཉེ་ལམ་ཀློད་གྲོལ་བཏང་བའི་བློ་བཟང་བསྟན་འཛིན་སོགས་ཀྱི་ད་ལྟའི་གནས་སྟངས་གང་འདྲ་ཆགས་ཡོད་དམ།
ལན། ད་ལྟ་གནས་ཚུལ་གསར་ཤོས་དེ་ཉེ་ལམ་བཙོན་གྲོལ་ཐོབ་སྟེ་ནང་དུ་ལོག་ཡོད་པའི་བློ་བཟང་བསྟན་འཛིན་རེད། ད་ཆར་ཁོང་གི་སྤུན་མཆེད་ཚོ་ཁོང་ལ་ཐུག་འཕྲད་བྱེད་འཇུག་གི་ཡོད་པ་ཙམ་ལས། གྲོང་མི་ཚོ་ཁོང་ལ་ཐུག་འཕྲད་བྱེད་འཇུག་གི་མེད་པ་མ་ཟད། གཟུགས་པོ་བདེ་མིན་གྱི་དབང་གིས་སྨན་ཁང་དུ་བསྐྱོད་ནའང་ཉེན་རྟོག་ཁང་ལ་སྙན་སེང་ཞུ་དགོས་པ་སོགས། སོ་སོའི་ཁྱིམ་ནང་བཟང་བཙོན་དུ་བཅུག་པ་ལྟ་བུ་ཆགས་འདུག ཀརྨ་བསམ་གྲུབ་ལགས་དང་སྒྲོལ་མ་སྐྱབས་ལགས་ཀྱི་ད་ལྟའི་གནས་སྟངས་སྐོར་ཤེས་རྟོགས་ཐུབ་མ་སོང་། ཡིན་ཡང་ང་ཚོས་གོ་ཐོས་ལྟར་ན། སྒྲོལ་མ་སྐྱབས་ལགས་ད་ལྟ་ཆུ་ཤུར་བཙོན་ཁང་དུ་ཡོད་པ་དང་། འཕྲོད་བསྟེན་གནས་སྟངས་ཞན་པོ་ཡིན་འདུག ཁོ་རང་དང་ཆབ་སྲིད་བཙོན་པ་སློབ་སྦྱོང་ཡོད་མཁན་དག་ཁེར་རྐྱང་དུ་བཅུག་ཡོད་པ་ཞིག་གོ་ཐོས་བྱུང་། དེ་བཞིན། ཀརྨ་བསམ་གྲུབ་ལགས་ཤིན་ཅང་གི་ས་ཁུལ་ཞིག་ཏུ་བཙོན་འཇུག་བྱས་གནས་ཚུལ་འདུག
དྲི་བ། སྔོན་ཆད་རྒྱལ་སྤྱིའི་གཞུང་དང་འགྲོ་བ་མིའི་ཚོགས་སྡེ་ཁག་གི་སྐུ་ཚབ་གནད་ཡོད་དེ་འདྲ་བོད་ནང་དངོས་སུ་ལྟ་སྐོར་ལ་འགྲོ་ཐུབ་ཡོད་པ་མ་ཟད། གྲྭ་བཞི་བཙོན་ཁང་ནང་ཕེབས་པ་དེ་འདྲའང་བྱུང་ཡོད་པ་རེད། ན་ནིང་ད་ལོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཛ་དྲག་ཆགས་ཡོད་ནའང་རྟོག་ཞིབ་བྱེད་མཁན་དེ་འདྲ་ཕེབས་མ་ཐུབ་པའི་རྒྱུ་རྐྱེན་གང་ཡིན་ནམ།
ལན། ཕྱི་ལོ་ཉིས་སྟོང་ལྔ་དྲུག་ཅིག་ལ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་མནར་གཅོད་ཚན་པའི་དམིགས་བསལ་སྐུ་ཚབ་ཌོག་ཌར་མཱན་ཧྥེག་ཎཱོ་ཝལ་མཆོག་གྲྭ་བཞི་བཙོན་ཁང་ལ་ཕེབས་ཏེ་ཆབ་སྲིད་བཙོན་པ་ཁག་ཅིག་དང་བཀའ་མོལ་གནང་ཐུབ་པ་བྱུང་ཡོད་ཀྱང་། དེའི་རྗེས་བོད་ནང་ས་བྱི་ཞི་རྒོལ་དང་རང་ལུས་མེར་བསྲེགས་སོགས་བྱུང་སྟབས་རྒྱལ་ཚོགས་ཀྱི་མི་སྣ་བོད་ནང་འགྲོ་ཐུབ་ཡོད་པ་མ་རེད། ༢༠༡༢ ལོར་ཆབ་སྲིད་དང་འབྲེལ་བ་མེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཟས་རིགས་ཐོབ་ཐང་ཚན་པའི་སྐུ་ཚབ་ཞིག་བོད་ནང་རྟོག་ཞིབ་ཏུ་ཕྱིན་ཡོད་པ་རེད། ལོ་གཅིག་གཉིས་གོང་རྒྱ་ནག་ནང་གི་ཨ་རིའི་གཞུང་ཚབ་པ་བོད་ནང་ལྟ་སྐོར་འགྲོ་བཅུག་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད། གལ་ཆེ་ཤོས་ཤིག་ནི། ད་ལོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་གསར་པ་ཛི་ཌི་ར་ (Zeid Ra’ad Al Hussein) ལགས་ཀྱིས་ལས་འཁུར་ཞུས་རྗེས་ཀྱི་གསར་འགོད་ལྷན་ཚོགས་ཐེངས་དང་པོའི་སྟེང་། ཁོང་ལོ་རྗེས་མར་བོད་དང་རྒྱ་ནག་ནང་དུ་ལྟ་སྐོར་ཞིག་གནང་འདོད་ཡོད་གསུངས་པ་ལྟར། རྒྱ་ནག་གཞུང་གིས་ཀྱང་ཁས་ལེན་བྱས་ཡོད་པ་རེད། འོན་ཀྱང་། ངས་ད་ལྟ་ཁོང་ཕེབས་པ་ཙམ་གྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་གྲུབ་འབྲས་འཐོན་ཐུབ་པ་རེད་ཟེར་ནས་ཞུ་ཐུབ་ཀྱི་མི་འདུག ང་ད་ལོའི་ཕྱི་ཟླ་ ༩ ནང་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༢༧ ཚོགས་སྐབས་ཕྱིན་པ་ཡིན། སྐབས་དེར་ལྷན་ཚོགས་ཐོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་དང་ཨ་རི། དབྱིན་ཡུལ། ཡུ་རོབ་སྤྱི་མཐུན་ཚོགས་པ་བཅས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སེམས་འཚབ་ཡོད་པའི་རྣམ་པ་བསྟན་སོང་བ་མ་ཟད། ལྷག་པར་དུ་དབྱིན་ཡུལ་སྐུ་ཚབ་མཆོག་གིས་ཀྱང་རྒྱ་ནག་གཞུང་གི་ཉེན་རྟོག་མི་སྣས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་ཚད་ལས་འདས་པའི་དྲག་གནོན་བྱེད་བཞིན་པ་དེར་དབྱིན་གཞུང་ལ་སེམས་འཚབ་ཧ་ཅང་ཡོད་པ་མ་ཟད། ང་ཚོས་རྒྱ་ནག་གཞུང་ལ་བོད་མི་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཁག་ལ་དོན་ཕན་སོན་པའི་གྲོས་མོལ་གནང་སྟེ་དཀའ་ངལ་སེལ་ཐབས་གནང་དགོས་པའི་རེ་འདུན་ཞུ་རྒྱུ་ཡིན་གསུངས་སོང་།
གསར་འགོད་པ། དོན་གྲུབ།
འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་གསུངས་པ་དེ་དག་གསར་འགོད་པའི་དྲི་བར་ཡང་མི་དོ་བ་རྐྱང་རེད་འདུག
ང་ཚོའི་འགྲོ་བ་མིའི་ཐོབ་ཐང་ཚང་གིས་དངོས་ནས་དྲང་གནས་ཤུགས་རྒྱག་དགོས་ཀྱི་འདུག ད་ལྟའི་ཆར་ང་ཚོ་བོད་པ་ཚང་ལ་དཀའ་ངལ་ཆེ་ཤོས་ཤིག་ཡོད་པ་དེ་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གི་རྡོག་རྫུས་གཏོང་གི་ཡོད་པ་དེ་རེད། ང་ཚོ་བཙན་བྱོལ་ནང་གི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱིས་བོད་དང་རྒྱ་ནག་ནང་ཕྱག་ལས་གནང་ཐུབ་པའི་ལམ་ཁ་མེད་ན་ཡང་། ཡར་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་ལ་འབྲེལ་ལམ་ཞུས་ཏེ་བོད་ནང་ལ་མི་གཏོང་ཐབས་དང་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཐབས་བྱེད་དགོས་ཀྱི་འདུག་ལ། བོད་ནང་གི་གནས་ཚུལ་ཆེན་པོ་ཁག་མ་ཡིན་པར་གྲོང་གསེབ་དང་ལུང་པ་ཁུག་ཀྱོག སློབ་གྲྭ་དང་དགོན་པ་ཆུང་ཆུང་དེ་ཚོའི་ནང་གི་གནས་སྟངས་ཁག་བསྡུ་རུབ་བྱས་ཏེ་བཙན་བྱོལ་བོད་གཞུང་དང་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་བྱ་རྒྱུ་ཧ་ཅང་གལ་ཅེན་པོ་རེད། རེ་སྐུལ་ཞུ་བཞིན་ཡོད།
མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཡོད་ཚད་ཀྱི་རྗེས་བསྐྱར་བཟློས་རེ་མ་གཏོགས་བྱེད་མི་ཤེས་པ་འདི་ཅི་ཞིག་ཡིན་ནམ།